博客西藏在最高处过一种生活

日志

༄༅།།བོད་དུ་ཚད་མ་རིག་པ་དར་བའི་དུས་རིམ་དབྱ ...

已有 78 次阅读2019-9-27 07:59 |系统分类:文化


                                 ༄༅།།བོད་དུ་ཚད་མ་རིག་པ་དར་བའི་དུས་རིམ་དབྱེ་སྟངས་ལ་དཔྱད་པ།
                                     ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བློ་བཟང་ཆོས་འཕེལ།

                           
     [ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་བོད་བརྒྱུད་ཚད་མ་རིག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་སྟེ། ནང་འདྲེན་གྱི་དུས་རིམ་དང་། རང་ས་ཅན་དུ་གྱུར་བའི་དུས་རིམ། རིགས་པས་དཔྱད་པའི་དུས་རིམ་བཅས་དུས་རིམ་ཆེན་པོ་གསུམ་དུ་བཀར་ནས་བྲིས་ཡོད་ལ། དེ་ཡང་། གཙོ་བོ་དུས་དང་། བརྗོད་བྱ། ལྟ་བ། འཆད་ཚུལ་བཅས་གཞིར་བཟུང་སྟེ་དུས་རིམ་བཀར་ནས་བྲིས་ཡོད།
     [བརྡ་ཆད་གཙོ་བོ།] དུས། བརྗོད་བྱ། ལྟ་བ། འཆད་ཚུལ།
     [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B81“214”
     [ཡིག་ཚང་མཚན་བྱང་།] A
     [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0048-06

     གླེང་གཞི།
     བོད་དུ་ཚད་མ་རིག་པ་བྱུང་བའི་དུས་རིམ་དབྱེ་བ་ལ། རྒྱ་གར་གྱི་ཚད་མ་རིག་པའི་བྱུང་འཕེལ་གཞིར་འཛིན་དགོས་པ་ནི་སྤྱིའི་འགྲོ་ཕྱོགས་དང་སྤྱིར་ནང་བསྟན་ཚད་མ་རིག་པའི་བྱུང་འཕེལ་གྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན། དེས་ན། རྒྱ་གར་དུ་སྟོན་པ་ཤཱཀྱ་ཐུབ་པ་ནས་ཚད་མའི་མིང་ཚིག་བྱུང་བ་དང་། ཕྱོགས་ཀྱི་གླང་བོ་ནས་ཚད་མའི་དབྱེ་བ་བྱུང་ལ། ཆོས་ཀྱི་གྲགས་པ་ནས་ཚད་མའི་མཚན་ཉིད་བྱུང་བ་ཡིན། དེ་ལས་ཀྱང་ཆོས་ཀྱི་གྲགས་པའི་ཚད་མའི་མཚན་ཉིད་འདི་གཞིར་བཟུང་ནས་རྒྱ་གར་དུ་ཚད་མའི་དགོངས་བཞེད་མི་འདྲ་བ་འགའ་བྱུང་བ་ནང་བཞིན་བོད་དུ་ཡང་ཚད་མའི་དགོངས་བཞེད་མི་འདྲ་བ་འགའ་བྱུང་ཡོད་པར་འདོད་པས་བརྗོད་པར་བྱའོ།།

     དང་པོ། ཚད་མ་ནང་འདྲེན་གྱི་དུས་རིམ།
     དུས་རིམ་དང་པོ་ནི། དུས་ཀྱི་ཆ་ནས་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གསུམ་བར་ཡིན། བརྗོད་བྱའི་ཆ་ནས་རྒྱ་གར་གྱི་ཚད་གཞུང་བོད་ཡིག་ཏུ་བསྒྱུར་བ་དང་རྒྱ་གཞུང་གི་འགྲེལ་བ་ཐོག་མ་བྱུང་བ་དང་། རྒྱ་གཞུང་ནང་དོན་བསྡུས་ཏེ་བོད་རང་གི་སློབ་དེབ་ཐོག་མ་རྩོམ་པ་བཅས་ཀྱི་དུས་ཡིན། ལྟ་བའི་ཆ་ནས། སློབ་དཔོན་ལྷ་དབང་བློ་ན་རེ། དང་པོར་བསླུ་བ་མེད་པའི་ཤེས་པ་འདི་ཚད་མའི་མཚན་ཉིད་གཅིག་ཡིན་ལ། མ་ཤེས་དོན་གསལ་གྱི་རིག་པ་འདི་ཡང་ཚད་མའི་མཚན་ཉིད་གཉིས་པ་ཡིན་ནོ།།② ཞེས་ཚད་མའི་མཚན་ཉིད་སྟོན་པའི་ཚིག་རྐང་གཉིས་པོ་རེ་རེ་ནས་ཚད་མའི་མཚན་ཉིད་ཆ་ཚང་རེ་སྟོན་པའི་དུས་ཡིན། འཆད་ཚུལ་གྱི་ཆ་ནས་རྒྱ་འགྲེལ་ལེགས་ཆ་བསྡུས་ནས་འཆད་པའི་དུས་བཅས་ཡིན།
     བསྟན་པ་སྔ་དར་ཏེ། སྤྱི་ལོའི་དུས་རབས་བདུན་པ་ནས་སྐ་བ་དཔལ་བརྩེགས་ཀྱིས་ཆོས་ཀྱི་གྲགས་པའི་གཏན་ཚིགས་ཐིགས་པ་སོགས་བོད་དུ་བསྒྱུར་བ་དང་། བཻ་རོ་ཙཱ་ནས་ཙནྡ ་གོ་མིའི་རིགས་པ་གྲུབ་པའི་སྒྲོན་མ་བོད་དུ་བསྒྱུར་ལ།ཞང་ཡེ་ཤེས་སྡེས་དུལ་བ་ལྷའི་རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་བ་སློབ་མ་ལ་ཕན་པ་བོད་ཡིག་ཏུ་བསྒྱུར་བ་བཅས་ཚད་མ་རིག་པའི་རྒྱ་གཞུང་བོད་དུ་བསྒྱུར་བའི་འགོ་བརྩམས།
     བསྟན་པ་ཕྱི་དར་ཏེ། སྤྱི་ལོའི་དུས་རབས་བཅུ་པ་ནས་ལོ་ཆེན་རིན་ཆེན་བཟང་པོའི་དངོས་སློབ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་ཚད་མ་སྟོང་ཕྲག་བཅུ་གཉིས་པ་སོགས་བསྒྱུར་ཅིང་ཁྱུང་བོ་གྲགས་སེ་སོགས་ཀྱིས་འཆད་ཉན་མཛད། འདི་ལ་བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་སུ་ཚད་མ་རྙིང་པ་ཟེར་ཞིང་། འདི་ནས་བཟུང་རྒྱ་གར་གྱི་ཚད་མ་རིག་པ་བོད་ལ་བསྒྱུར་ཞིང་འཆད་ཉན་གྱི་དབུ་ཚུགས་པ་ཡིན།
     སྤྱི་ལོའི་དུས་རབས་བཅུ་གཅིག་པ་(1096)ནས་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ་ནས་ཚད་མའི་བཤད་གྲྭ་དར་ཡུལ་དངོས་སུ་བཙུགས་པ་ནི་བོད་ཀྱི་ཚད་མའི་ལོ་རྒྱུས་སུ་ཚད་མ་ཆེད་དུ་སྦྱང་གནས་ཀྱི་དགོན་སྡེ་ཐོག་མ་ཡིན། རྔོག་ལེགས་པའི་ཤེས་རབ་ཀྱི་ཚ་བོ་རྔོག་བློ་ལྡན་ཤེས་རབ་(1059-1109)ལོར་འཁྲུངས། རྒྱ་གར་དུ་སློབ་སྦྱོང་ལ་མངགས། རྔོག་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་ནས་ལོ་བཅུ་བདུན་ལ་སློབ་སྦྱོང་བྱས་ནས་མཐར་ཕྱིན་ནས་ཕྱིར་གསང་ཕུ་ལ་ལོག་སྟེ། གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་སྲོལ་ཕྱེས། ③ལྷག་ཏུ་ཚད་མ་སྡེ་བདུན་མདོ་དང་བཅས་པ་བོད་ལ་བསྒྱུར་བས་ན། པོ་ཏ་ལའི་ཕོ་བྲང་དཀར་པོའི་བདེ་ཡངས་ཤར་གྱི་པར་མ་ལས། གྲོ་ལུང་བའི་ཞལ་ནས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པ།། རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་།། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ།། སྟོང་ཕྲག་བདུན་ལྷག་བཅས་བསྒྱུར།།④ཞེས་དྲངས་འདུག་པ་བཞིན་དུ། རིག་གནས་ནང་འདྲེན་གྱི་ཚ་རླབས་འཕྱུར་ཏེ་ཆེས་ཡང་རྩེར་གསོན་ཡོད་པ་མ་ཟད། རྔོག་བློ་ལྡན་ཤེས་རབ་ཀྱིས་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་ཚད་མ་རྣམ་པར་ངེས་པའི་དཀའ་གནས་རྣམ་བཤད་⑤མཛད་པ་ནི་བོད་རང་གི་མཁས་པས་མཛད་པའི་རྒྱ་གར་གྱི་ཚད་མའི་འགྲེལ་བ་ཐོག་མ་ཡིན།
      སྤྱི་ལོའི་དུས་རབས་བཅུ་གཉིས་(1109-1169)བར་ཆ་བ་ཆོས་ཀྱི་སེང་གེ་འཁྲུངས། བོད་ཀྱི་ཚད་མ་རིག་པའི་དཔེ་ཆ་ཕལ་མོ་ཆེར། ཆ་བ་ཆོས་ཀྱི་སེང་གེ་ནི་རྔོག་ལོ་ཙཱ་བའི་དངོས་སློབ་ཡིན་པ་ལྟར་བྲིས་ནས། རྒྱུན་འབྱམས་སུ་སོང་ཡོད་པ་མ་དག་པ་སྟེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་བའི་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་མཐའ་དག་དགའ་བར་བྱེད་པ་ཞེས་པ་ལས། རྔོག་ལོ་ཙཱ་བ་མྱ་ངན་ལས་འདས་པའི་ལོ་སྟེ་མེ་གླང་གི་ལོར་ཆ་བ་ཆོས་ཀྱི་སེང་གེ་འཁྲུངས་ཏེ་⑥ཞེས་གསུངས་པ་དང་། རྔོག་ལོ་སྤྱི་ལོ་1109ལོར་མྱ་ངན་ལས་འདས་པ་དང་། ཆ་བ་ཆོས་སེང་སྤྱི་ལོ་1109ལོར་འཁྲུངས་ཞེས་ཨ་ལགས་དོར་ཞིའི་ཚད་མ་རིག་པའི་སྤྱི་བཤད་ཅེས་པའི་རྒྱ་ཡིག་གི་དཔེ་ཆ་ལས་ཀྱང་ཁ་གསལ་པོར་གསུངས་ཡོད་པར་བརྟག་ན་ཡང་། རྔོག་ལོའི་འདས་ལོ་དང་ཆ་བ་འཁྲུངས་ལོ་གཉིས་ལོ་གཅིག་ལ་འཁེལ་འདུག་པས། དངོས་སློབ་མིན་པ་གསལ་ཁ་ཐོན་ཡོད། དེས་ན། རྔོག་ལོ་འདས་རྗེས་སུ་ཆ་བ་ཆོས་ཀྱི་སེང་གེ་འཁྲུངས་པ་དང་། ཆ་བ་ཆོས་སེང་ཁོང་གིས་ཚད་མ་སྡེ་བདུན་མདོ་དང་བཅས་པའི་ནང་དོན་མདོར་བསྡུས་ནས། ཚད་བསྡུས་ཡིད་ཀྱི་མུན་སེལ་དང་ཚད་བསྡུས་ཡིད་ཀྱི་མུན་སེལ་རྐྱང་པ་གཉིས་བརྩམས་ནས་བསྡུས་གྲྭ་ཞེས་པའི་སྲོལ་ཕྱེས་ཏེ། བོད་རང་མཚན་པའི་ཚད་མ་རིག་པའི་བསླབ་གཞི་ཐོག་མ་བྱུང་བ་ཡིན། འདི་ཡན་ཆོད་ནི་བོད་རྒྱུད་ཚད་མ་རིག་པའི་ལོ་རྒྱུས་སུ་རྒྱ་གར་གྱི་ཚད་མ་རིག་པ་བོད་དུ་ཐོག་མར་བསྒྱུར་བ་དང་། དངོས་སུ་བསྒྱུར་བ། འཆད་ཉན་སྤེལ་བ་བཅས་དང་། ད་དུང་། རྔོག་ལོའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་སྟེ། བོད་རང་གི་ཚད་མའི་འགྲེལ་རྩོམ་ཐོག་མ་དང་། ཆ་བའི་བསྡུས་གྲྭ་སྟེ། བོད་ཀྱི་ཚད་མའི་བསླབ་གཞི་ཐོག་མ་བཅས་གྲུབ་པའི་དུས་རིམ་རེད། དེས་ན་སྔ་མ་འགྲེལ་རྩོམ་ཡིན་པ་དང་ཕྱི་མ་བསླབ་གཞི་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཚད་མ་རིག་པ་ནང་འདྲེན་གྱི་དུས་ཏེ། ཚད་མ་རིག་པའི་རྨང་གཞི་འཇོག་པའི་དུས་རིམ་ཡིན་པར་འདོད་པ་ཡིན། དུས་རིམ་འདིའི་མཁས་པ་ཕལ་མོ་ཆེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་ཚད་མའི་མཚན་ཉིད་སྟོན་པའི་ཚད་མ་བསླུ་མེད་ཅན་ཤེས་པ།། མ་ཤེས་དོན་གྱི་གསལ་བྱེད་ཀྱང་།། ⑦ཞེས་པའི་ཚིག་རྐང་གཉིས་པོ་རེ་རེ་ནས་ཚད་མའི་མཚན་ཉིད་ཆ་ཚང་རེ་སྟོན་པའི་ལྟ་གྲུབ་འཛིན་མཁན་གྱི་མཁས་པ་ཡིན་པ་དང་། འཆད་ཚུལ་གྱི་ཆ་ནས་ཀྱང་རྒྱ་འགྲེལ་ལེགས་ཆ་བསྡུས་ནས་འཆད་པ་⑧ཡིན་ཏེ། འཆད་ཉན་རྒྱན་མཁན་པོ་དང་ཆོས་མཆོག་གི་ལུགས་གཙོ་བོར་བཏོན་ནས་བསྟན་པ་དེ་⑨ཞེས་གསུངས་པས་ན། རྒྱ་གར་གྱི་འགྲེལ་བྱེད་མཁན་པོ་ལྷ་ཤཱཀ་གཉིས་དང་རྒྱན་མཁན་པོ་དང་བཅས་པའི་འཆད་ཚུལ་གྱི་རྒྱུན་འཛིན་མཁན་ཡིན་པའི་ཕྱིར་རོ།།
      
       གཉིས་པ། ཚད་མ་རང་ས་ཅན་གྱི་དུས་རིམ།
      དུས་རིམ་གཉིས་པ་ནི། དུས་ཀྱི་ཆ་ནས་སྤྱི་ལོའི་དུས་རབས་བཅུ་གསུམ་པ་ནས་སྤྱི་ལོའི་དུས་རབས་བཅུ་བཞི་པའི་བར་ཡིན། བརྗོད་བྱའི་ཆ་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་དཔྱད་སྟོབས་ལ་བརྟེན་ནས་བརྩམས་པའི་ཚད་མའི་གཞུང་ལུགས་ཐོག་མ་ཡིན། ལྟ་གྲུབ་ཀྱི་ཆ་ནས་ཚད་མའི་མཚན་ཉིད་སྟོན་པའི་ཚིག་རྐང་གཉིས་པོ་ལས་གཅིག་གིས་ཚད་མའི་མཚན་ཉིད་ཆ་ཚང་བསྟན་ཡོད་པར་འདོད་པའི་དུས་རིམ་ཡིན། འཆད་ཚུལ་གྱི་ཆ་ནས་སྡེ་བདུན་གོང་འོག་བསྡེབས་ནས་འཆད་པའི་དུས་(འདི་ནི་ས་པཎ་གཙོ་བོ་བྱས་པའི་འཆད་ཚུལ་ཡིན་པ་ལ་གོ་རྒྱུ་ལས་ས་སྐྱ་བ་ཡོངས་ཀྱི་ཐུན་མོང་གི་འཆད་ཚུལ་ཡིན་པ་ལ་གོ་རྒྱུ་མིན་པར་སྙམ་)ཡིན།
      ཆ་བ་ཆོས་སེང་མྱ་ངན་ལས་འདས་ནས་ལོ་བཅུ་གསུམ་པ་ན། ས་པཎ་ཀུན་དགའ་རྒྱལ་མཚན་(1182-1251)ལོར་འཁྲུངས། རང་ལོ་ཉེར་བདུན་ལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་གདན་དྲངས་བ་དང་མཇལ། ཁ་ཆེ་པཎ་ཆེན་ལས་ཚད་མ་སྡེ་བདུན་མདོ་དང་བཅས་པ་གསན། ཚད་མ་རྣམ་འགྲེལ་སམ་སྐྲི་ཏའི་སྐད་ལས་ཐུགས་ཐོག་ནས་འཆད་ཐུབ་ལ། ཉིན་རེ་ལ་ཐ་ན་ཆོས་ཐུན་རེ་རེ་གསུང་བའི་དམ་བཅའ་མཛད་⑩དེ། ཉིན་རྒྱུན་སློབ་མའི་ཚོགས་ལ་ཁྲིད་པ་དང་། ཕྱིས་སུ་བོད་དང་བལ་པོའི་ས་མཚམས་ནས། ཕྱི་རོལ་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས་དང་རྩོད་པས་ཕམ་པར་བྱས་ཏེ་ནང་པར་བཅུག རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཚད་མ་རིགས་གཏེར་བརྩམས། འདི་ནི་འགྲེལ་རྩོམ་མ་ཡིན་པར་བོད་རང་མཚན་པའི་མཁས་པའི་བརྩམས་ཆོས་ཐོག་མ་ཡིན།
      དེའི་དངོས་སློབ་འུ་ཡུག་པ་རིགས་པའི་སེང་གེ་ཡིན། འདིས་ས་པཎ་ཀུན་དགའ་རྒྱལ་མཚན་ལས་ཚད་མ་མང་དུ་གསན། ལྷག་ཏུ་ས་པཎ་ཀུན་དགའ་རྒྱལ་མཚན་ལས་ཚད་མ་རྣམ་འགྲེལ་ཕྱིས་ཕྱིན་པར་གསན། ཚད་མ་རིགས་མཛོད་བརྩམས།(འདི་ནི་ཕལ་ཆེར་བོད་ཀྱི་མཁས་པས་ཚད་མ་རྣམ་འགྲེལ་ལ་འགྲེལ་བ་བྱས་པ་ཐོག་མ་ཡིན་པར་འདོད།) དེ་ཡང་། འུ་ཡུག་པས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན་ནས།དེར་བཤད་པ་མཛད་པས་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་དུ་བྱུང་ཞིང་། དེང་ངང་གི་བར་དུ་རྣམ་འགྲེལ་དར་བའང་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན་⑾ཞེས་པར་གཞིགས་ན་ཡང་འདི་ནས་བཟུང་ཚད་མ་རྣམ་འགྲེལ་གྱི་མཛད་པ་འཕྲིན་ལས་རྒྱས་པའི་དབུ་བཙུགས་པ་ཡིན་པར་གསལ།
      དེའི་སློབ་མ་ཉ་དབོན་ཀུན་དགའ་དཔལ་ཡིན། ཉ་དབོན་ཀུན་དགའ་དཔལ་གྱིས་འུ་ཡུག་པ་ལས་ཚད་མ་མང་དུ་གསན། མཁས་པའི་གྲགས་པ་འབར། ལྷག་ཏུ་ཚད་མ་ཉ་ལ་ཐུག་ཅེས་ཚད་མ་ལ་ལྷག་པར་མཁས་པར་གྱུར། ཉ་བོན་ཁོང་གིས་རྣམ་འགྲེལ་གྱི་ཊཱིཀྐ་བརྩམས།
      དེའི་སློབ་མ་རྗེ་བཙུན་རེད་མདའ་བ་ཡིན། རྗེ་རེད་མདའ་བས་གཙོ་བོ་ཚད་མ་ཉ་ལ་ཐུག་ཅེས་པའི་ཚད་མའི་མཁས་ཆེན་ཉ་དབོན་ཀུན་དགའ་དཔལ་ལས་ཚད་མ་གསན། ཕྱིས་སུ་ས་སྐྱ་བའི་ཚད་མའི་མཁས་དབང་ཆེན་པོར་གྱུར་ནས། ས་སྐྱ་བ་མ་ཟད་གྲུབ་མཐའ་རིས་མེད་ཀྱི་གདུལ་བྱ་རྒྱ་ཆེར་བསྐྱངས། ལྷག་ཏུ་དགེ་ལུགས་པའི་རྗེ་ཡབ་སྲས་གསུམ་པོ་ཡང་རྗེ་རེད་མདའ་བ་ཁོང་གི་དངོས་སློབ་ཡིན་པ་སོགས་གདུལ་བྱ་རྒྱ་མཚོས་མཐའ་ནས་བསྐོར། རྗེ་རེད་མདའ་བ་ཁོང་གིས་ཚད་མ་རྣམ་འགྲེལ་རྣམ་བཤད་རིགས་པའི་འདོད་འཇོ་བརྩམས།
      འདི་ཡན་ཆོད་ཚད་མ་རང་ས་ཅན་གྱི་དུས་རིམ་ལ་འཇོག་པའི་རྒྱུ་མཚན་གཙོ་བོ་ནི། བོད་དུ་ཚད་མ་རིག་པ་དར་བའི་ལོ་རྒྱུས་སུ་བོད་རང་གི་མཁས་པས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་ཀྱི་འགྲེལ་བ་མ་ཡིན་པར། བོད་རང་མཚན་པའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བྱུང་བའི་ཚབ་མཚོན་གྱི་བརྩམས་ཆོས་ཐོག་མ་ཚད་མ་རིགས་གཏེར་བརྩམས་པ་ཡིན་པས་ན། ཚད་མ་རང་ས་ཅན་གྱི་དུས་རིམ་ལ་འཇོག་པའི་རྒྱུ་མཚན་ལྡན་པ་དང་གཅིག གཉིས་སུ་ཚད་མའི་ལྟ་དགོངས་ཀྱི་ཆ་ནས་དུས་རིམ་འདིའི་མཁས་པ་ཕལ་མོ་ཆེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་ཚད་མའི་མཚན་ཉིད་སྟོན་པའི་ཚད་མ་བསླུ་མེད་ཅན་ཤེས་པ།། མ་ཤེས་དོན་གྱི་གསལ་བྱེད་ཀྱང་།། ཞེས་པའི་ཚིག་རྐང་གཉིས་པོ་རེ་རེ་ནས་ཚད་མའི་མཚན་ཉིད་ཆ་ཚང་རེ་སྟོན་པའི་ལྟ་གྲུབ་འཛིན་མཁན་གྱི་མཁས་པར་མ་འཐད་པར། ས་པཎ་རང་གི་ཚད་མ་རིགས་གཏེར་ལས། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི།། མཚོན་བྱ་དེ་ཡང་གཉིས་སུ་འགྱུར།། ⑿ཞེས་ཚིག་རྐང་གཉིས་པོ་རེ་རེ་ནས་ཚད་མའི་མཚན་ཉིད་ཆ་ཚང་རེ་སྟོན་པ་ཡིན་ན་མཚོན་བྱ་གཅིག་ལ་མཚན་ཉིད་གཉིས་ཡོད་པར་འགྱུར་བའི་ཐལ་བ་འབབ་པས་ན། ཚད་མའི་མཚན་ཉིད་ནི། ཚད་མ་བསླུ་མེད་ཅན་ཤེས་པ།། ཞེས་པའི་ཚིག་རྐང་གཅིག་པོས་སྟོན་ཐུབ་པར་འདོད་པ་ཡིན་ལ། གཞན་ཡང་འཆད་ཚུལ་གྱི་ཆ་ནས་ཀྱང་ཚད་མ་ནང་འདྲེན་གྱི་དུས་རིམ་དང་མི་མཐུན་པར་གཙོ་བོ་སྡེ་བདུན་གོང་འོག་བསྡེབས་ནས་འཆད་པ་⒀ཡིན་ཏེ། ས་སྐྱ་པས་ཁ་ཆེ་པཎ་ཆེན་གྱི་བཤད་སྲོལ་བཟུང་ནས་བོད་ཀྱི་ཚད་བསྡུས་མ་ལུས་པ་བཀག་གོ། ⒁ཞེས་པ་ལས་ཀྱང་ཚད་མ་ནང་འདྲེན་གྱི་དུས་རིམ་དུ་བྱུང་བའི་འཆད་སྲོལ་དང་མི་མཐུན་པ་རྟོགས་ཐུབ་ལ། རྒྱ་གར་གྱི་འགྲེལ་བྱེད་མཁན་པོ་ལྷ་ཤཱཀ་གཉིས་དང་རྒྱན་མཁན་པོ་སོགས་ཀྱི་འཆད་ཚུལ་གྱི་རྒྱུན་ཇི་མ་ཇི་བཞིན་དུ་འཆད་པ་མ་ཡིན་པར། ཚད་མ་སྡེ་བདུན་མདོ་དང་བཅས་པ་གཙོ་བོར་འཛིན་པ་ཞིག་ཡིན་པ་ནི། ཡང་ས་པཎ་རང་གི་ཚད་མ་རིགས་གཏེར་དུ། ལྷ་ཤཱཀ་སོགས་རྒྱ་འགྲེལ་མཁན་པོ་དག་གི་གཞུང་ནས་ལུང་ཚིག་གཅིག་ཀྱང་དྲངས་མེད་པར། ཐ་ན་ལུང་འདྲེན་ཚུན་ཆད་ཀྱང་སྡེ་བདུན་གོང་འོག་ཁོ་ན་ལ་གཏུགས་འདུག་པས་ཀྱང་གསལ་པོར་མཚོན་ཐུབ་པའི་ཕྱིར་རོ།།

      གསུམ་པ། རིགས་པས་དཔྱད་པའི་དུས་རིམ།
      དུས་རིམ་གསུམ་པ་ནི། དུས་ཀྱི་ཆ་ནས་སྤྱི་ལོའི་དུས་རབས་བཅུ་བཞི་པ་ནས་དེང་གི་བར་ཡིན།  བརྗོད་བྱའི་ཆ་ནས་བོད་རང་མཚན་པའི་མ་ལགས་ཆ་ཚང་བའི་གཞུང་ལུགས་གྲུབ་པའི་དུས་ཡིན། ལྟ་གྲུབ་ཀྱི་ཆ་ནས་ཚིག་རྐང་གཉིས་པོས་མཉམ་དུ་ཚད་མའི་མཚན་ཉིད་ཆ་ཚང་ཞིག་སྟོན་པའི་དུས་ཡིན། འཆད་ཚུལ་གྱི་ཆ་ནས་རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པའི་དུས་ཡིན་ནོ།།
      སྤྱི་ལོའི་དུས་རབས་བཅུ་བཞི་ནས་བཅོ་ལྔའི་བར་(1357-1419)རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་འཁྲུངས། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་སྐུལ་ངོར་དབུས་ལྷ་ལྡན་དུ་སློབ་གཉེར་ལ་ཕེབས། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་སུམ་བཅུ་ལྷག་གི་ཞབས་ལ་གཏུགས་ནས། གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་དང་བཅས་པའི་མདོ་སྔགས་ཟུང་གི་གཞུང་ལུགས་རམས་འབྱམས་ཀྱི་ཕ་མཐར་གསོན། དཔལ་ས་སྐྱའི་མཁས་ཆེན་རེད་མདའ་བ་གཞོན་ནུ་བློ་གྲོས་ལས་ཚད་མ་རྣམ་འགྲེལ་གསན། ལྷག་ཏུ་ས་པཎ་གྱི་དངོས་སློབ་འུ་ཡུག་པ་རིགས་པའི་སེང་གེའི་ཚད་མ་རིགས་མཛོད་མཐོང་བས། ཡིད་རབ་ཏུ་འཕྲོག་སྟེ་སྤྱན་ཆབ་ཡང་ཡང་ཤོར། ཕྱིས་སུ་རྗེ་ཙོང་ཁ་པས་སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་བརྩམས།
      དེའི་སློབ་མ་རྒྱལ་ཚབ་དར་མ་རིན་ཆེན་ཡིན་ལ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཀྱང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ལས་ཚད་མ་རྣམ་འགྲེལ་གསན་ཏེ། རྗེ་ཙོང་ཁ་པ་ལས་ཚད་མ་གསན་པའི་ཟིན་བྲིས་ཡིན་པར་གྲགས་པའི་ཚད་མ་ལམ་བསྒྲིགས་དང་ཚད་མའི་བརྗེད་བྱང་ཆེན་མོ་སོགས་བརྩམས། ལྷག་པར་དུ་རི་བོ་དགེ་ལྡན་པས་ཐུན་མོང་མ་ཡིན་པའི་ཚད་མའི་གཞུང་གི་ཕྱི་མོར་འཛིན་པའི་རྣམ་འགྲེལ་རྣམ་བཤད་ཐར་ལམ་གསལ་བྱེད་བརྩམས།
      དེ་ནས་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཀྱང་རྗེ་བླ་མ་ཙོང་ཁ་པ་ལས་ཚད་མ་མང་དུ་གསན། མཁས་གྲུབ་རྗེ་ཁོང་གིས་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་བརྩམས། སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་གྱི་ཚད་མའི་ལྟ་དགོངས་ས་སྐྱ་པ་དང་འདྲ་མོད། འོན་ཀྱང་། རི་བོ་དགེ་ལྡན་པའི་ཚད་མའི་ལོ་རྒྱུས་སུ་རྗེ་ཡབ་སྲས་གསུམ་ཞེས་མགྲིན་གཅིག་དབྱངས་གཅིག་གིས་ཁས་ལེན་པ་ཡིན།
      རྗེ་དགེ་འདུན་གྲུབ་ནི་རྗེ་ཙོང་ཁ་པའི་སློབ་མ་ཡིན་པ་མ་ཟད། རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀའི་སློབ་མ་ཡིན། ལྷག་པར་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྒྱུན་འཛིན་པ་གཙོ་བོ་ཆགས་ཡོད་དེ། ཁོང་གིས་བརྩམས་པའི་ཚད་མའི་གཞུང་རྣམས་ནི་རྒྱལ་ཚབ་ཀྱི་ཚད་མའི་བསྡུས་དོན་ལྟ་བུ་ཡིན་ཞེས་བཤད་སྲོལ་ཡོད། རྗེ་དགེ་འདུན་གྲུབ་པས་གྲགས་ཆེ་བའི་བསྟན་བཅོས་ཚད་མ་རིགས་རྒྱན་བརྩམས།
      གཞན་ཡང་། རི་བོ་དགེ་ལྡན་པ་ལ་རྗེ་ཡབ་སྲས་ཀྱི་རྒྱུད་པ་འཛིན་པའི་ཡིག་ཆའི་བདག་པོ་གསུམ་སྟེ། རྗེ་སྒོ་བློ་གསུམ་བྱུང་། རྗེ་ནི་སེ་ར་རྗེ་བཙུན་པ་ཡིན་པ་དང་ཡིག་ཆའི་མིང་ལ་ཡང་རྗེ་བཙུན་ཡིག་ཆ་ཟེར། སྒོ་ནི་སྒོ་མང་ཁ་ཚན་ལ་ཟེར་ཞིང་། ཡིག་ཆ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་ཡིན། འདི་ལ་ཀུན་མཁྱེན་ཡིག་ཆ་ཟེར། བློ་ནི་བློ་གསལ་གླིང་གི་ཁ་ཚན་ཡིན་པ་དང་། ཡིག་ཆའི་བདག་པོ་པཎ་ཆེན་བསོད་ནམས་གྲགས་པ་ཡིན། འདི་ལ་པཎ་ཆེན་ཡིག་ཆ་ཡང་ཟེར།
      དུས་ཀྱི་ཆ་ནས་སྤྱི་ལོའི་དུས་རབས་བཅུ་བཞི་པ་ནས་དེང་གི་དུས་ལ་ཐུག་གི་བར་ཡིན། འདི་ནས་བཟུང་བོད་ཀྱི་ཚད་མ་ཆེས་དར་བའི་ཡང་རྩེ་ལྟ་བུར་གསོན་པ་སྟེ། བོད་རང་མཚན་པའི་རིགས་པའི་དཔྱད་སྟོབས་ཀྱི་རྒྱུན་བསྐྱངས་ནས་ཆེས་ཆེར་སྨིན་པའི་དུས་ཡིན། དེ་ཡང་། རྗེ་བློ་བཟང་གྲགས་པས་ཚད་མ་སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་བརྩམས་པ་ནས་བཟུང་། ཚད་མ་ལ་མངོན་སུམ་རྗེས་དཔག་གཉིས་དང་། ཚད་མིན་གྱི་བློ་ལ་བཅད་ཤེས་དང་། ཡིད་དཔྱོད། སྣང་ལ་མ་ངེས་པ། ཐེ་ཚོམ། ལོག་ཤེས་⒂བཅས་ལྔ་རུ་འདོད་པ་དང་། ལྷག་ཏུ། བཅད་ཤེས་ནི་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པས། མི་བསླུ་བ་ཡིན་ཡང་ཚད་མ་མ་ཡིན་པར་ཚད་མིན་ཡིན་ཏེ། གསར་དུ་མ་ཡིན་པས་སོ།། ཚད་མ་ལ་ངེས་པར་དུ་གསར་རྟོགས་ཀྱི་ཆ་དགོས་པ་ཡིན་ཞེས།གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བཞག་ནས། སློབ་དཔོན་ཆོས་ཀྱི་གྲགས་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་ལས་བྱུང་བའི་ཚད་མའི་མཚན་ཉིད་དེ། ཚད་མ་བསླུ་མེད་ཅན་ཤེས་པ།། ཞེས་པ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་།། ཞེས་པ་གཉིས་ཆར་ནས་མཉམ་པོར་ཚད་མའི་མཚན་ཉིད་ཆ་ཚང་བ་ཞིག་སྟོན་པར་འདོད་པ་ཡིན་པས། ཕྱིས་སུ་བོད་ཀྱི་ཚད་མ་རིག་པ་བ་ཕལ་མོ་ཆེ། རྗེ་ཡབ་སྲས་ལྟར། གསར་དུ་མི་བསླུ་བའི་རིག་པ་ནི་ཚད་མའི་ཡོངས་ཁྱབ་རང་བཞིན་གྱི་མཚན་ཉིད་ལྟ་བུར་ཆགས་ཡོད། འཆད་ཚུལ་གྱི་དབང་དུ་བཏང་ན་ཡང་། གོ་བོ་རམས་འབྱམས་པས་མཛད་པའི་ཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ་ཞེས་བྱ་བའི་མཇུག་རྩོམ་ལས། རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ།། ⒃ཞེས་རང་གི་རིགས་ལམ་ལྟར་འཆད་པར་འདོད་པ་ཡིན། དེ་ཡང་གཙོ་བོ་རང་གི་རིག་པས་དཔྱད་སྟོབས་ཀྱིས་འཆད་པ་ནི་རྗེ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་ཚད་མའི་འཆད་ཚུལ་ཡིན་ནོ།།
མཇུག་གཏམ།
      སྤྱིར་བོད་དུ་ཚད་མ་རིག་པ་བྱུང་བའི་འཕེལ་རིམ་གྱི་ལོ་རྒྱུས་ཧ་ཅང་མང་ལ། ཆོས་རྒྱུད་གྲུབ་མཐའ་སོ་སོ་དང་། བསྟན་པ་སྔ་དར་ཕྱི་དར་དང་། ཡང་ན། ཚད་མའི་སྐྱེས་བུ་སོ་སོའི་རྒྱུད་འཛིན་དང་བཅས་པ་གཞུང་ཐིག་ཏུ་བཟུང་ནས་བྲིས་པ་དེ་བས་ཀྱང་མང་མོད། འོན་ཀྱང་། བརྗོད་བྱའི་སྤྱི་བབ་ལྟར། ཚད་མ་དར་བའི་དུས་རིམ་དང་། ཚད་མའི་ལྟ་དགོངས་དང་། ཚད་མའི་འཆད་ཚུལ་སོགས་ཀྱི་ཆོས་ཉིད་གཞིར་བཟུང་ནས། འདི་ལྟར་བོད་ཡིག་གི་ལམ་ནས། ནང་འདྲེན་གྱི་དུས་རིམ་དང་། རང་ས་ཅན་གྱི་དུས་རིམ་དང་། རིགས་པས་དཔྱད་པའི་དུས་རིམ་ཞེས་དབྱེ་བ་མཛད་ཡོད་པ་ཞིག་མཐོང་ལམ་དུ་མ་གྱུར་བས། སྔ་མོ་ཞིག་ནས་འདི་ལྟར་འབྲི་དགོས་པའི་འདུན་པ་སྐྱེ་མྱོང་བ་དེ། ད་ཐེངས་དངོས་སུ་ལག་ལེན་དུ་ཕབ་པ་ཡིན། ནོར་སྐྱོན་གྱི་ཆ་ཅི་ཡོད་ལ། དཔྱོད་ལྡན་ཚོགས་ཀྱིས་དཔྱད་པར་འཚལ་ལོ།།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 08:45 , Processed in 0.030168 second(s), 20 queries .

返回顶部