博客西藏在最高处过一种生活

日志

༄༅།།མཚོ་ལྷོ་རུ་སྤེལ་གྲབས་ཡོད་པའི་བོད་ཀྱི ...

已有 98 次阅读2019-8-19 15:10 |系统分类:文化


                             ༄༅།།མཚོ་ལྷོ་རུ་སྤེལ་གྲབས་ཡོད་པའི་བོད་ཀྱི་རྒྱན་གོས་ལ་ཉམས་སུ་མྱོང་རོགས།
                                  རྩོམ་པ་པོ།  མི་གསལ།

རྩོམ་ཁུངས།  མཚོ་ལྷོ་བོད་ཡིག་སྨྱན་གསར།

                     
     རྒྱན་གོས་ནི་མིའི་རིགས་ཀྱི་འཚོ་བའི་ཐོན་དངོས་ཤིག་དང་། ཡང་ན་ས་ཁོངས་སམ་མི་རིགས་ཤིག་གི་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པ་མ་ཟད། ཞི་དུལ་དང་འཕྱོར་སྒེག་གི་རྣམ་པའང་མངོན་ཐུབ་པས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་རྩ་ཆེན་པོ་ཞིག་ཡིན་པས། དེང་སྐབས་སྐྱེ་བོ་ཀུན་གྱིས་ཀྱང་འདི་ལ་ཡིད་སྨོན་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད། 
     མི་ལོ་གྲངས་མེད་ཅིག་ལ་མཚོ་བོད་མཐོ་སྒང་དུ་གཞི་ཆགས་པའི་བོད་མི་རིགས་ཀྱིས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ས་ཁམས་དང་། གནམ་གཤིས། འཚོ་བ་སྐྱེལ་སྟངས།  རིན་ཐང་གི་ལྟ་བ་སོགས་ཀྱི་དབང་གིས་རང་སོ་སོའི་ཡུལ་བབ་དང་འཚམ་པའི་རྒྱན་གོས་རིག་གནས་འདྲ་མིན་སྣ་ཚོགས་གསར་གཏོད་བྱས་ཡོད། 
     སྤྱིའི་ཆ་ནས་བལྟས་ན་བོད་ཀྱི་རྒྱན་གོས་ཕལ་ཆེར་འདྲ་མཚུངས་སུ་སྣང་ཡང་ཁྱབ་ཆུང་ས་ནས་བཤད་ན། སྐྱེས་པའི་རྒྱན་གོས་ལ་གཟི་ཉམས་ལྡན་ཞིང་། གོང་ཞེང་ཆེ་བ། སྐྱིད་སྣང་དོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། བུད་མེད་རྣམས་ཀྱི་རྒྱན་གོས་ནི་ཁོབ་ཆུང་ལ། མཛེས་སྡུག་ཉམས་ལྡན་པ། ཞི་ཞིང་དུལ་བའི་རྣམ་པ་ཞིག་རང་ཤུགས་ཀྱི་མངོན་འོང་བས། དེ་གཉིས་སོ་སོ་ལ་སོ་སོའི་ཁྱད་ཆོས་མི་འདྲ་བ་ཡོད་པ་ཞིག་རེད། 
     བོད་ཀྱི་རྒྱན་གོས་ཀྱི་རྒྱུ་ཆ་གཙོ་བོར་དར་གོས་དང་། པགས་རིགས། སྣམ་བུའི་རིགས། རས་ཆ་སོགས་ཡིན་པ་དང་རྒྱན་ཆའི་ཐད་གཡུ་བྱུར་དང་། མུ་ཏིག རྡོ་རྗེ་ཕ་ལམ་སོགས་ཡིན་ཞིང་། རྒྱན་གོས་ཀྱི་རྣམ་པའི་ཐད་གནའ་རབས་དང་། ཉེ་རབས། དེང་རབས་བཅས་དུས་སྐབས་སོ་སོར་ཁྱད་ཆོས་ལྡན་པའི་རྒྱན་གོས་གསར་གཏོད་བྱེད་བཞིན་ཡོད།

                     
                                                 བཙན་པོ་དུས་སྐབས་ཀྱི་རྒྱན་གོས།
     དེ་བས། བོད་མིའི་རྒྱན་གོས་རིག་གནས་ཀྱི་ཁུངས་འདི་ཅུང་ཟད་ཡར་དེད་པ་ཡིན་ན། ལོ་རྒྱུས་ཡིག་ཆ་དག་ལས་དེ་སྔ་བོད་ཀྱི་བཙན་པོ་རྣམས་ཀྱིས་དབུ་ལ་ལ་ཐོད་དཀྲི་བ་དང་། ཟ་འོག་གི་བེར་གྱོན་པ། རྐང་ལྷམ་སྣ་འཁྱིལ་སོགས་བཞེས་ཀྱི་ཡོད་པ་དང་ལྷག་དོན་དུ་ཟ་བེར་གྱི་བཟོ་ལྟ་ནི་ཕུ་ཐུང་གཉིས་ལྡན་ཐོག་སྟ་ཟུར་དུ་སུལ་ཡོད་པ་དང་། མདུན་ནས་བཤགས་ཏེ་བཟོ་ལྟ་དྭ་དབྱི་དང་ཆ་འདྲ་ལ་སྐ་རགས་དམིགས་བསལ་བ་འཆིང་བའི་སྲོལ་མེད་པར་མངོན།
     དེ་ཡང་མཁན་སློབ་ཆོས་གསུམ་གྱི་ནང་ཚན་མཁན་ཆེན་ཞི་བ་ཚོ་གདན་ཞུས་ལྟར་བོད་དུ་ཕེབས་སྐབས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཁོང་ལ་བསུ་མ་གནང་སྐབས་ཞྭ་ལྷམ་ལེགས་པར་བཞེས་པ་དང་ཟ་བེར་ལ་སྐ་རགས་མ་བཅིངས་པར་འབོ་ལྷུག་ལྟ་བུར་ཕེབས་པས། མཁན་པོས་བཙན་པོའི་ཆ་བྱད་ལ་གཟིགས་ནས་བོད་ཀྱི་བསྟན་པ་དེ་བཞིན་སྟོད་ན་ཞྭ་ཙམ་ཞིག་དང་སྨད་ན་ལྷམ་ཙམ་ཞིག་ལས་དབུས་ན་ཉམས་པའི་ལུང་བསྟན་པ་ལས་ཤེས་ཐུབ།

                     
                                                      བཙུན་མོ་དང་བློན་པོའི་རྒྱན་གོས།
     སྔར་གྱི་བཙུན་མོའི་ཆ་ལུགས་ནི་ཕྱུ་པའི་ཐོག་སྟོད་ཐུང་གི་ཕུ་ཐུང་ས་ལ་མ་རེག་ཙམ་ཞིག་གྱོན། སྨད་ལ་ཤམ་ཐབས་དང་སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བརྒྱབ། རྣ་ལ་ཨ་ལོང་བཏགས། ལྷམ་ཟོམ་པ་བྱ་བ་གྱོན། དགུན་དུས་སུ་པགས་པའི་གྱོན་པ་འཚེམ་དྲུབ་སྣ་ཚོགས་ཡོད་པ་ཞིག་གྱོན་ཞེས་གསལ་བ་དང་། སྐབས་དེའི་བློན་ཆེན་ཚོས་ཀྱང་ཧ་ལམ་རྒྱལ་པོའི་ཆ་ལུགས་དང་འདྲ་བའི་གོས་གྱོན་པ་དང་། དམག་དཔོན་རྣམས་ཀྱིས་སྟག་ལྤགས་གྱོན་གྱི་ཡོད།
འབངས་མིའི་རྒྱན་གོས།
     འབངས་མི་རྣམས་ཧ་ལམ་འབྲོག་པའི་ཆ་ལུགས་སུ་གནས་ཏེ་དབྱར་གྱི་དུས་སུ་ཕྱིང་པའི་ཕྱུ་པ་དང་དགུན་དུས་སུ་པགས་པའི་སློག་པ་གྱོན་པར་གསལ། དེ་མིན་བོད་མིའི་གནའ་བོའི་རྒྱན་གོས་ཀྱི་ཚད་མར་འཇོག་པ་དང་རྒྱས་སྤྲོས་ཧ་ཅང་ཆེ་བའི་རིན་ཆེན་རྒྱན་ཆ་ཞེས་པ་ཞིག་མཐོང་རྒྱུ་ཡོད་པ་ནི་གནའ་བོའི་ཆས་གོས་ཀྱི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན། དེ་མིན་རྒྱ་ལུའི་ཆས་ནི་མི་དྲག་སྐྱ་བོ་རྣམས་ཀྱི་ཆས་གོས་ཡིན། 
     མགོ་ལ་ལ་ཐོད་དཀྲི་བ་དང་། སྨད་ལ་སུལ་གཉེར་མང་ཞིང་བསྣོལ་བསྒྲིགས་བྱས་པའི་ཤམ་ཐབས་ལྟ་བུ་གྱོན་གྱི་ཡོད་པ་དང་རྗེས་སོར་རྒྱུ་ཆ་གོས་ཆེན་དང་སི་ཤན་འཇའ་བསྒྲིགས་སོགས་ཀྱིས་རྒྱན་སྤྲོས་བྱས་པ་ལས་བཟོ་དབྱིབས་ཐད་འགྱུར་བ་དེ་ཙམ་མ་བྱུང་བར་གྲགས། ད་དུང་གནའ་རབས་བཙན་པོའི་དུས་ནས་བཟུང་བོད་མི་རྣམས་ཀྱིས་གསེར་དངུལ་སོགས་ཀྱི་རྒྱན་ཆར་དང་དོད་ཆེན་པོས་རང་རང་གི་འཁོས་ཀར་གཞིགས་པའི་རྒྱན་ཆ་སྣ་ཚོགས་འདོགས་སྲོལ་ཡོད་པ་ནི་ལོ་རྒྱུས་ཀྱི་དུམ་མཚམས་ཚང་མ་ནས་མངོན་དང་མངོན་བཞིན་པ་ལགས།

                     
                                                          ཉེ་རབས་རྒྱན་གོས།
     ཉེ་རབས་ཀྱི་བོད་མིའི་རྒྱན་གོས་ནི་རྒྱུ་གོས་ཆེན་དང་། ཐེར་མ། རས་དང་སྣམ་བུ་སོགས་ཀྱིས་བཟོས་པ་ཞིག་ཡིན་ཞིང་། བུད་མེད་ཚོས་སྟོན་དཔྱིད་གཉིས་སུ་ཕྱུ་པ་ཕུ་ཡོད་དང་། དབྱར་ཁ་ཕུ་མེད་གྱོན་པ། དགུན་དུས་པགས་ཚགས་བཅས་གྱོན་པ་དང་རྐང་ལྷམ་ནི་ཟོམ་པ་དང་འཇུར་རྟ་རང་འདོད་ལྟར་གྱོན་གྱི་ཡོད། བུ་མོ་ཚོ་ཆུང་དུས་ནས་སྐྲ་ལ་ལྷས་མ་རྒྱག་པ་དང་ལྕང་ལོའི་ཐོག་ལྟག་འཛར་ཞེས་གཡུ་དང་བྱུ་རུ་སྤེལ་མར་བསྒྲོགས་པ་དང་། མི་དྲག་གི་བུ་མོ་ཚོས་ལྟག་འཛར་གྱི་སྟོད་དུ་གའུ་རྒྱག་པ་དང་། རྣ་བར་མུ་ཏིག་དང་ཕ་ལམ་སོགས་རང་གི་འཁོས་དཔག་ལྟར་འདོགས། བུད་མེད་ཚོས་དབྱར་དུས་ཞྭ་མོ་གྱོན་སྲོལ་ཆེར་མེད་རུང་ལྷ་ས་ཁུལ་གྱི་གླིང་སྐོར་བ་སོགས་ཀྱིས་ཞྭ་མོ་སྐལ་བཟང་བསིལ་གཡབ་ཅེས་རྒྱུ་ཐེར་མ་སོགས་ལས་བཟོས་ཤིང་། དཔྲལ་བའི་མདུན་དུ་ཉི་སྒྲིབ་ཡོད་པ་ཞིག་གྱོན་སྲོལ་ཡོད་པ།  དགུན་དུས་ཡང་ཞྭ་ཞེས་རྒྱབ་མདུན་གཉིས་ལ་རྣ་ཅོག་ཆེ་བ་རེ་དང་གཡས་གཡོན་གཉིས་ལ་ཆུང་བ་རེ་ཡོད་པ་གྱོན་སྲོལ་ཡོད། 

                     
     སྐྱེས་པ་ཚོས་དབྱར་དུས་སྣམ་བུ་སོགས་ལས་བཟོས་པའི་ཕྱུ་ཆེན་གྱོན་པ་དང་ཕུ་ཐུང་གཡས་པ་འབུད་པ། དགུན་དུས་སུ་རྒྱབ་ཤ་འདྲ་མིན་གྱི་པགས་ཚགས་གྱོན་པ་དང་ལོ་ན་རྒན་གཞོན་ལ་གཞིགས་ནས་རྐུབ་སུལ་བཞིའམ་དྲུག་སྒྲིག་པའམ་སྟ་ཟུར་ལ་ཟུར་ལྟེབས་རྒྱག་པར་བྱེད། རྐང་ལྷམ་ཟོམ་པ་དང་། འཇུར་རྟ་ཡུ་རིང་། ཀོ་ལྷམ་སོགས་ཅི་རིགས་གྱོན་ལ། མགོ་ལ་དབྱར་དུས་སུ་ཕྱིང་ཞྭ་དང་དགུན་དུས་སུ་ཚེ་རིང་སྐྱིན་ཁེབས་དང་འཇའ་བཏང་པགས་སློག་བཅས་གྱོན་གྱི་ཡོད། ཆུང་དུས་ནས་སྐྲ་ལ་ལྕང་ལོ་རྒྱག་པ་དང་རྣ་ཅོག་གཡས་པར་གཡུ་བྱུར་དང་གཡོན་མར་ཨ་ལོང་འདོགས་པར་བྱེད་ཀྱང་མི་དྲག་གི་བུ་ཚོས་ལྕང་ལོར་གའུ་བརྒྱན་པ་དང་རྣ་ཅོག་གཡོན་མར་སོག་བྱིལ་འདོགས་སྲོལ་ཡོད། 
     དེ་མིན་གཡུ་དང་མུ་ཏིག་ཀྱང་འདོགས་སྲོལ་ཡོད་པ་མངོན་པ་དཔེར་ན། གོར་བོད་སྡེ་གཟར་རྗེས་སྐབས་དེའི་བཀའ་བློན་དགའ་གཡུ་གཉིས་ནང་སར་སྐྱོད་སྐབས་རྣ་བ་གཡས་གཡོན་གཉིས་སུ་རྣ་རྒྱན་མི་འདྲ་བ་འདོགས་པའི་རྒྱུ་མཚན་འདྲི་སྐབས། བསྟན་འཛིན་དཔལ་འབྱོར་ནས་གཡུ་འདོགས་པ་དེ་བོད་རྙིང་ཁུངས་ཀྱི་སྲོལ་ཡིན་པ་དང་མུ་ཏིག་འདོགས་པ་དེ་མཚོ་སྔོན་གྱི་རྒྱལ་པོ་གཽ་ཤྲི་ཁང་རྒྱལ་རྒྱུད་ཀྱིས་བོད་ལ་དབང་སྒྱུར་བྱེད་སྐབས་ནས་དར་བ་ཡིན་ཚུལ་ཞུས་ཞེས་འཁོད་ཡོད།  ལྷག་དོན་ཉེ་རབས་ཀྱི་རྒྱན་གོས་དཔེ་མཚོན་ལྟ་བུར་གྱུར་བའི་རྒྱན་བཟང་མ་ཞེས་རྒྱན་གོས་གཟབ་པར་སྤུད་པའི་འཁྲུངས་ཞུ་མ་རྣམས་ཡིན་ཞིང་། ཁོང་ཚོའི་རྒྱན་གོས་ནི་སྤྱིར་ན་དཔོན་རིགས་ཆེ་གྲས་ཀྱི་ལྷ་ལྕམ་དང་ཧ་ལམ་གཅིག་མཚུངས་ཡིན་པ་དང་། རྒྱན་ཆའི་རྣམ་གྲངས་མང་བ་ཧ་ལས་དགོས་པ་ཞིག་ཡོད་པ་དང་གྱོན་སྐབས་ཀྱང་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད། 

                     
     གཞན་ཡང་ཉེ་རབས་ཀྱི་བུད་མེད་ཚོའི་རྒྱན་ཆའི་བཟོ་ལྟ་སྟབས་བདེའི་ཕྱོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་བོད་རིགས་བུད་མེད་ཀྱི་རྒྱན་གོས་ནི་ཇེ་མཛེས་སུ་ཕྱིན་པ་དང་རིན་ཐང་ཡང་ཇེ་མཐོར་ཕྱིན་ནས་འབྱོར་ལྡན་བུད་མེད་གཅིག་གི་རྒྱན་ཆར་ད་ལྟའི་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་བརྒྱ་ཡན་གྱི་རིན་གོང་ཡོད་པ་རེད། འབྲོག་པ་དག་ནི་དགུན་དུས་ཕྱུ་པ་སློག་ཆེན་དང་ཞྭ་མོ་ཝ་ཞྭ་སོགས་གྱོན་རྒྱུར་དང་དོད་བྱེད་པ་དང་དབྱར་ཁར་ཚར་རུ་སོགས་པགས་པ་སྲབ་རིཌ་ཀྱི་སློག་པ་གྱོན་པ་དང་ཕོ་མོ་ཁྱད་མེད་ཀྱིས་ཕུ་ཐུང་གཡས་པ་དང་ཡང་ན་གཉིས་ཀ་ཕུད་ནས་ཚ་བ་སེལ་བར་བྱེད་པ་མ་ཟད། དུས་ཆེན་དང་མཛད་སྒོ་ཆེ་ཁག་ལ་སྟག་གཟིག་པགས་པས་མཐའ་རྒྱན་བཏང་བའི་སློག་པ་གྱོན་རྒྱུར་དགའ་པོ་བྱེད་ཀྱི་ཡོད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-24 08:41 , Processed in 0.026188 second(s), 20 queries .

返回顶部