博客西藏在最高处过一种生活

日志

༄༅།།ཁམས་མི་ཉག་ར་ཏི་དགོན་གྱི་ངོ་སྤྲོད་ཉུང ...

已有 87 次阅读2019-7-16 07:51 |系统分类:文化



                                            ༄༅།།ཁམས་མི་ཉག་ར་ཏི་དགོན་གྱི་ངོ་སྤྲོད་ཉུང་བསྡུས།
                                     རྩོམ་པ་པོ། ཡེ་ཤེས་འབྱུང་གནས།
རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།

                         
                                                               གཅིག
            ར་བ་གངས་རིའི་མཚན་པའི་སྨན་ལྗོངས་ཀྱི་ཤར་ཕྱོགས། །
            ར་བ་སྒང་གི་ཆོས་དང་རིགས་གཞུང་གི་གཏེར་མཛོད། །
            ར་ཏི་དགའ་ལྡན་གླིང་ཞེས་ཆོས་སྡེ་ཡི་བྱུང་བ། །
            ར་སྤྲོད་བདེན་པའི་ལོ་རྒྱུས་ཅུང་ཟད་ཅིག་སྤེལ་འདོད། །
     དེ་ཡང་བོད་ཆེན་པོའི་ཤར་ཕྱོགས་རྩ་མི་དང་ཤིང་མའི་ཡུལ་ལམ་ལྡོང་མི་ཉག་ར་བ་སྒང་གི་ས་ཡི་ཆ། སྤྱི་ཤྭ་བཀྲ་ཤིས་དཔལ་སྤུང་གི་གནས་ཞེས་གདོད་ནས་གྲུབ་པའི་གནས་ཆེན་པོ་དག་དང་དབྱེར་མེད་པ་ཡུལ་སྐྱོང་འབོ་རྩེ་རྡོ་རྗེ་དྲག་རྩལ་གྱིས་བདག་ཏུ་བཟུང་བའི་གནས་མཆོག་དམ་པ་གང་དེར། མི་ཉག་མཁས་པ་མི་ལྔའི་ཡ་གྱལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་རོལ། ར་ཏི་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་ཞེས་བྱ་བས། རབ་བྱུང་དྲུག་པའི་བགྲང་བྱ་སོ་བརྒྱད་པ(1364)ཤིང་འབྲུག་ལོར་ལྷ་དང་མིས་བསྐུལ་མ་དང་རྟེན་འབྲེལ་གྱི་ལེགས་ཚོགས་ཀུན་ནས་འཛོམས་པས་ཆོས་སྡེ་ཆེན་པོའི་ཆག་བཏབ། ལྷ་ཀླུ་མི་གསུམ་གྱིས་སྡོངས་གྲོགས་རྒྱ་ཆེན་པོ་བགྱིས་པས་ཕྱི་ནང་གསང་གསུམ་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པར་གྲུབ། མཚན་དུ་ར་ཏི་དགའ་ལྡན་བྱམས་པ་གླིང་ཞེས་གསོལ་ཞིང་མི་ཉག་མཁས་པ་མི་ལྔ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོས་རབ་ཏུ་གནས་ཤིང་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་མཛད། དེ་ནས་བྱམས་ཆོས་རྣམས་ཀྱིས་གཙོས་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཆོས་ཆར་བར་མེད་དུ་བསྙིལ་བས། སློབ་ཚོགས་ཀྱི་འདུ་བ་དབྱར་གྱི་མཚོ་བཞིན་གོང་དུ་འཕེལ་ཞིང་། དེ་དག་ལ་ཁམས་དབང་དང་འཚམས་པའི་ཉམས་རྟོགས་ཀྱི་ཡོན་ཏན་སྣ་ཚོགས་པ་པདྨའི་ཚལ་ལྟར་ནང་ནས་བཞད་པར་གྱུར་ཞིང་ཁྱད་པར་བཙུན་པའི་མཆོག་གྱུར་མཁན་པོ་ཤཱཀྱ་དཔལ། མཁས་པའི་མཆོག་གྱུར་སློབ་དཔོན་ཡེ་ཤེས་རྡོ་རྗེ། གྲུབ་པའི་མཆོག་གྱུར་ལ་རྩེ་བླ་མ་ཤེས་རབ་དཔལ། སྐྱེས་མཆོག་འཇམ་དབྱངས་གྲགས་པ། མཁས་གྲུབ་ཕྱུག་མོ་སྟོན་པ། བཀའ་བཅུ་བློ་གྲོས་གྲགས་པ་སོགས་འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་ཀྱི་ཟླ་རུ་འོས་པའི་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་བྱུང་ཞིང་འདུས་པའི་ཞལ་གྲངས་འབུམ་དུ་ལོངས་པར་གྲགས་ཤིང་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་ཀརྨ་ཀམ་ཚང་བསྟན་པའི་ཆུ་མགོ་ལྟ་བུར་གྱུར། དེར་མ་ཟད་མཁན་ཆེན་རྨ་སེ་སྟོན་པ་མཆོག་ནི་ཇོ་ནང་ཀུན་མཁྱེན་སྟོན་པ་བཞི་ལྡན་གྱི་བུ་ཆེན་བཞིའི་ཡ་གྱུར་ཡིན་པས་དཔལ་རྒྱལ་བ་ཇོ་ནང་པའི་འཕྲིན་ལས་ཡང་ཆེ་ཆེར་སྤེལ་བ་ལགས་སོ། ། གཞན་ཡང་ཀརྨ་བཞི་བ་རོལ་བའི་རྡོ་རྗེ། དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། དེ་བཞིན་མི་ལོ་སུམ་བརྒྱ་ལྷག་ལ་འཁོར་ལོ་གསུམ་གྱིས་བགྱི་བས་བསྟན་དང་འགྲོ་ལ་ཕན་དང་བདེ་བའི་དགའ་སྟོན་ཅི་དགར་འགྱེད་པར་བྱས་པ་ལགས་སོ། །
                                                             གཉིས།
     སྐབས་ཤིག་སེམས་ཅན་གྱི་བསོད་ནམས་དམན་པའི་དབང་གིས་སྐྱེ་བོ་འགའི་སྙིང་ལ་མ་རུང་བདུད་ཀྱིས་ཆོ་འཕྲུལ་ཞུགས་ནས་ཆེན་པོ་ཧོར་གྱི་དམག་སྣ་ནང་དུ་དྲངས་ནས་བསྟན་པ་སྤྱི་དང་བྱེ་བྲག་ལ་ཉམས་ཉེས་ཆེན་པོ་བྱུང་བ་ན། དགོན་འདིའི་གྲྭ་བ་མི་དབང་ཚངས་སྲས་འཕྲིན་ལས(དགའ་ལྡན་གཞུང་ཚབ་དཔོན་པོ་ཚངས་སྲས་འབྱུང་གནས)་ལགས་ཀྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བཞིན་མི་ཉག་རྫོང་(木雅营官)གསར་དུ་བཙུགས། ཐབས་ཤེས་མང་པོས་བསྟན་སྲིད་ཡུན་རིང་དུ་གནས་པའི་ཐབས་མཛད། མ་ཟད(1699)རྒྱ་བོད་ཀྱི་ས་མཚམས་སྲུང་ཞིང་དམག་དཔོན་ལི་ལིན་(李麟)གྱི་དམག་ལ་ཡུན་རིང་པོའི་བར་དུ་ནུབ་མདོའི་གཡུལ་འཐབ(西炉之役)བྱས། མཐར་དམག་དཔོན་ཐང་ཞིས་ཧྲིན(唐西顺)དང་དམག་ཁྲི་གཅིག་ལྷག་ལི་ལིན་ལ་དམག་རོགས་སུ་འབྱོར་པས་མི་ཉག་དཔོན་ཚངས་སྲས་མཆོག་གཡུལ་སར་སྐུ་གྲོངས་ཤིང་དགོན་པ་རྫོང་དང་བཅས་པ་མེར་བསྲེག་པ་སོགས་ཕམ་ཉེས་ཆེན་པོ་བྱུང་། དེ་ནས་དགོན་སྡེ་འདི་དང་མི་ཉག་ཡུལ་ལ་སྙོག་འཛིང་དང་ཆོས་དང་རིགས་གཞུང་ལ་གྱོང་གུད་ཚབས་ཆེན་བྱུང་། སྐྱེས་བུ་རྩ་རླུང་ལ་རང་དབང་ཐོབ་པ་རྣམས་ནམ་མཁའ་ལ་བྱ་ལྟར་འཕུར་ནས་འབོ་གངས་དཀར་སོགས་དབེན་པའི་སྒྲུབ་གནས་རྣམས་སུ་གཤེགས། ཤུལ་དུ་ལུས་པ་རྣམས་ནི་མང་ཞིག་སྒྲུབ་གནས་གང་དབེན་དུ་སྒྲུབ་ལ་གཞོལ་ཞིང་འགའ་ཞིག་ནི་ཆོས་རྒྱུད་ཀྱང་གཞན་དུ་བསྒྱུར་ཏོ། །
                                                              གསུམ།
     ཕྱིས་དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ལ་སང་སང་དཔོན་གྱིས་སྦྱིན་བདག་མཛད་ཅིང་སྦྲ་གུར་ལ་བརྟེན་ནས་དབྱར་གནས་སོགས་དུས་མཆོད་རྣམས་འཚོགས། མི་ཉག་གི་མཁས་པ་ཀོ་ཤུལ་ཀུན་བཟང་བསོད་ནམས་སོགས་ཀྱིས་དགོན་ཤུལ་དུ་སྤྱོད་འཇུག་དང་འཕོ་ལུང་གི་ལྗགས་ཁྲིད་གནང་ཞིང་བདེ་ཆེན་ཞིང་སྒྲུབ་གསར་འཛུགས་གནང་། སྐབས་ཤིག་རིག་འཛིན་འཇམ་དཔལ་ཡེ་ཤེས་ཞེས་བྱ་བ་ཁམས་རྫོགས་ཆེན་དགོན་དུ་ཕེབས་ནས་གསན་བསམ་རྒྱ་ཆེན་མཛད། རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རིག་འཛིན་ཉི་མ་གྲགས་པའི་གསུང་གི་རྣམ་གྲོལ་དུ་ངོས་བཟུང་ཞིང་བསྟན་འགྲོ་ལ་ཕན་ཐོགས་པའི་ལུང་བསྟན། ཕྱིར་ཕ་ཡུལ་ལ་ཕེབས་ནས་སྔ་འགྱུར་རྫོགས་ཆེན་པའི་ཕྱག་བཞེས་བཞིན་སིདྡྷིའི་བུམ་སྒྲུབ་གསར་དུ་བཙུགས་པ་དང་མཁན་སྤྲུལ་དངོས་གྲུབ་རིན་པོ། གསེར་ཁའི་མཁན་པོ་ཡེ་ཤེས། མཁན་པོ་རིག་འཛིན་རྡོ་རྗེ་སོགས་གདན་ཞུས་ཀྱིས་ལོ་ལྟར་དབྱར་གནས་དང་འཆད་ཉན་གནང་པས་རྫོགས་ཆེན་ལྟར་མཛད་པས་གྲུབ་དབང་རྫོགས་ཆེན་པའི་འཕྲིན་ལས་ཀྱི་སྣང་བ་གསར་དུ་ཁྱབ་པར་གྱུར་བའོ། །
                                                              བཞི།
     རབ་བྱུང་བཅུ་པ་ས་སྟག་གི(1938)ལོར་མཆོག་སྤྲུལ་སྐུ་ཕྲེང་གཉིས་པ་པདྨ་བསྟན་འཛིན་དང་། སང་སང་བླ་མ་སྟོབས་ལྡན་རྡོ་རྗེ། ར་དགུ་བླ་མ་དཔལ་ཆེན་སོགས་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་སྔར་ར་ཏི་དགོན་གྱི་སྒྲུབ་གྲྭ་ཡང་དགོན་སླར་གསོ་བགྱིས་ཤིང་འཁོར་ལོ་གསུམ་གྱི་བྱ་བ་འཕེལ་བར་བྱས། དབྱར་གནས་དང་། སིདྡྷི་བུམ་སྒྲུབ། ཚེ་བཅུ་ཞི་ཁྲོའི་སྟོང་མཆོད། བཞི་བའི་སྨྱུང་གནས། དཔལ་ལྷའི་ཚོགས། དཔལ་ལྡན་མགོན་པོའི་སྒྲུབ་པ། སེང་གདོང་མའི་སྒྲུབ་པ་བཅས་ལོ་ལྟར་རྒྱུན་ལྡན་དུ་འཚོགས། གནུབས་ཟུར་མཁན་པོ་བསོད་ནམས་བཀྲ་ཤིས། རྨོན་པ་མཁན་པོ་བསོད་ནམས་གྲགས་པ། སྟོང་དཔོན་སྤྲུལ་སྐུ་སྨིན་གྲོལ་སོགས་ཀྱིས་འཆད་ཉན་གྱི་བསྟན་པ་སྤེལ། གཞན་གངས་དཀར་སྤྲུལ་སྐུ་ཆོས་ཀྱི་སེང་གེ། རྫོགས་ཆེན་མཁན་ཆོས་ཚ་དང་། ཡོངས་འཛིན་མཁན་པོ་མགོན་རིས། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་ཀྱི་ཞབས་ཀྱིས་བཅག་པར་མཛད། སྐབས་ཤིག་ང་དགུའི་དུས་འགྱུར་གྱི་དབང་གིས་མིང་གི་ལྷག་མ་ཙམ་ལས་མ་ལུས་པར་གྱུར་རོ། །
     ཡང་རྒྱལ་འཕགས་སྤྲུལ་སྐུ་ཨ་དཔལ་མཆོག་གིས་བཀའ་བསྐུལ་བཞིན། བླ་མ་ནམ་མཁའ་ཆོས་དབྱིངས་དང་མཁན་པོ་སྐལ་བཟང་རྣམ་འཕེལ་སོགས་ཀྱིས་ཐུགས་སྟོབས་ཆེན་པོས། མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་དར་མདོ་དབལ་གསས་སྐྱབས་ཚང་དུ་འཁྲུངས་པ་མཆོག་སྤྲུལ་འགྱུར་མེད་རྒྱལ་མཚན་ཁྲི་ལ་འཁོད། བོད་རབ་བྱུང་བཅུ་དྲུག་ཤིང་མོ་གླང་གི་ལོ(1984)ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་སྒོ་ཕྱེ་ཞིང་རྒྱལ་ཁབ་རིམ་པའི་ཆོག་མཆན་ཐོབ། སྔར་གྱི་ར་ཏི་དགོན་རྙིང་སླར་གསོ་བགྱིས་ཤིང་ཕྱི་ནང་རྟེན་དང་བརྟེན་པ་བཞེངས་སྐྲུན་ཕུན་སུམ་ཚོགས་པར་བགྱིས། མཁན་ཆེན་འཇིགས་མེད་ཕུན་ཚོགས། ཁྱབ་བདག་པདྨ་སྐལ་བཟང་། བྱ་བྲལ་བསོད་ནམ་བཟང་པོ་སོགས་གདན་འདྲེན་ཞུས་ཤིང་བཀའ་ཆོས་གནང་། རྨོན་པ་མཁན་པོ་སྐལ་བཟང་རྣམ་འཕེལ་དང་། རྩྭ་ར་མཁན་པོ་དགེ་འདུན་བཟང་པོའམ་ཝོའི་སི། གནུབས་ཟུར་མཁན་པོ་ནོར་འཕེལ། མཁན་པོ་ཚེ་རྡོར། མཁན་པོ་ལོ་བརྒྱ་བཅས་མཁན་རབས་དང་། དེ་བཞིན་དུ་མཆོག་སྤྲུལ་ཚེ་དབང་རྣམ་གྲོལ། བླ་མ་ཐུབ་བསྟན་བཟང་པོ། སྤྲུལ་ཐུབ་བསྟན་འཇིགས་མེད་འོད་ཟེར། བླ་མ་ཡེ་ཤེས་འབྱུང་གནས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ཀྱིས་རིམ་གྱིས་འཆད་ཉན་དང་སྔར་སྲོལ་གྱི་དུས་མཆོད་དང་གར་འཆམ་དབྱངས་རོལ་སོགས་རྒྱུན་སྐྱོང་དང་། དགོན་སྤྱི་ལ་ཐུགས་ཁུར་རྒྱ་ཆེན་བཞེས་ནས་འཁོར་ལོ་གསུམ་གྱི་ལེགས་མཛད་ཡང་དག་པ་གོང་ནས་གོང་དུ་སྤེལ་བཞིན་པར་གནས་པ་ལགས་སོ། །
                                                              ལྔ།
     ཞར་བྱུང་ར་ཏི་སྤྱི་ཤྭའི་གནས་ཀྱི་ངོ་སྤྲོད་ཅུང་ཟད་ཙམ་སྤྲོས་ན། སྤྱིར་གནས་མཆོག་འདི་གདོད་ནས་ལྷུན་གྱིས་གྲུབ་པའི་རང་བྱུང་གི་དགེ་བཅུ་དང་ས་དཔལ་ཕུན་སུམ་ཚོགས་ཤིང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་པ་དང་རྒྱལ་བ་སྲས་དང་སློབ་མ། རྒྱུད་སྡེ་རྒྱ་མཚོའི་ལྷ་ཚོགས་དང་བཅས་པས་འགྲོ་བ་རྣམས་ལ་རྗེས་སུ་བརྩེ་བའི་སྒོ་ནས་བཞུགས་པ་ལགས་ཏེ། གནས་བསྟོད་ལས། གནས་མཆོག་སྤྱི་ཤྭ་བཀྲ་ཤིས་དཔལ་སྤུང་གི །ནང་དབྱིངས་གནས་ཡུལ་རྣམ་དག་བཀོད་པ་ལ། ། རྒྱལ་བ་རིག་ལྔ་ཇོ་བོ་བཅུ་གཅིག་ཞལ། །བླ་མ་བཀའ་བརྒྱད་སྒྲོལ་མ་ཉེར་གཅིག་དང་། ། མཁའ་འགྲོ་སེང་གདོང་རྡོ་རྗེ་རྣལ་འབྱོར་མ། ། སྒྲུབ་པའི་རིག་འཛིན་སྔགས་ཀྱི་རྣལ་འབྱོར་པ། ། ལྷ་ཀླུ་མི་ཡི་དྲང་སྲོང་གྲུབ་པ་དང་། ། རྒྱལ་བསྟན་དཀྱིལ་འཁོར་མཆོད་བསྟོད་མཉེས་བྱེད་མ། ། འབྱུང་བའི་དྭངས་མ་བཅུད་སྤེལ་ལྷ་མོ་ལྔ། ། བསྟན་པ་བསྲུང་ཞིང་སྒྲུབ་ལ་འགོ་བའི་ལྷ། ། འདོད་ཁམས་བདག་མོ་རྡོ་རྗེ་ལེགས་པ་སོགས། ། ལེགས་སྨོན་སྟོབས་ཀྱིས་འགྲོ་ལ་རྗེས་ཆགས་པའི། ། ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བསམ་ཡས་བཞུགས། ། ཞེས་པ་ལྟར་སྤྱི་ཤྭ་སྒྲོལ་མའི་གཡུ་མཚོ་སྟེ་གཡུ་ལྟར་ལྗང་བའི་མཚོ། གཞན་ཡང་འོ་མ་ལྟར་དཀར་བའི་མཚོ། མཚོ་ནག་པོ་འཇིགས་སུ་རུང་བ་སོགས་དབྱིབས་དང་ཁ་དོག་ནུས་པ་མི་འདྲ་བ་དུ་མ་དང་། རྫ་རི། གཡའ་རི། སྤང་རི། ནགས་ཚལ་སོགས་བྱིན་གྱིས་རླབས་པའི་གནས་ཡུལ་ངོ་མཚར་བའོ། །
     གཞི་བདག་གནས་ཀྱི་སྲུང་མ་འབོ་རྩེ་ཞེས་ལྷ་བཙན་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ་གྱིས་བདག་ཏུ་བཟུང་བ་ཡིན་ཏེ། གནས་ཡུལ་ཞིང་སྐྱོང་གཏེར་བདག་གཙོ་བོ་ནི། ། རྩལ་ཆེན་གདོང་ལྔའི་དབང་པོ་འགྱིང་བའི་སྟེང་། ། ལྷ་བཙན་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། ། སྐུ་མདོག་དཀར་གསལ་ཞི་མ་ཁྲོ་ཡི་ཚུལ། ། རིན་ཆེན་གོ་ཁྲབ་རྨོག་དཀར་གསོལ་བ་ལ། ། རུ་དར་སྒྲོ་དང་ཅོད་པཎ་ཚར་མ་དང་། ། དྲིལ་གཡེར་མེ་ལོང་དར་གྱི་ཕང་ཕུང་གཡོ། ། རིན་ཆེན་རྒྱན་སྤྲས་འཁོར་གསུམ་སག་ལྷམ་ཅན། ། ཕྱག་གཡས་རུ་དར་དཀར་པོ་གནམ་དུ་ཕྱར། ། གཡོན་པས་གཏེར་སྒྲོམ་རཏྣས་བཀང་བ་འཛིན། ། ལས་བཞིའི་སྤྲུལ་པ་འཁོར་ཚོགས་འབུམ་སྡེས་བསྐོར། ། ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་དགྲ་ལྷ་སྟེ། ། སྣོད་བཅུད་དབང་བསྒྱུར་མངོན་ཤེས་རྫུ་འཕྲུལ་ལྡན། ། བསྟན་ལ་དགའ་བའི་རིགས་གྱུར་ཤ་སྟག་གོ ། ཞེས་གསུངས་སོ། །
                                                              དྲུག
     དེ་ལྟར་མཁས་གྲུབ་ཀྱི་སྐྱེས་བུ་མང་པོས་ཞབས་ཀྱིས་བཅག་པ་དང་བྱིན་གྱིས་བརླབས་པ་ཡིན་ཏེ། ལོ་ཆེན་བཻ་རོ་ཙ་ན། མི་ཉག་མཁས་པ་མི་དྲུག ཀརྨ་རོལ་པའི་རྡོ་རྗེ། ཀརྨ་སྐུ་ཕྲེང་དྲུག་པ་དང་བདུན་པ་སོགས་ཕེབས་ནས་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཆོས་ཆར་མང་དུ་བསྩལ་ཞིང་སློབ་ཚོགས་འདུས་པ་འབུམ་ཚོ་འདུས་ཤིང་། གྲུབ་རྟགས་དང་རྩ་རླུང་ལ་རང་དབང་ཐོབ་པ་མང་པོ་བྱུང་བས་ངོ་མཚར་བའི་སྒྲུབ་གནས་མང་པོ་ཡོད་དེ། མི་གཅིག་ཙོག་པོར་ཤོང་བའི་རྡོ་ཡི་སྤྱིར་བུ་དང་། བྲག་ཕུག རྡོ་གཅལ། བཞུགས་ཁྲི་བཅས་ཤིན་ཏུ་མང་པོ་དང་། རི་ངོས་སུ་རང་བྱུང་བྲག་གི་དུང་དཀར་གཡས་སུ་འཁྱིལ་བ་དང་། སེང་ཆེན་གནམ་ལ་མཆོང་འདྲའམ་གུ་རུ་སྣང་སྲིད་ཟིལ་གནོན། གཡུ་འབྲུག་གྱེན་དུ་འགྲོ་བ། གསེར་ཉ་ཁ་སྤྲོད། གླང་ཆེན་འདྲ་བ་སོགས་ངོ་མཚར་ཅན་གྱི་རི་དབྱིབས་མི་འདྲ་བ་མང་པོ་མཇལ་རྒྱུ་ཡོད་དོ། །
     གཞན་ཡང་དགོན་སྡེ་ཆེན་པོ་ཉམས་གུད་དུ་གྱུར་ལ་ཉེ་བའི་སྐབས་སུ་སྐྱེས་བུ་དམ་པ་རྣམས་ཀྱིས་མངོན་པར་མཁྱེན་ནས་རྟེན་རྣམས་གཏེར་དུ་སྦས་པར་གྲགས་པའི་གླིང་དེའི་མདུན་དུ་རྡོ་རིང་ཨོཾ་ཨཱཿཧཱུཾ་སོགས་ཡིག་འབྲུ་འབུར་དོད་ཀྱིས་བརྒྱན་པ། གཡས་སུ་ཕ་བོང་དཀར་པོ་ལུག་ཙམ་དང་། ཕ་བོང་འདི་ལ་ཕྱིས་ཀྱི་བསྟན་པ་དར་རྒུད་ཀྱི་བརྟག་པ་བྱེད་དུ་ཡོད་པར་གྲགས། གཡོན་དུ་རྡོ་གཏོར་མའི་གཟུགས་ཅན་བཅས་ཕྱི་རབས་ཀྱི་རྟེན་སྐལ་དུ་བཞག་པ་བཅས་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་པ་ལགས་སོ། ། ཞེས་ར་ཏི་དགོན་པ་གནས་དང་བཅས་པའི་ངོ་སྤྲོད་ཤིན་ཏུ་ཉུང་ངུར་བཏུས་ཏེ་བསྟན་ཟིན་ཏོ། །
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-21 04:29 , Processed in 0.025109 second(s), 21 queries .

返回顶部