博客西藏在最高处过一种生活

日志

༄༅།། རང་རེའི་དགེ་ལྡན་པའི་སྒྲུབ་སྡེ་ཁག་ལ་ ...

已有 674 次阅读2019-5-23 09:59 |系统分类:文化

 

                            ༄༅།། རང་རེའི་དགེ་ལྡན་པའི་སྒྲུབ་སྡེ་ཁག་ལ་ཕུལ་བའི་སྙིང་གི་རེ་འདུན་དམར་བོ།།

                             ཡོང་ཁུངས།  བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།


                        

                 རྣམ་དག་ཁྲིམས་ཀྱིས་ཐུགས་རྒྱུད་ལེགས་པར་ཕྱུག།
                 དད་གསུམ་འོ་མའི་མཚོ་ལ་འཕེལ་འགྲིབ་བྲལ།།  
                 གཏན་གྱི་སྐྱབས་གཅིག་དགེ་འདུན་འདུས་པའི་སྡེར།།
                 མི་ཕྱེད་དད་ཕྱག་སྟོང་གིས་དུས་ཀུན་འདུད།།
      
དེ་ཡང་ང་ཚོའི་མིག་མཐོང་ལག་ཟིན་དང་དངོས་ཐོག་བདེན་འཚོལ་གཞིར་བྱས་ཁ་ཚ་དགོས་གཏུགས་ཀྱི་ཚིག་འགའ་ཞུས་ན། དེང་དུས་རང་རེའི་སྒྲུབ་སྡེ་མང་བོ་ཞིག་ཏུ་ཆོ་གའི་ཕྱག་ལེན་ཙམ་ཞིག་དང་གསང་སྔགས་ཀྱི་ཆོ་ག་ཙམ་ལ་གསང་སྔགས་སུ་འཁྲུལ་ཏེ། བསྐྱེད་རིམ་གྱི་དམིགས་རྣམ་སྐྱོང་རྒྱུ་ཕར་ཞོག་ཆོ་ག་ངག་ལ་བྱང་བའི་ཚེ་རང་ཉིད་གསང་སྔགས་པར་ཞེ་ནས་འདོད་པ་མང་དུ་བྱུང་དང་འབྱུང་བཞིན་པ་འདི་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པའི་རྟགས་སུ་ཆེ། དེས་ན་མ་མཐའ་ཡང་ཆོ་ག་ངག་ནས་འདོན་པའི་ཚེ་འདི་ནས་འདིའི་བར་ལྷའི་རྣལ་འབྱོར་འདི་དང་འདི་སྒོམ་དགོས་ཞེས་ཆོ་གའི་གོ་རིམ་ཙམ་མ་ངེས་ན། ཀུན་སློང་ཅི་ཙམ་རྣམ་པར་དག་ཀྱང་བཏོན་པའི་ཕན་ཡོན་ལས་རྒྱུད་སྡེ་ནས་བཤད་པའི་ལྷའི་རྣལ་འབྱོར་སྒོམ་པའི་གྲངས་སུ་མི་འགྲོ་བ་མཁྱེན་དགོས་སོ།།
      
དེས་ན་རྒྱུད་སྡེ་སོ་སོའི་དབང་རྣམ་པར་དག་པ་ཐོབ་ནས་དམ་སྡོམ་སྲུང་བ་གཞིར་བྱས་ཆོ་གའི་དམིགས་རྣམ་སྐྱོང་ཚུལ་མདོར་བསྡུས་རེ་ཤེས་པར་བྱས་ཏེ། གསང་སྔགས་ལ་མོས་པ་བརྟན་པོ་སྐྱེས་སུ་བཅུག་ནས་གཤིན་ཆོག་རེ་འདོན་པའམ། ཡང་ན་གྲངས་བསྙེན་རེ་བསགས་ནས་གསང་སྔགས་ལ་བག་ཆགས་བཟང་པོ་ཞིག་འཇོག་ཨེ་ཐུབ་ལ་འབད་རྒྱུ་གལ་ཆེ་གཞན་དུ་ན་ཟུང་འཇུག་རྡོ་རྗེའི་འཆང་གི་སར་བགྲོད་པའི་མྱུར་ལམ་དམ་པ། སངས་རྒྱས་ལས་ཀྱང་དཀོན་པའི་གསང་སྔགས་ཟབ་མོའི་ཆོ་ག་ཟ་ཆོག་ཁོ་ནར་བཟུང་ནས་གྲོང་གསེབ་ཉུལ་ཏེ་དལ་རྟེན་ཆུད་ཟོན་དུ་བཏང་ན་དེ་འདྲའི་ཕངས་པ་ལ།
      
བཤད་འདོད་པ་གཙོ་བོ་ནི། སྒྲུབ་སྡེ་སོ་སོའི་རང་རང་གི་གྲྭ་བ་གཞོན་སྐྱེས་ཚོ་དང་པོ་ནས་དཔལ་་འབྱོར་འཚོལ་བའི་ལམ་ཁར་གཏོང་རྐྱང་མི་བྱེད་པར་བྱང་གྲོལ་ཐར་བའི་ལམ་དུ་འཁྲིད་ཅི་ཐུབ་བྱེད་དགོས་ན་བཤད་གྲྭ་ཁག་ཏུ་སློབ་གཉེར་ལ་བཏང་སྟེ། འཇམ་མགོན་རྒྱལ་བའི་ཞལ་ནས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཞེས་གསུངས་བའི་རྣམ་ཐར་ལ་སློབ་ཅི་ཐུབ་བྱེད་རྒྱུ་གལ་ཆེ། དེ་ལས་གཞན་འཇིག་རྟེན་གྱི་བྱ་བ་ཁོ་ནའི་དུས་འདའ་ན། མཁས་གྲུབ་ཆོས་ཀྱི་རྒྱལ་བོས། སྒོ་གསུམ་སྤྱོད་པ་བག་མེད་རང་དགར་སྤྱོད།།ཚོང་དང་ཞིང་ལས་ཁྱིམ་གྱི་བྱ་བར་བྲེལ།།ཁྲེལ་མེད་ལྟོ་གོས་འབའ་ཞིག་དོན་གཉེར་བའི།།མགོ་རེག་ཕལ་ཆེར་བཙུན་པའི་གཟུགས་བརྙན་ཡིན།།རྣམ་དག་བསླབ་པས་བསྡམས་པའི་དགེ་སློང་ནི།།གཅིག་ཀྱང་མེད་པར་རྟགས་ཙམ་བསྒྱུར་བ་ཡི།།བཟའ་བཏུང་དོན་གཉེར་ཁྱིམ་པའི་བརྟུལ་ཞུགས་ཅན།།བརྒྱ་སྟོང་ཚོཊ་ཀྱང་དགེ་འདུན་གཟུགས་བརྙན་ཡིན།།ཞེས་གསུངས་བ་ལྟར་དུ་འགྲོ་ཉེན་ཤིན་དུ་ཆེ་བས།།དེར་མ་སོང་པ་ཞིག་ལ་དགོན་སྡེ་ཁག་ནས་ཅིས་ཀྱང་འབད་པ་བསྟེན་དགོས། གཞན་མཁྲེགས་འཛིན་དང་རྙིང་ཞེན་ཁོ་ནས་གཞོན་སྐྱེས་ཚོའི་འདུམ་ལམ་རྩིས་མེད་རྡོག་རོལ་དུ་བཏང་ནས་བསྟན་པའི་ཞབས་འདྲེན་དང་དུས་རབས་དང་སྤྱི་ཚོགས་ཀྱི་ཉེས་ཅན་དུ་འགྱུར་བར་གདོན་མི་ཟའོ།། དེས་ན་དགོན་སྡེ་རང་རང་གི་བླ་སྤྲུལ་་རྣམས་དང་ལས་ཀྱི་སྣེ་མོ་བ་རྒན་པ་བྱིངས་ནས་རང་རང་གི་ས་ནས་ཆེ་མདོག་དང་རྫིགས་མདོག་གི་ཉམས་ཀྱིས་དགོན་པའི་མང་ཙམ་གྱིས་ཚིམ་ནས་མི་སྡོད་པར་བསྟན་འགྲོ་སྤྱི་ལ་ཕན་པའི་རླབས་ཆེན་བྱ་བཞག་རེ་ད་ལྟ་ནས་སྒྲུབ་རྒྱུ་གལ་ཆེ། དེ་མིན་པར་དུས་རབས་ཉེར་གཅིག་པ་འདིར་ང་ཚོའི་ལག་ནས་འཇམ་མགོན་བླ་མའི་བཤད་སྒྲུབ་ཟུང་འབྲེལ་ལམ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་རིང་མིན་ནུབ་གྱི་རི་ལ་ཡལ་ན་བསྟན་པའི་བདག་པོ་དང་སྔོན་བྱོན་མེས་པོ་རྣམས་པ། མ་འོངས་མི་རབས་ཡོངས་ལ་ཁྲེལ་མེད་དང་མ་རུངས་བ་བྱེད་རྒྱུ་དེ་ལས་གཞན་ཅི་འདུག་སོམས་དང་ཤེས་པར་འགྱུར། བཤད་པའི་སྙིང་བོ་མདོར་བསྡུས་ན། སྒྲུབ་སྡེ་རང་རང་གིས་ད་ལྟ་ནས་གྲྭ་གཞོན་བློ་གསལ་ཞིང་ཡིད་གཞུངས་པ་ཅི་མཆིས་ཐམས་ཅད་ལ་རྟིང་སྐུལ་ཚ་ནན་བཅས་བཤད་གྲྭ་ཚད་ལྡན་ཞིག་ལ་མངགས་གཏོང་གནང་རྒྱུ་དེ་རེ་བ་ཉག་གཅིག་ཡིན་པས་བསྟན་འགྲོའི་དོན་ལ་ཐུགས་དགོངས་གཏིང་ཟབ་བཞེས་ཏེ་དེ་དེ་བཞིན་དུ་སྒྲུབ་རྒྱུ་ཐུགས་ལས་མི་འདོར་བ་ཅིས་ཀྱང་མཁྱེན་མཁྱེན་ཞུ།
                 འཇམ་མགོན་རྒྱལ་བའི་ལྟ་གྲུབ་གསེར་བཟང་གི་རིན་ཐང་།།

                 ཀུན་རྟོག་ཡིད་ཀྱི་ཟབ་སར་སྔ་ས་ནས་ཡོད་ཀྱང་།།

                 གཅིག་སྒྲིལ་གསེར་གྱི་ཟམ་པའི་འགྲོ་ལམ་དེ་མེད་ན།།

                 ལྷག་བསམ་དྲང་བདེན་ཡོད་ཀྱང་ས་ཞིག་གིས་སྒྲུབ་ནུས།།

       ཞེས་པ་ནི་འཇུག་བསྡུ་བའི་ཚིགས་སུ་བཅད་ཅིང་། དགེ་ལྡན་བསྟན་པའི་བདག་པོ་འཇམ་མགོན་རྒྱལ་བའི་དབང་བོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཁོ་ན་སྙིང་ལ་བརྣག་པའི་གྱི་ན་བ་སེར་བྱེས་དགེ་བཤེས་རྟོག་གྲོལ་ཡོན་ཏན་རྒྱ་མཚོས་སོར་བཅུའི་འདབ་མ་སྙིང་གར་ཟུམ་ཏེ་ཕུལ་བ་ལགས་ན་ཅིས་ཀྱང་ཐུགས་རྟོག་གནང་རྒྱུ་མཁྱེན་མཁྱེན།

        ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ལྗོངས་རིག་གནས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 05:01 , Processed in 0.022247 second(s), 21 queries .

返回顶部