博客西藏在最高处过一种生活

日志

༄༅།།བོད་དུ་སྐྱེས་ས་རིགས་རུས་མཐོ་དམན་དང་ག ...

已有 74 次阅读2019-5-16 08:54 |系统分类:文化


                   ༄༅།།བོད་དུ་སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་སྨྲ་བའི་ལྟ་བ་ཇི་ལྟར་དར་ཁྱབ་བྱུང་ཚུལ་སྐོར་གླེང་བ།
                                     ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྒྱལ་རྩེ་བ་དཔལ་ལྡན།

                                  
      [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་རྩོམ་པ་པོས་དངོས་ཐོག་བདེན་འཚོལ་གྱིས་ཕྱི་རོལ་ཡུལ་གྱི་དོན་དངོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་དང་འཇིག་རྟེན། ལས་རིགས་དང་འཚོ་བའི་ལག་ལེན་དངོས། ལོ་དུས་དང་ས་གནས། མི་དཔང་དང་དངོས་དཔང་སོགས་ཁུངས་བཙན་བགྲངས་ནས་སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཙོག་སྨྲ་བའི་ལོ་རྒྱུས་ཀྱི་ཤུལ་བཞག་ལྟ་བ་འདིའི་ཐོག་མའི་འབྱུང་ཁུངས་དང་། མཇུག་གི་འཕེལ་རིམ། ད་ལྟའི་གནས་སྟངས་བཅས་ལ་ཕྱོགས་གང་ས་ཅི་ཐད་ནས་ཐེར་འདོན་བྱས་ཏེ། སྲོལ་ངན་འདི་དག་མེད་པར་བཟོས་ན་ད་གཟོད་འདྲ་མཉམ་དང་། མཐུན་སྒྲིལ། འཆམ་མཐུན་གྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་ཐུབ་པ་དང་། རང་རེའི་རྒྱལ་ཁབ་འབྱོར་འབྲིང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དགེ་མཚན་བསྐྲུན་ཐུབ་པ་བསྟན་ཡོད།
      [བརྡ་ཆད་གཙོ་བོ།] སྐྱེས་ས་རིགས་རུས་མཐོ་དམན། གཙང་བཙོག་སྨྲ་བའི་ལྟ་བ། བོད་ཀྱི་སྤྱི་ཚོགས།
      [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
      [ཡིག་ཚང་མཚན་བྱང་།] A
      [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002(9060)2014-01-0063-22  
      ང་ཚོ་བོད་རིགས་ཟེར་བ་ནི་ལས་ལ་བརྩོན་ཞིང་སྡུག་རུས་ཐེག་པ། སྤྱང་གྲུང་དོད་ལ་བྱམས་སྙིང་རྗེ་དང་ལྡན་པ། ལས་རྒྱུ་འབྲས་ལ་བརྩི་མཐོང་ཆེན་པོ་བྱེད་པ། ཁོར་ཡུག་གི་རང་བྱུང་ཆགས་ཚུལ་དང་། ཡུལ་སྲོལ་གོམས་གཤིས་སོགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ། གཞི་རྩའི་ཆ་ནས་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན། འོན་ཀྱང་། རང་གི་མི་རིགས་ནང་ཁུལ་དུ་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་སྨྲ་བའི་ཧ་ཅང་རྗེས་ལུས་ཀྱི་ལྟ་བ་དང་གོམས་སྲོལ་ངན་པ་དེ་ད་ལྟ་ཡང་མ་ཉམས་སོར་ཆུད་དུ་ཉར་ཚགས་དམ་པོ་བྱས་ཡོད་པ་མ་ཟད། སྔར་མུས་བཞིན་མི་རྣམས་ཀྱི་བསམ་པའི་འདུ་ཤེས་ཀྱི་ཁྱབ་ཁོངས་བཟུང་ཡོད་པ་རེད། བོད་ཆོས་ལྡན་ཀྱི་ཞིང་ཁམས་ཞེས་མཚན་སྙན་ཐོབ་པ་དང་། དད་ལྡན་ཚང་མས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་ཤོག་ཅེས་དུས་རྟག་ཏུ་གསོལ་བ་སྨོན་ལམ་འདེབས་པའི་གནས་མཆོག་འདིར་ཕ་མེས་ཀྱི་རིགས་རུས་དེད་ནས་མཐོང་ཆུང་བྱེད་པའི་རྙིང་ཞེན་བག་འཁུམས་དང་ཤེས་མེད་རྗེས་ལུས་ཀྱི་སྲོལ་ངན་འདི་འདྲ་ད་དུང་གནས་ཡོད་པ་ནི་འཛམ་གླིང་མི་རིགས་སྤྱི་དང་ལྷག་པར་རྒྱལ་ནང་སྤུན་ཟླ་མི་རིགས་མང་པོའི་ཁྲོད་ང་ཚོའི་ཞབས་འདྲེན་དང་ངོ་གནོང་དགོས་པ་ཞིག་ཏུ་འཁུམས། གནས་ཚུལ་དེ་ལྟ་བུའི་འོག་གུས་པས་བློས་མ་བཟོད་པར། བོད་ཀྱི་ལོ་རྒྱུས་ཀྱི་གཞུང་དང་དམ་པའི་ཆོས་ཀྱི་ལུང་། བགྲེས་སོང་མང་པོའི་ངག་རྒྱུན། དེ་བཞིན་ང་རང་ཉིད་ཞིང་འབྲོག་ཁུལ་དུ་ལོ་མང་ལས་དོན་སྒྲུབ་པ་དང་འཚོ་བ་བསྐྱལ་བའི་ལག་ལེན་དངོས་ནང་ཤེས་རྟོགས་བྱུང་བའི་གནད་དོན་དངོས་བཅས་གཞིར་བཟུང་སྟེ་རྩོམ་ཡིག་འདི་བྲིས་སོ།།
     དང་པོ། སྐྱེས་ས་རིགས་རུས་མཐོ་དམའ་དང་གཙང་བཙོག་སྨྲ་བའི་ལྟ་བ་འདིའི་ད་ལྟའི་གནས་སྟངས་སྐོར།
     གཏམ་ཡིག་རྩིས་མི་ཡི་དཔོན་པོ་རེད། བཟོ་ལག་ཤེས་མི་ཡི་གཡོག་པོ་རེད། ཟེར་བ་འདི་ནི་ང་ཚོ་བོད་པའི་ཁ་རྒྱུན་ལ་བྱང་ཡོད་པ་ལྟར། ལས་རིགས་དང་གོ་གནས་ལ་མཐོ་དམའ་དང་ལེགས་ཞན་གྱི་དབྱེ་བ་ཡོད་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀུན་ལ་དར་བའི་ཆོས་ཉིད་ཅིག་ཡིན་ནའང་། ཁྱིམ་རྒྱུད་དེད་ནས་སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཙོག་སྐོར་སྨྲ་བ་ནི་ཁུངས་ལུང་ལ་མི་འགྲོ་བ་དང་། གཞི་འཛིན་ས་གཏན་ནས་མེད་པ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཚན་རིག་གི་ལྟ་བ་དང་ཡང་ཡོངས་སུ་མི་མཐུན།  
     བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་60ལྷག་ཙམ་འདས་ཟིན་ལ། འདི་ལོ་བོད་ཆུ་འབྲུག་ལོར་དགུང་གྲངས་དྲུག་བཅུ་ཡས་མས་སོན་པའི་བགྲེས་སོང་ཚོ་ནི་1959ལོར་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱེད་སྐབས་ལོ་བཅུ་ལས་མ་སོན་པའི་ན་ཆུང་བྱིས་པ་ཤ་སྟག་རེད། ཁོ་ཚོ་སྤྱི་ཚོགས་རྙིང་པར་སྐྱེས་པ་མ་གཏོགས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་དེའི་གང་ཅིའི་ཐད་ལ་མྱོང་ཚོར་གསལ་པོ་གང་ཡང་མེད། ཁོ་ཚོ་ནི་དར་དམར་འོག་འཚར་ལོངས་བྱུང་ཞིང་། གསར་བརྗེའི་ལས་འགུལ་སྣ་ཚོགས་དང་། སྐྱིད་སྡུག་མང་པོ་བརྒྱུད་པའི་མི་རྒན་དང་། བུ་ཕྲུག་དང་ཚ་བོ་ཚ་མོ་མང་པོས་བསྐོར་བའི་སྤོ་བོ་རྨོ་བོར་ཆགས་ཡོད་པ་རེད། ཁོ་ཚོའི་མི་ཚེའི་ལོ་དྲུག་བཅུ་ནི་སྤྱི་ཚོགས་ལམ་ལུགས་ལ་གནམ་ས་མགོ་རྟིང་སློག་པ་ལྟ་བུའི་འཕོ་འགྱུར་བྱུང་བའི་ལོ་དྲུག་བཅུ་དང་། རིག་གནས་སློབ་གསོ་དང་ཚན་རྩལ་ཧ་ཅང་ཡར་རྒྱས་ཕྱིན་པའི་ལོ་དྲུག་བཅུ། དཔལ་འབྱོར་འཛུགས་སྐྲུན་འཕུར་སྐྱོད་ལྟ་བུར་གོང་འཕེལ་ཕྱིན་པའི་ལོ་དྲུག་བཅུ་རེད། ལོ་དྲུག་བཅུ་སྔོན་གྱི་གཉའ་གནོན་གཏོང་མཁན་དང་། གཉའ་གནོན་མྱོང་མཁན། བཤུ་གཞོག་གཏོང་མཁན་དང་བཤུ་གཞོག་མྱོང་མཁན། ཞིང་བྲན་བདག་པོ་དང་། བྲན་གཡོག སྐུ་དྲག་དང་མི་སེར། དཔོན་པོ་དང་གཡོག་པོ་སོགས་ཆབ་སྲིད་དང་། ཁྲིམས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པ་དང་། སྐྱེས་ཁུངས་མཐོ་དམན་གྱི་ལྟ་བ་དང་། མི་དང་མིའི་དབར་གྱི་འབྲེལ་བ་དེ་དག་ཀྱང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་དེ་རྩ་མེད་དུ་ཕྱིན་པ་དང་དུས་མཚུངས་འཕོ་འགྱུར་བྱུང་སྟེ། ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་ཀྱི་བདག་པོ་གྱུར་པ་རེད། འོན་ཀྱང་བློ་སེམས་ཤིན་ཏུ་ཕམ་པ་ཞིག་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་སྐབས་སུ་ཕ་མེས་ཀྱི་ལས་རིགས་ལ་གཞིགས་ཏེ་སུ་ཞིག་སྐྱེས་ས་རིགས་རུས་མཐོ་བ་དང་། རིགས་རུས་གཙང་མ་དང་། སུ་ཞིག་རིགས་རུས་བཙོག་པ་ཡིན་པ་སྨྲ་བའི་ལྟ་བ་དང་། སྲོལ་ངན་ལ་འགྱུར་བ་ཏིལ་འབྲུ་ཙམ་ཡང་མ་བྱུང་བར། ད་ལྟ་ཡང་བོད་ལྗོངས་སྤྱི་དང་ལྷག་པར་དུ་དབུས་གཙང་ཁུལ་དུ་མ་ཉམས་མཁྲེགས་བཟུང་བྱས་ཡོད་པ་རེད། དེ་ནི་ང་ཚོས་ནན་ཏན་གྱིས་བསམ་བློ་གཏོང་དགོས་པའི་གནད་དོན་ཆེན་པོ་ཞིག་མ་ཡིན་ནམ། གལ་ཏེ་གནད་དོན་འདིའི་མཐིལ་མཐར་ཕྱིན་པ་ཞིག་མ་རྟོགས་པ་དང་། གསལ་ཐག་ཆོད་པ་ཞིག་བཟོ་མ་ཐུབ་ཚེ་ད་དུང་མུ་མཐུད་མི་རབས་མང་པོས་མུན་འཐོམས་ཀྱིས་རྒྱུད་འཛིན་བྱ་ངེས་ཡིན།  
     མི་རྣམས་ཚང་མར་ལས་གནས་མཐོ་བ་དང་། ལས་རིགས་ཡག་པ། ལས་ཀ་གཙང་བ་དག་ཁོ་ན་བྱེད་རྒྱུའི་བསམ་འདུན་བཟང་པོ་ཞིག་ཡོད་ཀྱང་། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་རང་ངོས་ཀྱི་ནང་རྐྱེན་ལ་བརྟེན་ནས་ལས་རིགས་དམན་པ་དང་བཙོག་པ་འདི་ཚོ་མི་འདོད་བཞིན་དུ་བྱེད་དགོས་ཀྱི་ཡོད་པ་རེད། ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་ཡིན་ཡང་འགའ་རེ་དཔོན་གནས་མཐོན་པོ་དང་། ཚོང་པ་ཆེན་པོ། ཤེས་ལྡན་མཁས་པའི་དབང་པོ་སོགས་གྲགས་ཅན་མི་སྣར་གྱུར་བ་དང་། འགའ་རེ་ནི་མི་སེར་དཀྱུས་མ་ཡིན་པ་མ་ཟད། ལས་ཀ་ཐ་ཞན་གྱི་རིགས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱོབ་གསོ་ཟ་མཁན་དུ་གྱུར་བ་དེ་འདྲ་གང་སར་མཐོང་རྒྱུ་ཡོད། ང་ཚོས་ལས་རིགས་མཐོ་དམན་དང་། ལས་ཀ་གཙང་བཙོག་གང་ཞིག་ཡིན་རུང་གཅིག་ཀྱང་མེད་དུ་མི་རུང་བ་ཤ་སྟག་ཡིན་པའི་བསམ་བློའི་ལྟ་བ་ཡང་དག་པ་ཞིག་འཛུགས་དགོས། གལ་ཏེ་བཙོག་ཞན་ངན་གསུམ་གྱི་ལས་རིགས་འདི་དག་བྱེད་མཁན་མེད་ན་མིའི་རིགས་སྤྱི་ཚོགས་ཀྱི་འཕྲུལ་འཁོར་ཧྲིལ་པོ་འདི་ཇི་ལྟར་འཁོར་བསྐྱོད་བྱེད་དམ། གལ་ཏེ་ལག་བཟོ་ཤེས་མཁན་མེད་ན་ཐོན་སྐྱེད་ཀྱི་ལག་ཆ་དང་འཚོ་བའི་མཁོ་ཆས་ཇི་ལྟར་ཡོང་། མཁར་དང་ཕོ་བྲང་སུ་ཡིས་བསྐྲུན། སྐུ་གསུང་ཐུགས་བརྟེན་སུ་ཡིས་བཞེངས། ཕྱུག་པོའི་མཆོར་ཆས་སུ་ཡིས་བཟོ། གལ་ཏེ་ཕྱུགས་རིགས་བཤའ་མཁན་བཤན་པ་མེད་ཚེ་སེམས་ཅན་ལ་བྱམས་དང་སྙིང་རྗེ་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་དང་། དགེ་བའི་ལས་ལ་བརྩོན་ཞིང་། བསྙེན་གནས་སྡོམ་པ་སྲུང་མཁན་དད་ལྡན་པ་རྣམས་ལ་རྣམ་གསུམ་དག་པའི་ཤ་མཆོད་དག་གང་ནས་ཡོང་གི་རེད། གལ་ཏེ་ཁོར་ཡུག་གཙང་སྦྲའི་ལས་རིགས་བྱེད་མཁན་མེད་ཚེ། འདུ་ལོང་ཆེ་བའི་གྲོང་ཁྱེར་གཙང་སྦྲ་དང་མཛེས་སྡུག་ལྡན་པ་ཡོང་ག་ལ་ཐུབ། དེ་དག་ལ་སོགས་པ་ལས་རིགས་མཆོག་དམན་དང་། བཟང་ཞན། གཙང་བཙོག་གང་ཞིག་ཡིན་ཡང་རུང་། ཚང་མ་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་གལ་ཆེའི་གྲུབ་ཆའི་གྲས་ཤིག་དང་། མི་རྣམས་འཚོ་གནས་བྱེད་པའི་ཐབས་ལམ་ཤ་སྟག་རེད། འོན་ཀྱང་བོད་རིགས་ས་ཁུལ་སྤྱི་དང་། ལྷག་པར་དབུས་གཙང་ཁུལ་དུ་ལས་རིགས་འགའ་ཤས་བྱེད་མཁན་ལ་མཐོང་ཆུང་བྱས་པས་མི་ཚད། ཁོ་ཚོ་རིགས་རུས་དམན་པ་དང་སྐྱེས་ཁུངས་བཙོག་པར་བརྩིས་ཏེ་ལས་རིགས་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད་ཀྱང་། སྤྱི་ཚོགས་ཀྱི་སྐྱེས་ཁུངས་མི་རྒྱུད་དེད་དེ་མཐོང་ཆུང་དང་དམའ་འབེབས་བྱེད་པ། བུ་ཕྲུག་ཚོའི་གཉེན་སྒྲིག་གི་བྱ་བ་དེ་ཡང་གཙང་བཙོག་མ་འདྲེས་པ་བྱེད་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་གྱི་ཡོད་པ་རེད། རིགས་རུས་མཐོ་དམན་དང་གཙང་བཙོག་དབྱེ་བའི་སྲོལ་ངན་དེས་ཉེས་པ་ཏིལ་འབྲུ་ཙམ་ཡང་མེད་པའི་མི་རབས་མི་རྒྱུད་ཀྱི་ཤུལ་འཛིན་པ་ཚོར་རང་དམའ་ཞན་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་མ་ཟད། ཁོ་ཚོའི་མ་འོངས་པའི་མདུན་ལམ་ལ་བཀག་འགོག་དང་རང་སེམས་ཆགས་པའི་བརྩེ་གྲོགས་དང་མཛའ་གྲོགས། བཟའ་ཟླ་བཅས་ལའང་ཁ་བྲལ་དགོས་པ་སོགས་མི་ཚེ་ཧྲིལ་པོར་མུན་འཐོམས་ཀྱི་སེམས་པའི་རྒྱབ་འཁུར་ཆེན་པོ་ཞིག་ཏུ་གྱུར་བསྡད་ཡོད་པ་རེད། ཉེ་དུས་ལོ་བཅུ་ལྷག་ཙམ་གྱི་ནང་བོད་ཀྱི་ས་ཁུལ་འགའ་ཤས་ནས་རིགས་རྒྱུད་མཐོང་ཆུང་མྱོང་མཁན་གྱི་ན་ཆུང་བུ་མོ་མི་ཉུང་བ་ཞིག་རང་ཉིད་དང་ཆོས་དད་མི་འདྲ་བ། འཚོ་བའི་གོམས་གཤིས་མི་འདྲ་བ། ལྟོ་གོས་གཏམ་གསུམ་ལུགས་སྲོལ་མི་འདྲ་བ། ཆ་རྒྱུས་གང་ཡང་མེད་པའི་ཐག་རིང་ཡུལ་ལ་མནའ་མ་བྱེད་པར་འགྲོ་གི་ཡོད་པ་རེད། དེ་ནི་ཁོ་མོ་ཚོས་བསམ་གཞིགས་ནན་ཏན་བྱས་ནས་གདམ་ག་བྱས་པ་ཞིག་མིན་ན། ཁོ་ཚོར་ཐར་པའི་གོ་འཕང་ཐོབ་པ་ན་ཨེ་ཡིན་ལགས།  
     བོད་ལ་ཞི་བས་བཅིངས་འགྲོལ་ཐོབ་པ་དང་། དམངས་གཙོའི་བཅོས་བསྒྱུར་བཏང་བ་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་གནམ་ས་མགོ་རྟིང་སློག་པ་ལྟ་བུའི་འཕོ་འགྱུར་བྱུང་སྟེ། ངལ་རྩོལ་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ཅིང་། མི་ལུས་རང་དབང་དང་། ཁེ་དབང་འདྲ་མཉམ། ཕོ་མོ་འདྲ་མཉམ། ཁྱིམ་ཚང་གི་བདག་པོར་གྱུར་པ། ས་ཞིང་དང་རྩྭ་ཐང་། ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆས་དང་། ཐོན་སྐྱེད་ལག་ཆ་སོགས་བགོ་འགྲེམ་བྱུང་སྟེ། སྤྱི་ཚོགས་ཀྱི་བདག་པོར་གྱུར་བ་རེད། ཏང་དང་སྲིད་གཞུང་གིས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་། ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཏང་བ་དང་འབྲེལ་བསམ་པའི་དཔལ་ཡོན་ཤུགས་ཆེན་འཛུགས་སྐྲུན་བྱས་པའི་ནང་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཚན་རིག་གིས་གོང་འཕེལ་གཏོང་བའི་ལྟ་བའི་སློབ་གསོ་སོགས་རྒྱུན་ཆད་མེད་པར་དམ་འཛིན་བྱས་པར་བརྟེན་བྱ་གཞག་གང་ཅིར་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད། འོན་ཀྱང་རིགས་རུས་མཐོ་དམན་དང་། གཙང་བཙོག་དབྱེ་བའི་རྗེས་ལུས་ཀྱི་བསམ་བློའི་ལྟ་བ་དང་སྲོལ་ངན་དེར་ཧ་ལམ་གཡོ་འགུལ་མ་ཐུབ་པར་ད་ལྟ་ཡང་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱུན་འཁྱོངས་མཁྲེགས་བཟུང་ངང་རྐང་པ་བརྟན་པོར་བཙུགས་ཤིང་། གནོང་འགྱོད་མེད་པའི་མི་རབས་རྗེས་མ་ཚོར་གནོད་འཚེ་བཏང་དང་གཏོང་མུས་རེད། ད་དུང་ཡང་ལྟ་རྒྱ་དང་མཐོང་རྒྱ་ཞན་པ། ལོ་རྒྱུས་ཀྱི་ཤེས་བྱ་དམན་པ། མུན་འཐོམ་དང་རྨོངས་གཉིད་ལས་མ་སད་པའི་སྐྱེ་བོ་རྣམས་ནས་སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་འོག་རིགས་རུས་མཐོ་དམན་དང་སྐྱེས་ས་གཙང་བཙོག་ཁས་ལེན་དང་། གཅེས་འཛིན་གྱིས་སྐྱེས་ཁུངས་རིགས་རུས་མཐོ་བ་དང་། གཙང་མ་ཡིན་ན་མི་གཤིས་དང་། སྤྱོད་ལམ་ཡག་པ་དང་། སྐྱེས་ས་དམའ་བ་དང་བཙོག་པ་ཡིན་ན་དེ་བཞིན་མི་གཤིས་དང་། སྤྱོད་ལམ་ཞན་པ་ཡོད་པའི་ཤོད་རྒྱུན་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་ནི་སེམས་གཙོ་སྨྲ་བའི་ལྟ་བ་སྐྱུག་བྲོ་བ་ཞིག་མ་རེད་དམ། མི་ལ་ལྷན་སྐྱེས་ཀྱི་སྤྱང་གྲུང་དོད་པོ་ཡོད་པ་ལས་མི་གཤིས་དང་སྤྱོད་ལམ་ནི་ཁྱིམ་ཚང་གི་དཔལ་འབྱོར་དང་། ཕ་མ་དང་དགེ་རྒན་གྱི་སློབ་གསོ། ཁོར་ཡུག་གི་ཤུགས་རྐྱེན་སྣ་ཚོགས་འོག་འཚར་ལོངས་བྱུང་བའི་རྒྱུད་རིམ་རིམ་བཞིན་གྲུབ་པ་ལས། སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཙོག་ཟེར་བ་ལ་བརྟེན་ནས་མི་གཤིས་དང་། སྤྱོད་པ་གཏན་ལ་འཁེལ་བ་ཟེར་བ་ནི་ཁུངས་ལུང་གཏན་ནས་མེད་པའི་འཆལ་གཏམ་རང་རེད། ད་ལྟ་སྐྱེས་ས་རིགས་རུས་དམའ་བ་དང་བཙོག་པ་རེད་ཟེར་བའི་མི་མང་པོ་ཏང་དང་རྒྱལ་ཁབ་ཀྱི་གསོ་སྐྱོང་འོག་རང་གི་འབད་བརྩོན་ལ་བརྟེན་ནས་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གི་ནང་འགོ་ཁྲིད་དང་རྐང་འཛིན་གྱི་ནུས་པ་འདོན་མཁན་ཕུལ་བྱུང་གི་སྐྱེ་བོ་མང་པོ་ཐོན་དང་ཐོན་མུས་མ་ཡིན་ནམ། སྤྱི་ཚོགས་ཀྱི་ལམ་ལུགས་ལ་འཕོ་འགྱུར་འདི་ལྟ་བུ་བྱུང་བ་དང་། དཔལ་འབྱོར་གོང་འཕེལ་འདི་ལྟ་བུ་བྱུང་བ། ཚན་རིག་ལག་རྩལ་གོང་འཕེལ་འདི་ལྟ་བུ་བྱུང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག ད་དུང་སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་སྨྲ་བ་ཁས་ལེན་དང་བརྩི་འཇོག་ཆེན་པོ་བྱེད་པ་འདི་ནི་དེ་འདྲའི་རྗེས་ལུས་དང་དེ་འདྲའི་བླུན་རྟགས་ཚ་པོ་མ་རེད་དམ། 
     ང་ཚོ་བོད་མི་རིགས་མང་ཆེ་བ་སངས་རྒྱས་ཀྱི་ཆོས་ལ་དད་པ་ཆེན་པོ་བྱེད་པའི་མི་རིགས་ཤིག་རེད། དེ་ནི་ཧ་ཅང་ཡག་པོ་ཞིག་རེད། གང་ཡིན་ཞེ་ན། སངས་རྒྱས་ཀྱི་ཆོས་ལ་དད་པར་བརྟེན་ནས་གཞན་ལ་བྱམས་དང་སྙིང་རྗེའི་བསམ་པ་སྐྱེས་པ་དང་། ལས་རྒྱུ་འབྲས་ལ་བརྩི་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་རེད། སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ཀྱི་ནང་དུ་“མཉམ་པ་ཉིད་རྣམ་པར་དག་པ་”ཞེས་གསུངས་པའི་གོ་དོན་ནི་མི་རྣམས་འཇིག་རྟེན་འདིར་སྐྱེས་པའི་ཐོག་མའི་དུས་སུ་མིའི་ལྷན་སྐྱེས་རང་བཞིན་ཚང་མ་འདྲ་མཉམ་དང་།“ལྷད་མེད་གཅིག་མཚུངས་ཡིན་”ཞེས་དང་“ཆོས་ཐམས་ཅད་བདག་མེད་པ་”ཞེས་པའི་གོ་དོན་ནི། ཆོས་ཀྱི་མདུན་དུ་ང་ཟེར་བ་མེད་པས་ན་མི་ཚང་མ་འདྲ་མཉམ་ཡིན་ཟེར་བའི་དོན་རེད། ཡང་“འདུས་བྱས་ཐམས་ཅད་མི་རྟག་པ་”ཞེས་པའི་གོ་དོན་ནི་འཇིག་རྟེན་འདིའི་སྟེང་དུ་འཛོམས་པའི་སྐྱེ་བོ་མཐའ་དག་སྐྱེས་རྒ་ན་འཆིའི་གནས་ལས་ཐར་ཐབས་མེད་པའི་དོན་ཏེ། སྐྱེས་པ་དང་རྒས་པ། ན་བ་དང་འཆི་བ་བཅས་ཀྱི་མདུན་དུ་མི་ཚང་མའི་ཐོབ་ཐང་ལ་ཁྱད་པར་རྩ་བ་ནས་མེད་པའི་དོན་དང་། ཡང་“སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་སུ་གནས་པར་གྱུར་ཅིག་” ཅེས་པ་ནི། མི་ཚང་མར་བདེ་སྐྱིད་གཅིག་མཚུངས་སུ་ལོངས་་སྤྱོད་ཐོབ་པའི་བསམ་པ་བཅངས་དགོས་པ་ལས་ངོ་དགའ་ཕྱོགས་ཞེན་དང་རིགས་རྒྱུད་མཐོང་ཆུང་སོགས་མེད་པར་ཚང་མར་བཏང་སྙོམས་ཀྱི་ལྟ་བ་འཛིན་དགོས་ཟེར་བའི་གོ་དོན་ཧ་ཅང་གསལ་པོ་གསུངས་ཡོད་པ་རེད། སྤྱི་ཚོགས་རྙིང་པའི་སྐབས་སུ་མི་དམངས་ཀྱི་ཁྲོད་དུ། “ཡར་གྱི་བདེ་ཅན་ཞིང་ཁམས་སྐྱིད་པོ་ཨེ་ཡོད་བསམ་གྱིས། མཚན་ལྡན་བླ་མ་མང་པོ་ཕྱིར་ལྟས་སློག་ནས་ལོག་བྱུང་། མར་གྱི་དམྱལ་ཁམས་བཅོ་བརྒྱད་སྡུག་པོ་ཨེ་ཡོད་བསམ་གྱིས། འབྱོར་ལྡན་དཔོན་པོ་མང་པོ་ཧབ་ཐོབ་རྒྱབ་ནས་ཕེབས་ཀྱིས།”  ཞེས་གླུ་གཞས་འདི་འདྲ་ཞིག་གཏོང་གི་ཡོད་པ་རེད། གཞས་ཚིག་འདིས་མི་སུ་དང་གང་ཞིག་ཚེ་ཕྱི་མ་སྐྱེས་གནས་གང་ཞིག་ཐོབ་མིན་ནི་ཚེ་ད་རེས་རང་ཉིད་ཀྱི་བྱ་སྤྱོད་ལེགས་ཞན་གྱི་རྒྱུ་ལ། ཚེ་ཕྱི་མ་ལས་ཀྱི་འབྲས་བུ་བཏགས་རྒྱུ་ཡིན་པ་ལས། སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་ཟེར་བའི་དབྱེ་འབྱེད་མེད་ཟེར་བ་རེད། བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ལ་བརྩི་འཇོག་ཆེན་པོ་བྱེད་པ་ནི། རང་རིགས་པའི་ལྷན་སྐྱེས་རང་བཞིན་གྱི་བསམ་པ་དང་། བློ་དཀར་གཞུང་དྲང་གི་བསམ་བློ། ཡ་རབས་ཀུན་སྤྱོད་ཀྱི་མཚོན་བྱེད་ཡིན། འོན་ཀྱང་རང་རིགས་ནང་ཁུལ་དུ་མི་རིགས་གཞན་སུ་ལ་ཡང་མེད་པའི་ཁྱིམ་ཚང་གི་སྐྱེས་ཁུངས་མི་རྒྱུད་དེད་དེ་རིགས་རུས་རྩིས་སྲོལ་ངན་པ་འདི་འདྲ་ད་དུང་མ་ཉམས་མཁྲེགས་སྲུང་བྱེད་པ་དེ་ནི་བོད་ཆོས་ལྡན་ཞིང་ཁམས་ཀྱི་མཚན་ཤས་དང་ཞབས་འདྲེན་མ་ཡིན་ནམ། འགྲོ་བ་རིགས་དྲུག་ཐམས་ཅད་སྐྱབས་རྒྱུ་ཕར་ཞོགས། ང་ཚོ་སྤུན་ཟླ་མི་རིགས་ནང་ཁུལ་དུ་ཕ་མེས་ཀྱི་རིགས་རུས་དེད་ནས་ཕན་ཚུན་མཐོང་ཆུང་བྱེད་པའི་སྲོལ་ངན་དེ་དོར་མི་ཐུབ་པ་གང་ཡིན་ནམ། དེ་གསལ་པོར་བཤད་ན།  
     གཅིག ང་ཚོའི་བསམ་བློའི་ནང་གི་བག་ཆགས་ཏེ། བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱིས་བཞག་པའི་མུན་འཐོམས་ཀྱིས་ངོས་འཛིན་དང་། མུན་འཐོམས་ཀྱིས་ཡིད་ཆེས། མུན་འཐོམས་ཀྱིས་དད་པ་བྱེད་པའི་རྗེས་ལུས་བསམ་བློའི་འཆིངས་ཐག་ལས་མ་གྲོལ་བའི་རྟགས་མཚན་ཏེ། བླ་མ་རེད་ཟེར་ན་བདེན་རྫུན་མི་དབྱེ་བར་དབང་བསྐུར་དང་།  ཐུགས་དམ། བྱིན་རླབས་སོགས་ཞུ་བ་དང་། ལྷ་པ་དང་མོ་པ་རེད་ཟེར་ན་ཐུགས་བརྟག་དང་མོ་ལུང་གང་འདོད་ཞུ་བ། བསྐལ་བ་དང་བཀོད་ཞག་རེད་ཟེར་ན། རང་གིས་རང་ལ་སེམས་གསོ་གཏོང་རྐྱང་བྱེད་པ། མི་ཚེ་གནས་སྐོར་དང་ཆོས་འཇལ་ཞུས། སྐུ་འདྲིའི་ཞལ་མི་ཚོར། ལྷ་ཡོད་ཚད་ལ་སྐྱབས་སུ་མཆིས་ཞུ་རྐྱང་དང་གསོལ་བ་སྨོན་ལམ་འདེབས་རྐྱང་བྱེད་པ་ལས་ཐ་ན་སྐྱབས་སུ་མཆིས་ཞེས་ཞུ་བ་དེའི་གོ་དོན་གང་ཡིན་པའང་མི་ཤེས་པའི་དད་ལྡན་མུན་འཐོམས་པ་ཧ་ཅང་མང་པོ་ཡོད་པ་རེད།  
      གཉིས། ང་ཚོའི་བསམ་བློའི་ནང་ཚན་རིག་ལ་ཡིད་ཆེས་དང་ཚན་རིག་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བའི་ལྟ་བ་བརྟན་པོ་ཚུགས་མེད་པ་དང་། ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་ཞིབ་ཕྲའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་ཏེ་དོན་དངོས་དང་དཔང་རྟགས་བགྲངས་ཏེ་སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཙོག་སྨྲ་བའི་ལྟ་བ་དེའི་རྩ་བ་བསྔོགས་མ་ཐུབ་པ་དང་དེའི་མཐིལ་བརྟོལ་མ་ཐུབ་པའི་རྐྱེན་གྱིས་རེད། སྐྱེས་ས་རིགས་རུས་མཐོ་དམན་དབྱེ་བའི་ལྟ་བ་འདི་ནི་བོད་ཀྱི་བཙན་པོ་རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་ཐོག་མར་དར་འགོ་ཚུགས་པ་ཞིག་རེད།  
      ནང་པ་སངས་རྒྱས་ཀྱི་ཆོས་ལུགས་པས་བོད་ཀྱི་བཙན་པོ་རིམ་བྱོན་རྣམས་ནི་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ནས་བོད་མིའི་རྗེ་བོར་མངགས་གཏོང་གནང་བར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དཔེར་ན་སྲོང་བཙན་སྐམ་པོའི་དབུ་ཐོད་དུ་འོད་དཔག་མེད་ཀྱི་སྐུ་འདྲ་ཞིག་འཇོག་དགོས་དོན་ནི་སྒྲོལ་མའི་ཆ་དཔེའི་ནང་“རལ་པའི་ཁྲོད་ན་འོད་དཔག་མེད་ལྷ།”  ཞེས་པ་ལྟར། སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་སྤྲུལ་པ་ཡིན་པའི་མཚོན་རྟགས་རེད། རྙིང་མའི་ཆོས་ལུགས་བྱེད་མཁན་པ་སེར་ཁྱིམ་པའི་མི་རྒྱུད་ལ་དཀར་པོ་དགེ་བའི་ལས་བྱེད་མཁན་སྔགས་པའི་རྒྱུད་ཡིན་ཞེས་རུས་པ་མཐོན་པོར་བརྩིས་པ་དང་། དེ་ལྟར་ཆོས་བྱེད་སྐྱེས་བུ་རྣམས་ལ་བཙུན་པ་རབ་བྱུང་བ་དང་། དགེ་འདུན་པ་ཞེས་དང་། འབངས་མི་སེར་རྣམས་ལ་ཁྱིམ་པ་མི་ནག་པ་ཟེར་བ། རྔོན་པ་དང་། བཤན་པ། མགར་བ་བཅས་ནི་ནག་པོ་སྡིག་པའི་ལས་བྱེད་མཁན་ཡིན་ཞེས་ངན་པར་བརྩིས་པ་མ་ཟད་། ཁོ་ཚོའི་མི་རྒྱུད་ལ་ཡང་སྐྱེས་ས་གཙང་མ་མིན་པའི་ལྟ་སྟངས་དེ་རིམ་བཞིན་དར་བ་རེད། དེ་རྗེས་རྒྱལ་ཕྲན་སིལ་མའི་དུས་སྐབས་དང་། བསྟན་པ་ཕྱི་དར་ནས་དམངས་གཙོའི་བཅོས་སྒྱུར་མ་བཏང་བར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དབང་སྒྱུར་གྲལ་རིམ་ཚོས་རང་གི་དབར་སྒྱུར་གོ་གནས་བརྟན་སྲུང་དང་། མི་རྒྱུད་ཀྱི་དབང་ཆ་མ་ཉམས་རྒྱུན་འཛིན་ཡོང་ཆེད་སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཅོག་སྨྲ་བའི་བསམ་བློའི་ལྟ་བ་འདི་བརྟན་སྲུང་རྒྱུན་འཁྱོངས་བྱས་པ་དང་། མི་རྣམས་ཀྱིས་སྔར་སྲོལ་ལ་མུན་འཐོམས་ཀྱིས་ཡིད་ཆེས་དང་དད་པ་བྱས་ནས་བརྟན་སྲུང་རྒྱུན་འཁྱོངས་བྱེད་པའི་མ་དག་རྒྱུན་འབྱམས་ཙམ་ཞིག་ལས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཚན་རིག་གི་ལྟ་བ་དང་མཐུན་པའི་བདེན་དོན་ཞིག་རྩ་བ་ནས་མ་རེད། 
      གཉིས་པ། སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་སྨྲ་བའི་ལྟ་བ་དེ་ཇི་ལྟར་དར་ཁྱབ་དང་རྒྱུན་འཛིན་བྱུང་ཚུལ།
      གནད་དོན་འདིའི་མཐིལ་གསལ་པོ་རྟོགས་དགོས་ན། སྤྱི་ལོའི་དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སངས་རྒྱས་ཀྱི་བསྟན་པ་སྔར་ལས་དར་ཞིང་རྒྱས་པ་དང་། དུས་རབས་དགུ་པར་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་སྔ་རྗེས་ཀྱི་བོད་ཀྱི་ལོ་རྒྱུས་རོབ་ཙམ་གླེང་ན་མ་གཏོགས་གསལ་པོ་རྟོགས་མི་ཐུབ།  
      གཅིག བོད་ལྕགས་གླང་(761)ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་འབངས་ཐམས་ཅད་ལ་ནང་པ་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་དགོས་པའི་བཀའ་སློབ་ལེགས་པར་གནང་སྟེ།  རྒྱ་གར་ནས་མཁན་ཆེན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་གཙུག་ལག་ཁང་དང་། ལྷ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པ་དང་ཆོས་བསྒྱུར་བ་སོགས་དམ་ཆོས་སྤེལ་བའི་བྱ་བ་མང་པོ་མཛད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སངས་རྒྱས་ཀྱི་ཆོས་ལུགས་རྒྱ་ཆེར་སྤེལ་བའི་ཆེད་དུ་ལྷ་སྲིན་འདུལ་བའི་ཆོ་ག་རབས་དང་རིམ་པ་མང་པོ་མཛད་པ་དང་། བོད་ཤིང་ཡོས་(775)ལོར་བསིལ་ལྡན་ཁ་བས་བསྐོར་བའི་དོ་རར་འཁོད་པའི་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་ཁམས་རླབས་པོ་ཆེར་གྱུར་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་གཞི་བཏིང་། བོད་མེ་ཡོས་(787)ལོར་ཡོངས་སུ་རྫོགས་པར་ལེགས་གྲུབ་སྟེ་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་མཛད། པཎྜིཏ་སྦི་མ་ལ་མི་ཧྲ་སོགས་ལོ་ཙཱ་བ་མཁས་པ་མང་པོ་གདན་དྲངས་ནས་སངས་རྒྱས་ཀྱི་ཆོས་རྣམས་བོད་ཡིག་ཏུ་བསྒྱུར། བོད་འབངས་ཀྱི་ནང་ནས་སྦ་གསལ་སྣང་སོགས་སད་མི་བདུན་རབ་ཏུ་བྱུང་སྟེ་བློ་རིག་རྣོ་བ་རྣམས་རྒྱ་གར་དུ་སྒྲ་དང་ལོ་ཙཱ་བ་སློབ་ཏུ་བཏང་། བོད་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས། དེ་ལྟར་རིམ་བཞིན་ཆོས་ཀྱི་སྡེ་དང་དགེ་འདུན་པ་རྒྱ་ཆེར་འཕེལ་ཏེ་བོད་མི་རྣམས་སངས་རྒྱས་ཆོས་ལུགས་ཀྱི་དད་ལྡན་པར་གྱུར། བློན་འབངས་རྣམས་སངས་རྒྱས་ཀྱི་ཆོས་ལུགས་ལ་དེ་ལྟ་བུའི་ཡིད་ཆེས་དང་དད་པ་ཆེན་པོ་བྱེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། སངས་རྒྱས་ཆོས་ལུགས་ཀྱིས་འགྲོ་བ་རིགས་དྲུག་སེམས་ཅན་ཚང་མར་སྐྱེ་བ་ཕྱི་མ་ཡོད་པ་མ་ཟད་ཚེ་ཕྱི་མ་འགྲོ་བ་རིགས་དྲུག་གི་སྐྱེས་གནས་གང་ཞིག་ཏུ་སྐྱེས་མིན་ནི་ཚེ་ད་རེས་ཀྱི་ལས་ཀྱི་རྒྱུ་ལ་ཚེ་ཕྱི་མའི་འབྲས་བུ་སྨིན་ངེས་ཡིན་ཞེས་དང་། སྐྱེ་བོ་གང་ཞིག་གིས་ཚེ་ད་རེས་སྡིག་པའི་ལས་ཐམས་ཅད་སྤངས་ཤིང་དགེ་བའི་ལས་ཕུན་སུམ་ཚོགས་པར་འགྲུབ་ན་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས་བྲལ་ཏེ་ཚེ་འདིའི་འདུ་བྱ་རྫོགས་པའི་ཚེ་ན་མྱུར་དུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཅེས་བདེ་སྐྱིད་ཕུན་སུམ་ཚོགས་པའི་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་དེ་ཡུལ་དང་དུས་ལས་བརྒལ་ཏེ་མི་རྣམས་ཀྱི་བསམ་པའི་འཇིག་རྟེན་གྱི་ཁམས་སུ་དཔལ་དང་གཟི་བརྗིད་ལྡན་པའི་ངང་སྤྱན་འདྲེན་ཞུས་ཡོད་པ་རེད།  དམ་ཆོས་ཀྱི་ནང་དུ་འཁོད་པ་ལྟར་ན།  འཇིག་རྟེན་འདི་ནས་རྩིས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདས་པའི་ཕ་རོལ་ན། སངས་རྒྱས་མགོན་པོ་འོད་དཔག་མེད་ཀྱི་ཞིང་ཁམས་ཏེ་མཛེས་སྡུག་ཡིད་དུ་འོང་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་དེ་གནས་ཡོད་པར་གསུངས་ཏེ། མཛེས་སྡུག་ཡིད་དུ་འོང་ཞིང་།  བདེ་སྐྱིད་ཕུན་སུམ་ཚོགས་པའི་རྫོགས་ལྡན་ཞིང་ཁམས་དེས།  ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་། དངོས་པོའི་ཆ་རྐྱེན་ཧ་ཅང་སྐྱོ་བ།  འཚོ་གནས་ཆ་རྐྱེན་ཧ་ཅང་དཀའ་ཚེག་ཅན་གྱི་ས་མཐོའི་མི་རྣམས་ཀྱི་ངོས་ནས་བཤད་ན་དད་པ་ཆེན་པོ་མི་སྐྱེས་པ་དང་། དགའ་མགུ་ཡི་རངས་མི་སྐྱེས་པ་ཅི་ལ་སྲིད། དེས་མི་རྣམས་ཀྱི་མི་ཚེ་སྐྱེལ་བའི་དཔའ་སེམས་དང་ཡིད་ཆེས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། ཚེ་ཕྱི་མའི་ཕུགས་བསམ་ཆེན་པོར་གྱུར་བ་རེད། སངས་རྒྱས་ཆོས་ལུགས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་བྱེད་པའི་གོ་སྐབས་དང་སྐལ་བ་ནི་མི་ཚང་མར་འདྲ་མཉམ་གཅིག་མཚུངས་སུ་ཡོད་ཅེས་དང་། འགག་རྩ་ནི་གང་གིས་ཚེ་གང་རིང་སྲོག་གཅོད་སོགས་སྡིག་པའི་ལས་ངན་ཐམས་ཅད་སྤོངས་དགོས་པ་དང་། བྱང་ཆུབ་སེམས་བསྐྱེད་ཀྱིས་དལ་འབྱོར་དོན་ཡོད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་དང་། བཤན་པ་དང་རྔོན་པ་ལྕགས་བཟོ་བ་(ལྕགས་བཟོ་བས་སྲོག་གཅོད་ཀྱི་ལག་ཆ་བཟོས་ཙང་ཉེ་སྡིག་བཤན་པ་དང་མཚུངས་ཟེར་)སོགས་ནི་ནག་པོ་སྡིག་པའི་ལས་བྱེད་མཁན་ཡིན་པར་བརྟེན་ཁོ་ཚོའི་རྣམ་ཤེས་དེ་ངན་སོང་ནས་འདྲེན་ཐབས་མེད་པས་ཁོ་ཚོའི་མི་རྒྱུད་བཅས་པ་གྲྭ་བཙུན་ལ་ཞུགས་མི་ཆོག་པའི་གཏན་འབེབས་བཟོས་ཡོད་པ་རེད། (ད་ལྟ་ཡང་དེ་ལྟར་ཡིན་)གལ་ཏེ་ཁོ་ཚོས་བཤན་གྲི་བསྐྱུར་ནས་སྡིག་སྤངས་དགེ་སྒྲུབ་བྱས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་རྒྱུའི་རེ་བ་ཡོད་པ་གསལ་པོར་བསྟན་ཡོད་པ་རེད།  
      གཉིས། བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་དང་ཆོས་བྱེད་སྐྱེས་བུ་རྣམས་ལ་ཁྲིམས་གཅོད་དྲག་པོ་བཏང་བ་རེད།  
      1.གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཡོད་ཚད་རྩ་མེད་བཟོ་བའི་མགོ་དེ་ར་ས་འཕྲུལ་སྣང་དང་རྒྱ་སྟག་ར་མོ་ཆེ་ནས་བརྩམས། ཇོ་བོ་རྣམ་གཉིས་ཆུ་ལ་བསྐྱུར་དགོས་པའི་བཀའ་ཕབ་ཀྱང་། ཇོ་བོའི་སྐུ་ཚད་ཧ་ཅང་ལྕི་བས་དབོར་མ་ཐུབ་པར་ཉེ་འགྲམ་བྱེས་སྟོངས་སུ་སྦས། བྱམས་པའི་སྐུ་རས་ཀྱིས་དྲིལ་ནས་འོ་ཐང་གི་མཚོ་འགྲམ་དུ་སྦས། དེ་མིན་གྱི་ལྷ་སྐུ་ལྡེབས་བྲིས་ལ་སོགས་པའི་སྐུ་བརྙན་རྣམས་རང་སར་གཏོར་བཤིག་རྩ་མེད་བཏང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་། བསམ་ཡས་མི་འགྱུར་ལྷ་ཁང་སོགས་གནས་མཆོག་ཁྱད་པར་ཅན་འདི་དག་གི་གཙང་ཁང་གི་སྒོ་ལ་འདམ་ཞལ་བརྒྱབ་པའི་ཐོག རབ་བྱུང་བཙུན་པ་ཆང་འཐུང་དང་། རྩེད་འཇོར་བྱེད་པ་སོགས་དམའ་འབེབས་ཟུར་ཟ་བྱེད་པའི་གཟུགས་བརྙན་འདྲ་མིན་བྲིས། གཙུག་ལག་ཁང་གཉིས་ཀྱི་སྒོ་རའི་ནང་ཕྱུགས་རིགས་ཀྱི་བཤས་ར་བཙུགས། ད་ལྟའི་གཙུག་ལག་ཁང་རྒྱབ་ངོས་སུ་ཡོད་པའི་རྨི་རུ་རྙིང་པ་ཟེར་བའི་ལྷ་ཁང་དེ་མ་གཏོགས་བོད་ཡོངས་ཀྱི་ཆོས་སྡེ་དང་ལྷ་ཁང་ཡོངས་རྫོགས་བཤིག་པ་རེད།  
       2.བསྟན་བཅོས་དང་གསུང་རབ་གླེགས་བམ་མ་དཔེ་དང་འགྱུར་མ་མང་པོ་མེ་ལ་བསྲེགས། ཆུ་ལ་བསྐྱུར། འོག་ལ་སྦས་པ་སོགས་བྱས། ལ་ལ་ཆོས་ལ་དགའ་བའི་བློན་འབངས་ཉུང་ཤས་ཀྱིས་ལྐོག་ཏུ་བྲག་གསེང་ངམ་བྲག་ཕུག་ཏུ་གཏེར་དུ་སྦས།  
       3.དགོན་པ་དང་རབ་བྱུང་བཙུན་པ་ཚོའི་འཚོ་རྟེན་ཆོས་གཞིས། ས་ཞིང་དང་འབྲོག་ར། འབངས་མི་སེར། གཞན་ཡང་དགོན་པའི་རྩ་ཆེའི་རྒྱུ་དངོས་སོགས་གཞུང་བཞེས་བཏང་ནས་རབ་བྱུང་བཙུན་པ་རྣམས་ཀྱི་ཆགས་རྟེན་གཞིས་རྟེན་ཐམས་ཅད་མེད་པར་བཟོས།  
       4.ལོ་ཙཱ་བ་དང་པཎྜིཏ་ཕལ་ཆེར་མོན་ཡུལ་ཕྱོགས་སུ་བྲོས། འཛིན་བཟུང་ཐེབས་པ་རྣམས་ཕྲལ་དུ་དམར་གསོད་བཏང་། བོད་ཡོངས་ཀྱི་ཆོས་བྱེད་སྐྱེས་བུ་ཚང་མ་ཉེས་ཅན་དུ་བརྩིས་ཏེ་བཀའ་ཁྲིམས་ནན་པོ་བཅད་པ་སྟེ། གྲྭ་བཙུན་རྣམས་མཐོ་དམན་འབྲིང་གསུམ་དུ་དབྱེ་འབྱེད་བྱས། མཐོ་བའི་གྲས་རྨ་རིན་ཆེན་མཆོག་དང་།  
མྱང་ཏིང་འཛིན་བཟང་པོ་སོགས་ཆོས་སྡེ་དང་དགོན་པའི་མཁན་པོ་དང་དབུ་བྱེད་པ་ཚང་མ་དམར་གསོད་བཏང་། འབྲིང་བའི་གྲས་ཆོས་ཀྱི་རྟོགས་པ་མཐོ་བའི་གྲྭ་བཙུན་ཁ་ལོ་མི་ཆུན་པ་རྣམས་ལ་གདོང་རྟགས་བརྒྱབ་སྟེ། དགོན་པ་ནས་ཕྱིར་བཏོན་ཏེ་རི་དང་ནགས་གསེབ་ཏུ་བསྐྲད་ནས་རི་དྭགས་རྔོན་པ་དང་། སྐྱེ་ཤིང་གི་རྩ་རྩེ་ཟས་ཏེ་འཚོ་གནས་བྱེད་དགོས་པ་ལས། རང་ཡུལ་དང་རང་ཁྱིམ་ལ་ལོག་མི་ཆོག་པ་དང་། འབངས་མི་སེར་ཅི་འདྲ་ཞིག་དང་ནང་མི་སྤུན་མཆེད་སུ་དང་གང་ཞིག་གིས་གྲྭ་བཙུན་དེ་རིགས་ཁྱིམ་དུ་ཉར་ཚེ་སྐྱེ་མེད་གདམ་ག་བྱེད་རྒྱུའི་བཀའ་ཆད་རྩ་ཚིག་བཀྲམས་། (གནའ་དུས་སུ་དེ་ལ་རི་ལ་སྤྱུགས་པའི་ཁྲིམས་ཟེར་) དེ་མིན་ཁ་ལོ་ལ་ཆུན་པ་རྣམས་བཤན་པ་དང་། མགར་ནག སྟོབས་ལྡན་བཅས་ཀྱི་ལས་བྱེད་དུ་བཅུག ཁོ་ཚོའི་ལས་ཀའི་ཞབས་ཕྱི་ཞུ་སའི་རྒྱ་འོག་(ཁྱབ་ཁོངས་)གཏན་འཁེལ་བས། ཁོ་ཚོར་གཏན་འཁེལ་བྱས་པའི་རང་དཀྲིའི་ལས་ཀ་དེ་རང་མི་རབས་མི་རྒྱུད་ཀྱིས་རྒྱུན་འཛིན་བྱེད་རྒྱུ་ལས་འཚོ་བརྟེན་གཞན་གང་ཡང་གཉེར་མི་ཆོག་པའི་བཀའ་ཁྲིམས་བཙན་པོ་བཅད། གྲྭ་བཙུན་དཀྱུས་མ་ཆོས་ཀྱི་རྟོགས་པ་ཞན་པའམ་བཙུན་ཆུང་རྣམས་བཙན་ཤེད་ཀྱིས་བོན་པོའི་ཆོས་བྱེད་མཁན་ལ་བསྒྱུར་བ་རེད། 
       གསུམ་པ། ལས་རིགས་འདི་དག་ཉེས་ཅན་པར་ཁྲིམས་གཅོད་གཏོང་བྱེད་ཀྱི་ལག་ཆར་གྱུར་བའི་རྒྱུ་མཚན།
       ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནི་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་པ་མ་ཟད་ཚེ་ཕྱི་མ་ནི་ཚེ་ད་རེས་ལས་དེ་བས་གལ་ཆེ་བར་རྩིས་མཁན་གྱི་ཆོས་ལུགས་ཤིག་ཡིན། སྔོན་མ་གང་བྱས་ད་ལྟའི་ལས་ལ་ལྟོས། ཕྱི་མ་གང་ཡོང་ད་ལྟའི་སེམས་ནང་ཡོད་ཟེར་བ་ལྟར། སྐྱེ་བོ་གང་ཞིག་གིས་ཚེ་གང་རིང་། རང་གི་ལུས་ངག་ཡིད་གསུམ་བླ་མ་དང་དཀོན་མཆོག་གསུམ་ལ་བློ་ལྟས་སྐྱབས་བཅོལ་ཞུས་ཏེ། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་བའི་སྡིག་པའི་ལས་ཐམས་ཅད་སྤངས་པ་དང་། སེམས་ཅན་གཞན་གྱི་ཆེད་དུ་དགེ་བ་དང་ཕན་པ་གང་མང་སྒྲུབ་པ་ན། རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་ཏེ། ཚེ་ཕྱི་མ་སངས་རྒྱས་ཀྱི་ཞིང་ཁམས་སམ་བདེ་འགྲོའི་སྐྱེ་གནས་སུ་སྐྱེ་བ་དང་། གལ་ཏེ་དེ་ལས་ལྡོག་པར་བྱས་གྱུར་ན། དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་ངན་སོང་དུ་ལྷུང་བ་དང་། སྡིག་པ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་དམྱལ་བའི་མཐིལ་དུ་ལྷུང་སྟེ་ཚེ་ལོ་བརྒྱ་ཕྲག་དུ་མར་བདེ་འགྲོའི་སྐྱེས་གནས་ཐོབ་མི་ཐུབ་ཅེས་ཚིག་ཐག་བཅད་ནས་བཤད་ཡོད་པ་རེད། སངས་རྒྱས་ཆོས་གཞུང་ལས།“སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།”  ཞེས་གསུངས་ཡོད། “དགེ་བ་སྒྲུབ་པ་” ཞེས་པ་ནི་རབ་བྱུང་བཙུན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དགེ་བཅུའི་ཆོས་ཁྲིམས་ལ་བརྩི་སྲུང་དང་། ལག་ལེན་ནན་ཏན་བསྟར་དགོས་པ་དེ་ཡིན། དགེ་བཅུའི་ཆོས་ཁྲིམས་དང་བསྙེན་གནས་ཡན་ལག་བརྒྱད་ནི། ནང་པ་སངས་རྒྱས་པའི་བླངས་དོར་གྱི་ཚད་གཞི་ཆེན་པོ་སྟེ། སྡིག་སྤངས་དགེ་སྒྲུབ་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་དང་། ཐིག་ཤིང་ལྟ་བུའི་རྩ་བའི་ཆོས་ཁྲིམས་དེ་ཡིན། ཆོས་ཁྲིམས་དེ་ལ་བརྩི་སྲུང་ཞུ་ཐུབ་མིན་ནི། དགེ་སློང་རྣམ་དག་ཅན་ཞིག་ཡིན་མིན་དང་། ཚེ་ཕྱི་མ་སྐྱེ་གནས་གང་ཞིག་ཐོབ་མིན་གྱི་གནད་དོན་ཆེན་པོར་ཐུག་བསྡད་ཡོད། དགེ་བཅུ་དང་བསྙེན་གནས་ཡན་ལག་བརྒྱད་སྤོངས་ཀྱི་ཆོས་ཁྲིམས་འདི་གཉིས་ནི། དགེ་འདུན་བཙུན་པ་རྣམས་ཀྱིས་ནན་ཏན་བརྩི་སྲུང་ཞུ་དགོས་པ་མ་ཟད། དད་ལྡན་བློན་འབངས་མི་སེར་ཀུན་གྱིས་ཀྱང་དེ་ལྟར་བརྩི་སྲུང་ཞུ་ཐུབ་པ་ན། ཚེ་ད་རེས་ཙམ་མ་ཟད། ཚེ་ཕྱི་མར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་སྐོར་གྱི་གནས་ལུགས་བླ་མ་སྐྱེས་ཆེན་དམ་པ་ཚོས་དད་ལྡན་རྣམས་ལ་གསུང་ཆོས་དང་བཀའ་དབང་གནང་གི་ཡོད་པ་དང་། དུས་རྟག་ཏུ་སྒྲོགས་བྱང་དྲན་སྐུལ་བྱེད་ཡས་གཙོ་བོར་གྱུར་ཡོད་པ་རེད། དེང་གི་དུས་སུ་ཡང་དགེ་བཅུ་བརྒྱད་སྤོངས་ཀྱི་ཆོས་ཀྱི་ནང་དོན་ལ་འགྱུར་བ་ཚིག་གཅིག་ཀྱང་བྱུང་མེད་པར་ཕྱག་ལེན་བྱེད་བཞིན་པ་ཀུན་གྱིས་མཁྱེན་གསལ་རེད།  
      གཅིག སྡིག་གཅོད་བཤན་པའི་སྐོར། གནའ་བོའི་དུས་སུ་རྔོན་པ་དང་བཤན་པ་ཟེར་བའི་ལས་ཀ་དེ། ཆེད་མངགས་དམིགས་སུ་བཀར་ནས་བྱེད་མཁན་གྱི་ཁྱིམ་ཚང་དང་མི་སྒེར་གཅིག་ཀྱང་མེད། སུ་ཞིག་གིས་རི་དྭགས་རྔོན་འདོད་ན་སུས་རི་དྭགས་རྔོན་པ་དང་། ཕྱུགས་རིགས་བཤའ་འདོད་ན་སུས་བཤའ་ཆོག་པས་སྲོག་གཅོད་ཀྱི་ཉེས་སྡིག་ཟེར་བའི་ཐ་སྙད་འདི་འདྲ་མི་འདུག ད་དུང་མི་ལ་ནད་བཅོས་སྲོག་སྐྱོབ་བྱེད་ཆེད་སེམས་ཅན་བསད་ནས་ལྷ་ལ་དམར་མཆོད་འབུལ་བའི་གོམས་སྲོལ་ཡང་ཡོད། དགེ་བཅུ་དང་བསྙེན་གནས་ཡན་ལག་བརྒྱད་ཀྱི་ཆོས་ཁྲིམས་དར་ཁྱབ་བྱུང་རྗེས་མི་ཚང་མ་སྲོག་གཅོད་པ་སོགས་སྡིག་པའི་ལས་ཀྱིས་གནོད་དོགས་དང་། ངན་སོང་གསུམ་གྱི་འཇིགས་སྐྲག་ལ་ཞེད་ནས། ཚེ་ཕྱི་མའི་བདེ་སྐྱིད་ཀྱི་ཆེད་དུ་སེམས་ཅན་གྱི་སྲོག་གཅོད་པའི་བྱ་བ་དེ་རྩ་བ་ནས་སྤོང་བ་དང་། རབ་བྱུང་བཙུན་པ་ཙམ་མ་ཟད་དད་ལྡན་བློན་འབངས་མི་སེར་གྱི་ཁྲོད་དུ་ཡང་དམར་ཟས་སྤོང་མཁན་ཇེ་མང་དུ་ཕྱིན་པ་རེད། སྤྱི་ཚོགས་ཀྱི་ཁོར་ཡུག་དང་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་མང་པོའི་འོག་ཏུ། རྔོན་པ་དང་བཤན་པ་ནི་སྡིག་ཅན་དམྱལ་བར་ལྷུང་རྒྱུ་ལས་ཚེ་ཕྱི་མའི་མདུན་ལམ་གཞན་ཅི་ཡང་མེད་པས་ན། མི་སུ་ལའང་རྔོན་པ་དང་བཤན་པ་བྱེད་འདོད་རྩ་བ་ནས་མེད་པར་གྱུར་ནས་སྤྱི་ཚོགས་ཀྱི་གནད་དོན་གསར་པ་ཐོན་པ་རེད། ཤ་མར་སྤགས་གསུམ་ནི་བོད་ས་མཐོར་འཚོ་གནས་བྱེད་པའི་མི་རྣམས་ཀྱི་འཚོ་བཅུད་གཙོ་བོ་ཡིན་ལ་དེང་རབས་ལྟ་བུའི་ཚལ་རིགས་འདྲ་མིན་དེ་འདྲ་རྩ་བ་ནས་མེད། ཤ་ཟ་བ་ནི་ཞིམ་ཟས་ཟ་བ་ཙམ་མ་ཡིན་པར་ལུས་པོའི་འཚོ་བཅུད་ཀྱི་དགོས་མཁོ་ཡིན་པས་ན་ཉེས་སྡིག་ཇི་ལྟར་ཆེ་ཡང་ཤ་མ་བཟས་ན་འཚོ་ཐབས་གཏན་ནས་མི་འདུག དེར་བརྟེན་དགེ་འདུན་བཙུན་པ་རྣམས་ཀྱིས་ཀྱང་། ཚེས་བཟང་དུས་བཟང་དང་ཚུལ་ཁྲིམས་གསོ་སྦྱོང་གི་ཆོ་ག་ཕྱག་ལེན་གནང་བའི་དུས་སུ་དམར་ཟས་ངེས་པར་དུ་སྤོང་དགོས་པ་ཕུད། དེ་མིན་གྱི་དུས་སུ་རྣམ་གསུམ་དག་པའི་ཤ་ཡིན་ཚེ་ཅུང་ཟད་ཟས་ཆོག་ཅེས་ཆོས་ཁྲིམས་ནང་འཁོད་ཡོད་པ་རེད། དེ་འདྲའི་ཤ་ཟས་ཚེ་ཉེས་སྡིག་ཅུང་ཟད་ཆུང་བར་བརྩིས་བཞིན་ཡོད་པ་རེད། ད་ལྟའི་དུས་ལ་ཡང་དམར་ཟས་སྤངས་མ་ཐུབ་པའི་བླ་སྤྲུལ་དང་དགེ་འདུན་བཙུན་པ་རྣམས་དང་། དད་ལྡན་མང་ཚོགས་ཚོས་ཀྱང་དེ་ལྟར་སྲུང་བརྩི་དང་ལག་ལེན་བྱེད་བཞིན་ཡོད་པ་རེད། ཤ་ཟ་འདོད་ཀྱང་སྡིག་པ་བསགས་མི་འདོད་པ། ཤ་ཟ་མཁན་ཡོད་ཀྱང་བཤས་གཏོང་མཁན་མེད་པའི་གནས་ཚུལ་འོག་བཤན་པ་ནི་ཧ་ཅང་དཀོན་པའི་ལས་རིགས་ཤིག་ཏུ་གྱུར་འདུག རྒྱལ་བློན་འཁོར་འབངས། སེར་སྐྱ་ཡོངས་ཀྱི་འཚོ་གནས་དང་འབྲེལ་བ་ཆེ་བའི་གནད་དོན་འདི་མཐར་ཕྱིན་པར་ཐག་གཅོད་བྱེད་ཐབས་སུ། ཡུལ་གང་ཞིག་ཏུ་ཁྲིམས་འགལ་ཉེས་ཅན་པ་ཐོན་ཚེ་རྒྱལ་ཁྲིམས་ལ་བརྟེན་ནས་ཉེས་ཅན་པ་དེ་སྡིག་གཅོད་བཤན་པ་བྱེད་དུ་འཇུག་པ་དང་།  དེའི་འཚོ་བརྟེན་རྒྱ་འོག་ (ཞབས་ཞུའི་ཁྱབས་ཁོངས་) གཏན་འཁེལ་གྱིས་མི་རབས་མི་རྒྱུད་བཅས་བཤན་པའི་ལས་ཀ་འདི་ཁོ་ན་བྱས་ཏེ་འཚོ་གནས་བྱེད་པ་མ་གཏོགས།  ཞིང་འབྲོག་སོགས་ལས་རིགས་གཞན་ཅི་ཡང་བྱས་མི་ཆོག་ཅེས་བོད་མིའི་ཁ་རྒྱུན་དུ་“ཁྲིམས་དང་སྡིག་པ་རང་འཁུར་ཡིན་”ཞེས་བཀའ་ཁྲིམས་བཙན་པོ་བཏང་ཡོད་པ་རེད།  
      རྒྱལ་པོ་གླང་དར་མས། ཆོས་བྱེད་སྐྱེས་བུ་རྣམས་ཁྲིམས་འགལ་ཉེས་ཅན་དུ་བརྩིས་ཏེ། བཙན་ཤེད་ཀྱིས་རྔོན་པ་དང་། བཤན་པ་མགར་ནག་སོགས་བྱེད་དུ་འཇུག་པ་ནི། སངས་རྒྱས་ཀྱི་ཆོས་ལུགས་བེད་སྤྱད་དེ་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་བྱས་པ་ཞིག་དང་། སངས་རྒྱས་ཆོས་ལུགས་བེད་སྤྱད་དེ་རབ་བྱུང་བཙུན་པ་རྣམས་ལ་ཁྲིམས་གཅོད་དེ་འདྲ་བཏང་བ་འདི་ནི། ཁོ་ཚོ་སོ་བྱང་གི་སྡོམ་པ་དང་ཡོངས་སུ་རྒྱབ་འགལ་བྱེད་དུ་བཅུག་པ་དང་། མི་རབས་མི་རྒྱུད་ཐམས་ཅད་སྡིག་པའི་ལས་བགྱིས་སུ་བཅུག་ནས་ཚེ་ད་རེས་སྡུག་པོ་མྱང་དགོས་པ་མ་ཟད་། ཚེ་ཕྱི་མར་ཡང་བདེ་འགྲོའི་སྐྱེས་གནས་ཐོབ་ཏུ་མི་འཇུག་པའི་ཁྲིམས་གཅོད་ངན་པ་བཏང་བ་ཞིག་རེད། བཤན་པར་བཀོད་པའི་རབ་བྱུང་བཙུན་པ་ཚོས་སེམས་ཅན་བཤས་གཏོང་སྐབས་བཤན་གྲི་མ་བརྒྱབ་གོང་ལ། “སྟོན་པ་བཅོམ་ལྡན་འདས། དེ་བཞིན་གཤེགས་པ། དགྲ་བཅོམས་པ། ཡང་དག་པ། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མཁྱེན། བདག་གིས་སྡིག་པ་བསགས་པ་ཐོལ་ལོ་བཤགས་སོ།། སྡིག་པ་ཐམས་ཅད་ཤ་ཟན་གྱི་སྒབ་ལ་རྒྱུགས་ཤིག།” ཟེར་བའི་ཆོས་བརྗོད་དང་སྨོས་མོ་བཏབ་རྗེས་གཞི་ནས་བཤན་གྲིས་བསྣུན་བཞིན་ཡོད་པ་རེད།  
      རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་མ་བྱུང་སྔོན་གྱི་བཤན་ཆེན་གྱི་ཁྱིམ་རྒྱུད་ཡིན་པའི་བཤན་པ་ཚོས་། སྡིག་བཤགས་ཆོས་བརྗོད་འདི་འདོན་པ་དང་། སྨོས་མོ་བཏབ་རྗེས་གཞི་ནས་སེམས་ཅན་གྱི་སྲོག་གཅོད་པའི་གོམས་སྲོལ་དེ་རྒྱུན་འཁྱོངས་བྱས་འདུག  
      གཉིས། སྡིག་གཅོད་རྔོན་པའི་སྐོར། རྒྱལ་པོ་གླང་དར་མས་རི་ལ་བསྐྲད་ནས་རྔོན་པ་བྱེད་དུ་བཅུག་པའི་རབ་བྱུང་བཙུན་པ་རྣམས་རང་གི་དགོན་པ་ལྷ་ཁང་དང་ཁ་བྲལ་ཏེ། ཡུལ་དང་རང་ཁྱིམ་ལ་ལོག་ན་རང་ཉིད་འཆི་ལམ་ལ་འགྲོ་རྒྱུ་ཙམ་མ་ཟད། ནང་མི་སྤུན་མཆེད་ཚོ་ལ་ཡང་ཐག་ཞོར་འབྲེང་འདྲུད་ཀྱི་ཉེས་ཆད་ལྕི་མོ་འཕོག་ངེས་པར་བརྟེན། ཁོ་ཚོ་རི་ཁྲོད་དང་ནགས་གསེབ་ཏུ་གདོད་མའི་སྤྱི་ཚོགས་སྐབས་ཀྱི་མི་ལྟར་དཀའ་ཚེག་ཤིན་ཏུ་ཆེ་བའི་འཚོ་བ་བསྐྱེལ་དགོས། འོན་ཀྱང་ཁོ་ཚོ་ནི་རིག་གནས་དང་རྟོགས་པ་ལྡན་པའི་ཤེས་ལྡན་པ་ཡིན་ཙང་“ལས་ལ་བཤན་པ་སྐོས་སོང་། སྡིག་ལ་འཛེམས་ཡས་མི་འདུག་”ཅེས་པ་ལྟར།  འཚོ་གནས་ཀྱི་དགོས་པའི་དབང་གིས་ཐབས་དང་ཤེས་རབ་ཡོངས་སུ་དག་པར་བཏོན་ཏེ་མི་རབས་ནས་མི་རབས་བར་འཚོ་གནས་དང་རྒྱུན་འཛིན་བྱས་པ་འདི་ལྟར། དོན་དམ་ཆོས་བྱེད་སྐྱེས་བུ་དམ་པ་ཡང་།། ལས་ཀྱི་དབང་གིས་སྡིག་གཅོད་རྔོན་པར་གྱུར།། བཀའ་ཁྲིམས་བཙན་པོས་ཡུལ་གྱར་རྔོན་འཁྱམས་རོལ།། བྲག་ཕུག་རི་ཁུག་གང་སར་གནས་མལ་སྤྱད།།  
      གསུམ། འབྲས་དཀར་སྤྲང་སློང་གི་སྐོར། འབྲས་དཀར་སྤྲང་སློང་ཞེས་པ་ནི། རྔོན་པའི་རིགས་རྒྱུད་ལས་འཕེལ་བའི་མི་རྒྱུད་ཅིག་ཡིན། བཤད་པ་དང་སྟོད་པ་ཕུལ་བའི་ལྟོ་སློང་མཁན་ལ་འབྲས་དཀར་ཞེས་པའི་མིང་འདི་འདྲ་ཞིག་ཐོགས་དགོས་དོན་གང་ཡིན་ཞེ་ན།  དེ་ཡང་ཁོ་ཚོ་འཚོ་གནས་བྱེད་པའི་ཁོར་ཡུག་ཆ་རྐྱེན་དང་འཚོ་བའི་སྐྱེལ་སྟངས། ལུས་ཀྱི་ཆས་ལུགས། གྱོན་ཆས་ཀྱི་ཚོས་གཞི་བཅས་ལ་བརྟེན་ནས་བཏགས་པའི་མིང་ཞིག་རེད། སྔར་སྤྱི་ཚོགས་རྙིང་པའི་སྐབས་སུ་འབྲས་སློང་སྤྲང་འཁྱམས་པ་ཡིན་ཕྱིན། ཚང་མས་ལུས་རྐང་ཆ་ཚང་གནམ་བུ་དཀར་པོའི་དུག་ལོག་གྱོན་ཞིང་། དེ་ནི་ཁོ་པ་ཚོ་ཚོས་གཞི་དཀར་པོར་ཧ་ཅང་དགའ་པོ་ཡོད་པ་དེ་འདྲ་གཏན་ནས་མ་ཡིན་པར་ཁོ་ཚོའི་ལྟོ་གོས་ལ་ཤིན་ཏུ་དཀའ་ངལ་ཆེ་ཞིང་། ཐབས་ཟད་འུ་ཐུག་གི་གནས་ལ་གྱར་བར་བརྟེན་ཆ་ལུགས་འདི་ལྟ་བུ་ཞིག་སྤྱོད་དགོས་པ་བྱུང་བ་རེད། ཁོ་ཚོར་རྔོན་འཁྱམས་བྱས་ནས་མི་ཚེ་སྐྱེལ་རྒྱུའི་རང་དབང་ཡོད་པ་ལས་ཡུལ་གང་ཞིག་ཏུ་གཏན་སྡོད་གཞིས་ཆགས་བྱེད་པའི་ཁེ་དབང་གཏན་ནས་མེད་པས་ན།  ཁོ་ཚོའི་མལ་གདན་དང་གྱོན་གོས་ནི་གཅན་གཟན་དང་། རི་དྭགས། ར་ལུག་སོགས་ཀྱི་པགས་པས་བཟོས་པ་དང་། གྱོན་ཆས་བཟོ་བྱེད་ཀྱི་རྒྱུ་ཆའི་ཡོངས་ཁུངས་གཙོ་བོ་ནི་སྟོབས་ལྡན་གྱི་ས་ནས་གཤིན་པོའི་ཕུང་པོ་སྒྲིལ་བྱེད་ཀྱི་སྣམ་བུའི་མལ་གདིང་དཀར་པོ་དེ་དག་ཉོས་པ་རེད། དེར་བརྟེན་འབྲས་དཀར་ཚོའི་གྱོན་ཆས་ཀྱི་ཚོས་གཞི་དཀར་པོ་ཡིན་པ་མ་ཟད་། རྐང་ལྷམ་གྱི་ལྷམ་ཡུ་ཡང་སྣམ་བུ་དཀར་པོ་དང་། འབྲས་དཀར་འཁྲབ་དུས་ཀྱི་འབྲས་འབག་དེ་ཡང་རས་དཀར་པོས་ར་པགས་ལ་བཟོས་པ་ཞིག་རེད།  རྔོན་པ་སྤྲང་འཁྱམས་པ་ཚོའི་ལུས་རྐང་གྱོན་གོས་ཆ་ཚང་དཀར་པོ་དཀར་རྐྱང་འབྲས་དཀར་པོའི་མདོག་དང་འདྲ་བས་ན་འབྲས་དཀར་ཞེས་མིང་དུ་ཆགས་པ་སྨོས་མེད་རེད།  
     འབྲས་དཀར་བཤད་མཁན་དེ་རིགས་སོ་སོའི་འཚོ་གནས་ཀྱི་ཆེད་དུ་ལོ་གསར་དང་། རྟེན་འབྲེལ་དགའ་སྟོན་གྱི་བྱེད་སྒོ་སོགས་བཀྲ་ཤིས་པའི་བྱ་བ་གང་དུ་ཡོད་པ་དེར་འོང་སྟེ། སྒོ་འགྲམ་དུ་སྐད་གསང་མཐོ་པོས་བསྟོད་པ་དང་བཤད་པ་འབུལ་གྱི་ཡོད། འབྲས་དཀར་གྱིས་མི་རྣམས་ཐམས་ཅད་བསྟོད་བསྔགས་དང་། དགོད་བྲོ་བའི་གཏམ་ཉན་རྒྱུར་དགའ་པོ་ཡོད་པའི་ཁྱད་ཆོས་དེར་དམིགས་ཏེ་བཀྲ་ཤིས་བདེ་ལེགས་དང་དགོད་གཏམ་རྣ་བའི་བདུད་རྩི་ལྟ་བུ་བརྗོད་བྱར་སྤྱད་དེ་སྐུ་དྲག་མི་དཔོན་དང་། འབྱོར་ལྡན་ཕྱུག་པོ་རྣམས་ཐུགས་སེམས་དགྱེས་ཕྱིར།  ཕོ་བྲང་དང་། གཟིམས་ཤགས། རྒྱུ་ནོར་ལོངས་སྤྱོད། སྦྱིན་བདག་ཚོའི་ཕྱིའི་བྱད་བཞིན་དང་རྫིག་ཉམས་། མཛེས་སྡུག་ལྡན་ལུགས། ནང་གི་ཐུགས་སེམས་དཀར་ལུགས། སྦྱིན་པ་གཏོང་བར་དགའ་ལུགས། རྒྱུ་འབྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ནད་མེད་ཚེ་རིང་དང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་བ་བཅས་ཀུན་གྱིས་ཉན་འདོད་ཆེ་བའི་བསྟོད་ཚིག་ཡག་ཤོས་སྣ་ཚོགས་འབུལ་གྱི་ཡོད། བཤད་པ་གཏོང་ཡུལ་གཙོ་བོ་ནི། འབྲས་དཀར་རང་ཉིད་ཀྱི་འབྲས་འབག་དང་། འབྲས་རྒྱུག་འབྲས་ཕོར་བཅས་སྤྲང་པོའི་ཆ་ལུགས་འདི་དག་ལ་བཤད་པ་གཏོང་གི་ཡོད་པ་རེད། མདོར་ན། འབྲས་བཤད་ཀྱི་དོན་ཟབ་ལ་གོ་བདེ་བ། འབྲེལ་ཆགས་པ། ཚིག་བཅད་དང་ཚིག་ལྷུག་སྤེལ་མ། སྐད་ཆ་དང་གཞས་གདངས་སྤེལ་མ། འུད་ཤོབ་ཆེ་ལ་དགོད་བྲོ་བ། བློ་ལ་ངེས་བདེ་བ་སོགས་གང་འདོད་བཞིན་རྐང་བྲོ་དང་ལག་པའི་པད་སྐོར་བཅས་འཁྲབ་རྩལ་གྱིས་ལྟད་མོ་བ་ཚོའི་སྤྲོ་སྣང་འཕེལ་དུ་བཅུག་ནས། འབྲས་སློང་ལ་ཆང་དང་། རྩམ་པ། ཁ་ཟས། དངུལ་སོགས་ཀྱི་སྦྱིན་པ་གནང་གྱི་ཡོད་པ་རེད། དེ་ལྟར་སྤྲང་པོའི་དམིགས་ཡུལ་འགྲུབ་པར་བརྟེན། ཁོ་རང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།   
      སྤྱི་ཚོགས་རྙིང་པའི་སྐབས་འབྲས་དཀར་སྤྲང་སློང་ཟེར་བ་ནི་ཀུན་གྱིས་མཐོང་ཆུང་བྱེད་ཡུལ་དང་མི་གྲལ་ལ་མི་ཚུད་པའི་ཆེས་ཐ་ཤལ་གྱི་མི་ལ་རྩིས་ཀྱི་ཡོད། སྤྱི་ཚོགས་ཀྱི་མི་དང་འབྲས་སློང་དབར་གྱི་འབྲེལ་བ་ནི།  སྦྱིན་བདག་དང་སྤྲང་སློང་དབར་གྱི་འབྲེལ་བ་དང་། ཁྲོམ་རའི་ཐོག་མཁོ་ཆས་ཙག་ཙིག་ཉོ་ཚོང་གི་འབྲེལ་བ་ཙམ་ལས་མེད་པ་རེད། ཁོ་ཚོ་མི་རབས་མི་རྒྱུད་ཚང་མ་“ཀ་”བོང་བུའི་མགོ་བོ་ཙམ་ཡང་ངོ་མི་ཤེས་པའི་ཡིག་རྨོངས་པ་འབའ་ཞིག་ཡིན་ཡང་། འབྲས་བཤད་ཡག་པོ་འདི་འདྲ་སུ་ཞིག་གིས་བརྩམས་ནས་ཁོ་ཚོར་ཚིག་རེ་རེ་བྱས་ནས་བསླབ་པ་ཡིན་ནམ། དེ་མི་རབས་མང་པོར་རྒྱུད་འཛིན་བྱེད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ང་ཚོས་སྔ་མོའི་འབྲས་བཤད་ཀྱི་ནང་དོན་ལ་དབྱེ་ཞིབ་བརྒྱུད་དེའི་གོ་དོན་ལ་བསམ་ཞིབ་ནན་པོ་བྱས་ན། འབྲས་བཤད་ཀྱི་ཐོག་མའི་རྩོམ་པ་པོ་སུ་ཞིག་ཡིན་པ་དང་། མི་རབས་མང་པོས་དེ་ལྟར་རྒྱུད་འཛིན་བྱེད་ཐུབ་པའི་རྒྱུ་མཚན་གང་ཡིན་པ་གསལ་པོར་རྟོགས་ཐུབ་ཀྱི་རེད། 
     དམངས་ཁྲོད་ཀྱི་འབྲས་དཀར་སློང་མོ་བ་དེ་ཚོས། རྒྱུན་འཛིན་བྱས་པའི་གནའ་བོའི་འབྲས་བཤད་ཀྱི་འགོ་འཛུགས་ས་ནི། “ལྷ་རྒྱལ་ལོ། ལྷ་རྒྱལ་ལོ་”ཟེར་བ་ཞིག་གི་རྟེན་འབྲེལ།“ཀླུ་རྒྱལ་ལོ་”ཟེར་བ་ཞིག་གི་རྟེན་འབྲེལ། “ད་ནངས་ཡོང་བ་ཤར་གྱི་ཕྱོགས་ནས་ཡོང་བ་ཡིན། ཤར་རྡོ་རྗེ་སེམས་དཔའི་ཡུལ་ནས་ཡོང་བ་ཡིན། ད་ནུབ་འགྲོ་བ་ནུབ་ཀྱི་ཕྱོགས་ལ་འགྲོ་བ་ཡིན། ནུབ་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་འགྲོ་བ་ཡིན།” ཞེས་པ་སོགས་ལྷ་གསོལ་ཆོས་བརྗོད་བཤད་ཚིག་གི་གོ་དོན་འདིས། ལྷ་ནི་འདྲེ་སྲིན་དང་བདུད་སྡིག་པ་ཅན་གླང་དར་མ་ལྟ་བུ་ལས་རྣམ་པར་རྒྱལ་ངེས་དང་། རང་ཉིད་ཚེ་ད་རེས་ལས་ཀྱི་དབང་གིས་ཆོས་དང་བྲལ་ནས། འབྲས་དཀར་སྤྲང་འཁྱམས་པ་བྱེད་དགོས་བྱུང་ཡང་། ནང་པ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་དང་དད་པ་བྱེད་པའི་སེམས་པ་ནི་འགྱུར་མེད་རྡོ་རྗེ་ལྟ་བུ་ཡིན་ཟེར་བ་དང་། ཚེ་ཕྱི་མར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་བའི་བསྔོ་བ་སྨོན་ལམ་འདེབས་པའི་ཆོས་ཚིག་འདིས། ཆོས་བྱེད་སྐྱེས་བུ་རྣམས་ཀྱི་བསམ་འདུན་གསལ་བར་མཚོན་གྱི་ཡོད་པས་ན། འབྲས་བཤད་རྩོམ་མཁན་དང་འབྲས་དཀར་འཁྲབ་མཁན་གཉིས་ཀ་རྒྱལ་པོ་གླང་དར་མས་ཁྲིམས་གཅོད་བཏང་ནས། རྔོན་འཁྱམས་ཀྱི་འཚོ་བ་སྐྱེལ་དུ་བཅུག་པའི་རབ་བྱུང་བཙུན་པ་ཆོས་བྱེད་སྐྱེས་བུ་ཚོ་ཡིན་པ་ཧ་ཅང་གསལ་པོ་རེད། ཁོ་ཚོས་འཚོ་གནས་ཀྱི་དགོས་པའི་དབང་གིས་རང་ལ་ཡོད་པའི་རིག་གནས་ཤེས་བྱ་བེད་སྤྱད་དེ་འབྲས་བཤད་དང་། འབྲས་དཀར་འཁྲབ་སྟངས་བརྩམས་པ་དང་། གྲོང་ཚོའི་ནང་བཀྲ་ཤིས་དགའ་སྟོན་བྱེད་པའི་གོ་སྐབས་དང་བསྟུན་ནས་ཟས་གོས་སློང་མོ་བྱེད་དུ་འགྲོ་བཞིན་ཡོད་པ་རེད། ད་བར་ལོ་ཆིག་སྟོང་ལྷག་ཙམ་རིང་མ་ཉམས་རྒྱུན་འཛིན་བྱས་པ་དེ་ཡང་ཆོས་བྱེད་སྐྱེས་བུ་ཚོ་དང་ཁོ་ཚོའི་མི་རྒྱུད་ཚོས་རི་དྭགས་རྔོན་ནས་འཚོ་ཐབས་བྱེད་པ་ཕུད། འབྲས་དཀར་འཁྲབ་རྒྱུ་དེའང་ཁོ་པ་ཚོའི་ལྟོ་གོས་ཡོང་ཁུངས་ཀྱི་ཆ་ཤས་ཤེག་ཏུ་གྱུར་བའི་རྐྱེན་གྱིས་རེད།  
     བཞི། མགར་ནག་(ལྕགས་བཟོ་བ་)གི་སྐོར།  རྒྱལ་པོ་གླང་དར་མས་ཆོས་བྱེད་སྐྱེས་བུ་ཁག་ཅིག་མགར་ནག་བྱེད་རྒྱུའི་བཀའ་ཁྲིམས་བཅད་པ་རེད། འདི་ནི་གོང་གསལ་རྔོན་པ་དང་། བཤན་པ་བྱེད་རྒྱུའི་ཁྲིམས་ཆད་དང་ཁྱད་པར་མི་འདུག གནའ་བོའི་དུས་སུ་གསེར་དངུལ་ཟངས་ལྕགས་ཀྱི་ལག་ཤེས་བཟོ་ལས་བྱེད་མཁན་ཚང་མར་མགར་བ་ཞེས་སྤྱི་མིང་དུ་བརྗོད། ལྕགས་བཟོ་བྱེད་མཁན་མགར་བ་ནི། ཐོན་སྐྱེད་དང་འཚོ་བའི་ནང་མེད་དུ་མི་རུང་བའི་ལས་རིགས་ཤིག་ཡིན། འོན་ཀྱང་ལྕགས་བཟོ་བར་མགར་ནག་ཅེས་བརྗོད་པའི་རྒྱུ་མཚན་ནི། ནང་པ་སངས་རྒྱས་ཆོས་ལུགས་པའི་ལྟ་བ་ལ་ལྕགས་བཟོ་བ་ནི་སེམས་ཅན་སྲོག་གཅོད་བྱེད་ཡས་ཀྱི་ལག་ཆ་སྟེ། མདའ་གྲི་མདུང་གསུམ་དང་། དམག་མཁོའི་མཚོན་ཆ་སྣ་ཚོགས་ཚང་མ་བཟོ་མཁན་ལྕགས་བཟོ་ཡིན་པས་ཁོ་ཚོ་སྲོག་གཅོད་ཀྱི་བྱ་བར་ཐད་ཀར་མ་ཞུགས་ཀྱང་སྲོག་བཅད་པའི་ཉེས་སྡིག་ནི་བཤན་པ་དང་ཁྱད་མེད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། མགར་ནག་ཟེར་བ་འདི་ནི། མགར་བ་སྡིག་ཅན་པ་ཟེར་བའི་དོན་རེད། རིགས་རྒྱུད་ཐད་ལ། ད་དུང་རུས་པ་དཀར་ནག་གི་སྐོར་ཤོད་མཁན་ཡོད་པ་སྟེ། དམངས་ཁྲོད་དུ། ལྕགས་བཟོ་བའི་མི་རྒྱུད་ནི་མགར་བ་གཞན་དང་མི་འདྲ་བར་ཁོ་ཚོའི་རུས་པ་ནག་པོ་རེད་ཅེས་བཤད་རྒྱུན་ཆགས་ཡོད་པ་རེད། དེ་ནི་“བྲེ་སྲང་ལོགས་སུ་བཀལ་མར་ལ་འབོར་ཚོད་བྱེད་པ་”ཟེར་བའི་དཔེ་ལྟར།  མིག་གདངས་ནས་ལོང་བའི་སྐད་ཆ་བཤད་པ་བཞིན། བླུན་རྨོངས་ཀྱི་འཆལ་གཏམ་རང་ཡིན་པ་ལས། ཚན་རིག་གི་གཞི་འཛིན་ས་དང་ཁུངས་ལུང་གང་ཡང་མི་འདུག་ཀྱང་། ལྕགས་བཟོ་བའི་ལག་ཤེས་འདི་ནི་བཤན་པ་དང་འདྲ་བར་ཧ་ཅང་དཀོན་པའི་ལས་རིགས་ཤིག་ཏུ་གྱུར་བ་རེད། སྤྱི་ཚོགས་ལ་ལྕགས་བཟོ་བྱེད་མཁན་མེད་ན་གཏན་ནས་མི་འགྲིག་པའི་གནད་དོན་འདི་ཐག་གཅོད་བྱེད་པའི་ཐབས་ཤེས་གཅིག་པུ་ནི་གོང་གསལ་རྔོན་པ་དང་བཤན་པ་བྱེད་དུ་འཇུག་པའི་ཐབས་ཤེས་ལྟར། ཁྲིམས་འགལ་ཉེས་ཅན་ལ་ལ་མགར་ནག་བྱེད་དུ་བཅུག་སྟེ། མི་རབས་མི་རྒྱུད་ཚང་མ་ལྕགས་བཟོ་དང་སྡིག་ལས་མ་གཏོགས་ཞིང་འབྲོག་སོགས་ལས་རིགས་གཞན་གང་ཡང་བྱས་མི་ཆོག་པའི་བཀའ་ཁྲིམས་བཙན་པོ་བཏང་བར་བརྟེན། ལས་རིགས་འདི་དག་བྱེད་མཁན་ཡོད་པ་མ་ཟད་རྒྱུན་འཛིན་བྱེད་མཁན་ཡང་བྱུང་བ་རེད།  
     ལྔ། སྟོབས་ལྡན་གྱི་སྐོར། དབུས་ཁུལ་གྱི་གཤིན་པོའི་ཕུང་པོ་འདྲེན་པ་དང་། གཏོར་སིལ་བྱེད་མཁན་ལ་སྟོབས་ལྡན་ཞེས་བརྗོད་ཀྱི་ཡོད་པ་དང་།  གཙང་ཁུལ་ལ་པ་རོལ་ (ཕ་རོལ་པ་ཟེར་བའི་དོན་ཡིན་) ཞེས་བརྗོད་ཀྱི་ཡོད།  དམངས་ཁྲོད་ཀྱི་ཁ་རྒྱུན་ལ་“ཕ་རོལ་དཀྱིལ་གྱི་སྟོབས་ལྡན་པ་”ཞེས་བཤད་སྲོལ་ཡོད་པ་རེད། དེའི་གོ་དོན་ནི་གཉིས་ཀ་གཤིན་པོའི་རྗེས་འཇུག་གི་དུར་ལས་ཞབས་ཕྱི་ཞུ་མཁན་གཅིག་མཚུངས་ཡིན་ཡང་། སྟོབས་ལྡན་ནི་ཕ་རོལ་པ་ལས་གཙིགས་མཐོང་ཆེ་བར་འཛིན་གྱི་ཡོད།  སྟོབས་ལྡན་ནི་གཤིན་པོའི་དུར་ཆོས་ཁོ་ན་བྱེད་མཁན་ཞིག་ཡིན་པས། ཁོ་ཚོས་རང་སེམས་ཡོངས་སུ་བཏུལ་ནས་གཤེན་པོའི་རྗེས་འཇུག་གི་ཆོས་ཀྱི་ཆོ་ག་གཏོང་བ་དང་། ཕུང་པོ་གཏོར་སིལ་བྱེད་པའི་རང་དཀྲིའི་བྱ་བ་དེ་ཁོ་ན་མ་གཏོགས་ལས་རིགས་གཞན་གང་ཡང་གཉེར་གྱི་མེད། དེ་ནི་སྟོབས་ལྡན་གྱི་བརྟུལ་གཞུགས་སྤྱོད་པ་ཡིན་ཞེས་ཟེར། གནའ་དུས་ཕུང་པོ་འདྲེན་པའི་སྔ་ནུབ་དེར་སྟོབས་ལྡན་དུར་ཁྲོད་དུ་གནས་སྤྱད་དེ་སྡོད་ཅིང་། གཤིན་པོའི་ཕུང་པོ་དུར་ཁྲོད་དུ་མ་འབྱོར་སྔོན། མཚན་གང་རིང་གཅོད་ཅེས་པའི་ཆོས་ཀྱི་ཆོ་ག་གཏོང་གི་ཡོད་པ་དང་ཕུང་པོ་དུར་ཁྲོད་དུ་འབྱོར་སྐབས། དར་སྣ་ཁྲིད་དེ་དུར་ཁྲོད་ལ་སྐོར་བ་ཐེངས་གསུམ་སྐོར་བ་དང་། དུས་མཚུངས་འདོན་པ་འདོན་པ་དང་། ཌ་མ་རུ་དང་དྲིལ་བུ་དཀྲོལ་བ། རྐང་གླིང་འབུད་པ། འཕགས་མཆོངས་ཀྱི་གར་འཆམས་པ་སོགས་རོལ་ཆ་དང་གར་གྱི་རྣམ་པའི་ཐོག་ནས་གཤིན་པོ་འདུལ་བའམ་གཤིན་པོར་ཆེས་མཐའ་མཇུག་གི་སྐྱེལ་མ་བྱེད་པ་ཞིག་ཀྱང་རེད། སངས་རྒྱས་ཀྱི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་བར་བརྟེན། དམངས་ཁྲོད་ཀྱི་འཚོ་བའི་གོམས་སྲོལ་དང་། དམངས་ཁྲོད་ཀྱི་དཀར་ནག་བྱ་བའི་བྱེད་སྲོལ་མང་པོ་ཡང་སངས་རྒྱས་ཆོས་ལུགས་ཀྱི་དགོས་འདུན་གཞིར་བཟུང་ཐོག་འགྱུར་བ་ཆེན་པོ་བྱུང་བ་རེད། དེ་སྔོན་གཤིན་པོའི་དུར་ཆོས་བྱེད་པ་དེ་གཤིན་པོའི་འདས་ཆོས་བྱེད་སྲོལ་དུ་འགྱུར་བ་རེད། སངས་རྒྱས་ཆོས་ལུགས་པས་སྐྱེ་བོ་ཞིག་ཚེ་ལས་འདས་པ་ན། དེའི་ལུས་པོ་ས་རྡོར་གྱུར་ཀྱང་རྣམ་ཤེས་ནི་སྔར་མུས་བཞིན་གནས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། གཤིན་པོའི་འདས་ཆོས་ཀྱང་ཐོག་མར་འཕོ་བ་འདེབས་པ་ནས་འགོ་འཛུགས་ཀྱི་ཡོད། འཕོ་བ་འདེབས་པ་ཞེས་པའི་གོ་དོན་ནི། ས་རྡོར་གྱུར་བའི་འདས་པོའི་ཕུང་པོ་དེའི་རྣམ་ཤེས་ཕྱིར་བཏོན་ཏེ། སྐྱེ་གནས་གཞན་ཞིག་ཏུ་གནས་འཕོ་བ་བྱེད་པ་དེ་ལ་ཟེར། དེའང་ཚད་ལྡན་བླ་མའི་དྲུང་ནས་ཕུང་པོར་འཕོ་བ་འདེབས་ཆོག་པའི་གསུང་གི་གནང་བའི་དབང་ཐོབ་པའི་གྲྭ་བ་རབ་བྱུང་བ་ཞིག་འདས་པོའི་ཁྱིམ་དུ་གདན་འདྲེན་ཞུས་པའམ་རྒྱང་རིང་ནས་འཕོ་འདེབས་ཞུ་བ་གང་རུང་བྱེད་ཀྱིན་ཡོད་པ་དང་། དེ་རྗེས་གཤིན་རྩིས་ནང་བཏོན་པའི་སྒྲུབ་བྱ་གཞིར་བཟུང་། བླ་བཙུན་དང་གྲྭ་པ་གདན་དྲངས་ནས་བར་དོ་ངོ་སྤྲོད་ཀྱི་ཆ་དཔེ་ཀློག་འདོན་དང་། སྐྱབས་འགྲོ་དང་། བླ་མའི་མཚན་སྔགས་། གསོལ་འདེབས་སྨོན་ལམ་། ལྟུང་བཤགས་སོགས་འདོན་པ་དང་། འདས་པོས་ཚེ་གང་བོར་བསགས་པའི་སྡིག་གྲིབ་ཐམས་ཅད་བྱང་བར་བྱེད་པའི་ཆོས་ཀྱི་ཆོ་ག་སྟེ། བྱང་ཆོག་གཏོང་བ། གཟུགས་སྔགས་སྣ་ཚོགས་འདོན་པ། དཀོན་མཆོག་ལ་ཆོས་འབུལ། ངན་སློང་ལ་སྦྱིན་པ། གཤེ་འདྲེ་ལ་གཏོར་མ། འདས་པོའི་རྣམ་ཤེས་ལ་བསུར་གཏོང་བ་སོགས་ཞག་གསུམ་གྲུ་བཞིའི་རིང་ཉིན་མཚན་བསྟུད་མར་བར་མཚམས་མི་འཇོག་པ་དང་། དེ་རྗེས་བདུན་ཚིགས་ཟིན་པ་བཅས་ཉིན་ཞེ་བཅུ་བཞི་དགུའི་རིང་གི་ཆོས་ཀྱི་བྱེད་སྒོ་ཚང་མ། གཤིན་པོའི་རྣམ་ཤེས་དེ་བར་དོར་མ་འཁྱམས་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་འདྲེན་པའི་ཆེད་དུ་རེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོན་པོའི་ཆོས་ལུགས་ལ་རྡུང་རྡེག་ཚ་ནན་འཕོག་པར་བརྟེན། དུར་ཁྲོད་དུ་ཕུང་པོ་གཏོར་སིལ་བྱེད་སྐབས་ཀྱི་གཅོད་གཏོང་མཁན་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་བཙུན་པ་དང་སྔགས་པས་ཚབ་བྱས་ཏེ། སྔར་གྱི་དུར་ཆོས་བྱེད་མཁན་སྟོབས་ལྡན་རྣམས་ཆོས་པའི་གོ་གནས་ནས་རིམ་བཞིན་ཁ་བྲལ་ཏེ་ཕུང་པོ་འདྲེན་པ་དང་། གཏོར་སིལ་བྱེད་མཁན་ཆེད་མངགས་ལས་རིགས་ཤིག་ཏུ་གྱུར་བ་རེད། ཕུང་པོ་གཏོར་སིལ་གྱི་ལས་ཀ་འདི་ནི་གཞན་ལ་ཕན་པའི་དགེ་བའི་ལས་ཤིག་ཡིན་པ་ལས་སྡིག་པའི་ལས་ཤིག་མིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འོན་ཀྱང་དུར་ཁྲོད་ཀྱི་ལས་ཀ་འདི་ལ་འཇིགས་སྣང་ཆེ་བ་མ་ཟད་། ལས་རིགས་བཙོག་པ་ཞིག་ཡིན་པས། སྔར་གྱི་རྣལ་འབྱོར་པ་སྟོབས་ལྡན་ལྟ་བུའི་བརྟུལ་ཞུགས་་སྤྱོད་པའི་སྙིང་སྟོབས་དེ་འདྲ་ཞིག་མེད་ན་མི་སེར་དཀྱུས་མས་རང་འགུལ་ངང་ལྷག་བསམ་ཟོལ་མེད་ཀྱིས་དུར་ལས་རྒྱུན་འཁྱོངས་བྱེད་ཁེག་པོ་རེད། དེར་བརྟེན་དུར་ལས་བྱེད་མཁན་གྱི་སྟོབས་ལྡན་ཡང་ཧ་ཅང་དཀོན་པའི་ལས་རིགས་ཤིག་ཏུ་གྱུར་བ་རེད། བཙན་པོ་གླང་དར་མས་ཆོས་བྱེད་སྐྱེས་བུ་ཁག་ཅིག་སྟོབས་ལྡན་བྱེད་རྒྱུའི་བཀའ་ཁྲིམས་བཅས་པ་ཡང་རྒྱུ་མཚན་དེ་ལྟར་ཡིན། དེ་རྗེས་ཀྱི་དབང་བསྒྱུར་པ་རིམ་བྱུང་ཚང་མས་སྲོག་ཐོག་གཏོང་དགོས་པའི་ཉེས་ཅན་པ་ཕུད། དེ་མིན་ཚང་མ་རྔོན་པ་དང་བཤན་པ། མགར་ནག སྟོབས་ལྡན་བཅས་བྱེད་དུ་བཅུག་པ་དང་། མི་རབས་མི་རྒྱུད་ཚང་མས་ལས་ཀ་དེ་རིགས་མ་གཏོགས། ཞིང་དང་འབྲོག་ལས་སོགས་གཞན་གང་ཡང་གཉེར་མི་ཆོག་པའི་བཀའ་ཁྲིམས་བཙན་པོ་བསྒྲགས་པས། སུས་ཀྱང་བྱེད་མི་འདོད་པའི་ལས་ཀ་དེ་རིགས་བྱེད་མཁན་ཡོད་པ་མ་ཟད་རྒྱུན་འཛིན་བྱེད་མཁན་ཡང་ཡོད་པའི་འགན་སྲུང་བྱུང་བ་རེད།   
      བཞི་པ། རྒྱལ་ཕྲན་སིལ་མའི་དུས་སུ་རྔོན་པ་དང་། བཤན་པ། མགར་ནག་སྟོབས་ལྡན་སོགས་ནི་ཕ་རོལ་དགྲ་བོའི་བཟུང་དམག་ཚོར་ཉེས་ཁྲིམས་གཏོང་བྱེད་ཀྱི་ལག་ཆ་དང་། ཁོ་ཚོའི་མི་ཚེའི་འཚོ་རྟེན་ལ་གྱུར་བའི་སྐོར།
      1. བཙན་པོ་གླང་དར་མ་བསད་པ་དང་། བོད་སིལ་བུར་འཐོར་བའི་སྐོར། དུས་རབས་དགུ་པའི་ནང་བོད་ཀྱི་སྤྱི་ཚོགས་འགལ་བ་སྔར་ལས་རྣོ་ངར་ཆེ་བ་དང་ཛ་དྲག་ཅན་དུ་གྱུར་བ་རེད། ལྷག་པར་དུ་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ། ཆོས་ལུགས་ལ་ཁ་གཡར་ནས་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་དེ་ཉིན་རེ་བཞིན་རྣོ་ངར་དང་། ཛ་དྲག རྙོག་འཛིང་ཅན་དུ་གྱུར་བར་བརྟེན། མཐར་བོད་མེ་སྟག་(846)ལོར་ཡེར་པ་བྲག་ཕུག་ཏུ་ཏིང་ངེ་འཛིན་ལ་གནས་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས། བཙན་པོ་གླང་དར་མ་བཀྲོངས་རྗེས་ཡུལ་ཁམས་ཐམས་ཅད་འཁྲུག་པ་རེད། གླང་དར་མའི་སྲས་འོད་བསྲུངས་དང་། གདུང་རྒྱུད་རྫུན་མར་གྲགས་པའི་སྲས་ཡུམ་བརྟན་གཉིས་ནར་སོན་སྐབས། ཕྱོགས་སོ་སོར་བློན་པོ་འགའ་ཞིག་དང་བཙུན་མོ་རྒན་གཞོན་གཉིས་ཀྱིས་རྒྱབ་ལངས་བྱས་ཏེ། སྲས་གཉིས་ཀྱིས་སྲིད་དབང་འཕྲོག་ཆེད། བོད་ཡོངས་ཀྱི་རུ་ལྔའི་སྟོབས་ཤུགས་རང་ཁོངས་སུ་བསྡུ་རྒྱུའི་ནང་འཁྲུག་ལངས་ཏེ། བཙན་པོའི་སྲིད་དབང་གི་སྟོབས་ཤུགས་ཀྱང་ཁག་གཉིས་སུ་གྱེས། མངའ་བདག་ཡུམ་བརྟན་གྱི་ཤོག་ཁས་དབུ་རུ་ཟིན། མངའ་བདག་འོད་བསྲུངས་ཀྱི་ཤོག་ཁས་གན་རུ་བཟུང་ནས་འཐབ་འཁྲུག་ལོ་མང་བྱུང་རྗེས། འོད་བསྲུངས་ཀྱི་སྟོབས་ཤུགས་གཙང་གི་གཡས་རུའི་ཕྱོགས་ལ་སྒྲིལ་ཏེ། གཙང་ཁུལ་གྱི་སྲིད་དབང་བཙུགས། མངའ་བདག་འོད་བསྲུངས་ཀྱི་ལྷ་སྲས་མངའ་བདག་དཔལ་འཁོར་བཙན་གྱིས་གཙང་མྱང་སྟོད་དུ་རྒྱལ་པོའི་མཁར་རྫོང་བསྐྲུན། དེ་ལྟར་བཙན་པོའི་བུ་རྒྱུད་ཀྱི་སྲིད་དབང་རྒྱུན་བསྲིང་བྱ་རྒྱུའི་འདུན་པ་བཅངས་བཞིན་ཡང་བོད་ས་གླང་(869)ལོར་ཐོག་མར་མདོ་ཁམས་ཡུལ་ནས་འབངས་གྱེན་ལོག་བྱས། དེའི་རྗེས་དབུས་གཙང་ཁུལ་གྱི་ཡུལ་གྲུ་མང་པོར་ཡང་གཅིག་མཇུག་གཉིས་མཐུད་ཀྱིས་འབངས་གྱེན་ལངས་བྱུང་སྟེ། བཙན་པོའི་གདུང་རྒྱུད་དང་སྐུ་དྲག་མི་དཔོན་མང་པོ་དམར་གསོད་བཏང་། ཡུལ་ལུང་གང་སར་འཇིགས་སྐྲག་ཆེ་བའི་སྣང་བ་འཆར་བར་བརྟེན་མངའ་བདག་དཔལ་འཁོར་བཙན་གྱི་གདུང་རྒྱུད་རྣམས་སྟོད་མངའ་རིས་ཀྱི་ཕྱོགས་སུ་བྲོས་ནས། གུ་གེ་དང་པུ་རངས། ཡུལ་(སྐྱིད་རོང་)སོགས་ཡུལ་གྲུ་མང་པོ་དབང་དུ་བསྡུས་ནས་སྲིད་དབང་བཙུགས་ཏེ། མངའ་རིས་རྒྱལ་རྒྱུད་ཟེར་བ་དེ་བྱུང་། དེ་སྔ་སྟོད་མངའ་རིས་སྐོར་གསུམ་ཟེར་བའི་ནང་ད་ལྟ་གཞིས་རྩེ་ས་ཁུལ་གྱི་ངམ་རིང་རྫོང་ཡན་གྱི་སྟོད་ཀྱི་ས་ཆ་ཚང་མ་ཚུད་ཡོད་པ་རེད།  
     དེའི་དུས་སུ་བོད་ཀྱི་རྒྱལ་ཁམས་ཡོངས་ལ་གཅིག་གྱུར་གྱི་འགོ་ཁྲིད་ཅིག་མེད་པར་གྱུར་བས། ཁྱིམ་དུད་སྟོང་ཕྲག་འགའ་ཤས་སམ་ཡང་ན་ཁྱིམ་དུད་བརྒྱ་ཕྲག་འགའ་ཤས། ཐ་ན་དུད་ཚང་བཅུ་ཕྲག་འགའ་ཤས་ཙམ་ལས་མེད་པའི་སྲིད་དབང་སྟེ། རྒྱལ་ཕྲན་ཆུང་ཆུང་མང་པོ་བཙུགས། ཁོ་ཚོ་སུ་ཡང་གཅིག་འོག་གཅིག་ལ་མི་འདུ་བྱས་ན། བོད་ཡོངས་ཁ་ཐོར་དང་སིལ་བུའི་གནས་ལ་གྱུར་བ་རེད། སྔར་ཆོས་རྒྱལ་རིམ་བྱོན་ཚོས་གསར་གཏོད་དང་ཕྱག་ལེན་གནང་བའི་ཁྲིམས་སྲོལ་ཏེ་ལྷ་ཆོས་དགེ་བ་བཅུ། མི་ཆོས་གཙང་མ་བཅུ་དྲུག བསྙེན་ནས་ཡན་ལག་བརྒྱད་ཟེར་བ་སོགས་རྒྱལ་ཁྲིམས་དང་ཆོས་ཁྲིམས་འདི་དག་ཡོད་པར་བརྟེན་མི་ཚང་མར་བྱ་སྤྱོད་ཀྱི་གཞི་འཛིན་ས་དང་རང་སེམས་གཅུན་པའི་བསམ་བློའི་གཞི་བརྟེན་ཡོད་པ་རེད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཡིན་ཞེས་ཁྲིམས་སྲོལ་འདི་དག་གིས་སྤྱི་འབངས་ཀྱི་ཡུལ་སྲོལ་གོམས་གཤིས་བཟང་ངན་དང་ཉེས་པ་ཆེ་ཆུང་ལ་ཁྲིམས་གཅོད་ཡང་ལྕི། དཔའ་བོ་དང་སྡར་མའི་དབྱེ་འབྱེད་སོགས་ལེགས་ཉེས་གསལ་པོར་འབྱེད་ཐུབ་པ་ཡིན་ཙང་། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་སྲོལ་ཞེས་སྤྱི་འབངས་ཀུན་གྱི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཡོད་པ་རེད། དེ་ལྟར་བོད་ཡོངས་སིལ་བུར་གྱུར་ཙང་། གང་སར་ཁུངས་དང་ལུང་། ལམ་དང་ལུགས་སྲོལ་གང་ཡང་མེད་པར་རྒྱལ་ཁབ་སྐྱོང་བའི་འཕྲུལ་འཁོར་ཧྲིལ་པོ་ལྷུ་ལག་དང་བྲལ། ས་གཞི་སྐྱོང་བའི་སྐུ་དྲག་མི་དཔོན་རྣམས་རྙོག་དྲའི་སྒོ་ལ་ཚུད་།མདོར་ན་དེང་སྐབས་ཀྱི་རིག་པའི་གཞུང་ལུགས་ཐོག་ནས་བཤད་ན། བོད་ཡོངས་སྲིད་གཞུང་མེད་པའི་རིང་ལུགས་ཟེར་བ་དེ་ཆགས་པ་རེད། རྒྱལ་ཕྲན་ཆེ་ཆུང་ཚང་མས་ཁྲིམས་སྒོ་རང་བཙན་ཡིན་ཞེས་རང་རང་གི་སྲིད་སྐྱོང་དོ་དམ་བྱེད་ལུགས་ཁྲིམས་སྲོལ་འདྲ་མིན་སྣ་ཚོགས་བཏོད་ནས་དབང་སྒྱུར་བྱེད་བཞིན་ཡོད་པ་རེད། རྒྱལ་ཕྲན་སིལ་མ་འདི་འདྲ་མང་པོ་ཡོད་པའི་གནས་ཚུལ་འོག་ཕན་ཚུན་འདྲ་མཉམ་གཉིས་ཕན་དང་། ཞི་བདེ་མཉམ་གནས། བརྟན་ལྷིང་ཞི་མཐུན་བཅས་ཡོང་བ་ནི་ཧ་ཅང་ཁག་པོ་རེད། རྒྱལ་ཕྲན་ཆུང་བ་ཕན་ཚུན་རྟག་ཏུ་ས་ཞིང་དང་རྩྭ་ཐང་། ནོར་ཕྱུགས། ཆུ་བོ། སྐྱེས་ཤིང་ནགས་ཚལ། རང་བྱུང་ཐོན་ཁུངས་སོགས་ཀྱི་དོན་དུ་རྒྱུན་ཆད་མེད་པར་འཁྲུག་རྩོད་དང་། དམག་འཁྲུག་ལངས་ཀྱི་ཡོད་པ་རེད། རྒྱལ་ཕྲན་ཆེ་བ་ཚོས་མངའ་ཁོངས་རྒྱ་བསྐྱེད་པ་དང་། རང་གི་ཁེ་དབང་ཤུགས་ཆེར་བཏང་ཆེད། རྒྱལ་ཕྲན་ཆུང་ཆུང་རྣམས་རིམ་བཞིན་ཁྱུར་མིད་བཏང་བ་དང་། རྒྱལ་ཕྲན་ཆེ་བ་གཞན་དང་དམག་འཁྲུག་མང་པོ་རྒྱག་གི་ཡོད་པ་རེད།   
     དུས་བབས་ཀྱི་རྣམ་པ་དེ་ལྟ་བུ་ཞིག་གི་འོག སྐྱེས་ས་རིགས་རྒྱུད་མཐོ་དམན་དང་། གཙང་བཙོག་སྨྲ་བ། རིགས་རྒྱུད་མཐོང་ཆུང་བྱེད་པའི་ལུགས་སྲོལ་ངན་པ་དེ་བློན་འབངས་མི་སེར་ཁྲོད་ཇི་ལྟར་བྱས་ནས་དར་ཁྱབ་བྱུང་བ་རེད་དམ་ཞེ་ན། དེ་ཡང་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དར་རྒུད་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པ་ཞིག་རེད།  
     2. བོད་སིལ་བུའི་དུས་ཀྱི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རྣམ་པ་སྐོར། གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་བློན་འབངས་མི་སེར་གྱི་ཁྲོད་དུ་སངས་རྒྱས་ཀྱི་ཆོས་ལུགས་གནས་ཡོད་དམ་མེད་ཟེར་ན། ལོ་རྒྱུས་དེབ་ཐེར་ཁག་ནང་འཁོད་གསལ་ལྟར། ཁྱིམ་པ་གོས་དཀར་གྱི་རྟེན་ལ་གསང་སྔགས་སྒྲུབ་མཁན་མི་ཉུང་བ་ཞིག་ཡོད་པ་དེ་དག་ནི། རྒྱལ་བློན་ཚོས་མ་རྟོགས་ཤིང་། ཁོ་ཚོར་དགོན་པ་མེད་ལ། རབ་བྱུང་བའི་རྟགས་ཀྱང་མེད་པས་ན། གནོད་ཚེ་མ་ཕོག་པ་མང་པོ་ཡོད་པ་རེད།  དེ་ལྟར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་བྱུང་མོད་ཀྱང་། ཐེག་པ་ཆེན་པོའི་གསང་སྔགས་ནུབ་མེད་ཅེས་མཁས་དབང་མང་པོས་ངོས་འཛིན་གཅིག་གྱུར་གནང་བཞིན་འདུག ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་རྟེན་དང་བརྟེན་པ་ཡོངས་རྫོགས་རྩ་མེད་དུ་བཏང་གྱུར་ཡང་། དད་ལྡན་སེར་སྐྱ་མང་ཚོགས་ཀྱི་སེམས་ནང་གི་དད་པ་དང་། འཚོ་བ་དངོས་ཀྱི་ནང་དུ་སྐྱིད་སྡུག་དཀར་ནག་གི་གནས་ཚུལ་གང་དང་འཕྲད་རུང་། ཆོས་ལུགས་ཀྱི་ཐབས་ཤེས་ལ་བརྟེན་ནས་འགྲོ་སྟངས་དང་ཐག་གཅོད་བྱེད་སྲོལ་དེ་དག་རྩ་མེད་བཟོ་ཐབས་བྲལ་བར་བརྟེན་ཆོས་ཀྱི་རྟོགས་པ་ཅུང་ཟད་ལྡན་པའི་མི་དེ་ཚོས་ནང་ཆོས་ཀྱི་བྱེ་བྲག་ཆོ་ག་རྣམས་གཏོང་མི་ཤེས་ཀྱང་མངོན་ལྐོག་གཉིས་ཀའི་ཐོག་ནས་ཆོས་ལུགས་ཀྱི་གོམས་སྲོལ་དང་། འགྲོ་ལུགས་རྣམས་མུ་མཐུད་ལག་ལེན་བྱེད་བཞིན་ཡོད་པ་རེད།  
     བསྟན་པ་ཕྱི་དར་དུས་སུ། འདུལ་བ་སྟོད་ལུགས་དང་། འདུལ་བ་སྨད་ལུགས་ཞེས་ཁག་གཉིས་བྱུང་ཡོད་པ་སྟེ། སྟོད་འདུལ་ཞེས་པ་ནི། མངའ་བདག་དཔལ་འཁོར་བཙན་གྱི་བུ་རྒྱུད་ཚོས་མངའ་རིས་ཁུལ་དུ་སྲིད་དབང་གསར་དུ་བཙུགས། དཔལ་འཁོར་བཙན་གྱི་ཚ་བོ་ཆུང་བ་སྡེ་བཙུགས་མགོན་ལ་སྲས་སོང་ངེ་དང་། འཁོར་རེ་ཞེས་པ་གཉིས་བྱུང་། སོང་ངེ་སྐུའི་ཚེ་སྟོད་དུ་མངའ་ཁོངས་སྲིད་སྐྱོང་གི་བྱ་བར་ཞུགས་ཀྱང་རྗེས་སུ་ཕ་མེས་ཚོའི་ཡིག་ཚང་རྣམས་གཟིགས་པས་ཐུགས་ཧ་ཅང་སྐྱོ་པོ་བྱུང་ཞིང་། འཇིག་རྟེན་འཁོར་བ་ལ་ཞེན་པ་གཏིང་ནས་ལོག་སྟེ་རབ་ཏུ་བྱུང་ཞིང་། མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། ཁོང་གིས་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་བཞེངས། ཁྱེའུ་བློ་རིག་རྣོ་བ་ཉི་ཤུ་རྩ་གཅིག་ཙམ་འཕགས་ཡུལ་དུ་ཆོས་སློབ་པར་བརྫངས། བོད་ཡུལ་དུ་ཕྱིར་ལོག་པའི་སློབ་མ་རིན་ཆེན་བཟང་པོ་དང་། རྔོག་ལེགས་པའི་ཤེས་རབ་སོགས་ཕྱི་ནང་གི་རིག་པའི་གནས་ཀུན་ལ་བྱང་ཆུབ་ཅིང་། ལོ་ཙཱ་བ་ཆེན་པོར་གྱུར་ནས་བཀའ་དང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར། དེ་བཞིན་རྒྱ་གར་གྱི་པཎ་ཊི་ཏ་དྨ་མ་པ་ལ་སོགས་མཁས་དབང་མང་པོ་སྤྱན་དྲངས་ནས། མཚན་ཉིད་ཀྱི་ཐེག་པ་དང་། རྒྱུད་སྡེ་བཞི་སོགས་བོད་ཡིག་ལ་བསྒྱུར་ནས་གཏན་ལ་ཕབ། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་འདུལ་བ་སྟོད་ལུགས་ཞེས་པ་དར་བ་མཛད་དོ།།  
     འདུལ་བ་སྨད་ལུགས་པ་བྱུང་ཚུལ་ནི། གླང་དར་མས་བསྟན་པ་བསྣུབས་སྐབས་ཆུ་ཤུར་རྫོང་ཡར་ལུང་གཙང་པོའི་ལྕགས་ཟམ་ལྷོ་ངོས་ཀྱི་ཆུ་བོ་རི་ཞེས་པའི་བྲག་ཕུག་གི་ནང་དུ། གཡོ་དགེ་འབྱུང་དང་། གཙང་རབ་གསལ། རྨ་ཤཱཀྱ་མུ་ནེ་ཞེས་པའི་དགེ་འདུན་མཁས་པ་གསུམ། སྒོམ་སྒྲུབ་ལ་བཞུགས་དུས། ཉིན་ཞིག་ཁོང་ཚོའི་བྲག་ཕུག་ཏུ་བཙུན་པའི་ཆས་ལུགས་ཅན་ལུས་ལ་མདའ་ཞུ་ཐོགས། རི་དྭགས་བསད་པའི་ཤ་འཁྱེར་ནས་ཡོང་བ་ན། མཁས་བཙུན་གསུམ་ཧང་སངས་ཏེ་གནས་ལུགས་རྒྱུ་མཚན་དྲིས་པར། དར་མས་རྒྱལ་བསྟན་རྨེག་མེད་དུ་བཏང་ལུགས་དང་། རབ་བྱུང་བཙུན་པ་གྲགས་ཆེན་རྣམས་སྲོག་ཐོག་བཏང་བ་དང་། དེ་མིན་ཚང་མ་སྲོག་གཅོད་སྡིག་ལས་ཀྱི་བྱ་བར་བརྟེན་ནས་འཚོ་གནས་བྱས་ཆོག་པ་ལས། འཚོ་བརྟེན་གཞན་གང་ཡང་གཉེར་མི་ཆོག་ཅིང་། རང་གི་ཡུལ་དང་ཁྱིམ་ཚང་ལ་ལོག་མི་ཆོག་པའི་ཁྲིམས་གཅོད་བཏང་ལུགས་སོགས་ཞིབ་པར་བརྗོད་པ་ན། ཁོང་གསུམ་གྱིས་བཀའ་དང་བསྟན་བཅོས་ཀྱི་དཔེ་ཆ་དྲེལ་རྒྱབ་གསུམ་འཁྱེར་ནས་མངའ་རིས་བརྒྱུད་ཧོར་ཡུལ་བསྐོར་ཏེ་མདོ་སྨད་ཁུལ་དན་ཏིག་ཤེལ་གྱི་བྲག་ཕུག་ཏུ་བཞུགས་ཏེ། གསང་ཐབས་ལ་བརྟེན་ནས་སྤྱི་འབངས་མི་སེར་ཁྲོད་དུ་དམ་ཆོས་སྤེལ་ཏེ།  བསྟན་པ་ཕྱི་དར་གྱི་ཆེད་ཕྱག་ལས་མང་པོ་གནང་། དུས་རབས་བཅུ་པའི་ནང་མཁས་བཙུན་གསུམ་གྱི་རྒྱུད་པ་བླ་ཆེན་དགོངས་པ་རབ་གསལ་ཞེས་པ་རབ་ཏུ་བྱུང་བ་དང་། དེའི་རྗེས་སུ་གྲུམ་ཡེ་ཤེས་རྒྱལ་མཚན། གནུབས་དཔལ་གྱི་བྱང་ཆུབ་སོགས་རབ་ཏུ་བྱུང་བའི་སྐོར་བསམ་ཡས་ཀྱི་མངའ་བདག་ཡེ་ཤེས་རྒྱལ་མཚན་ཡབ་སྲས་གཉིས་ཀྱིས་མཁྱེན་ཏེ་དབུས་གཙང་གི་མི་བཅུ་མདོ་སྨད་ཁུལ་དུ་བླ་ཆེན་དགོངས་པ་རབ་གསལ་ལས་སྡོམ་པ་ལེན་པར་བཏང་།  
      བོད་ས་སྟག་(978)ལོར་གོང་གསལ་དབུས་གཙང་གི་མི་བཅུ་ལ་འདུལ་བ་འཆད་ཉན་གནང་ནས་རབ་བྱུང་གི་སྡོམ་པ་གསར་དུ་ཐོབ་སྟེ་དབུས་སུ་ཕྱིར་ལོག་ཕེབས་པའི་དུས་ཚོད་འདི་ནི་ནང་པ་སངས་རྒྱས་ཀྱི་བསྟན་པ་ཕྱི་དར་འགོ་ཚུགས་པའི་དུས་མཚམས་ལ་འཇོག་དགོས་ལུགས་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ནང་གསལ་པོར་འཁོད།  
      དེ་ལྟར་སྟོད་སྨད་གཉིས་ནས་བསྟན་པའི་མེ་རོ་གསོས་པ་དེ་རིམ་བཞིན་དབུས་གཙང་ཁུལ་དུ་དར་འཕེལ་བྱུང་སྟེ། དགོན་པ་དང་ལྷ་ཁང་། མཆོད་རྟེན་སོགས་གསར་བཞེངས་བྱེད་མཁན་མང་བ། རབ་བྱུང་བཙུན་པར་ཞུགས་མཁན་མང་བ། པཎྜིཏ་དང་ལོ་ཙཱ་བ་མང་བ། དགོན་པ་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་ཟེར་བའི་གཏམ་དཔེ་ལྟར། ཆོས་ཀྱི་གྲུབ་མཐའ་ཡང་ཧ་ཅང་མང་པོ་ཆགས་པ་རེད། དེས་མ་ཟད་བོན་པོའི་ཆོས་ལུགས་ལ་ཡང་སླར་གསོ་དང་། སྐྱར་དར་བྱུང་ནས་ཆོས་ལ་བོན་འདྲེས། བོན་ལ་ཆོས་འདྲེས་ཟེར་བ་ལྟར། ནང་ཆོས་དང་བོན་ཆོས་གཉིས་མཉམ་བསྲེས་བྱུང་སྟེ། དེང་སྐབས་ཀྱི་དུས་སུ་ཡང། དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་བྱེད་སྒོའི་སྐབས། ནང་ཆོས་དང་བོན་ཆོས་འདྲེས་པའི་བྱེད་སྲོལ་མང་པོ་གནས་མུས་ཡིན། དེ་དུས་གནས་ཚུལ་དེ་འདྲ་ཐོན་པའི་རྒྱུ་མཚན་ནི། ནང་པ་སངས་རྒྱས་ཀྱི་ཆོས་ལ་སློབ་སྟོན་མཛུབ་ཁྲིད་བྱེད་མཁན་གྱི་ཚད་ལྡན་བླ་མ་མེད་པས་རྐྱེན་གྱི་རེད། དེ་དག་གི་ཚུལ་ལ་བླངས་དོར་གྱི་གནས་སྟོན་པའི་ཆེད་དུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཐབས་བརྒྱ་ཇུས་སྟོང་དང་། རྐང་འགྲོ་ལག་འདོན་མང་པོ་བཏང་སྟེ། བོད་ཆུ་རྟ་(1042) ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མངའ་རིས་སུ་སྤྱན་དྲངས། ཇོ་བོ་རྗེ་བོད་དུ་བཞུགས་རིང་ཆོས་ཀྱི་སྡེ་དང་། སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་དང་། ཆོས་ལུགས་ནང་ཐོན་པའི་གནད་དོན་ཁག་ལ་བླངས་དོར་གྱི་བཀའ་སློབ་མཛུབ་སྟོན་མང་པོ་མཛད་། ལྷག་པར་དུ་ཇོ་བོ་རྗེས་“ཆོས་ཟབ་མོ་བྱེད་པར་ལས་རྒྱུ་འབྲས་ལ་ཐུག་ཡོད། དེ་ལ་གཟབ་དགོས་”གསུངས་ནས་《བྱང་ཆུབ་ལམ་གྱི་སྒྲོན་མེ་》ཞེས་བྱ་བ་མཛད་པ་ན། དེ་སྔོན་བོད་ཀྱི་ཆོས་ལོག་སྣ་ཚོགས་པ་རྣམས་རང་ཤུགས་ཀྱིས་ཡལ། ལམ་སྒྲོན་དེ་ཡང་བོད་ཀྱི་ཆོས་ལ་བཟང་ངན་གྱི་དག་ཐེར་མཛད་པའི་ཤན་བྱེད་དུ་གྱུར།  
      ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དེ་སླར་ཡང་བོད་ཁམས་ཡོངས་ལ་དར་ཁྱབ་ཆེན་པོ་བྱུང་བར་བརྟེན་མི་རྣམས་ཚང་མ་སྡིག་སྤོངས་དགེ་སྒྲུབ་ཀྱི་བྱ་བར་བརྩོན་པ་ལས། སྲོག་གཅོད་སྡིག་པའི་ལས་བྱེད་མཁན་ཇེ་ཉུང་དུ་གྱུར། བཤན་པ་དང་མགར་བ་སོགས་ལས་རིགས་ཐ་ཞན་དུ་འདོད་པ་འདི་རིགས་སྔར་གླང་དར་མས་ཉེས་ཁྲིམས་བཏང་བའི་ཆོས་བྱེད་སྐྱེས་བུ་ཚོའི་བུ་རྒྱུད་། ཚོས་རྒྱུན་འཛིན་བྱེད་པ་ཕུད་། གསར་དུ་རང་རྟོག་གི་སྒོ་ནས་ལས་རིགས་འདི་དག་བྱེད་མཁན་ཐོན་ཡོང་གི་མེད་ཙང་ལས་རིགས་འདི་དག་བྱེད་མཁན་ཧ་ཅང་དཀོན་པོར་གྱུར་ཏེ་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་ཆགས་པ་རེད།  
      བོད་སིལ་བུར་འཐོར་བའི་རྗེས་སུ། གོང་དུ་གླེང་བ་བཞིན། རྒྱལ་ཕྲན་ཆེ་ཆུང་བར་ཕན་ཚུན་དམག་འཁྲུག་རྒྱུན་ཆད་མེད་པར་ལངས་ཏེ། རང་གི་དགྲ་ཟླར་གྱུར་བའི་རྒྱལ་ཕྲན་དེ་ལ་ཕ་རོལ་དགྲ་བོའི་སྟོབས་ཤུགས་ཟེར་བ་དང་། རྒྱལ་ཕྲན་དེའི་མི་ལ་ཕ་རོལ་པ་ཞེས་བརྗོད་ཀྱི་ཡོད། དེའི་སྐབས་སུ་རྒྱལ་ཕྲན་ཚང་མས་བཙན་པོ་གླང་དར་མའི་ཁྲིམས་གཅོད་གཏོང་སྟངས་ལ་དཔེ་བལྟས་ནས་དམག་ས་ནས་འཛིན་བཟུང་བྱས་པའམ། ཚུར་ཐོབ་པའི་རྒྱལ་ཕྲན་དེའི་སྐུ་ཅག་མི་དཔོན་དང་། དམག་དཔོན། ཡུལ་སྡེའི་འགན་པོ་ཡན་གྱི་གོ་གནས་ཡོད་མཁན་ཕ་རོལ་པ་དེ་ཚོ་སྲོག་ཐོག་གཏོང་བ་ཕུད་། བཤན་པ་དང་། མགར་ནག་ལྕགས་བཟོ་བ། སྟོབས་ལྡན། རྔོན་པ་བཅས་བྱེད་དགོས་རྒྱུའི་ཁྲིམས་གཅོད་གཏོང་གི་ཡོད་པ་རེད། ཕ་རོལ་པ་དེ་ཚོས་གོང་གསལ་བཀའ་ཁྲིམས་ལ་བརྩི་སྲུང་དང་ལེན་ཞུས་ཚེ། གཏན་འཁེལ་བྱས་པའི་རྒྱ་འོག་ཏུ་(ས་ཁོངས་)གཞིས་ཆགས་གཏན་སྡོད་ཀྱི་འཚོ་བ་སྐྱེལ་ཆོག་པ་དང་། གཤེད་གཏེའི་གྲས་སམ། བཀའ་ཁྲིམས་ལ་བརྩི་སྲུང་དང་ལེན་མི་བྱེད་མཁན་དེ་ཚོའི་གདོང་ལ་མེ་ཐེལ་རྒྱག་པའམ། ཨམ་རྟགས་བརྒྱབ་(རྣ་ཅོག་བྲེག་པ་)སྟེ་རི་ལ་བསྐྲད། ཁོ་ཚོས་ཡུལ་མེད་སྤྲང་འཁྱམས་ཀྱི་རྔོན་པའི་འཚོ་བ་སྐྱེལ་ན་ཆོག་པ་ལས། གཏན་སྡོད་གཞིས་ཆགས་གཏན་ནས་བྱས་མི་ཆོག་པའི་ཁྲིམས་གཅོད་བཏང་། “ཡུལ་མེད་སྤྲང་འཁྱམས་པ་”ཟེར་བའི་མིང་ཚིག་འདི་ད་ལྟ་ཡང་མང་ཚོགས་ཁྲོད་དུ་བེད་སྤྱོད་བྱེད་མུས་ཡིན།   
      གཏན་སྡོད་གཞིས་ཆགས་ཆོག་པའི་ཕ་རོལ་པ་ཚོར་ཞབས་ཕྱི་ཞུ་མཁན་དགོན་པ་གྲྭ་ཚང་དང་སྡེ་ཚོ་བཅས་གཏན་འཁེལ་བྱས་ཤིང་། རྫོང་གཞིས་ཁག་དང་གྲོང་སྡེ་ཆེ་ཁག་ནང་ཕ་རོལ་པར་དོ་དམ་བྱེད་མཁན་ལས་མཚན་པ་ཡོད་པ་དང་། ཕ་རོལ་པས་ཡུལ་ཆུ་བཏུང་སྐབས་ཡུལ་ཁྲིམས་འཁུར་རྒྱུ་འགན་ལེན་ཡོང་ཆེད་ཕ་རོལ་པ་ཚོའི་ནང་ནས་པང་ཆེན་(ཕ་ཆེན་)ཞེས་ཕ་རོལ་པའི་འགན་པོ་བསྐོ་བཞག་བྱས་པ་དང་། འགན་པོས་ཡུལ་སྡེ་དེའི་ཁོངས་ཀྱི་ཕ་རོལ་པ་ཚང་མར་དོ་དམ་བྱེད་ཀྱི་ཡོད། ཕ་རོལ་པ་ཚོས་འབངས་མི་སེར་སྤྱི་དང་འདྲ་བར་རྒྱལ་ཕྲན་དེའི་ཁྲིམས་ལུགས་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། ད་དུང་དམིགས་གསལ་བརྩི་སྲུང་ཞུ་དགོས་པ་སྟེ། གཏན་འཁེལ་བྱས་པའི་ལས་རིགས་འདི་དག་ཕ་ཤུལ་བུ་འཛིན་བྱ་རྒྱུ་ལས། ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་རིགས་གཉེར་མི་ཆོག ཕ་རོལ་པས་རྒྱལ་ཕྲན་འདིའི་སྤྱི་འབངས་དང་གཉེན་སྒྲིག་དང་ཆང་ས་རྒྱབ་མི་ཆོག་ལ། གཞིས་ཀ་དང་གྲོང་ཆེན་ཚོས་ཕ་རོལ་པ་ཡིན་ཕྱིན་གཡོག་པོ་དང་བྲན་གཡོག་ལ་ཉར་མི་ཆོག ཕ་རོལ་པ་རབ་བྱུང་བཙུན་པ་དང་བཙུན་མར་ཞུགས་མི་ཆོག་ལ། དགོན་པ་དང་ལྷ་ཁང་ལ་ཆོས་མཇལ་ཞུས་མི་ཆོག ཕུང་པོ་འདྲེན་དུས་མ་གཏོགས་མི་སེར་ཕལ་པའི་ཁྱིམ་དུ་ཡང་འཛུལ་མི་ཆོག སྤྱི་འབངས་ཡོངས་ཀྱི་གྲལ་མཇུག་ཏུ་མ་གཏོགས་བསྡད་མི་ཆོག་པ་སོགས་བཀག་སྡོམ་ཀྱི་ཁྲིམས་ལུགས་ཧ་ཅང་མང་པོ་གཏན་འཁེལ་བྱས་ཡོད། ཁོ་ཚོས་བྱས་ཆོག་པ་ནི་རི་ཀླུང་བཀག་སྡོམ་བྱེད་རྒྱུའི་རྩ་ཚིག་བཀྲམས་པའི་ལོ་དུས་སུ་མ་གཏོགས། ནམ་རྒྱུན་ལྟོ་གོས་ཀྱི་ཆེད་དུ་རི་ཀླུང་གང་སར་རྔོན་འཁྱམས་བྱས་ཆོག་གི་ཡོད་པ་དེ་རེད། ཕ་རོལ་པའི་འགན་པོས་ལོ་ལྟར་རྫོང་གཞིས་རྩེ་ཁག་དང་དགོན་སྡེ་གྲྭ་ཚང་ཆེ་གྲས་ཁག་གི་སྒྲུབ་ཆོས་ཆེན་མོའི་རྐང་གསོ་དང་གཏོར་རྒྱག་སྐབས་མཁོ་བའི་རྫས་བྱ་སྟེ། མིའི་མགོ་ལག་སྐམ་པོ་དང་མི་མགོའི་ཐོད་སྐམ། རབས་ཆད་མའི་ཟླ་མཚན། གཅན་གཟན་གྱི་མགོ་བོ། སྤྱང་གུའི་ལྕེ་དང་། ཕྱི་བའི་ལག་པ་སོགས་རྫས་བྱ་འདྲ་མིན་སྣ་ཚོགས་སྒྲུབ་དགོས་པ་དང་། གཏོར་གཟོར་འཕེན་པ་དང་གླུད་འགོངས་གཡུག་པའི་བྱེད་སྒོའི་སྔ་རྗེས་ཀྱི་ཞབས་ཕྱི་ཆ་ཚང་སྒྲུབ་དགོས་ཀྱི་ཡོད། ཕ་རོལ་པས་ད་དུང་གླུད་འགོང་གསོན་མ་ཁྲབ་དགོས་ལ། ལུགས་སྲོལ་དེ་ཐོག་མར་དུས་གང་ཞིག་ལ་དར་མིན་མི་ཤེས་ཀྱང་བོད་ལ་དམངས་གཙོའི་གཅོས་སྒྱུར་མ་བཏང་གོང་། པོ་ཏ་ལའི་རྩེ་རྣམ་རྒྱལ་གྲྭ་ཚང་གིས་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུའི་དགུ་གཏོར་གར་འཆམ་དང་། རྒྱལ་རྩེ་རྫོང་གིས་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་དགུའི་རྫོང་སྟོན་ཆེན་གྱི་སྔགས་པའི་སྒྲུབ་ཆོས་གཏོར་རྒྱག་སྐབས་ཕ་རོལ་པས་གླུད་འགོང་གསོན་མ་ཁྲབ་དགོས། དེ་འང་གླུད་འགོང་ཁྲབ་མཁན་ཕ་རོལ་པ་མི་དེ་གཟུགས་པོ་ཡོངས་རྫོགས་དམར་ཧྲེང་ཐོག་ལུས་སྨད་ལ་གདུམ་རས་དང་། ལུས་སྟོད་ལ་ར་ལུག་གི་རྒྱུ་མ་ཕུས་རྒྱངས་པ་མང་པོ་དཀྲིས། མགོ་བོ་སེམས་ཅན་གྱི་གྲོད་པ་ལ་ཁ་མིག་བཏོན་ནས་བཏུམས། རྣ་བ་གཡས་གཡོན་གཉིས་ལ་ར་ལུག་གི་ནང་ཁྲོལ་ཨ་མ་ཁ་རླིག་བཏགས། ལག་པར་ར་ལུག་གི་ནང་ཁྲོལ་གློ་བ་འཆངས། མགུལ་ལ་གའུ་དང་ལག་པར་ལག་དཀྲིས་གྱོན། བྱ་ཁྱུང་དང་ཕོ་རོག་མགོ་ཅན་གྱི་གར་འཆམ་པ་གཉིས་ཀྱིས་གླུད་འགོང་གསོན་པོ་དེ་ཐག་ཞགས་ནག་པོས་སྔ་བཏགས་ཕྱི་བཏགས་བརྒྱབ་ནས་དུང་ཆེན་དང་། རྐང་གླིང་། རྔ་དང་རོལ་མོ། དྲིལ་བུ། ཌ་མ་རུ་སོགས་དང་། སྔགས་འཆང་པས་གཟུངས་སྔགས་འདོན་པའི་སྒྲའི་ཁྲོད་དུ། གར་འཆམ་འཁྲབ་བཞིན་འཇིགས་སྐྲག་ལྡན་པའི་ངང་འཆམ་རར་ཁྲིད་ཡོང་། འཆམ་རའི་རྡོ་གཅལ་གྱི་དབུས་སུ་གླུད་འགོང་དེ་གན་རྐྱལ་ལ་ཉལ་དུ་བཅུག དེ་འཕྲལ་གཅན་གཟན་དང་འདྲེ་སྲིན་མགོ་ཅན་གྱི་ཞལ་འབག་གྱོན་པའི་གར་འཆམ་པ་མང་པོས་གླུད་འགོང་དེའི་ཤ་ཁྲག་ལ་རོལ་བའི་གར་འཆམ་སྣ་ཚོགས་འཁྲབ་པ་དང་འབྲེལ། འདྲེ་སྲིན་འདུལ་བ་དང་རྒྱལ་ཁམས་ལ་གདོན་བགེགས་ཀྱིས་བར་ཆད་མི་ཡོང་བ་བྱེད་པའི་ཆོ་ག་རྒྱས་པར་བཏང་རྗེས། གླུད་འགོང་གསོན་པོ་དེ་དུང་དང་། རྐང་གླིང་གི་སྒྲ་གདངས་མཐོན་པོ་དང་། ལྟད་མོ་བ་ཡོངས་ཀྱིས་གསོད། བརྒྱོབ། རྒྱུག་ཟེར་བའི་སྐད་སྒྲ་དང་། ཤུ་སྒྲའི་ཁྲོད་དུ་རི་གཤམ་ལ་བྲོས་འགྲོ་བ་དེ་དབུས་གཙང་གཉིས་སུ་ཉི་ཤུ་དགུའི་གླུད་ལ་འཇངས་པ་ཟེར་བ་དེ་རེད། རྩེ་རྣམ་རྒྱལ་གྲྭ་ཚང་གི་གླུད་འགོང་གསོས་མ་དེ་ཆ་ལུགས་དེ་རང་གྱོན་མུར་ཉིན་མཚན་བསྟུད་མུར་བསམ་ཡས་དབུགས་ཁང་བར་འགྲོ་དགོས། 
     ད་དུང་འདིར་གླེང་དགོས་པ་ཞིག་ནི་གཙང་ཁུལ་གྱི་ས་ཆ་འགའ་ཤས་ལ་སྨྱུག་མའི་སླེ་པོ་སླས་མཁན་ལ་སྨྱུག་བཟོ་བ་ཞེས་རིགས་རྒྱུད་བཙོག་པར་བརྩིས་སྲོལ་འདུག དེ་ལ་གནས་ལུགས་རྒྱུ་མཚན་ཡང་ཧ་ཅང་གསལ་པོ་ཡོད་པ་སྟེ། གནའ་རབས་ཀྱི་དུས་སུ་ཁོ་ཚོའི་ཕ་མེས་ཚོ་ནི་སྦ་ཤིང་དང་སྨྱུག་མར་མདའ་དང་གཞུ། མདུང་། ཕུབ་སོགས་དམག་འཁྲུག་དང་རྔོན་རྒྱག་སྲོག་གཅོད་ཀྱི་མཚོན་ཆ་བཟོ་མཁན་ཡིན་པས་རེད། ལྕགས་བཟོ་བས་མདའ་རྩེ་དང་མདུང་རྩེ་བཟོས། སྨྱུག་བཟོ་བས་དེ་ལ་སྦ་ཤིང་དང་སྨྱུག་མའི་ཡུ་བ་བཟོ་པ་དེ་ནི་ནག་པོ་སྡིག་པའི་ལས་བྱེད་མཁན་དང་གཅིག་མཚུངས་སུ་བརྩིས་པ་རེད། དེར་བརྟེན་སྨྱུག་བཟོ་བ་ཚོའི་ཕ་མེས་ཚོ་ཡང་གླང་དར་མའི་དུས་སུ་ཁྲིམས་གཅོད་ཕོག་པའི་ཆོས་བྱེད་སྐྱེས་བུ་དམ་པའམ་རྒྱལ་ཕྲན་སིལ་མའི་དུས་སུ་འཛིན་བཟུང་བྱས་པའི་ཕ་རོལ་པའི་སྐུ་དྲགས་མི་དཔོན་ཚོ་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག འགའ་ཤས་ཀྱིས་སྐྱེས་ཁུངས་རིགས་རུས་མཐོང་ཆུང་མྱོང་མཁན་འདི་ཚོ་ས་གནས་འདི་གར་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན་ཡང་། ཁོ་ཚོའི་སྐད་ལུགས་ཡུལ་དེའི་མི་དང་མི་འདྲ་བ་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེས་བཀའ་འདྲི་གནང་སྲིད་ཀྱི་རེད། སྐད་ལུགས་མི་འདྲ་བ་ཟེར་ཡང་གཙོ་བོ་མིང་གི་ཐ་སྙད་འདྲ་བ་ལ་སྐད་ཀྱི་སྒྲ་གདངས་མཐོ་དམའ་དང་འགྱུར་ཁུག་རིང་ཐུང་མི་འདྲ་བ་ཙམ་པ་རེད། སྐད་ལུགས་མི་འདྲ་བ་རྒྱག་མཁན་ནི་སྔར་གྱི་རྔོན་པའི་རྒྱུད་ལས་བྱུང་བའི་འབྲས་དཀར་སྤྲང་སློང་ཟེར་བ་དེ་ཚོ་རེད། ཁོ་ཚོའི་སྐད་ལུགས་ཡུལ་དེའི་མི་གཞན་དང་མི་འདྲ་བའི་རྒྱུ་མཚན་ཧ་ཅང་གསལ་པོ་རེད། ཁོ་ཚོའི་ཕ་མེས་ཚོས་མི་རབས་ནས་མི་རྒྱུད་དུ་རྔོན་འཁྱམས་ཀྱི་འཚོ་བ་སྐྱེལ་དགོས་པར་བརྟེན། སྡོད་གནས་ངེས་གཏན་མེད་པ་མ་ཟད། སྤྱི་ཚོགས་ཐོག་གི་མི་གཞན་དང་ཁྲོམ་རའི་ནང་ཉོ་ཚོང་སྐབས་ཀྱི་འབྲེལ་བ་ཙམ་ལས་མེད། ད་ལྟ་ཡང་འབྲས་དཀར་རྔོན་འཁྱམས་པའི་ཁོངས་སུ་གཏོགས་པའི་མི་རྣམས་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་ས་དང་། དགའ་རོགས་དང་གཉེན་སྒྲིག་བྱ་ཡུལ་སོགས་ཚང་མ་ཁོ་ཚོ་རང་དང་རང་མཉམ་རིགས་མཐུན་དང་མ་གཏོགས་གཞན་སུ་ཞིག་གིས་ཀྱང་ཁོ་ཚོར་སྐྱུག་དྲོ་དང་། མཐོང་ཆུང་བྱས་ཏེ་འབྲེལ་བ་གཏན་ནས་བྱེད་ཀྱི་མེད། དེར་བརྟེན་ཁོ་ཚོར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྔོན་འཁྱམ་པ་འབྲས་སློང་གི་སྐད་རིགས་སློང་སྐད་ཟེར་བ་དེ་བྱུང་བ་རེད།  
     དམངས་གཙོའི་བཅོས་སྒྱུར་དང་ལྷག་པར་དུ་སྲིད་ཇུས་ལྷུག་གཏོང་དང་སྒྱུར་བཅོས་སྒོ་དབྱེའི་རྗེས་སུ་རིགས་རྒྱུད་མཐོང་ཆུང་མྱོང་མཁན་གྱི་མི་མང་པོས་གཏན་སྡོད་གཞིས་ཆགས་ཀྱིས་རང་གི་བློ་གྲོས་དང་ལག་ཤེས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་ལ་ཞུགས་ཏེ་སྤྱི་འབངས་ཀུན་དང་འདྲ་བའི་འཚོ་བར་རོལ་བཞིན་ཡོད་མོད། འོན་ཀྱང་ད་དུང་ཁོ་ཚོའི་གྲས་རྒྱུད་མི་ཉུང་བ་ཞིག་གིས་རྔོན་འཁྱམས་འཚོ་བ་སྐྱེལ་བའི་གོམས་གཤིས་ངན་པ་བསྒྱུར་ཐུབ་མེད། མི་དེ་ཚོའི་ཁྱད་ཆོས་ནི་འཚོ་བ་ལ་རེ་བ་མཐོན་པོ་མེད་པ་དེ་རེད། རྔོན་འཁྱམས་བྱས་ན་གྲོད་ཁོག་མི་རྒྱག་པའི་སེམས་ཁྲལ་མེད་པ་དང་། རང་དང་རང་མཉམ་གྱི་མི་དང་འབྲེལ་བ་བྱེད་ས་མང་བ་དང་། མནའ་མ་དང་། མག་པ། དགའ་རོགས་སོགས་སྒྲིག་ཡུལ་ཡོད་པ། རྔོན་འཁྱམ་བྱས་ན་ཉིན་ལྟར་བྱས་ཚར་ཡས་མེད་པའི་ངལ་རྩོལ་ལ་ཞུགས་མི་དགོས་པ། དགུན་ཁའི་དུས་སུ་གྲང་ངར་ལ་གཡོལ་ཏེ་རོང་གཏིང་ནགས་ཚལ་ཁུལ་དུ་གནས་ཐུབ་པ། དབྱར་དུས་སྤང་དང་ན་གཞོང་གང་སྐྱིད་ཀྱི་སར་གུར་ཕུབ་ནས་སྡོད་ཆོག་པ། ལག་ཤེས་བཟོ་ལས་ཐོན་ཁུངས་ཙག་ཙིག་དང་། རྔོན་པ་བརྒྱབ་ནས་བྱུང་བའི་དངོས་ཟོག་ཁྲོམ་རར་ཉོ་ཚོང་བརྗེ་རེས་བྱེད་པ་སོགས་གང་སར་རྔོན་འཁྱམས་ཀྱིས་ཉིན་རེར་བྱུང་བ་ཉིན་རེར་ཟས་ཏེ་འཚོ་གནས་དང་མི་ཚེ་སྐྱེལ་ཐུབ་པ་དེ་རང་དབང་དང་བདེ་སྐྱིད་ཆེ་ཤོས་ལ་རྩིས་བཞིན་ཡོད། དམངས་གཙོའི་བཅོས་སྒྱུར་སྐབས་ཁོ་པ་ཚོར་ཁང་པ་དང་ས་ཞིང་། ཕྱུགས་རིགས་སོགས་ཡར་ལངས་ཞིང་བྲན་སྤྱི་དང་འདྲ་བར་བགོ་འགྲེམས་བྱུང་ཡོད་པ་དང་། ས་ཁུལ་དེའི་འགོ་ཁྲིད་པས་ཁོ་ཚོར་གཏན་སྡོད་གཞི་ཆགས་དསོས་པའི་སློབ་གསོ་དང་། ཐོན་སྐྱེད་ཐད་རྒྱབ་སྐྱོར་རོགས་རམ། འཚོ་བའི་ཐད་དབུལ་སྐྱོར་བ་ཡུལ་གཙོ་གནས་སུ་བཞག་སྟེ། གཏན་སྡོད་ལས་བརྩོན་བྱ་རྒྱུའི་ཆ་རྐྱེན་ཡག་པོ་བསྐྲུན་ཡང་། ཁོ་ཚོའི་ལུས་སེམས་གཉིས་ཀ་ཡག་པོར་གནས་ཐུབ་ཀྱི་མེད་པར་བརྟེན། གཞི་རིམ་ལས་བྱེད་པ་ཚོས་ཁོ་ཚོ་ནི་གཅུན་ཁེག་པའི་མི་ལ་བརྩི་བཞིན་ཡོད། འབྲས་སློང་སྤྲང་འཁྱམས་པ་ཚོར་རང་ངོས་ནས་བཤད་ན་གོམས་གཤིས་ངན་པ་མ་སྤངས་པའི་གནས་ཚུལ་ཡོད་ན་ཡང་། ཕྱི་རོལ་ཆ་རྐྱེན་གྱི་ཐོག་ནས་བཤད་ན་ཁོར་ཡུག་མང་ཚོགས་ཀྱིས་ཁོ་ཚོ་མི་རིགས་གཅིག་པའི་སྤུན་ཟླར་མི་བརྩི་བར་ཁྱིམ་ཚང་གི་སྒོའི་ནང་ཡོང་དུ་མི་འཇུག་པ་དང་། ས་སྟེང་དུ་ཡང་མང་ཚོགས་དང་རྐུབ་གྲལ་སྒྲིག་མི་ཆོག་པ། ཁོ་ཚོ་དང་གཞི་རྩའི་ཆ་ནས་སྐད་ཆ་གླེང་མོལ་མི་བྱེད་པ་སོགས་མཐོང་ཆུང་བྱེད་པའི་ལྟ་བ་དང་བྱ་སྤྱོད་ལ་འགྱུར་བ་གཏན་ནས་བྱུང་མེད་པར་བརྟེན་བསྒྱུར་བཅོས་སྐོ་དབྱེ་དང་ལྷུག་གཏོང་སྲིད་ཇུས་ལག་ལེན་བྱུང་བའི་སྐབས་སུ་ཁོ་ཚོའི་གྲས་རྒྱུད་མང་པོ་འདོགས་ཐག་ནས་གྲོལ་བའི་རྟ་རྒོད་བཞིན་གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་ཤོར་བ་རེད། ད་ལྟ་ས་ཆ་མང་པོར་གནས་ཡུལ་གང་གི་ཁོངས་སུ་ཡང་མི་གཏོགས་ལ་མི་འབོར་ཐོ་འགོད་ནང་མེད་པའི་མི་མང་པོ་གནས་དང་གནས་མུས་རེད། ཁོ་ཚོའི་གྲས་མི་མང་པོ་གྲོང་ཁྱེར་གྱི་འཚོ་བར་ཞུགས་ཏེ། ཀྲུང་ལུགས་དང་། ཕྱི་ལུགས་། བོད་ལུགས་བཅས་ཟ་ཁང་ཡོད་ཚད་ཀྱི་ཁ་ལག་བྲོ་བ་མྱང་དྲགས་ནས་སྤགས་དང་ཇ་ཐང་གི་བྲོ་བ་ཡང་ཤོར་ཡོད་པ་རེད།  
     མདོར་ན། རུས་རྒྱུད་དམན་པ་དང་སྐྱེས་ས་བཙོག་པར་བརྩིས་ནས། མཐོང་ཆུང་བྱེད་སར་གྱུར་བའི་མི་རྣམས་ཀྱི་ཕ་མེས་ཚོ་ནི་ལོ་རྒྱུས་ཐོག་སྤྱི་ཚོགས་ཀྱི་དབང་སྒྱུར་ལམ་ལུགས་ལ་གནམ་ས་འགོ་རྟིང་སློག་པ་ལྟ་བུའི་འཕོ་འགྱུར་བྱུང་སྐབས་ཕམ་ཉེས་སུ་གྱུར་བའི་དབང་སྒྱུར་གྲལ་རིམ་པ་དང་། དེའི་ཚབ་བྱེད་མི་སྣ། ཆོས་བྱེད་སྐྱེས་བུ་དམ་པ། སྐུ་དྲག་མི་དཔོན་སོགས་གྲགས་ཅན་མི་སྣ་དང་། ཁོ་ཚོའི་རྗེས་འབྲངས་པ་ཚོ་ཡིན་པ་ར་སྤྲོད་ཧ་ཅང་གསལ་པོ་བྱེད་ཐུབ་ཀྱི་ཡོད། གུས་པས་རྩོམ་དེབ་འདི་མཇུག་སྒྲིག་བྱེད་པའི་དུས་འདིར་ང་ཚོས་དགའ་ཞིང་གུས་པའི་ཨུ་ཡོན་ཀྲང་གཞོན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་ལྷག་པར་དྲན་གསོ་ཞུ་དགོས་པའི་དོན་ཆེན་ཞིག་ངའི་ཡིད་ལ་ལྷམ་མེར་དྲན་བྱུང་། དེའང་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ན་མགར་བ་རྡོ་རྗེ་ཟེར་བའི་ལག་ཤེས་མཁས་པ་ཞིག་ཡོད། བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། རྡོ་རྗེ་ཕ་བུ་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཞིང་འབྲོག་ཐོན་སྐྱེད་ཀྱི་ལག་ཆ་དང་། འཚོ་བའི་ཡོ་བྱད་སྣ་ཚོགས་བཟོས་ནས་བཙོང་པས་ཁོའི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་ཞིང་། ས་ཆ་དེ་གའི་ཕྱུག་འགྱུར་གྱི་མིག་དཔེར་གྱུར། མགར་བ་རྡོ་རྗེས་བཟོས་པའི་ཡོ་བྱད་ལ་ཉེ་འཁོར་གྱི་མང་ཚོགས་ཙམ་མ་ཟད་ས་ཕྱོགས་གཞན་ལ་ཡང་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གནས་ཚུལ་དེ་མཁྱེན་རྗེས། ལྷ་རྩེ་རྫོང་གི་ཞིང་འབྲོག་ཐོན་སྐྱེད་དང་རིག་གནས་སློབ་གསོའི་བྱ་གཞག  མང་ཚོགས་ཀྱི་འཚོ་བ་སོགས་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང་། དུས་མཚུངས་འདི་གའི་མགར་བ་རྡོ་རྗེའི་ཁྱིམ་དུ་སྐུ་ངོ་མས་འཚམས་འདྲིར་ཕེབས་རྒྱུ་གཏན་འཁེལ་གནང་སྟེ། 1985ལོའི་ཟླ་9ཚེས་23ཉིན་རིན་པོ་ཆེ་ལ་མཇལ་ཆེད་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ལུས་ལ་གཟབ་མཆོར་སྤྲོས་ཤིང་། གདོང་ལ་དགའ་བའི་འཛུམ་མདངས་རྒྱས་བཞིན། ཕྱོགས་བཞི་མཚམས་བརྒྱད་ནས་འོང་སྟེ། མགར་བ་རྡོ་རྗེ་སྡོད་སའི་གྲོང་ཚོའི་ཉེ་འཁོར་གྱི་འགྲོ་ལམ་གཡས་གཡོན་དང་། ཞིང་ཁའི་སྟེང་དུ་མི་ཚོགས་ཀྱིས་ཁེངས་པ་རེད།རིན་པོ་ཆེ་བཞུགས་པའི་ཧྥེང་ཐན་རྟགས་ཅན་གྱི་འཇིབ་འཁོར་སེར་སྐྱ་དེ་འཇིབ་འཁོར་གཞན་དག་མང་པོའི་ཕེབས་རོགས་འོག ཕེབས་སྒུག་ཞུ་མཁན་མང་ཚོགས་ཀྱི་ཕྱོགས་སུ་མྱུར་བར་ཕེབས་པར་མི་རྣམས་ཀྱིས་གསོལ་འདེབས་དང་དགའ་འབོད་བྱེད་བཞིན། ཁ་བ་འབབ་པ་ལྟར་ཁ་བཏགས་རིན་པོ་ཆེའི་འཇིབ་འཁོར་གྱི་ཕྱོགས་སུ་འཕངས། འཇིབ་འཁོར་གྱི་སྒོ་ཕྱེ་བ་ན། སྐྱབས་སུ་མཆི། སྐྱབས་སུ་མཆིས་ཟེར་བའི་གསོལ་འདེབས་སྨོན་ལམ་དང་། དགའ་སྤྲོའི་སྒྲ་དབྱངས་ཁྲོད་དུ་རིན་པོ་ཆེ་སྐུ་སྟོབས་ཆེ་ཞིང་། བརྗིད་ཉམས་ལྡན་པ་དང་། ཞལ་རས་བྱམས་བརྩེ་ལྡན་ཞིང་། འཛུམ་མདངས་བཀྲ་བ། ཕྱག་གཡས་མཐོན་པོར་བསྒྲེངས་ནས་མི་རྣམས་ལ་བྱམས་བརྩེའི་ཕྱག་བརྡ་གནང་བའི་སྐབས་དེར། ས་དེ་གར་མགོ་སྒུར་ལྕེ་བསྣར་ངང་ཕེབས་སྒུག་ཞུས་ནས་ཡོད་པའི་མགར་བ་རྡོ་རྗེ་འཚབ་འཚུབ་ཀྱིས་རིན་པོ་ཆེའི་སྐུ་མདུན་དུ་སོང་ནས།  མཇལ་དར་མགོ་བོའི་གོང་དུ་བཏེགས་ཏེ་ཕུལ། པཎ་ཆེན་རིན་པོ་ཆེས་མགར་བ་རྡོ་རྗེས་ཕུལ་བའི་ཁ་བཏགས་དེ་རང་འཇགས་ཁོའི་སྐེ་ལ་གནང་བ་ན། མགར་བ་རྡོ་རྗེས་གོམ་པ་འགའ་ཙམ་ཕྱིར་འགྲོས་བྱས་ཏེ་རིན་པོ་ཆེ་ལ་ཕྱག་འཚལ་གྲབས་བྱས་པ་ན། རིན་པོ་ཆེས་མྱུར་དུ་གོམ་སྟབས་ཆེན་པོས་ཁོའི་མདུན་དུ་ཕེབས་ཏེ་མགར་བ་རྡོ་རྗེའི་མགོ་ལ་ཕྱག་དབང་ཞིག་གནང་བ་དང་མཉམ་དུ་ཁོ་བོ་བསྐྱོར་ནས་ལང་དུ་བཅུག་པ་མ་ཟད། ད་དུང་ཕྱག་གཉིས་ཀྱིས་མགར་བ་རྡོ་རྗེའི་ལག་པ་དམ་པོར་འཇུས་པ་དང་། བྱམས་བརྩེ་ལྡན་པའི་སྤྱན་གྱིས་མགར་བ་རྡོ་རྗེའི་གདོང་ལ་གཟིགས་ནས་“ཕྱག་འཚལ་དགོས་པ་མ་རེད། ང་ཚོ་ཚང་མ་འདྲ་མཉམ་རེད་”གསུངས་པ་དང་། ཡུད་ཙམ་རིང་ཕྱག་གཉིས་ཀྱིས་མགར་བ་རྡོ་རྗེའི་ལག་པ་ནས་འཇུས་ཏེ། མཐའ་འཁོར་གྱི་མི་ཚོའི་གདོང་ལ་གཟིགས་སྐབས། ཁོང་གི་ཞལ་རས་ནི་གཟབ་ནན་དང་། བག་ཕེབས། བྱམས་བརྩེ་དང་ལྡན་པ་ཞིག་རེད། དུས་དེར་མི་རྣམས་ཡ་མཚན་དང་ཧ་ལས་པའི་ངང་ནས་རིན་པོ་ཆེས་དམ་པོར་འཇུས་པའི་ལ་མགར་བ་རྡོ་རྗེའི་ལག་པར་བལྟས་འདུག མགར་བ་རྡོ་རྗེ་ནི་བཟོ་དང་ལག་ཤེས་ལ་མཁས་ཀྱང་རིགས་རུས་དམན་པ་དང་སྐྱེས་ས་བཙོག་པའི་མི་ཞིག་ལ་རིན་པོ་ཆེས་དེ་འདྲའི་བྱམས་བརྩེ་གནང་བ་ནི་ཇི་འདྲའི་བློ་ཡུལ་ལས་འདས་པའི་དོན་དག་ཅིག་དང་། ཇི་འདྲའི་རྟོགས་དཀའ་བའི་དོན་ཞིག་རེད་ཨང་། མི་རྣམས་ཧ་ལས་ཤིང་ཧང་སངས། མི་རེ་རེའི་སེམས་ནང་དུ་ཐེ་ཚོམ་དང་དོགས་པའི་མདུད་པ་འགྲོལ་དཀའ་བ་རེ་ཐེབས་སོང་།མགར་བ་རྡོ་རྗེ་ཚང་གི་ཁང་པ་ནི་གསར་དུ་བསྐྲུན་པ་ཞིག་ཡིན་ཞིང་། རིན་པོ་ཆེ་མགར་བ་རྡོ་རྗེ་དང་ཁ་གདན་གཅིག་གི་ཐོག་ཏུ་བཞུགས་ཤིང་གསོལ་ཇ་བཞེས་བཞིན། ཐུགས་ཤིན་ཏུ་མཉེས་པའི་སྒོ་ནས་རྡོ་རྗེའི་ལག་ཤེས་བཟོ་རྩལ་དང་། ཁྱིམ་ཚང་གི་གནས་ཚུལ་ཞིབ་པར་གསན། ཐོག་མར་མགར་བ་རྡོ་རྗེ་བག་འཁུམ་ནས་སྐད་ཆ་ལྷུག་པོར་བཤད་མ་ཐུབ་པ་ལ་རིན་པོ་ཆེའི་ཕྱག་གིས་རྡོ་རྗེའི་ཕྲག་པར་རྡེབ་བཞིན་ཁྱེད་ཀྱིས་གུས་བཀུར་ཞེ་དྲག་བྱེད་མི་དགོས། དུས་རབས་འགྱུར་ཟིན་པ་རེད། ང་ཚོ་ཚང་མ་འདྲ་མཉམ་ཡིན་པས་མཆོག་དམན་གྱི་དབྱེ་བ་གཏན་ནས་ཡོད་པ་མ་རེད་ཅེས་གསུངས། འདི་ནི་ཁོང་གིས་མགར་བ་རྡོ་རྗེ་ལ་གསུངས་པ་ཡིན་ལ། དེར་ཡོད་མི་ཐམས་ཅད་ལ་གསུངས་པ་ཞིག་དང་། ལོ་རྒྱུས་ཀྱིས་བོད་མི་རིགས་ཁྲོད་དུ་བཞག་པའི་སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་སྨྲ་བའི་ལྟ་བ་འདི་དོར་དགོས་ཅེས་རང་རིགས་ཁ་བ་ཅན་གྱི་མི་རྣམས་ཐམས་ཅད་ལ་གསུངས་པ་ཞིག་ཀྱང་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དེ་ལྟར་མིག་དཔེ་མཛད་པ་དེས་ཁོང་ནི་བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ལྷད་མེད་པ་ཞིག་དང་། ཁོང་ཡངས་དཀྱིལ་ཆེ་དང་། འགྲོག་བདེ་གཤིབ་བདེ། འགྲོ་བ་ཀུན་ལ་བྱམས་པ་ཉེ་རིང་ཆགས་སྡང་དང་བྲལ་བ། རྙིང་ཞེན་གྱི་རྒྱ་ལས་ཐར་བའི་རླབས་ཆེན་གྱི་སྐྱེས་མཆོག་དམ་པ་ཞིག་ཡིན་པ་གསལ་པོར་མཚོན་པའོ། །
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


发表评论 评论 (6 个评论)

回复 ljh8520035 2019-5-16 10:30
དཔྱད་རྩོམ་འདིའི་ནང་རྩོམ་པ་པོས་དངོས་ཐོག་བདེན་འཚོལ་གྱིས་ཕྱི་རོལ་ཡུལ་གྱི་དོན་དངོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་དང་འཇིག་རྟེན།  ལས་རིགས་དང་འཚོ་བའི་ལག་ལེན་དངོས། ལོ་དུས་དང་ས་གནས། མི་དཔང་དང་དངོས་དཔང་སོགས་ཁུངས་བཙན་བགྲངས་ནས་སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཙོག་སྨྲ་བའི་ལོ་རྒྱུས་ཀྱི་ཤུལ་བཞག་ལྟ་བ་འདིའི་ཐོག་མའི་འབྱུང་ཁུངས་དང་། མཇུག་གི་འཕེལ་རིམ། ད་ལྟའི་གནས་སྟངས་བཅས་ལ་ཕྱོགས་གང་ས་ཅི་ཐད་ནས་ཐེར་འདོན་བྱས་ཏེ། སྲོལ་ངན་འདི་དག་མེད་པར་བཟོས་ན་ད་གཟོད་འདྲ་མཉམ་དང་། མཐུན་སྒྲིལ། འཆམ་མཐུན་གྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་ཐུབ་པ་དང་། རང་རེའི་རྒྱལ་ཁབ་འབྱོར་འབྲིང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དགེ་མཚན་བསྐྲུན་ཐུབ་པ་བསྟན་ཡོད་པས། ཁ་གསལ་ཁུངས་གསལ་གྱི་ལོ་རྒྱུས་རིན་ཐང་ལྡན་པའི་དཔྱད་རྩོམ་ཧ་ཅང་ཡག་པོ་ཞིག་་ཡིན་པར་སེམས།              
回复 ljh8520035 2019-5-17 09:30
ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་ཡིན་ཡང་འགའ་རེ་དཔོན་གནས་མཐོན་པོ་དང་། ཚོང་པ་ཆེན་པོ། ཤེས་ལྡན་མཁས་པའི་དབང་པོ་སོགས་གྲགས་ཅན་མི་སྣར་གྱུར་བ་དང་། འགའ་རེ་ནི་མི་སེར་དཀྱུས་མ་ཡིན་པ་མ་ཟད། ལས་ཀ་ཐ་ཞན་གྱི་རིགས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱོབ་གསོ་ཟ་མཁན་དུ་གྱུར་བ་དེ་འདྲ་གང་སར་མཐོང་རྒྱུ་ཡོད། ང་ཚོས་ལས་རིགས་མཐོ་དམན་དང་། ལས་ཀ་གཙང་བཙོག་གང་ཞིག་ཡིན་རུང་གཅིག་ཀྱང་མེད་དུ་མི་རུང་བ་ཤ་སྟག་ཡིན་པའི་བསམ་བློའི་ལྟ་བ་ཡང་དག་པ་ཞིག་འཛུགས་དགོས།     
回复 ljh8520035 2019-5-17 09:31
ཉེ་དུས་ལོ་བཅུ་ལྷག་ཙམ་གྱི་ནང་བོད་ཀྱི་ས་ཁུལ་འགའ་ཤས་ནས་རིགས་རྒྱུད་མཐོང་ཆུང་མྱོང་མཁན་གྱི་ན་ཆུང་བུ་མོ་མི་ཉུང་བ་ཞིག་རང་ཉིད་དང་ཆོས་དད་མི་འདྲ་བ། འཚོ་བའི་གོམས་གཤིས་མི་འདྲ་བ། ལྟོ་གོས་གཏམ་གསུམ་ལུགས་སྲོལ་མི་འདྲ་བ། ཆ་རྒྱུས་གང་ཡང་མེད་པའི་ཐག་རིང་ཡུལ་ལ་མནའ་མ་བྱེད་པར་འགྲོ་གི་ཡོད་པ་རེད།     
回复 ljh8520035 2019-5-17 09:42
དམ་ཆོས་ཀྱི་ནང་དུ་འཁོད་པ་ལྟར་ན།  འཇིག་རྟེན་འདི་ནས་རྩིས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདས་པའི་ཕ་རོལ་ན། སངས་རྒྱས་མགོན་པོ་འོད་དཔག་མེད་ཀྱི་ཞིང་ཁམས་ཏེ་མཛེས་སྡུག་ཡིད་དུ་འོང་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་དེ་གནས་ཡོད་པར་གསུངས་།      
回复 ljh8520035 2019-5-17 17:04
སངས་རྒྱས་ཆོས་གཞུང་ལས།“སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།”  ཞེས་གསུངས་ཡོད།
    
回复 ljh8520035 2019-5-17 17:14
དོན་དམ་ཆོས་བྱེད་སྐྱེས་བུ་དམ་པ་ཡང་།། ལས་ཀྱི་དབང་གིས་སྡིག་གཅོད་རྔོན་པར་གྱུར།། བཀའ་ཁྲིམས་བཙན་པོས་ཡུལ་གྱར་རྔོན་འཁྱམས་རོལ།། བྲག་ཕུག་རི་ཁུག་གང་སར་གནས་མལ་སྤྱད།།
          

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-16 19:59 , Processed in 0.040004 second(s), 22 queries .

返回顶部