博客西藏在最高处过一种生活

日志

༄༅།། བོད་ཀྱི་གཉེན་སྒྲིག་སྐབས་ཀྱི་བཀྲ་ཤིས ...

已有 182 次阅读2019-7-22 07:27 |系统分类:文化


                                        ༄༅།། བོད་ཀྱི་གཉེན་སྒྲིག་སྐབས་ཀྱི་བཀྲ་ཤིས་གཡང་འབོད།

                               ཡོང་ཁུངས་། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། རྟ་མགྲིན་རྒྱལ། རིན་ཆེན་གྱིས་བསྒྲིགས།


                       

      གཉེན་སྒྲིག་ནི་འགྲོ་བ་མིའི་མི་ཚེ་གཅིག་གི་ཆོ་སྒྲུབ་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ་འཛམ་གླིང་གི་མི་རིགས་སོ་སོར་གཉེན་སྒྲིག་པའི་ཡུལ་སྲོལ་གོམས་གཤིས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད་པ་རེད། བོད་ཀྱི་གཉེན་སྒྲིག་སྲོལ་འདི་ལ་ཡང་གཞན་དང་མི་མཚུངས་པའི་ཡུལ་གོམས་གཤིས་ལུགས་མང་དག་ཅིག་མཆིས་པ་དང་། ལྷག་པར་དུ་བག་མ་བསུ་སྐྱེལ་གྱི་སྐབས་སུ་གཡང་འབོད་བྱེད་སྲོལ་ཡོད་པ་འདི་ནི་ངེས་དོན་གྱིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། འོན་ཀྱང་ད་སྔ་ཡིག་རིགས་སྣ་ཚོགས་ཀྱིས་བྲིས་པའི་བོད་ཀྱི་གོམས་སྲོལ་ལམ་གཉེན་སྒྲིག་སྐོར་གྱི་རྩོམ་ཡིག་མང་པོའི་ནང་ལུགས་སྲོལ་དེ་དག་ཐར་ཐོར་དུ་བྲིས་ཡོད་པ་ལས། དེ་བོད་ཀྱི་གཉེན་སྒྲིག་འཚོ་བའི་ནང་ངམ།གཉེན་སྒྲིག་པའི་གོ་རིམ་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བཟུང་ནས་དཔྱད་པ་མཛད་མཁན་མང་པོ་མི་འདུག་པས།འདིར་དེའི་སྐོར་ཅུང་ཟད་བརྗོད་པར་བྱས་ན།
       
སྤྱིར་སྟོད་མངའ་རིས་སྐོར་གསུམ་ནས་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཆར་གཏོགས་པའི་བོད་ལྗོངས་འདི་ན།དད་པའི་ཆོས་གཅིག་པ་དང་སྟོན་པའི་བླ་མ་གཅིག་པ་ལྟར། གཉེན་སྒྲིག་གི་གོམས་སྲོལ་མང་ཆེ་བ་ཞིག་མ་གྲོས་རང་མཐུན་དུ་གྱུར་ཡོད་པ་རེད། ཡང་ཡུལ་གྱི་བསྐལ་བའི་དབང་གིས་དེའི་བརྒྱུད་རིམ་དང་བྱེད་སྒོ། གཡང་འབོད་བྱེད་པའི་དུས་ཀྱི་སྔ་གཞུག གཡང་རྟགས་ལེན་ལུགས་སོགས་ལ་མི་མཐུན་པ་ཅུང་ཟད་སྣང་ཡང་། བོད་ཀྱི་གཉེན་ཁ་བཏགས་དཀར་པོས་མགོ་བཟུང་བ་ནས་མཇུག་བསྒྲིལ་བའི་བར་དུ་ཐམས་ཅད་བཀྲ་ཤིས་པའི་ལྟས་དང་གཡང་སྐྱོབ་པའི་ཚུལ་ལས་མ་འདས་ཏེ། དཔེར་ན། མདོ་སྨད་ཀྱི་ས་ཆ་མང་ཆེ་བར་བག་མ་སྐྱེལ་དུས་ཨ་མཆོད་གདན་འདྲེན་ཞུས་ནས་གཡང་འབོད་བྱེད་དགོས་པ་དང་། བག་མ་འགྲོ་ཁར་ཨ་མས་བག་གཡང་འབོད་པ་རེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། བཤད་སྲོལ་ལ་མི་གཡང་ཅན་གཞན་དུ་ཕྱིན་ན་དེ་དང་འགྲོགས་ནས་ཕ་ཁྱིམ་གྱི་གཡང་རྣམས་ཀྱང་སྒོར་ཤོར་འགྲོ་བའི་སྲོལ་རྒྱུན་གྱི་འདུ་ཤེས་ཤིག་ཡོད་པ་དང་། ལྷག་ཏུ་བག་མ་ནི་རྒྱུ་བྱིན་གྱི་ཆུང་མ་ཡིན་ཕྱིན་སྐྱེས་ས་མ་ཁྱིམ་དང་རྒས་ས་གནས་ཡུལ་ཞེས་པ་ལྟར་གཞན་གྱི་མི་ཡིན་པས། དེར་དོགས་ཟོན་མ་བྱས་ན་དེ་དང་ལྷན་དུ་ཕ་ཁྱིམ་དང་རྒས་ས་གནས་ཡུལ་ཞེས་པ་ལྟར་གཞན་གྱི་མི་ཡིན་པས། དེར་དོགས་ཟོན་མ་བྱས་ན་དེ་དང་ལྷན་དུ་ཕ་ཁྱིམ་གྱི་གཡང་རྣམས་ཀྱང་འགྲོགས་ནས་ཡལ་བར་འདོད་པས་ཆེད་དུ་དགེ་འདུན་པ་ཞིག་གདན་དྲངས་ནས་གཡང་འབོད་བྱེད་སྲོལ་འདི་བྱུང་བ་རེད།
       
བག་མ་འགྲོ་དུས་ཀྱང་ས་ཆ་ལ་ལར་ཁང་བའི་དཀྱིལ་ཀར་བསྟོད་པའི་ངུ་གླུ་གྱེར་སྲོལ་ཡོད་དེ། དཔེར་ན་རེབ་གོང་རྒྱལ་པོ་ས་ཁུལ་དུ། བཟའ་ཟླ་བུ་ཕྲུག་འཛོམས་པའི་མ་སྲུ་སྐད་ངག་ལྡན་པ་གཉིས་ཀྱིས་བག་མའི་གཡས་གཡོན་གཉིས་སུ་གྲོ་སོ་ཕྱེ་མར་དང་ཇ་ཕུད་བཀྱགས་ཏེ་ནང་ཁྱིམ་གྱི་དཀྱིལ་ཀར་བསྐོར་ཐེངས་གསུམ་རྒྱག་ཞོར་དུ། ཨེ་དཀྱིལ་ཀ་ལྷ་མོ། ཨེ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ་དར་ནི་ཡིན་ནོ། ཡེས་ཡེས(ངུ་ཁུལ་བྱེད་པ)ཨེ། ཕུགས་ལྷ་ཀེ་ཐུང་། ཨེ་མ་དངངས་མ་འདྲོགས། ཨེ་བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས། ཨེ་ཐབ་ལྷ་གཡང་མོ། ཨེ། མ་དངངས་མ་འདྲོགས། ཨེ་བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས། སྒོ་ལྷ་སྟག་གཡག ཨེ་མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ་དར་ནི་ཡིན་མོ། ཡེས་ཡེས། ཞེས་དབྱངས་སུ་གྱེར་ནས་ལེན་ཞིང་། བག་མས་རྒྱན་གོས་བཀླུབས་ནས་བག་མ་ངུ་བྱེད་ལདེ་ལྟར་ལེན་པ་ཡང་དམིགས་ཡུལ་ཤིན་ཏུ་གསལ་ཏེ། ཁྱིམ་ལྷ་ཕུགས་ལྷ། ཐབ་ལྷ། སྒོ་ལྷ་སོགས་ལ་ཁ་བརྡའི་ཚུལ་དུ་མ་དངངས་མ་འདྲོགས་ལྷོད་པོར་གནས་དང་བཞུགས་ཤིག་ཅེས་ལྷ་དེ་རྣམས་བག་མའི་ངུ་དངངས་དང་བཅས་ཐམས་ཅད་དེའི་ཕྱོགས་སུ་བཞུད་པ་འགོག་པའི་ཕྱིར་དུ་ཡིན་ནོ། ། དེ་ནས་བག་མ་སྒོར་འབུད་སྐབས་བག་མའི་ཨ་མས་སྐད་ཅུང་མཐོན་པོས་བུ་མོའི་གཅེས་མིང་ལན་གསུམ་འབོད་ལ། དེ་དང་མཐུད་ནས། བཟང་ཡོད་ན་གནས་ལ་འཁྱེར། ཁྲོ་ཡོད་ན་ཡུལ་ནས་ཞོག་ཅེས་ཟེར་བ་དང་། ནག་ཆུའམ་བོད་བྱང་འབྲོག་ཏུདེ་ནས་བག་མར་སྐར་དགེ་བའི་ཉིན་ལ་བག་མར་རང་གི་ཁྱིམ་ནས་འཐོན་ཏེ། བུ་མོ་དེ་སྦྲའི་སྒོ་ནས་ཕྱིར་འཐོན་རན་པའི་སྐབས་སུ་བུ་མོ་དེའི་མས་སྐད་ཆུང་ངུའི་སྒོ་ནས་བུ་མོའི་མིང་ནས་ལན་གསུམ་བོས་ཏེ་ན་རེ། མི་གཡང་མི་ལ་མ་ཁྱེར་ཨ་མར་རང་ལ་ཞོག སྐྱིད་ཉི་མ་གཉིས་ཀ་ཁྱོད་ཀྱིས་ཁྱེར། ཞེས་བརྗོད་པ་དང་། དེ་ནས་བུ་མོས་རྟ་ཞོན་པའི་རྟ་ཁ་དེ་ཞང་པོ་ཞིག་གིས་ཁྲིད་ཅིང་གཉེན་ཚང་ནང་མནའ་ཡ་སོགས་སྐྱེལ་མཁན་དུ་མ་དང་བཅས་ཏེ་འགྲོ་སྲོལ་ཡོད་པ་རེད།ཅེས་པ་གཉིས་འབོད་སྲོལ་གཅིག་པ་ལས་དོན་དུ་བུ་མོའི་མིང་ནས་བོས་ཏེ་གཡང་རྣམས་ཚུར་འགུགས་པའི་སྤྱོད་པ་ལས་མ་འདས་པ་དེ་བཞིན་ཤེས་པར་བྱ་ཞིང་། བག་མ་སྐྱེལ་བའི་དུས་ཀྱང་ཐུང་ན་ནམ་ཕྱེད་གཟུར་ཙམ་དང་རིང་ན་ཡང་སྐྱ་རེངས་མ་ཤར་གོང་དུ་བསྐྱལ་དགོས་པ་རེད། དེ་ཡང་གཅིག་བྱས་ན་བག་མ་སྐྱེལ་བའི་ལམ་ཁར་མི་གཞན་དང་མི་འཕྲད་པའི་ཆེད་དུ་ཡིན། བཤད་སྲོལ་ལ་བག་མ་སྐྱེལ་ཉིན་ལམ་ཁར་ཟོ་སྟོང་སྣོད་སྟོང་འཁྱེར་མཁན་དང་འཕྲད་ཚེ་བཀྲ་མི་ལེགས་པར་མཐོང་བ་དང་། ལྷག་ཏུ་བག་མ་འགྲོ་བར་ཐུག་པ་ལས་རོ་འཁུར་བར་ཐུག་ན་བཟང་ཞེས་མི་རྣམས་ཀྱང་བག་མ་དང་འཕྲད་པར་འཛེམས་པས་དེ་དག་ལས་གཡོལ་བའི་ཆེད་དུ་ཡིན་པར་འདོད། གཉིས་ནས་བོད་དུ་བག་མ་བསུ་སྐྱེལ་གྱི་ལམ་ཐག་སྤྱིར་ཅུང་རིང་ཞིང་དེའི་ཐོག་འགྲོ་ལམ་བདེ་པོ་མེད་སྟབས་གཉེན་ཚང་དུ་སྔ་མོར་ཐོན་ནས་མགོ་མཇུག་བསུ་སྐྱེལ་གྱི་བྱ་བ་རྣམས་ལེགས་པོར་འགྲུབ་ན་འདོད་པའི་བསམ་འདུན་ཡིན་སྙམ། དེ་ནས་བག་མ་འཐོན་ཚུལ་དང་། བག་ཞྭ་ལེན་ཚུལ། བག་མའི་རྟ་ཁ་ལེན་ཚུལ་སོགས་ལ་ཡང་རྟགས་དང་རྟེན་འབྲེལ་བཟང་པོར་ལྟ་ཞིང་བཀྲ་ཤིས་ཤིང་དགེ་བའི་ལས་གང་ཞིག་ལ་སྦྱར་ཏེ་གཡང་རྣམས་ཚུར་སྡུད་པའི་སྟ་གོན་བྱེད་པ་ནི་མགོ་ནག་བོད་མིའི་འགྲོ་ལུགས་ཡིན་ནོ། །
       
དེ་ནས་བག་མ་གཉེན་ཚང་དུ་བསུ་བ་ལའང་རོང་འབྲོག་གཉིས་ཀར་ཁྱད་པར་ཅུང་ཞིག་མཆིས་ལ། བོད་བྱང་འབྲོག་གི་འགྲོ་སྲོལ་ཇི་ལྟར་ཡིན་པ་ནི། བྱང་འབྲོག་ལམ་ཡིགཏུ་འདི་ལྟར་བྲིས་ཡོད་དེ། དེ་ནས་བག་མ་སྦྲ་ནང་དུ་བཞུགས་ཚུལ་ནི། བག་མ་དེ་ཐོག་མར་ཕོ་སྦྲའི་ནང་འགྲོ་ཞིང་། དེ་རྗེས་ཚེ་སྒྲུབ་དང་། གཡང་འགུགས་ཟབ་རྒྱས་གནང་གྲུབ་པ་ན་བླ་མཆོད་ཀྱི་གཙོ་བོ་དེས་བུ་མོ་དེ་ལ་མིང་གསར་པ་ཞིག་འདོགས་སྲོལ་ཡོད་པ་རེད། སྐབས་དེར་བུ་མོ་མིའི་བཀྲ་ལེགས་པ་ཞིག་གིས་དངུལ་གྱི་ཐུར་མ་ཞིག་གིས་བཀྲ་ཤིས་རྫས་ཞོ་ཞེས་བྱ་བའི་ཞོ་ཡག་པོ་ཞིག་བག་མའི་ལག་གཡོན་གྱི་ཁྱོར་བར་ཐེངས་གསུམ་བླུགས་དགོས་ཤིང་། བག་མ་དེས་ཞོ་དང་པོ་དེ་དཀོན་མཆོག་གི་ཆེད་དུ་སྦྲ་ཕུག་ཏུ་མཆོད་པ་དང་། ཞོ་གཉིས་པ་དེ་བག་མ་རང་གིས་བཏུང་ཞིང་། ཞོ་གསུམ་པ་དེ་བག་མ་རང་གི་གོས་ཀྱི་ཕུ་དུང་གཡོན་པའི་ནང་དུ་བླུགས་དགོས་པ་དེ་ནི་དཀར་ལས་ལ་དགེ་བའི་རྟེན་འབྲེལ་ཞིག་ཡིན་པ་རེད། བྱ་བ་དེ་ནི་མནའ་ཞོ་བླུད་ཅེས་བྱ་བ་བག་ཆོག་གི་ནང་ནས་གལ་ཆེ་ཤོས་སུ་བྱེད་ཅིང་།འོན་ཀྱང་ཁྱོ་གས་མནའ་ཞོ་བཏུང་དགོས་སྲོལ་མི་འདུག དེ་ནས་ནང་གི་མ་དེས་བཞོན་ཟོ་ཆུ་འོ་ཡིས་བཀང་བ་ཞིག་ཁྱེར་ནས་བག་མ་དེར་སྤྲད་པ་དང་། ཁྱོ་ག་གང་ཡིན་དེས་བ་ལུའི་ཕོན་པོ་བལ་དཀར་གྱིས་དཀྲིས་པ་ཞིག་ཁྱེར་ནས་བག་མ་དེར་སྤྲད་ཅིང་། བག་མས་དེ་དག་ཁྱེར་ཏེ་བླ་མཆོད་དང་ལྷན་དུ་མོ་སྦྲར་འགྲོ་ཞིང་། བླ་མཆོད་ཚོས་བཞོན་ཟོ་ནང་ག་ཆུ་དེ་བ་ལུའི་ཕོན་པོས་མོ་སྦྲའི་ཕྱོགས་ཀུན་ཏུ་གཏོར་ཞིང་ཁྲུས་བྱེད་པ་དང་། དེ་ནས་བག་མའི་ལག་ཏུ་ཕྱུར་བ་སྡེར་གང་དང་། ཁྱོ་གའི་ལག་ཏུ་མདའ་དར་བཅས་ཐོགས་ཏེ་ལྷན་དུ་གནས་ཤིང་། བླ་མཆོད་ཚོས་གཡང་འགུགས་དང་བཀྲ་ཤིས་མང་པོ་བརྗོད་སྲོལ་ཡོད་འདུག་པ་དང་། ཞིང་ལས་ས་ཁུལ་དུ་ཚང་མ་ཁང་བ་ཞིག་ཏུ་འཇོག ཡང་གོང་གི་བླ་མཆོད་གཙོ་བོ་དང་བླ་མཆོད་ཚོས་ཟེར་བ་ལྟར་ན་བྱང་འབྲོག་ཏུ་བག་ཆོག་བྱེད་མཁན་ནམ་གཡང་འགུགས་བྱེད་མཁན་བླ་མའམ་གྲྭ་པ་འགའ་ཡིས་སྒྲུབ་པ་ཡིན་ཞིང་། རོང་དུ་དེ་ལྟར་མ་ཡིན། དཔེར་ན། མདོ་སྨད་རྡོ་སྦིས་ཀྱི་ཕྱོགས་འདི་ནས་བག་མ་སྐྱེལ་དུས་གཡང་འགུགས་བྱེད་མཁན་ཨ་མཆོད་གཅིག་མ་གཏོགས་གདན་འདྲེན་བྱེད་སྲོལ་མེད་པ་རེད་ལ། བུ་མོ་དེའི་མིང་སྤོར་དགོས་པ་ཡང་མ་མཐོང་། ཡང་ཐོན་སྐྱེད་ཁོར་ཡུག་དང་འཚོ་བ་རོལ་སྲོལ་ཀུན་མི་འདྲ་བའི་རྐྱེན་གྱིས་འབྲོག་ཏུ་བ་ལུའི་ཕོན་པོ་བལ་དཀར་གྱིས་དཀྲིས་ནས་འོ་ཞོས་ཁྲུས་གཙང་བྱེད་དགོས་པ་དང། རྡོ་སྦིས་ཀྱི་ཕྱོགས་འདི་ན་ཤུག་པ་ཚ་ལི་མ་ཞིག་གམ་ཡང་ན་དེར་བལ་དཀར་པོའམ་ཁ་བཏགས་དཀར་པོས་དཀྲིས་ནས་ཁྲུས་གཙང་བྱེད། བག་མ་གཉེན་ཚང་དུ་བསུ་སྐབས་སྡེ་བའི་མ་ཎི་ཁང་སོགས་ལ་གཡས་སྐོར་བརྒྱབ་ནས་ཡོང་དགོས་ཤིང་། ནང་དུ་ཐོན་སྐབས་བུ་མོ་བཀྲ་ཤིས་པ་གཉིས་ཀྱིས་གཡས་གཡོན་ནས་སྐྱོར་ཏེ་ཕྱི་སྒོ་ནས་ནང་གི་ཁྱིམ་སྒོར་འཛུལ་ཞོར་སྒོ་རེ་རེའི་མ་སྟེགས་ལ་ཕག་གསུམ་རེ་འཚལ་ནས་ཡོང་བ་དང་། དེ་ནས་ཁྱིམ་ནང་དུ་ཐོན་པ་ན་ཕུགས་ཀྱི་མཆོད་ཁང་དང་ཐབ་ཀ་སོགས་ལ་ཕགས་གསུམ་རེ་འཚལ་ཏེ་གྲུབ་རྗེས་བག་མས་ལག་པ་གཉིས་ཀྱིས་བལ་ལམ་ཁ་བཏགས་ཀྱིས་དཀྲིས་པའི་ཟངས(གསེར་དངུལ་ཡིན་ན་ལྷག་ཏུ་བཟང)ཀྱི་ཐོམ་བུས་སྔ་མོ་ནས་གྲ་སྒྲིག་ཡོད་པའི་དཀར་ཡོལ་གཙང་ཞིང་མདངས་གསལ་བ། དེའི་ཐོག་ཏུ་བཀྲ་ཤིས་རྟགས་བརྒྱད་དང་། གཡུང་དྲུང་གི་རི་མོའམ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་སོགས་ཀྱི་རིས་ལེགས་པ་གསུམ་གྱི་ནང་དུ་འོ་ཇ་ཁོལ་མགོ་བཅུས་ཏེ་ཁྱིམ་གྱི་མཆོད་མདུན་དང་རྒན་པ་ཚོར་འདྲེན་པ་ཡིན། གང་ལྟར་བོད་འདིས་ལྟས་བཟང་པོའི་རིགས་ནི་དེ་བས་ཀྱང་བཀྲ་ཤིས་ཤིང་གཡང་འཁོར་བའི་དགེ་བའི་མཚན་མ་བཟང་པོ་ཞིག་ཏུ་བརྩི་བ་ནི་རོང་འབྲོག་ཚང་མ་གཅིག་པ་རེད་ལ། དཔེར་ན། བག་མ་སློང་དུས་བར་བས་ཆང་དམ་ལ་ཁ་བཏགས་སམ་བལ་དཀར་པོས་དཀྲིས་ནས་འཁྱེར་བ་དང་། བག་རྟ་ཁ་བཏགས་ཀྱིས་འཁྲིད་པ། བག་གདན་དཀར་པོ་འདིང་བ། ཞོ་འོ་མས་ཁྲུས་གཙང་བྱེད་པ། འབྲུ་ཟན་གཏོར་བའམ་གཡུང་དྲུང་གི་རི་མོ་འབྲི་བ། གྲོ་མ་འབྲས་སིལ་དང་ཇ་ཆང་མར་རྩམ་ཕྱུར་སོགས་ཀྱི་སྡེར་ཁ་སྒྲིག་པ་སོགས་ཤིན་ཏུ་མང་ངོ་། །

    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-5 23:55 , Processed in 0.027855 second(s), 20 queries .

返回顶部