博客西藏在最高处过一种生活

日志

༄༅།།ལྷང་ལྷང་རྣ་བར་སྙན་པའི་ཚྭ་ཁ་ལྷོ་རོང་ག ...

已有 206 次阅读2019-6-30 16:44 |系统分类:见闻

  •                                  ༄༅།།ལྷང་ལྷང་རྣ་བར་སྙན་པའི་ཚྭ་ཁ་ལྷོ་རོང་གི་དཔེ་ཀློག་སྒྲ

                            —— བོད་ཀྱི་གྲོང་གསེབ་ཏུ་བཙུགས་པའི་སློབ་འབྲིང་དང་པོར་བསྐྱོད་པའི་སྐོར།

  •                             ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།  མི་གསལ།

                    

                              འདི་ནི་ཚྭ་ཁ་ལྷོ་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་རོལ་དབྱངས་སློབ་ཚན་སྦྱོང་བཞིན་པ།

         ལོ་ན་ཕྲ་བའི་བོད་རིགས་དགེ་རྒན་བུ་མོ་ཞིག་གིས་ཀང་ཆིན་མདུན་དུ་བསྡད་དེ་སོར་མོའི་རྩལ་གྱིས་སྙན་འཇེབས་ལྡན་པའི་རོལ་ཆ་དཀྲོལ། སློབ་མ་གཉིས་ཀྱིས་པི་ཝང་དཀྲོལ་ནས་རམ་འདེགས་བྱས། སློབ་མ་སུམ་ཅུ་ལྷག་ཙམ་གྱིས་གྲལ་སྟར་བཞི་བསྒྲིགས་ཏེ་མཉམ་གཞས་བླངས།

         སློབ་གྲྭའི་ལན་ཆིའུ་སྤོ་ལོ་ཐང་དུ་གཟུགས་སྟོབས་ཆེ་བའི་སློབ་མ་འགའ་ཤས་ལུས་རྩལ་དགེ་རྒན་གྱི་སྒྲིག་འཛུགས་འོག ཚོགས་ཆུང་བགོས་ནས་འགྲན་བསྡུར་ཛ་དྲག་པོ་བྱེད་བཞིན་འདུག ཡུད་ཙམ་ཞིག་ལ་སློབ་མ་རྣམས་ཀྱི་ལུས་པོ་རྔུལ་ཆུས་འཚོས་འདུག

         ཕྱོགས་བསྡུས་ཐོག་ཁང་གི་ཐོག་སོ་གསུམ་པའི་རྫས་འགྱུར་ཚོད་ལྟ་ཁང་དུ་ལུས་ལ་ལྭ་རིང་དཀར་པོ་གྱོན་པའི་སློབ་མ་ཚོ་ཚོགས་ཆུང་ཁ་ཤས་སུ་བགོས་ཏེ་སྟབས་བདེའི་རྫས་འགྱུར་ཚོད་ལྟ་བྱེད་བཞིན་འདུག

         དེ་དག་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་སློབ་འབྲིང་དུ་ཐོན་པའི་ངོ་མཚར་མཛེས་ལྗོངས་ཤིག་རེད།

         ཚྭ་ཁ་ལྷོ་སློབ་འབྲིང་ནི་སྨར་ཁམས་རྫོང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་དུ་གནས་ཤིང་། བོད་ཀྱི་གྲོང་གསེབ་ཏུ་བཙུགས་པའི་སློབ་འབྲིང་དང་པོ་དེ་རེད། 1951ལོའི་ཟླ་8པར། ཚྭ་ཁ་ལྷོ་སློབ་ཆུང་དངོས་སུ་བཙུགས་པ་དང་། 1975ལོར་ཚྭ་ཁ་ལྷོ་སློབ་ཆུང་གི་དམའ་འབྲིང་འཛིན་གྲྭ་བཙུགས། 1978ལོར་ཚྭ་ཁ་ལྷོ་སློབ་འབྲིང་བཙུགས།

         “དང་ཐོག་སློབ་མ་24ལས་མེད་པ་དང་། སློབ་ཡུན་ཡང་ལོ་གཉིས་རང་རེད”ཅེས་སློབ་སྤྱི་སྐལ་ནོར་གྱིས་བཤད། གཟུགས་ཚད་རིང་ལ་ཤ་རིད་པ་དང་གཤིས་ཀ་འཇམ་པའི་སྐལ་ནོར་ནི་1995ལོར་བོད་ལྗོངས་སློབ་ཆེན་རྩིས་རིག་དང་དངོས་ཁམས་ཚན་ཁག་ནས་མཐར་ཕྱིན་རྗེས་དེ་གར་སློབ་ཁྲིད་ལས་ལ་ཞུགས་པ་དང་། ད་བར་སློབ་སྤྱིའི་འགན་འཁུར་ནས་ལོ་16ཙམ་སོང། སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།

          འཇང་མི་རིགས་ཤང་གནས་ཡུལ་དུ་ལོ་རྒྱུས་ཐོག་ཚྭ་མང་པོ་ཐོན་གྱི་ཡོད་པས་ཚྭ་ཁ་ལྷོ་ཞེས་གྲགས། ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན། ད་ཆ་རྒྱལ་ལམ་214ཤང་དེ་ནས་བརྒྱུད་དགོས་པ་དང་། འཕྲེད་རྒྱུག་རི་རྒྱུད་ཀྱི་འབྲི་ཆུ་དང་རྫ་ཆུ་འབབ་རྒྱུད་དུ་ཆགས་པ། རི་མཐོ་གཡང་གཟར་ཞིང་། གནམ་གཤིས་ཐུན་མོང་མ་ཡིན་པ། ཐོན་ཁུངས་འབེལ་པོ་ཡོད།

          ད་ཆའི་ཚྭ་ཁ་ལྷོ་སློབ་འབྲིང་ནི་སློབ་མ་1500ལྷག་ཙམ་དང་། འཛིན་གྲྭ་30 དགེ་རྒན་བརྒྱ་ལྷག་ཙམ་བཅས་ཟིན་པའི་དམའ་རིམ་སློབ་འབྲིང་ཞིག་ཏུ་འཕེལ་རྒྱས་བྱུང་བ་དང་། ཉེ་འཁོར་གྱི་ཤང་དང་གྲོང་རྡལ་6ནས་སློབ་མ་བསྡུ་ཡི་ཡོད་པ་རེད།

          “ང་ཚོའི་འདི་གར་འགྲིམ་འགྲུལ་འགག་གནད་ཡིན་པས་མི་འགྲུལ་བཞུད་བྱེད་མི་ཧ་ཅང་མང་། ལོ་རྒྱུས་ཐོག་ཏུའང་མི་རིགས་ཁག་དབར་འགྲོ་འོང་དང་མཉམ་འདྲེས་ཡང་ཡང་བྱེད་ཀྱི་ཡོད། དེར་བརྟེན་ཡུལ་འདི་གའི་མང་ཚོགས་ཚོས་སློབ་གསོར་མཐོང་ཆེན་བྱེད་ཚད་བོད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གཞན་ལས་སྤྱིར་ན་མཐོ་བ་ཡོད་ལ། སློབ་གསོའི་ཆུ་ཚད་ཀྱང་སྔར་ནས་ཅུང་མཐོ་ཙམ་ཡོད། དེའང་ང་ཚོའི་ཤང་དུ་བོད་ཀྱི་གྲོང་གསེབ་སློབ་འབྲིང་དང་པོ་བསྐྲུན་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རེད”ཅེས་འཇང་མི་རིགས་ཤང་གི་ཤང་ཀྲང་བསོད་ནམས་ཆོས་འཛོམས་ཀྱིས་བཤད།

          1963ལོར་སྐྱེས་པའི་གཡུ་སྒྲོན་ནི་ད་ཆ་ཡུལ་དེ་གར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་རེད། གཡུ་སྒྲོན་གྱིས་གཅུང་པོ་གཅུང་མོ་དང་རང་གི་ཕྲུ་གུ་སློབ་གྲྭར་གཏོང་ཆེད་བསམ་ཚོད་ལས་འདས་པའི་དཀའ་སྡུག་མྱངས་ཡོད། “ཕྲུ་གུའི་རྒན་མགོ་ཡིན་པས་ཕ་མས་ང་ལ་དཀའ་ངལ་ཆེན་པོ་བཟོ་འདོད་མེད་པར་གཅུང་པོ་གཅུང་མོ་སློབ་གྲྭ་ནས་འཐེན་ཏེ་ཁྱིམ་ལས་བྱེད་རོགས་ལ་འཇོག་རྒྱུའི་གྲོས་འགོ་བཏོན་མོད། འོན་ཀྱང་ངས་མོས་མཐུན་གཏན་ནས་བྱས་མེད། གལ་ཏེ་རིག་གནས་མེད་ན་ཕྱོགས་ལ་འགྲོ་སྐབས་གསང་སྤྱོད་ཀྱང་རྙེད་དཀའ”ཞེས་ཁོང་གིས་བཤད།

          ཁོང་གིས་ཕྱོགས་གཅིག་ནས་ཕྲུ་གུ་ཚོ་མུ་མཐུད་སློབ་གྲྭར་གཏོང་བ་དང་། ཕྱོགས་གཅིག་ནས་ཚོང་ཕྲན་བུ་བརྒྱབ་སྟེ་འཚོ་བ་ལེགས་པར་བསྐྱངས། མཐར་ཕྲུ་གུ་རྣམས་རྒྱལ་ཁབ་ཀྱི་གཞུང་ལས་པར་གྱུར།

          ཚྭ་ཁ་ལྷོ་སློབ་འབྲིང་གིས་སྔར་ནས་བཟུང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་པོ་རྒྱུན་འཁྱོངས་བྱས། སློབ་རིམ་འཕར་ཚད་ཀྱང་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་མདུན་གྲལ་དུ་སླེབས་ཀྱི་ཡོད། དེས་ན་2011ལོར་བོད་རང་སྐྱོང་ལྗོངས་ཀྱིས“བྱང་ཚད་སློབ་གསོའི་སྒྱུར་བཅོས་ཚོད་ལྟའི་སློབ་གྲྭའི”ཁོངས་སུ་བཅུག་ཡོད།

          ལོ་15ལ་སླེབས་པའི་དཀོན་མཆོག་སྐྱིད་འཛོམས་ནི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཡིན་ཞིང་། “ཉེ་བའི་ལོ་གསུམ་རིང་། ང་ཚོས་འདི་གར་ཤེས་བྱ་མང་པོ་ཤེས་བྱུང་། ང་འབྲིང་རྒྱུགས་བཏང་རྗེས་ངས་ནང་སར་རྒྱུགས་འཕྲོད་པའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་མཐོང་རྒྱ་ཆེ་རུ་འགྲོ་རྒྱུ་རེད”ཅེས་ལན་ཆིའུ་སྤོ་ལོ་རྒྱག་རྒྱུར་དགའ་བའི་དཀོན་མཆོག་སྐྱིད་འཛོམས་ཀྱིས་བཤད།

          ལན་ཆིའུ་སྤོ་ལོ་ནི་ཚྭ་ཁ་ལྷོ་སློབ་འབྲིང་གི་སྲོལ་རྒྱུན་ལེགས་ཆའི་རྣམ་གྲངས་རེད། སློབ་སྤྱི་སྐལ་ནོར་གྱིས་སྤོབས་པ་ཆེན་པོས་འདི་ལོ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་སློབ་གྲྭར“ལན་ཆིའུ་སྤོ་ལོའི་རྟེན་གཞིའི་སློབ་གྲྭ”ཞེས་པའི་སྒོ་བྱང་བཀལ་ཡོད་ཅེས་བཤད། གཞན་ཡང་འདི་གའི་སློབ་མ་ཚོས་ད་དུང་རང་ཉིད་ཀྱི་དགའ་མོས་གཞིར་བཟུང་པི་ཝང་ཞབས་བྲོ་དང་། མཛེས་རྩལ། རོལ་དབྱངས། རི་མོ། ཡིག་གཟུགས། རྐང་རྩེད་སྤོ་ལོ། མདའ་འཕེན་སོགས་ཀྱི་དགའ་མོས་ཚོགས་ཆུང་ནང་ཞུགས་ཆོག་གི་ཡོད།

          གྲོང་གསེབ་ཀྱི་སློབ་འབྲིང་ཡིན་པའི་ངོས་ནས་སློབ་མ་ཇེ་མང་དུ་སོང་བ་དང་སྦྲགས། ཤེས་ལྡན་པ་ཕྱིར་ལོག་དང་དགེ་རྒན་གྱི་སྟོབས་ཤུགས་མི་འདང་བ་ནི་མིག་སྔའི་སློབ་སྤྱི་སྐལ་ནོར་གྱིས་སེམས་ཁུར་བྱེད་ས་ཡིན། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་སློབ་གྲྭའི་དགེ་རྒན་གྱི་ཆ་སྙོམས་ལོ་ཚད་ལོ་30ཙམ་ཡིན་ལ་ཆ་སྙོམས་ཀྱི་སློབ་རྒྱུས་ཆེད་སྦྱོང་ཡན་ཟིན་ཡོད། ད་དུང་སློབ་སྦྱོང་བྱེད་མུས་ཀྱི་ཞིབ་འཇུག་སློབ་མ་2དང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པར་གྲ་སྒྲིག་བྱེད་མཁན་1བཅས་ཡོད་པ་རེད།

          ཤེས་རྟོགས་བྱུང་བ་ལྟར་ན། 2018ལོར་སྨར་ཁམས་རྫོང་གིས་མ་དངུལ་སྒོར་ཁྲི་1457བཏང་ནས་ཤང་གྲོང་ཚད་ལྡན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ལས་གྲྭ་རྣམ་གྲངས་8བསྒྲུབས་པ་དང་། མ་དངུལ་སྒོར་ཁྲི་5187ལྷག་བཏང་ནས་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་གི་རྣམ་གྲངས་19བསྒྲུབས་ཡོད་ཅིང་། རྫོང་དེ་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དང་སློབ་ཆུང་དུ་སློབ་མ་ཞུགས་ཚད་ཆ་སྙོམས་100%ཟིན་གྱི་ཡོད་པ་རེད།

               ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས་ལས་བཏུས་སོ།
  •  

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-17 06:22 , Processed in 0.026913 second(s), 21 queries .

返回顶部