博客西藏在最高处过一种生活

日志

༄༅།།མདོ་དབུས་མཐོ་སྒང་དུ་འོད་མདངས་རབ་ཏུ་འ ...

已有 65 次阅读2019-9-8 11:15 |系统分类:文化


                                  ༄༅།།མདོ་དབུས་མཐོ་སྒང་དུ་འོད་མདངས་རབ་ཏུ་འཚེར་བའི་བོད་ལྗོངས་ལྷ་མོ་བླ་མཚོ་ཞེས་བྱ་བ་བཞུགས་སོ།

                                                     རྩོམ་པ་པོ། རོང་ཆེན་ལྷ་རྒྱལ་དཔལ།


                     

       ༄༅།།འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་མིང་དུ་གྲགས་པའི་ལྷ་མོ་བླ་མཚོ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ཆོས་འཁོར་རྒྱ་ཚ་རྫོང་གི་མངའ་ཁུངས་སུ་གནས་ཤིང་། རྫོང་མཁར་ནས་བར་ཐག་ཧ་ལམ་ལེ་བར་ལྔ་བཅུ་ཙམ་དང་། མཚོ་ངོས་ལས་མུས་ལྔ་སྟོང་བཞི་བརྒྱ་ལྷག་ཙམ། མཚོ་ངོས་ཀྱི་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ་གཉིས་ཙམ་ལས་དེ་འདྲ་ཆེན་པོ་ཞིག་མེད་ནའང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པ་ངོས་འཛིན་དང་ཐུགས་ཐག་གཅོད་པར་ལུང་དང་སྟོན་ནུས་པའི་གོ་གནས་ཁྱད་པར་བ་ཞིག་ཏུ་གྱུར་འདུག  དུས་སྔ་མོར་ཧ་ལམ་བོད་རབ་བྱུང་དགུ་བའི་ས་མོ་སྦྲུལ་སྤྱི་ལོ༡༥༠༩ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་རྒྱལ་བ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ཆོས་འཁོར་རྒྱལ་དགོན་ཕྱག་འདེབས་མཛད་ཅིང་དབྱར་སྟོན་གྱི་དུས་སུ་བཀའ་ཆོས་གསུངས་པར་ཕེབས་ལམ་དུ་རི་རབས་མཐོན་པོའི་རྩེ་མོ་རེ་རེར་བཞིན་ཨ་སྔོན་དབྱིངས་སུ་བསྙེགས་པའི་རྫ་གསང་ཞིག་ཏུ་གནས་པའི་དྭངས་ཤིང་གཙང་བའི་མཚོ་མོ་འདི་སྤྱན་ལམ་དུ་གཟིགས་པས། བོད་ལྗོངས་སུ་ཆེས་ངོ་མཚར་ལྡན་པའི་དཔལ་ལྡན་ལྷ་མོ་བླ་མཚོ་ཞེས་སུ་གྲགས་སོ། དེ་ནས་བཟུང་ཆོས་དད་མང་ཚོགས་ཁྲི་འབུམ་མང་པོས་དད་མོས་ཧ་ཅང་ཆེ་ཞིང་། རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་སྣང་བ་མཐའ་ཡས་རྣམ་གཉིས་ཀྱི་ཡང་སྲིད་འཚོལ་ཐེངས་རེ་ལ་ལྷ་མོ་བླ་མཚོ་ཁར་སླེབས་ཏེ་བསང་མཆོད་སོགས་ཆོས་ལུགས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་ནས་དཔལ་ལྡན་ལྷ་མོས་ལུང་བསྟན་ལ་གཟིགས་དགོས་པའི་ཕྱག་སྲོལ་དར་བ་དང་། ལོ་རེར་བཞིན་བོད་ཟླ་བཞི་བ་ནས་དྲུག་པའི་ནང་ལ་བོད་ཁམས་ཡོངས་སུ་སེར་སྐྱ་ཕོ་མོ་གྲངས་ལས་འདས་པ་གནས་འདིར་ཆེད་དུ་དམིགས་ནས་ལྷ་མོ་བླ་མཚོར་མཇལ་ཕྱག་ཏུ་སླེབས་བཞིན་ཡོད། ཤེས་གསལ་ལྟར་ན་ལྷ་མོ་བླ་མཚོ་འདིའི་མཚོ་ཁ་ནས་མི་མང་པོས་ལྷན་ཅིག་ཏུ་མཆོད་མཇལ་བྱས་ཏེ། གསོལ་བ་རྩེ་གཅིག་ཏུ་བཏབས་ནས་བལྟས་ཀྱང་འདྲེན་བྱེད་དབང་པོའི་ལམ་དུ་འཆར་སྣང་མི་གཅིག་པ་སྣ་ཚོགས་མཆིས་ཤིང་། སྐལ་ལྡན་ལས་འཕྲོ་ཅན་ལ་མེ་ལོང་ལྟ་བུའི་བླ་མཚོའི་ངོགས་སུ་རང་ཉིད་ཀྱི་སྐྱེ་བ་སྔོན་མའི་གནས་ཚུལ་ངོ་མ་དང་མ་འོངས་པའི་དོན་དག་ཐམས་ཅད་ལྷིང་ངེར་མཐོང་ཐུབ་པར་འགྱུར། འོན་ཀྱང་གནས་འཇལ་བ་ཕལ་བ་རྣམས་ལ་མཚོན་ན་གནས་འདིར་མཚོ་ཁ་ནས་ཆུ་ཚོད་འགའ་རེར་རྣམ་རིག་སྒྲིམ་ནས་ཞིབ་མོར་བལྟས་ཏེ། ཅི་འདྲ་འགོར་ཀྱང་མཚོ་མདངས་ཀྱི་འགྱུར་ལྡོག་སྣ་ཚོགས་དང་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལས་ཅི་ཡང་མཐོང་རྒྱུ་མེད། དེ་ཡང་རང་གི་ཕྱག་དང་དད་པའི་མ་ལོངས་པ་ཡིན་ནམ་ལྷ་མོ་བླ་མཚོར་ལས་འབྲས་ཆེན་པོ་མེད་པའི་དབང་གིས་ཡིན་ནམ། གང་ལྟར་མདོ་དབུས་མཐོ་སྒང་གི་མཛེས་སྡུག་འོད་དུ་འཚེར་བའི་ལྷ་མོ་བླ་མཚོ་འདི་ལ་དད་འདུན་མི་ཆེ་བ་གཅིག་ཀྱང་མེད་པ་དང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འཇིག་རྟེན་ཁམས་ཀྱི་མི་རྣམས་ལ་ངོ་མཚར་ལྡན་པའི་བསམ་མདངས་ཟབ་མོ་ཞིག་དང་། ཕྱག་མཆོད་གསོལ་འདེབས་དང་དད་མོས་ཡིད་ཆེས་ཀྱི་དབང་དུ་གྱུར་བའི་གནས་མཆོག་ཁྱད་པར་བ་ཞིག་ཏུ་གྱུར་འདུག ལྷག་པར་དུ་མིའི་རིགས་ལ་ཧ་ཅང་སྤྲོ་སྣང་དང་བདེ་སྐྱིད་ལྡན་པ། བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་གསར་བ་ཞིག་གནང་བཞིན་མཆིས་སོ། ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་ཆབ་གསེར་གཞོང་དར་ཐང་རིང་མོའི་གྲོང་རྡལ་དུ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་རང་གི་མཐོང་ཐོས་ནང་བཞིན་སྦྱར་ཏོ།།  སརྦ་ཛ་ཡནྟུ།།

 



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-13 00:48 , Processed in 0.026829 second(s), 20 queries .

返回顶部