博客西藏在最高处过一种生活

日志

༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མངའ ...

已有 144 次阅读2019-7-23 08:36 |系统分类:见闻


                 ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མངའ་རིས་སུ་ཕེབས་ནས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་བ།
                         ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སངས་སྐྱབས།

                  
             
      ཟླ་7ཚེས་20ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མངའ་རིས་སུ་ཕེབས་ནས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད། 
      ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་པཎ་ཆེན་རིན་པོ་ཆེ་ཞུགས་པའི་གནམ་གྲུ་མངའ་རིས་དགུན་ས་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་ཡུལ་དངོས་སུ་ཡོད་པའི་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་གིས་ལག་ཏུ་མཇལ་དར་འཁྱེར་ནས་གཡུག་གཡུག་བྱེད་བཞིན་མངའ་རིས་ཀྱི་སྲོལ་རྒྱུན་རོལ་ཆ་དང་བཀྲ་ཤིས་བདེ་ལེགས་ཞེས་པའི་སྒྲའི་ཁྲོད་སྐུ་ཉིད་མངའ་རིས་སུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། མངའ་རིས་ས་ཁུལ་གྱི་འགོ་ཁྲིད་གཙོ་བོས་གནམ་ཐང་དུ་པཎ་ཆེན་རིན་པོ་ཆེར་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་པ་དང་སྦྲགས། ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཕོ་གཞོན་མོ་གཞོན་གྱིས་པཎ་ཆེན་རིན་པོ་ཆེར་ཕྱེ་མར་བཀྱག་ཡོད། རླངས་འཁོར་རུ་ཁག་བཞུགས་གནས་སུ་ཕེབས་འབྱོར་ཟིན་སྐབས་ས་གནས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་རེད། 
      པཎ་ཆེན་རིན་པོ་ཆེས་གདན་ས་གཞིས་རྩེ་བཀྲས་ལྷུན་དགོན་དུ་སྤེལ་བའི་་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་བསྒྲུབས་རྗེས་མངའ་རིས་སུ་ཕེབས་གནང་བ་རེད། ད་ཐེངས་ནི་པཎ་ཆེན་རིན་པོ་ཆེས་ལོ་ལྔའི་རྗེས་སུ་སླར་ཡང་མངའ་རིས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་ཐེངས་གཉིས་པ་ཡིན་པ་རེད། 
      གཞིས་རྩེར་ཞུགས་རིང་། པཎ་ཆེན་རིན་པོ་ཆེས་བཀྲས་ལྷུན་དགོན་པའི་གཙོ་གནད་མཆོད་ཁང་ལ་གནས་གཟིགས་གནང་བ་དང་འབྲེལ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་བླ་མ་སྐྱེས་ཆེན་ལ་མཇལ་ཁ་གནང་བ་མ་ཟད། གྲྭ་དམངས་ཚོར《སྣར་ཐང་རྒྱ་རྩའི》དབང་ཡང་གནང་བ་རེད། 
      པཎ་ཆེན་རིན་པོ་ཆེས་གནང་བའི《སྣར་ཐང་རྒྱ་རྩའི》དབང་དེ་ཉིད་ནི་རྡོ་རྗེ་སློབ་དཔོན་འཇམ་དབྱངས་རྒྱ་མཚོའི་དྲུང་ནས་ཞུས་པ་ཞིག་རེད། གཞན་ཡང་། པཎ་ཆེན་རིན་པོ་ཆེས་དབང་གནང་བའི་དུས་ཡུན་ནི་ཉིན་དགུ་ཡིན་པ་རེད། 
      པཎ་ཆེན་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་བྱས་ཚུན་དབང་སྟོང་ཕྲག་ལྷག་ཙམ་གནང་ཡོད། པཎ་ཆེན་རིན་པོ་ཆེས་གནང་བའི་དབང་དེ་གོ་རིམ་ནས་ནང་དོན་བར་ཆོས་ལུགས་ཀྱི་ཆོ་གར་ནན་པོར་གཞིགས་ཏེ་བཀའ་ཆོས་འགྲེལ་བཤད་ཁ་གསལ་བ་དང་གཏིང་ཟབ་པ་གནང་བས། བཀྲས་ལྷུན་དགོན་ཚུད་པའི་དགོན་སྡེ་ཆེ་གྲས་ཁག་གི་བླ་མ་སྐྱེས་ཆེན་དང་དབང་ཞུ་མཁན་དགེ་འདུན་པའི་ལྷག་བསམ་ཟོལ་མེད་ཀྱི་དད་གུས་རྩེ་གཅིག་ཏུ་ཐོབ་ཡོད། 
      གཞིས་རྩེར་པཎ་ཆེན་རིན་པོ་ཆེས་ད་དུང་དགོན་པའི་ཚད་མ་རིག་པའི་མདོ་ཕྱོགས་ཀྱི་ཚད་མ་རྩོད་པ་དང་བཀྲས་ལྷུན་དགོན་གྱི་ལོ་གཅིག་དུས་གཅིག་གི་གོས་སྐུ་འགྲེམས་པ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོར་ཞུགས་པ་དང་འབྲེལ་སྨོན་ལམ་འཚོགས་པ་དང་ཕྱག་དབང་ཡང་གནང་བ་རེད། དེའི་རིང་གྲྭ་དམངས་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་མཇལ་དར་ཁྱེར་ནས་པཎ་ཆེན་རིན་པོ་ཆེའི་བཞུགས་ཁྲིའི་མདུན་དུ་བཅར་ཏེ་རྟེན་དོད་དང་མཇལ་དར་ཕུལ་བ་མ་ཟད། པཎ་ཆེན་རིན་པོ་ཆེའི་ཕྱག་དབང་དང་དེ་བཞིན་སྲུང་མདུད་དང་སྐུ་པར་སོགས་ཀྱང་ཞུས་པ་རེད། 
      ཆོས་ཕྱོགས་ཀྱི་མཛད་སྒོ་མང་པོ་སྤེལ་རིང་། པཎ་ཆེན་རིན་པོ་ཆེའི་ཆོས་ལུགས་ཀྱི་སྐུ་ཡོན་ཟབ་པ་དང་། དེ་བཞིན་ཁེངས་སྐྱུང་ཞི་དུལ་གྱི་རྣམ་པ་ལས་ཆོས་ཕྱོགས་ཀྱི་གཙོ་འཛིན་ཞིག་ལ་ལྡན་དགོས་ངེས་ཀྱི་ཉམས་འགྱུར་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་བླ་མ་སྐྱེས་ཆེན་གྱི་སྒམ་བརླིང་གཟུགས་བརྙན་ཡང་གང་ལེགས་མངོན་ཞིང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་པཎ་ཆེན་རིན་པོ་ཆེར་མཇལ་ཁ་ཞུ་རིང་། ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་དགའ་སྤྲོ་རབ་ཏུ་འཁོལ་བཞིན་དུ་པཎ་ཆེན་རིན་པོ་ཆེས་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་འགྲོ་དོན་མཛད་པའི་ཐུགས་འགན་ཟབ་མོ་བཞེས་པར་སྙིང་དབུས་ནས་དད་གུས་དང་ཟོལ་མེད་ཀྱི་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད། 
      རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཀྲང་ཡན་ཆིང་། མོང་ཞའོ་ལིན། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-5 22:59 , Processed in 0.028600 second(s), 20 queries .

返回顶部