博客西藏在最高处过一种生活

日志

༄༅།།མི་ཉག་འཇིགས་རབ་དགོན་པའི་ངོ་སྤྲོད་མདོ ...

已有 48 次阅读2019-8-10 08:26 |系统分类:文化


                                   ༄༅།།མི་ཉག་འཇིགས་རབ་དགོན་པའི་ངོ་སྤྲོད་མདོར་བསྡུས།
                                    རྩོམ་པ་པོ། ཚེ་རིང་དོན་འགྲུབ།
རྩོམ་ཁུངས། ཁམས་པའི་དྲ་བ།


                  
     འཇིགས་རབ་དགོན་པ་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ཁོངས་སུ་གཏོགས་པའི་འབོ་གངས་དཀར་གྱི་ཉེ་འདབས་མིའུ་རོང་གི་གནས་སུ་ཆགས་ཡོད། འཇིགས་རབ་དགོན་པ་ནི་མི་ཉག་རི་ཁུད་བསམ་འགྲུབ་ཆོས་དར་གླིང་གི་དགོན་མ་ལག་བཅུ་གསུམ་གྱི་ཁོངས་སུ་གཏོགས་པ་དང་། ལྷིང་འཇགས་ཀྱི་གནས་འདིར་ཕྱི་རོལ་རིག་གནས་ཀྱི་ཤུགས་རྐྱེན་མེད་པའི་སྲོལ་རྒྱུན་གྱི་བག་ཆགས་ཟབ་ཅིང་། དད་ལྡན་མི་སེར་དང་རྒྱང་རིང་བ། རང་བྱུང་གི་ཁོར་ཡུག་བཟང་བ། རི་དང་ནགས་ཚལ་མཐོ་ཞིང་རྒྱས་པ། མཁའ་དབུགས་གཙང་ཞིང་ཆུ་ཀླུང་དྭངས་པ། སྟག་པ་དང་ཤུག་པ། བེ་ཤིང་། ཚེགས་ཤིང་། ལ་ཁྲ། མཁྲིས་པ། སྦྱར་མ། སེང་ལྡེང་། རྫབ་སྨྱུག་སོགས་ཤིང་སྣ་མང་ལ་དྲི་མ་ཞིམ་པ། གོང་མོ་དང་བྱ་རོག སྐྱ་ཀ བྱ་རྒོད་སོགས་ནགས་བྱ་འདྲ་མིན་སྣ་ཚོགས་ཡོད་ལ་བྱ་སྐད་སྙན་པ། གཅན་གཟན་དོམ་དྲེད་ཝ་སྤྱང་དང་རི་དྭགས་གླ་རྒང་གཙོད་འཕྱི་སོགས་བག་ཡངས་སུ་རྒྱུ་བ། དགོན་པའི་གཡས་གཡོན་དུ་རྩྭ་དང་རྩི་ཤིང་མེ་ཏོག་ཁེངས་ཤིང་ཡུལ་ལྗོངས་ཡིད་འོང་འཕྲོག་པ་ཞིག་ཡིན། འདིར་གཙོ་བོ་འཇིགས་རབ་དགོན་པའི་བྱུང་ཚུལ་དང་དགོན་པའི་ནང་བསྟན། ཁྲི་པ་རིམ་བྱོན། དགོན་པའི་གནས་རི་དང་སྒྲུབ་ཕུག་སོགས་ཀྱི་སྐོར་ཁག་གསུམ་གྱི་ཐོག་ནས་རྒྱུ་མཚན་དང་བསྟུན་ནས་རང་ནུས་ཅི་ལྕོགས་ཀྱིས་ངོ་སྤྲོད་བྱས་པའོ།།
      དང་པོ། འཇིགས་རབ་དགོན་པའི་བྱུང་ཚུལ་དང་ནང་བསྟན་ངོ་སྤྲོད་སྐོར།
     སྤྱི་ལོ་དུས་རབས་བཅུ་གསུམ་པའི་རིང་རི་ཁུད་བསམ་འགྲུབ་ཆོས་དར་གླིང་ཕྱག་བཏབ་མཁན་མཆོག་སྤྲུལ་འཇམ་དབྱངས་པདྨ་རིན་ཆེན་དེ་མིའུ་རོང་ལྕང་མོ་ཚང་ནས་སྐུ་འཁྲུངས་ཤིང་། དགུང་ལོ་ཉེར་དགུར་སླེབས་དུས་གནས་མཆོག་འདིར་ཕེབས་ཏེ་གཟན་ཕུད་ཅིང་ཞལ་ནས་གནས་འདིར་དགོན་པ་ཞིག་ཆགས་ན་ཤིན་ཏུ་ལེགས་ཞེས་གསུངས། དེ་རྗེས་བོད་ལྗོངས་ས་སྐྱ་དགོན་པ་ནས་ས་སྐྱ་གོང་མའི་བཀའ་བཞིན་མཁས་ཆེན་ལྷ་འགྲུབ་ཆོས་རྗེ་དེ་མི་ཉག་ལྷ་ཀླུ་གཤིས་སུ་ཕེབས་ནས་ལྷ་འགྲུབ་དགོན་གྱི་མཁན་པོའི་འགན་བཞེས། དེའི་སྐབས་དད་ལྡན་མི་སེར་གྱིས་གདན་འདྲེན་བྱས་འོག་འཇིགས་རབ་གླིང་ལ་ཕེབས་ནས་གནས་འདིའི་བཟོ་ལྟ་དུང་དཀར་གཡས་འཁྱིལ་གྱི་ཁ་ལྟ་བུ་ཞིག་ཡིན་པ་དེ་མཐོང་ནས་རྟེན་འབྲེལ་ཤིས་ཚིག་བརྗོད་པ་དང་བསྟུན་ནས་ཕྱག་ནས་བཏབ་པ་དང་གནས་འདིར་སྲུང་མ་ཁང་ཞིག་འཛུགས་ཐུབ་ན་ཤིན་ཏུ་ལས་ཀྱང་བཟང་ཞེས་གསུངས། དད་ལྡན་མི་སེར་གྱིས་རྟེན་འབྲེལ་དེ་དང་འབྲེལ་ནས་སྲུང་མ་ཁང་ཞིག་བསྐྲུན་རྗེས་མིང་ལ་འཇིགས་རབ་སྲུང་མ་ལྷ་ཁང་ཞེས་པ་ཡང་གནང་། འཇིགས་ནི་སྐྱེ་རྒ་ན་འཆིའི་འཇིགས་སྐྲག་དང་སྡུག་བསྔལ་ལས་ཐར་རྒྱུ་དང་རབ་ནི་ལྷ་ཁང་འདི་ནི་མཆོག་དང་བླ་ན་མེད་པའི་དོན་ཡིན་ནོ།།

                  
     དགོན་པའི་ནང་རྟེན་གཙོ་བོ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཁྱད་པར་ཅན་ཞིག་ཡོད་ལ་མཚན་ལ་རབ་བུ་ཇོ་བོ་ཟེར། ཇོ་བོ་དེ་ནི་འཇིགས་རབ་དགོན་པའི་ནུབ་ཕྱོགས་སུ་གཞི་བདག་རབ་མཆོག་གི་གཡས་སུ་རྒྱ་མ་དགོན་པ་ཟེར་བའི་རྙིང་མའི་དགོན་ཆུང་ཞིག་ནས་གདན་འདྲེན་ཞུས་པ་ཡིན། རྒྱ་མ་དགོན་ཆུང་དེར་གེགས་བར་ཆད་ཀྱི་རྐྱེན་གྱིས་དགོན་པ་ཉམས་རྒུད་སོང་ནས་རབ་བུ་ཇོ་བོ་གནས་མ་ཐུབ་ནས་གཡུ་ཐོ་བྱ་བའི་གནས་ཞིག་ལ་བཞུགས། སྐབས་དེ་དུས་ཆུ་ཟོ་སྟོང་པ་ཁུར་བའི་བུད་མེད་ཞིག་དང་ཕྲད་ནས་རྟེན་འབྲེལ་འཕྱུགས་པས་བུད་མེད་དེས་གང་ས་གང་ལ་སྐད་ཅོ་བསྒྲགས། དེ་དུས་གནས་དེ་གའི་རྒན་རྒོན་རྣམས་ཡོང་ནས་རྒྱ་མ་དགོན་པའི་ཇོ་བོ་ཡིན་པར་ཤེས་ཏེ་ཚང་མས་གུས་འདུད་བྱས་ནས་ཕྱག་འཚལ། རྒན་རྒོན་ཚང་མས་ཇོ་བོ་དེ་ཁ་བོ་ཚང་གི་ལྷ་ཁང་ནང་འཁྱེར་རྒྱུའི་གྲོས་བྱས་ཀྱང་ཇོ་བོ་རྡོ་ཕ་བོང་ཞིག་གི་ཐོག་ཏུ་བཞུགས་ནས་རྡོ་དང་ཁ་ཁ་བྱས་མ་ཐུབ། དེ་འཕྲལ་ཇོ་བོ་སྐད་ཅིག་ཉིད་དུ་ཤར་ཕྱོགས་འཇིགས་རབ་དགོན་པའི་ཕྱོགས་སུ་འཕུར་ནས་དགོན་པའི་མདུན་དངོས་སུ་བཞུགས། བཞུགས་གནས་སུ་ཤུག་པ་འབྲས་བུའི་གཟུངས་ཞུགས་ཆགས་པའི་བཤད་སྲོལ་ཡོད་ལ་དུས་ད་ལྟའང་དྲི་བསུང་ཞིམ་པོ་དང་གནས་འདུས་མཇལ་རྒྱུ་ཡོད། དད་ལྡན་མི་སེར་གྱིས་ཇོ་བོ་ཡང་བསྐྱར་འཕུར་འགྲོ་བར་དོགས་ནས་ལྕགས་ཏྲའི་ར་བ་བསྐོར་ནས་བཟང་བཙོན་བྱས་པ། བཤད་སྲོལ་ལ་ཇོ་བོ་དེ་ནི་ཁྱད་པར་ཅན་ཞིག་ཡིན་པས་མི་སུ་ཡིན་རུང་ཇོ་བོ་དེ་མཇལ་རྒྱུ་བྱུང་ན་ཚེ་འདིར་གེགས་བར་ཆད་སེལ་བ་དང་མཚམས་མེད་ལྔའི་སྡིག་སྒྲིག་བྱང་བ། ཕྱི་མ་ངན་སོང་ནང་མི་ལྷུང་བ་སོགས་ཀྱི་ཕན་ཡོན་ལྡན། ནང་ལ་ད་དུང་བྱམས་པ་ཐོག་བརྩེགས་མ་ཞིག་དང་ས་སྐྱ་གོང་མ་རྣམ་ལྔའི་སྐུ་རྟེན། ཚེ་ལྷ་རྣམ་གསུམ་དང་རིགས་གསུམ་མགོན་པོའི་སྐུ་རྟེན། སྒྲོལ་མ་ཉེར་གཅིག་གི་སྐུ་རྟེན་སོགས་ཡོད།
     ཐུགས་ཀྱི་རྟེན་ལ་སྟོད་རྒྱ་གར་ནས་ཁྱེར་ཡོང་བའི་གསེར་ཟངས་ཀྱི་རྒྱས་སྤྲས་པའི་བྱང་ཆུབ་མཆོད་རྟེན་ཞིག་དང་སྐུ་གདུང་མཆོད་རྟེན་ཆ་བརྒྱད་འཛོམས་པ་ཞིག་ཡོད། དེ་མིན་སྤྲུལ་སྐུ་ལྷ་འགྲུབ་ཆོས་རྗེ་མཆོག་གིས་ཁྱེར་ཡོང་བའི་ཐུན་མོང་མིན་པའི་དུང་སྤུན་ཆ་གཅིག དེ་མིན་གྲུབ་པའི་རྟེན་ལ་གུ་རུ་རིན་པོ་ཆེའི་ཕྱག་མཚན་རྡོ་རྗེ་དང་ཐོད་སྣོད་ཕུར་པ་བཅས་ཡོད།
     གསུང་གི་རྟེན་ལ་གསེར་དངུལ་དུང་གསུམ་གྱིས་བྲིས་པའི་གུ་རུ་རིན་པོ་ཆེའི་བཀའ་གསུང་གཏེར་མ་དང་གསོལ་འདེབས་ཆ་ཚང་། ཆོས་སྐྱོང་སྲུང་མ་དགེ་བ་བཀྲ་ཤིས་ཀྱི་གཏོར་བསྔོ་དང་བསྐང་གསོལ་བཅས་ཀྱི་གླེགས་བམ་ཡིག་རྙིང་ཆ་ཚང་བ་ཡོད། རྒྱ་ནག་པར་མའི་བཀའ་བསྟན་འགྱུར་དང་སྡེ་དགེའི་པར་མའི་བཀའ་བསྟན་འགྱུར། ལྷ་ས་པར་མའི་བཀའ་བསྟན་འགྱུར། མཁྱེན་བརྩེ་བཀའ་འབུམ། མཎི་བཀའ་འབུམ། ད་དུང་དགོན་པའི་སྦྱིན་བདག་རབ་བུ་ཚང་གིས་ཕུལ་བའི་གསེར་རིལ་གྱིས་བྲིས་པའི་གསུང་འབུམ་ཞིག་དང་བཀའ་འགྱུར་ཆ་ཚང་བ་ཞིག་ཡོད།
      གཉིས་པ། འཇིགས་རབ་དགོན་པའི་ཁྲི་པ་རིམ་བྱོན་ངོ་སྤྲོད་སྐོར།
     འཇིགས་རབ་དགོན་པ་ནི་རི་ཁུད་དགོན་པའི་དགོན་ལག་ཡིན་པས་རི་ཁུད་དགོན་པས་ཆོས་བཀའ་བཞིན་རྒྱུན་མི་ཆད་པ་ཁྲི་པ་མངགས་བཅོལ་བྱ་དགོས་པ་དང་མངག་བཅོལ་བྱས་བའི་ཁྲི་པ་སོ་སོ་ལའང་དགེ་ཆོས་བསྒྲུབ་དགོས་པའི་འོས་འགན་ཡོད། ལོ་གསུམ་གྱི་རིང་ལ་ལམ་དང་ཟམ་པ་གསོ་དགོས་པ་དང་ལོ་དྲུག་གི་རིང་ལ་རི་ཁུད་དགོན་ཆེན་གྱི་དབྱར་མཆོད་ཀྱི་ཆོ་ག་འགན་ཁུར་དགོས་པའི་སྲོལ་ཡོད།
     རི་ཁུད་དགོན་པས་བཀོད་སྒྲིག་འོག་མི་ཉག་སེའུ་རུང་སྐྱིད་པ་ཐ་ཚང་གི་བླ་མ་བྱམས་པ་ལགས་ཀྱིས་འཇིགས་རབ་དགོན་པའི་ཁྲི་པའི་འགན་ཐོག་མར་ཁུར། ཁོང་ལ་བྱ་སྤྱོད་བཟང་ལ་དགེ་བའི་ལས་ལ་བརྩོན་པ་དང་སྦྱིན་བདག་དང་ཡུལ་མི་ཡོངས་དང་མཐུན་པའི་གཤིས་རྒྱུད་ལེགས་པོ་ལྡན་པས་དགོན་པའི་ཁྲི་པ་འགན་ཁུར་ནས་ལོ་གྲངས་མང་པོར་བཞུགས་མྱོང་།
     དེའི་རྗེས་སུ། མི་ཉག་ལྷ་ལུང་གཤིས་རྡོ་གཉའ་གྲོང་བྲག་འགོ་ཚང་གི་བྱམས་པ་བྱ་བའི་བླ་མ་ཁྱད་འཕགས་ཅན་ཞིག་བཞུགས་པ་དེ་ནི་ཁྲི་པ་གཉིས་པ་རུ་ངོས་འཛིན། དེ་ཁ་འདོན་དང་རྔ་རྡུང་རོལ་མོ་ལ་མཁས་པ། དགོན་པའི་སྤྱི་ནོར་ལ་བདག་འཛིན་ལེགས་པོ་བྱས་ནས་དགོན་པ་ཉམས་གསོ་དང་གསར་བཙུགས་ཐད་ལ་འབད་པ་ལྷོད་མེད་བྱས་མྱོང་། འབངས་མི་སེར་དང་མཐུན་ཞིང་ཀུན་སྤྱོད་གཙང་བའི་བླ་མཆོག་ཅིག་ཡིན་པས་ཁྲི་པ་ལོ་དགུ་ཙམ་གྱི་རིང་ལ་འགན་ཁུར་མྱོང་།

                  
     ཁྲི་པ་གསུམ་པ་ནི་མི་ཉག་ས་བདེ་མིའུ་སྨད་ལྷ་ཧ་སྟོང་ལྷ་ཚང་གི་བླ་མ་དགེ་ལེགས་བྱ་བ་དེ་ཡིན། དེས་དགོན་པའི་གཙོ་འགན་ཁུར་ནས་སེམས་དཀར་བློ་དཀར་དང་སྤྱི་དངོས་ལ་བདག་འཛིན་དང་བརྩི་མཐོང་ཆེ་བ། དགོན་པ་གསོ་སྐྱོང་ལེགས་པོ་བྱས་པར་མ་ཟད་སྒྲོལ་མ་ལྷ་ཁང་ཞིག་གསར་བཞེས་བྱས་ཡོད་ཅིང་ཁྲི་པ་ལོ་བཅུ་ཙམ་བཞུགས། ཡིན་ནའང་དེའི་རིང་ལ་བླ་མ་རང་གི་གྲྭ་ཤག་ལ་མེ་ཤོར་ནས་དགོན་པ་དང་སྲུང་མ་ཁང་ལ་མེ་སྐྱོན་ཤོར་མེད་ཀྱང་དགོན་པའི་གཡས་གཡོན་རི་ངོས་ཚང་མ་མེས་ཚིག་སྟེ། བླ་མ་ཁོང་རང་འགྱོད་པ་སྐྱེ་ནས་མཎི་སྟོང་དར་བཙུགས་པས་ཡུལ་ལ་ལོ་ལེགས་ཐོབ་པ་དང་ཡུལ་མིའི་འཚོ་བ་ཡར་རྒྱས་བྱུང་བའི་ལོ་རྒྱུས་ཀྱང་བཤད་རྒྱུ་འདུག
     མི་ཉག་ས་བདེ་མིའུ་སྟོད་སྐྱ་ས་ཚང་གི་བླ་མ་ཤེས་བྱ་ཞེས་པའི་ཁྲི་པ་དེ་ཁྲི་པ་ག་ཚད་ཡིན་པ་གསལ་པོ་མི་ཤེས་མོད། འོན་ཀྱང་ཁྲི་པ་དེའི་སྔོན་དུ་ཁྲི་པ་མང་པོ་བྱུང་ཡོད་ཀྱང་ཡིག་ཆ་མི་རྙེད་པ་དང་གསལ་པོར་བརྗོད་ཐུབ་མཁན་མེད་པས་དེབ་ཐོག་བཀོད་མེད། ཁྲི་པ་ཤེས་བྱ་ནི་རིགས་མི་འདྲ་བའི་རྟགས་མཚན་དང་མངོན་མཁྱེན་ལྡན་པ། སེམས་ཅན་ལ་སྙིང་རྗེ་བ་དང་ཞིང་ལས་རྨོ་འདེབས་སོགས་ལ་བརྩོན་པའི་བླ་མ་ཡ་མཚན་ཅན་ཞིག་ཡིན། ནང་ཆོས་ཆོ་ག་དང་རྔ་རྡུང་རོལ་མོ་སོགས་ལ་ཧ་ཅང་མཁས་པ། དགོན་བདག་བྱས་ནས་ལོ་ཉི་ཤུ་ལྷག་ཙམ་བཞུགས་པས་དཀའ་སྡུག་ཆེན་པོ་བྱུང་མྱོང་།
     དེ་ནས༡༩༤༩ལོར། ཆོས་ལུགས་དད་མོས་སྲིད་ཇུས་བཟང་པོ་དང་བསྟུན་ནས་སངས་རྒྱས་བསྟན་པ་དར་རྒྱས་བཏང་བའི་གོ་སྐབས་ཡག་པོ་སླར་ཡང་ཐོབ། དེ་ནས༡༩༨༨ལོའི་ཟླ་བ༣པའི་ནང་རི་ཁུད་དགོན་གྱིས་བླ་རྒན་བྲག་འགོ་ཚང་གི་རྒྱ་རྡོ་ཞེས་པ་དེ་འཇིགས་རབ་དགོན་པ་རུ་མངགས་བཅོལ་བྱས་ནས་བཅིངས་འགྲོལ་བཏང་བའི་རྗེས་ཀྱི་ཁྲི་པ་དང་པོའི་འོས་འགན་དེ་ཁུར་ཡོད། བླ་མཆོག་དེའི་རིང་ལ་དགོན་པའི་ཉམས་གསོའི་འོས་འགན་ལྗིད་པོ་ཁུར་ཡོད། དེའི་ནང་ཉམས་གསོ་བྱེད་མཁན་ཆེས་གཙོ་བོ་ནི་མཛོ་ཚང་གི་བླ་རྒན་ཚེ་བརྟན་དང་ཤེས་རབ་ཚང་གི་ཉི་མ་ཞེས་པ་དེ་ཡིན། ལས་ཞུགས་མི་སྣ་ནི་ཡུལ་སྡེ་མི་དམངས་ཀྱི་འགོ་ཁྲིད་ལིའུ་ཚང་གི་སྐྱིད་ལེགས་དང་དབང་འཇའ་ཚང་གི་དབང་ཕྱུག་གཉིས་དང་། མི་དམངས་ནང་དུ་ལིའུ་ཚང་གི་འཇམ་དབྱངས་དང་རྫུན་སྐྱིད་པུ་ཚང་གི་ནོར་བུ། མུ་ཚུགས་ཚང་གི་ཨ་བུ། ཀུན་བཟང་ཚང་གི་རྒྱལ་མཚན། ཏོང་ཧ་ཚང་གི་ཕུན་ཚོགས་ནོར་བུ། རྒྱ་ཧྲལ་ཚང་གི་རྡོ་རྗེ་རྒྱལ་མཚན། མཛོ་ཚང་གི་དོན་འགྲུབ་ལ་སོགས་ཡིན། ཡོན་བདག་གི་ཞབས་འདེགས་དང་བླ་རྒན་དང་མི་རྒན་ཁ་ཤས་ཀྱིས་སློང་མོ་སོགས་ལས་ཐོག་མ་མི་སེར་གྱི་སྣེ་ལེན་ཁང་ཞིག་བཙུགས་པ་དང་དེ་རྗེས་གཙུག་ལག་ཁང་མཆོད་བཤམས་དང་མཆོད་ཁྲི། སྲུང་མ་མགོན་ཁང་། སྤྱི་གསོ་ཁང་བཅས་གསར་བཞེངས་བྱས། དུས་མཚུངས་སུ་དགོན་པའི་ཕྱི་ནང་ཀུན་ལ་ཚོན་མདོག་རི་མོའི་རྒྱན་སྤྲས་པ་དང་། མ་དགོན་རི་ཁུད་དགོན་ནས་གཙུག་ལག་ཁང་གི་ལྷ་བྱམས་པ་དང་འོད་དཔག་མེད། ཇོ་བོ་སོགས་ཁྱེར་ཡོང་བ་དང་ས་སྐྱ་གོང་མ་རྣམ་ལྔ་དང་ཚེ་ལྷ་རྣམ་གསུམ་སོགས་གསར་བཞེངས་བྱས་ཡོད། ཁྱད་པར་དུ་སྡེ་དགེ་པར་ཁང་ནས་ཁྱེར་ཡོང་བའི་བཀའ་འགྱུར་ཆ་ཚང་གཅིག་བླུས་ཡོད།
     ༡༩༩༤ལོ་ནས་རི་ཁུད་དགོན་པའི་བླ་རྒན་འཇམ་དབྱངས་འཇིགས་རབ་དགོན་པ་ནང་ལོ་ལྔ་ཙམ་གྱི་རིང་ལ་ཁྲི་པ་བཞུགས་ཡོད། ཁོང་ནི་མི་ཉག་སྐྱ་གད་ཤང་ཚང་མི་གྲོང་པ་ཚང་གི་ཡིན། ཁོང་གི་རིང་ལ་རིགས་གསུམ་མགོན་པོའི་ལྷ་གསུམ་བཞེངས་པ། རྒྱ་གླིང་དང་རག་དུང་། ཐང་ག ཡིག་བརྒྱ་དུང་འཁོར། ཁྱད་པར་དུ་གྲོང་སྡེ་རེ་ལ་དུང་འཁོར་རེ་བཞེངས་པའི་དགེ་ཆོས་བསྒྲུབས་མྱོང་། ད་དུང་དཀའ་ངལ་ལ་མི་འཛེམས་ནས་སྡེ་མི་སེར་ཡོངས་ལ་བཀའ་ཆོས་གནང་བ་དང་ལོ་རེར་དགེ་ཆོས་བསྒྲུབ་རྒྱུའི་འཆར་གཞི་ལེགས་པོ་བཞག་ཡོད། དེའི་སྐབས་སུ་ཁོང་གིས་ས་བདེ་ལྷ་ཧ་རིག་འཛིན་ཚང་གི་འཇམ་དབྱངས་ཤེས་རབ་དེ་དགོན་པའི་སྐུ་གཉེར་བཞག་ནས་ལོ་ཉི་ཤུ་ལྷག་སོང་ཡོད།
     ༢༠༠༠ལོ་ནས་སྐྱ་གད་ཤང་སྨོན་ལམ་ཁང་ས་ཚང་གི་དགེ་ཕུན་ཚོགས་ཞེས་པ་དེ་རི་ཁུད་དགོན་པས་བཀོད་སྒྲིག་འོག་ལོ་ལྔ་ཙམ་རིང་ལ་འཇིགས་རབ་དགོན་པའི་ཁྲི་པ་བྱས། དེས་ཆོ་གའི་ཕྱག་ལས་འཇོན་པོ་དང་དམ་ཚིག་སྡོམ་པ་གཙང་བ། དགོན་པར་ཐུགས་སེམས་ཆེ་བ། སྡེ་མི་སེར་དང་འཆམ་མཐུན་ཡོད་པའི་བླ་མ་ཞིག་ཡིན། ཁོང་གིས་ཆེད་དུ་སྒྲོལ་མ་ལྷ་ཁང་གསར་བཞེངས་དང་ལྷ་ཁང་ནང་གི་སྒྲིག་བཟོ་ལེགས་པོ་བྱས་ཏེ། སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་ཆོས་སྐྱོང་སྲུང་མ་དགེ་བ་བཀྲ་ཤིས་ལྷ་ཁང་གསར་པའི་ནང་དུ་སྤོས་པ་དང་ཁང་གསར་སྟེང་དུ་རྒྱ་ཕིབས་ཁྱད་པར་ཅན་ཞིག་བཙུགས་ཡོད།
     ༢༠༠༥ལོར། བླ་མ་སེང་གེ་དེ་རི་ཁུད་དགོན་པའི་བཀོད་སྒྲིག་འོག་འཇིགས་རབ་དགོན་པའི་ཁྲི་པར་བཏང་། བླ་མ་སེང་གེ་ནི་མི་ཉག་དམག་སེར་དཔའ་བོ་ཚང་གི་ཡིན་ལ་དགུང་ལོ་གཞོན་ལ་ཆོ་ག་ཕྱག་ལེན་ལ་མཁས་པ་དང་རྔ་རྡུང་རོལ་མོར་བརྩོན་པ། སྤྱོད་པ་གཙང་ལ་སྡོམ་པ་སྲུང་མཁན། སྡེ་མི་སེར་གྱིས་བརྩི་མཐོང་ཆེ་བ་དང་ཡིད་གཏད་རུང་བའི་བླ་མ་ཚད་དང་ལྡན་པ་ཞིག་ཡིན། ཁོང་གིས་དཀའ་སྤྱད་འབད་འབུངས་འོག་སྡེ་མི་སེར་དང་མཉམ་དུ་འགྲོ་ལམ་ལེགས་བཅོས་བྱས་ཡོད། དགོན་པའི་སྒྲོལ་མ་ལྷ་ཁང་གསར་དུ་བཞེངས་པ་དང་དེའི་གཡས་གཡོན་ལ་གཟིམ་ཁང་གསར་པ་རེ་བཞེངས་ཡོད། ༢༠༠༥ལོ་ནས་བཟུང་ལོ་བརྒྱད་ཙམ་གྱི་རིང་ལ་ལོ་རེའི་དགུན་དུས་བོད་ཟླ་བཅུ་པ་ནང་སྒྲོལ་མ་འབུམ་ཐེར་རེ་དང་སྨྱུང་གནས། དྲུག་ཅུ་གཏོར་མ་སོགས་ཀྱི་ཆོ་ག་སྒྲུབ་བ་དང་། དབྱར་དུས་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་སྤྱི་བསང་གཏང་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྲོལ་བཟང་བཙུགས་ཡོད།
     དེ་མིན་འཇིགས་རབ་དགོན་པ་ནས་ཕུལ་དུ་བྱུང་བའི་བླ་མཆོག་རིག་འཛིན་རྡོ་རྗེ་དང་མཛོད་སྐྱེས་བུ་ཏུ། ལེའུ་བསོད་ནམས་རྡོ་རྗེ། བསོད་ནམས། ལུང་པ་འདུལ་བ། ལྕག་མོ་ཐུབ་བསྟན། རྒྱ་ཧྲ་ཨ་མཛེས། ཐང་ཁི་བཟང་པོ། དཀར་ལོ་ཕུན་ཚོགས། མདོ་མོག་རྗེ་འབིག བློ་གྲོས། ཕུག་པོ་བློ་བཟང་རྒྱལ་མཚན། འཕགས་པ་དགེ་ལེགས། སྐལ་བཟང་ཕུན་ཚོགས། བཀྲ་ཤིས་དོན་འགྲུབ། ཚང་ཁང་གྲོང་འབུལ། དཔལ་ལྡན་ཐོགས་མེད། ཕུར་བུ་དབང་ཕྱུག ཕུར་བུ་བསམ་འགྲུབ། ཐང་བདེ་བསོད་ནམས་ཚེ་རིང་། ཆོས་དབྱངས། ཏོང་ཧ་དགེ་ལེགས་བཅས་བྱུང་མྱོང་བས་དེར་མཚན་ཙམ་བཀོད་པ་ཡིན་ནོ།།
      གསུམ་པ། འཇིགས་རབ་དགོན་པའི་མཐར་སྐོར་གནས་རི་དང་སྒྲུབ་ཕུག་སྐོར།
     དགོན་པའི་རྒྱབ་ཕྱོགས་སུ་འགྲོ་མཆོད་རྡོ་རྗེ་རྫ་གྲ་ཞེས་པའི་གནས་རི་འབུར་དུ་མངོན་པ་ཞིག་ཡོད། གནས་རིའི་སྟེང་དུ་སྒྲུབ་ཕུག་གཉིས་བརྒྱ་ལྷག་ཙམ་ཡོད་ཅིང་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་དུ་མཚན་ལ་བསོད་བཟང་བྱ་བའི་གྲུབ་ཐོབ་ཡ་མཚན་ཅན་ཞིག་བྱུང་ཡོད། ཁོང་སྒྲུབ་ཕུག་ཏུ་མཚམས་བསྙེན་སྒྲུབ་དང་བཀའ་གསུང་རབ་ཀྱི་གསེར་བྲིས་དངུལ་བྲིས་དུང་བྲིས་སོགས་ལྡན་པའི་ལས་བྲིས་ཀྱི་ཕྱག་གཉེར་མཛད་ནས་ལོ་མང་པོ་བཞུགས་མྱོང་། སྒྲུབ་ཕུག་མཐར་སྐོར་ལ་ནགས་ཚལ་སྟུག་པོ་གླིང་ཀ་བཞིན་བརྗིད་ཆགས་པ་དང་གནས་རི་དཀྱིལ་དུ་གྲུབ་ཐོབ་བསོད་བཟང་གིས་གྲུབ་ཆུ་བཏོན་པའི་ཆུ་མིག་མི་འདྲ་བ་ཞིག་ཡོད་དེ། ཆུ་མིག་དེ་ནི་འོ་མདངས་བཞིན་འཐུང་ན་བྲོ་བ་བཟང་ལ་ཆུ་རྒྱུད་གཙང་བའི་ཡོན་ཏན་འཛོམས་པའི་གྲུབ་ཆུ་ཞིག་ཡིན།
     གནས་རི་དེའི་གཡས་ཕྱོགས་སུ་རྡོ་ཕ་བོང་མ་འདྲ་བ་ཞིག་སྟེ་བ་མོས་བེའུ་ཁྲིད་པའི་རྣམ་པ་བཞིན་ཡ་མཚན་ལྟ་ན་སྡུག་པ་ཞིག་ཆགས་ཡོད། གནས་རིའི་རི་རྩེ་ནི་ཐོང་སོའི་རྣམ་པ་བཞིན་གྱེན་དུ་ལངས་པས་ཤིན་ཏུ་མཐོ་ལ་བརྗིད་རྔམས་ལྡན་པ། རི་རྩེ་དེའི་ཐོག་ནས་གངས་དཀར་རི་བོ་དང་ཞག་བྲ་ལྷ་རྩེ་སོགས་བོད་ཀྱི་གངས་རི་མཐོན་པོ་ཚང་མ་མིག་ལམ་དུ་མཐོང་ཐུབ། དགོན་པའི་འགྲམ་དུ་ལོ་རྒྱུས་རིང་བའི་དུར་ཁྲོད་ཅིག་ཆགས་ཡོད་ཏེ། དུས་ཡུན་རིང་པོའི་ནང་དཔའ་བོ་དང་བླ་སྤྲུལ་མཆོག་ཏུ་གྱུར་པ་སོགས་ཀྱི་དུར་ས་ཡིན། དགོན་པའི་འོག་ན་ལོ་ཆིག་སྟོང་སྔོན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེས་བདུད་འདུལ་སའི་གནས་ཡིན་ཚུལ་དང་དུས་ད་ལྟའང་རྡོ་བོང་གི་ཐོག་བདུད་འདུལ་བའི་ཞབས་རྗེས་དངོས་སུ་མཇལ་རྒྱུ་ཡོད་པ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-21 04:35 , Processed in 0.028943 second(s), 21 queries .

返回顶部