博客西藏在最高处过一种生活

日志

༄༅།།མདོ་སྨད་དུ་དགེ་ལུགས་པའི་གྲུབ་མཐའ་ཐོག ...

已有 77 次阅读2019-5-11 10:01 |系统分类:文化


        ༄༅།།མདོ་སྨད་དུ་དགེ་ལུགས་པའི་གྲུབ་མཐའ་ཐོག་མར་དར་བར་མཛད་པ་པོ་ཤར་བ་བརྩོན་འགྲུས་རིན་ཆེན་གྱི་སྐོར་རགས་ཙམ་བརྗོད་པ
                                     ཡོང་ཁུངས།  ཀྲུང་གོའི་བོད་རིག་པ།  རྩོམ་པ་པོ།  ལྷ་མཆོག་རྒྱལ།

                      
      མདོ་སྨད་འདིར་དུས་ནམ་ཞིག་ལ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དག་དར་བའི་དཔྱད་པ་ལ། དབྱང་མིན་ཆན་དང་། ཧྥན་ཕྱིན། ཀྲང་ཧྲི་ཧེ་གསུམ་གྱིས་བྲིས་པའི་《ཀན་སུའུ་ཡི་མི་རིགས་དང་ཆོས་ལུགས》ཞེས་པའི་དཔེ་དེབ་ཅིག་ཡོད་པའི་ནང་།“ཡོན་ཁྲིན་ཙོང་ཐུ་མུར་ཡོན་ཀྲིན་ཁྲི་ལོ་དང་པོ་སྟེ་སྤྱི་ལོ1295ལོར། འགྲོ་མགོན་འཕགས་པས་ཁོང་གི་ཐུགས་སྲས་ཤེས་རབ་ཡེ་ཤེས་མངགས་ནས་ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་བཏབ་པ་ནི། ས་སྐྱ་པའི་གྲུབ་མཐའ་ཀན་སུའུ་ལ་དར་བའི་རྟགས་མཚན་ཡིན་པ་དང་། ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་གི་མཁན་པོ་རིན་ཆེན་བཟང་པོས་( ས་སྐྱོང་གསུམ་པ་བཀྲ་ཤིས་དཔལ་གྱི་ནུ་བོ་བཞི་པ)དབུས་གཙང་ནས་སློབ་གཉེར་རྫོགས་ཏེ་ཕྱིར་རང་དགོན་དུ་ཕེབས་རྗེས་ས་སྐྱའི་གྲུབ་མཐའ་དགེ་ལུགས་པར་བསྒྱུར་བའི་མཛད་པ་བསྐྱངས་པ་ནི། ﹙ཏཱ་ལེན་ཐེན་ཧྲེང་ཁྲི་ལོའི་སྐབས་ཏེ་སྤྱི་ལོ་1457ནས་སྤྱི་ལོ་1464བར﹚དགེ་ལུགས་པ་ཐོག་མར་ཀན་སུའུ་ལ་དར་བའི་རྟགས་མཚན་ཡིན། ”①ཞེས་བྲིས་ཡོད་ཅིང་། དེ་མིན་ཡིག་ཆ་གཞན་ནའང་དེ་ལྟ་བུའི་ལྟ་ཚུལ་བཀོད་པ་མཐོང་བས། ས་སྐྱ་པ་དང་དགེ་ལུགས་པ་མདོ་སྨད་དུ་ཐོག་མར་དར་ས་དེ་ཅོ་ནེ་ཡིན་པའི་བཤད་ཚུལ་ནི་ཕལ་ཆེར་རྩོད་མེད་དུ་ཡོད་པར་སྣང་། འོན་ཀྱང་ཁོ་བོས་ཉེ་ཆར་རྒྱལ་ཚབ་དར་མ་རིན་ཆེན་གྱི་དངོས་སློབ་ཤར་བ་བརྩོན་འགྲུས་རིན་ཆེན་གྱི་རང་རྣམ་དང་དགོན་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་གི་བླ་བརྒྱུད་ལག་བྲིས་མ་ཞིག་མཐོང་བ་ལས། ་སྨད་དུ་དགེ་ལུགས་པའི་གྲུབ་མཐའ་ཐོག་མར་སྤེལ་མཁན་ནི་ཤར་བ་བརྩོན་འགྲུས་རིན་ཆེན་ཡིན་པ་དང་། ཐོག་མར་སྤེལ་ས་ནི་དགོན་མོ་ཆེ་དགེ་ལྡན་ཆོས་འཁོར་གླིང་ཡིན་པ་གསལ་པོར་ཤེས། འདི་ལྟ་བུའི་གནས་ཚུལ་ཞིག་ལ་སྔར་གྱི་ལོ་རྒྱུས་མཁན་པོ་དག་གིས་ཅི་ཕྱིར་སྨྱུག་རྩེས་མ་རེག་པ་རེད་ཟེར་ན། དགོན་པ་འདིའི་གནས་ཡུལ་ཆིང་རྒྱལ་རབས་ཀྱི་སྐབས་ནས་རིམ་བཞིན་རྒྱའི་ས་ཆར་གྱུར་བ་དང་། དགོན་པའི་གྲྭ་པའི་འབྱུང་ཁུངས་མཆོད་གཞིས་ཐམས་ཅད་ཀྱང་རྒྱ་རིགས་སུ་གྱུར་བས། ཀུན་ལ་རྒྱུས་ཆུང་བར་གྱུར་པའི་སྟབས་རེད།
     དང་པོ། ལོ་རྒྱུས་ཤོག་དྲིལ་གྱི་གནས་ཚུལ་མདོར་བསྡུས།
     ཤར་བ་བརྩོན་འགྲུས་རིན་ཆེན་གྱི་རང་རྣམ་དང་མ་ཧཱ་དགོན་མོ་ཆེ་དགེ་ལྡན་ཆོས་འཁོར་གླིང་གི་བླ་རབས་བཀོད་ཡོད་པའི་ལོ་རྒྱུས་ཤོག་དྲིལ་དེ་ནི། ད་ལྟའི་ཀན་སུའུ་ལིན་ཞ་ཧོས་རིགས་རང་སྐྱོང་ཁུལ་གྱི་ཁེང་ལོ་རྫོང་གི་མིན་ལུའུ་ཞང་ཝ་ཐན་སྡེ་བ་(临夏回族自治州康乐县鸣鹿乡洼滩村)ན་ཡོད་པའི་རྒྱ་སྐད་དུ་མ་“ཞིས་ཧྥིན་ཝོ་སི”(西蜂窝寺 )དང་བོད་མིང་ལ་མ་ཧཱ་དགོན་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་”ཟེར་བའི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མིང་ལ་པེན་ཀྲི་ཧོ་(边致和)ཟེར་བ་དེས་ཁོ་བོ་ཡོད་སར་ཁྱེར་ཡོང་ནས་ནང་དོན་རྒྱུས་ལེན་དུས་ད་གཟོད་མཐོང་བ་ཡིན། ཤོག་དྲིལ་དེའི་ཞེང་ལ་ཀུང་ཧྥིན82དང་སྲིད་ལ་ཀུང་ཧྥིན60ཡོད་ལ། སྟེང་གི་ཡི་གེའི་འབྲི་ཚུགས་ལེགས་ཤིང་ཚིག་སྦྱོར་དམ་པ་ཞིག་ཡིན་པར་བལྟས་ན་མཁས་པའི་གསུང་དངོས་ཡིན་པའི་དང་བ་འདྲེན་ཐུབ། པེན་ཀྲི་ཧོས་བཤད་ཚུལ་ལྟར་ན་བླ་རབས་དེ་འབྲི་མཁན་ནི་ཆིང་རྒྱལ་རབས་ཀྱི་གོང་མ་བཅུ་གཅིག་པ་ཐུང་ཀྲི་(同治)ཁྲི་ལོ་དང་པོ་སྟེ། སྤྱི་ལོ་1862ལོར་ཆིང་རྒྱལ་རབས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཧོས་དམག་གིས་ཀན་སུའུ་ས་ཆའི་ནང་བ་སངས་རྒྱས་པའི་དགོན་སྡེ་རྣམས་བཅོམ་སྐབས་མ་ཧཱ་དགོན་མོ་ཆེའི་དགོན་བདག་མཛད་བཞིན་པའི“候哈诸•万把坚措”དང་ཡོངས་གྲགས་སུ་(三喇嘛)ཟེར་བས་བྲིས་པ་ཡིན་པར་བཤད། རྒྱ་ཡིག་གི་མིང་དེ་བོད་ཡིག་ལ་ཅི་ཟེར་དཔྱད་དཀའ་ཡང་། བླ་མའི་གདན་རབས་ཀྱི་མཇུག་ཏུ་རབ་འབྱམས་སྦྱིན་པ་རྒྱ་མཚོ་ཞུ་བ་ཞིག་ཡོད་པ་དེ་ཡིན་པར་བྱས་ན་དོན་ལ་བསྙེགས་ཐུབ་པ་འདྲ། དེའི་རྗེས་སུ་ད་དུང་“ཆོས་རྗེ་བློ་བཟང་ཤེས་རབ་རྒྱ་མཚོ་”ཟེར་བ་ཞིག་ཀྱང་ཡོད་མོད། དེ་ནི་རྗེས་ནས་བྲིས་པ་ཤིན་ཏུ་གསལ་ཏེ། གཅིག་ནས་དེ་གོང་གི་ཡིག་ཚུགས་དང་མི་མཚུངས་ཤིང་། གཉིས་ནས་རྫོགས་ཚིག་“སརྦ་མངྒཾ། ། ”གྱི་རྗེས་སུ་བཀོད་ཡོད་པས་སོ།  །
     ཤོག་དྲིལ་ལས་གཞན་ད་དུང་དར་རས་དམར་པོ་ཞིག་ཀྱང་ཡོད་དེ། དེའི་ཐོག་ལ་འཇམ་བཞད་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་དགེ་སློང་བློ་བཟང་ཤེས་རབ་རྒྱ་མཚོ་མ་ཧཱ་དགོན་མོ་ཆེའི་བདག་པོར་བསྐོ་བཞག་གི་ཆེད་ཆོས་རྗེའི་ཆོ་ལོ་བྱིན་པའི་འཇའ་ས་ཡིན་ཏེ། དེ་ལས་རབ་བྱུང་བཅོ་ལྔ་བའི་མཚོ་མིག་ས་སྤྲེལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བླ་བྲང་ཐུབ་བསྟན་ཕོ་བྲང་ནས་བྲིས་པ་ཛ་ཡནྟུ”ཞེས་བྱུང་བ་ལས་འཇའ་ས་གནང་ལོ་ནི་སྤྱི་ལོ་1908ལོ་ཡིན་པ་གསལ་ཞིང་། ཕལ་ཆེར་ཁོང་ལ་འཇམ་བཞད་ཚང་གིས་ཆོས་རྗེའི་ཆོ་ལོ་གནང་རྗེས་སྔར་ནས་ཡོད་པའི་བླ་མའི་གདན་རབས་ཀྱི་རྗེས་སུ་རང་གི་མཚན་བྲིས་པ་རེད།
     གོང་གི་དཔྱད་གཞི་འདི་གཉིས་ནི་ད་ལྟ་ནང་སར་ཡོད་པའི་སྔོན་གྱི་བོད་དགོན་དག་གི་གནས་ཚུལ་དང་། གནའ་རབས་ཀྱི་མི་རིགས་འབྲེལ་བ། ཆོས་ལུགས་དགོན་སྡེའི་ལོ་རྒྱུས་འཕོ་འགྱུར། གོང་མ་རིམ་བྱོན་གྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་བཟང་པོ་ཞིག་ཡིན་པར་བསམ་ནས། ཁོ་བོ་དངོས་སུ་ཁེང་ལོ་རྫོང་ལ་སོང་སྟེ་མ་ཧཱ་དགོན་མོ་ཆེའི་ད་ལྟའི་གནས་ཚུལ་ལ་རྟོགས་ཞིབ་ཐེངས་གཅིག་བྱས། དགོན་པ་དེ་ནི་ཧ་ལམ་གྲོང་ཁྱེར་ལན་ཀྲོའུ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་དགུ་བཅུའི་མཚམས་ན་ཡོད་ལ། ཆགས་ཡུལ་ནི་ནགས་ཚལ་སྟུགས་པོར་སྐྱེས་ཡོད་པའི་རི་ངོས་ཉམས་དགའ་བ་ཞིག་ཡིན། ཐ་ཏོང་ལེང(塔洞梁)ཞེས་པའི་རྒྱབ་རིའི་རྩེ་ལ་ཕྱིན་ན་སྤང་ལྗོངས་གཡུ་ཡི་མཎྜལ་ཕྱིས་འདྲ་ཤིན་ཏུ་མཛེས་པ་ཡོད་ཅིང་། དེ་ནས་ལྷོ་ཤར་མཚམས་ཀྱི་རྒྱང་རིང་ལ་བལྟས་ན་བྲག་རི་དཀར་པོ་རྩེ་མོ་གངས་ཀྱིས་གཡོགས་པ་མཐོང་ཐུབ།
     སྔོན་ཆད་དགོན་པ་འདིར་ཁང་མིག་གཅིག་ཀྱང་མ་ལྷག་པར་གཏོར་བཤིག་ཐེབས་ནའང་། 1982ལོ་ནས་དགོན་པ་སླར་གསོ་བྱས་རྗེས་ས་དེའི་ཆོས་དད་མང་ཚོགས་ཀྱིས་གྲོན་དངུལ་སྒོར་ཁྲི་ཚོ་དྲུག་ཅུ་ལྷག་བཏང་སྟེ། བྱམས་ཁང་དང་མཆོད་ཁང་། བཀྲམ་སྟོན་ཁང་། སྒོ་ཆེན་ཕྱི་ན་རྡོ་སྐོས་བརྒྱ་དང་བརྒྱད་བཅས་པ་སོགས་བཞེངས་ཡོད། ཡ་མཚན་པ་ཞིག་ལ་ལོ་རྒྱུས་ཐོག་དགོན་པ་དེར་གཏོར་བརླག་མང་པོ་ཐེབས་ཤིང་། མཆོད་གཞིས་དང་གྲྭ་རྒྱུན་ལའང་འགྱུར་ལྡོག་བྱུང་བར་བཤད་ཀྱང་། རྟེན་རྙིང་རྩ་ཆེན་འགའ་ད་དུང་ལྷག་ཡོད་པ་རེད། དཔེར་ན། ཏཱ་མིན་གོང་མ་ཡུང་ལོའི་ཁྲི་ལོ་བཅུ་པ་སྟེ། སྤྱི་ལོ་1412ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན་དགོན་བདག་བླ་མ་དཔལ་ལྡན་བཟང་པོ་ལ་གོང་མས་གནང་བའི་རྒྱ་བོད་ཤན་སྦྱར་གྱི་འཇའ་ས་( ད་ལོའི་བར་ལོ་593འགོར་ཡོད) ②དང་།“普贤法宝”ཞེས་པའི་ཐམ་ཀ དུང་དཀར་གཡས་འཁྱིལ། དངུལ་གྱི་མཆོད་སྐོང་། ཆིང་རྒྱལ་རབས་ཧྲིན་ཀྲི(顺治)ཁྲི་ལོ་དགུ་པ་སྤྱི་ལོ་1652ལོར་གོང་མས་དགོན་བདག་བླ་མ་བློ་བཟང་རྒྱལ་མཚན་ལ་གནང་བའི་རྗེ་བཙུན་བྱམས་པའི་ལི་མ་མདའ་ཚད་ཅན། ཆིན་ཁང་ཞི་ཁྲི་ལོ་བཅུ་གཅིག་པ་སྟེ་སྤྱི་ལོ་1672 ལོར་དགོན་བདག་བླ་མ་བློ་བཟང་ཆོས་འཕེལ་གྱིས་རེབ་གོང་གི་ལྷ་བཟོ་གདན་དྲངས་ནས་བཞེངས་པའི་རྗེ་ཡབ་སྲས་གསུམ་གྱི་ཐང་ཀ་ཆེ་ཆུང་གཉིས་བཅས་ཡོད། 
     གཉིས་པ། རབ་འབྱམས་པ་སྦྱིན་པ་རྒྱ་མཚོས་བླ་མའི་གདན་རབས་བསྐྱར་འབྲི་བྱེད་དོན།
     བླ་མའི་གདན་རབས་ནི་ཤར་བ་བརྩོན་རིན་ཆེན་གྱི་རང་རྣམ་དང་། བླ་མ་དཔལ་འབྱོར་སེང་གེའི་རྣམ་ཐར་གཙོ་བྱས་པའི་བླ་རབས་གཞན་དག་མཉམ་གཅིག་ཏུ་བསྡུས་པ་ཞིག་ཡིན། དེ་ལྟར་འབྲི་དོན་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོ་སྟེ་སྤྱིོ་ལོ1862ལ་ཐུང་ཀྲི་གོང་མ་ཁྲིར་འཁོད་པའི་ལོ་དེའི་ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ཉིན། ཧོས་དམག་གིས་མ་ཧཱ་དགོན་མོ་ཆེ་དགེ་ལྡན་ཆོས་འཁོར་གླིང་མེར་བསྲེགས་ནས་རྩ་མེད་དུ་བཏང་བས། དགོན་པའི་གྲྭ་བས་སྔར་གྱི་རྟེན་རྩ་ཆེན་ལྷག་ལུས་རྣམས་ཁྱེར་ནས་བླ་བྲང་དང་ཅོ་ནེ་ཕྱོགས་སུ་བྲོས་ཀྱང་། ལམ་སྐབས་ནས་ཇག་པར་འཕྲད་དེ་རྟེན་རྣམས་ཕལ་ཆེར་འཕྲོག་བཅོམ་ཐེབས། དགོན་བདག་སྦྱིན་པ་རྒྱ་མཚོ་ཡང་ད་ལྟའི་ཀན་ལྷོ་ལིན་ཐན་རྫོང་ན་ཡོད་པའི་སྒྲོལ་མ་རང་བྱོན་དགོན་པར་ཕེབས་ནས་ལོ་གསུམ་ལ་ཡུལ་བྱོལ་བྱས་པ་དང་། དེ་ནས་ཁོང་གིས་དབུལ་ཕུང་གི་འཚོ་བ་སྐྱེལ་མ་ཐུབ་པར་ཕ་ཡུལ་མིན་ཞན་ཧྲོས་མོ་ཀུག་(岷县水磨沟)ལ་མི་འགྲོ་ཀ་མེད་བྱུང་ཞིང་། དེ་རུ་ཁོང་ཐུགས་ཁྲེལ་དང་འཚོ་བའི་དཀའ་སྡུག་གི་ཁྲོད་ནས་ལོ་དགུར་བཞུགས་པའི་རིང་། དགོན་པ་སླར་གསོ་བྱེད་པའི་ཐུགས་དགོངས་ལ་རེ་ལྟོས་མེད་པར་གཟིགས་པས། རང་གི་ཁྱིམ་རྒྱུད་ལ་བརྗེད་དུ་ཕངས་པའི་བླ་མའི་གདན་རབས་ཤིག་ཡོད་པ་དེ་རྗེས་རབས་པར་མི་བརྗེད་པའི་གཟུངས་སུ་འགོད་ཆེད་ཁོང་གྲོངས་ཁ་མའི་ཤིང་ཕག་སྤྱི་ལོ1875ལོའི་ཟླ་བརྒྱད་པའི་ཚེས་གཅིག་ལ་ཡི་གེར་བྲིས་ཤིང་། ཁོང་གིས་དེ་ལ་རྒྱ་ཡིག་གི་ཁ་བྱང་ཞིག་ཀྱང་བཀོད་དེ③ཡུང་ལོའི་རིང་ནས་བཟུང་དགོན་པའི་གདན་ས་འཛིན་མཁན་དེ་ཕས་བུ་དང་བུས་ཚ་བོ། དེ་ནས་བུ་རབ་ས་ཚ་རྒྱུད་བརྒྱུད་དེ་བཟོད་པ་རྒྱ་མཚོ་ལ་ཐུག་གི་བར་བླ་རབ་ས་ཉེར་གཅིག་བརྒྱུད་ཡོད་པ་གསལ་བཤད་བྱས། 
      གསུམ་པ། ཤར་བ་བརྩོན་འགྲུས་རིན་ཆེན་གྱི་རང་རྣམ་སྐོར་རགས་ཙམ་གླེང་བ།  
   《རང་རྣམ》དེའི་མགོ་ནས་“བརྩོན་རིན་བདག་གི་རྣམ་ཐར་མདོར་བསྡུས་ནི།།སྐྱེས་ཡུལ་མདོ་སྨད་ཤར་ཡུལ་མཐིལ་དུ་སྐྱེས།།ཕ་ནི་དེ་གུ་ཧོར་འཕན་ཞེས་བྱ་བ་དང་།།མ་ནི་འབྲོ་བཟའ་བསོད་ནམས་མཚོ་ཞེས་བྱ།། ”ཞེས་གསུངས་པའི་བླ་མ་དེའི་སྐྱེ་ཡུལ་གང་ཞིག་ལ་ངོས་འཛིན་པའི་ཐད།《མདོ་སྨད་ཆོས་འབྱུང་》དུ་ཀླུ་ཆུའི་བྱང་རྒྱུད་ཀྱི་དགོན་སྡེ་རྣམས་བཤད་སྐབས་“རྒྱབ་ངོས་མ་གལ་ཕྱོགས་སུ་ཤིང་ཀུན་དགོན་པའི་ལེ་ལག་སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་ནི། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དངོས་སློབ་ཤར་བ་བརྩོན་འགྲུས་རིན་གྱི་གདན་ས་ཡིན་ལ། དགའ་ལྡན་ཆོས་འབྱུང་དུ་ཆོས་རྗེ་བརྩོན་འགྲུས་རིན་ཆེན་པས་ཤར་ཡུལ་དུ་བསྟན་པ་བསྐྱངས། སྒྲུབ་པ་མཛད་པས་འགྱོད་མེད་ཀྱི་གདེངས་བརྙེས་ཞེས་གསུངས་། ”④ ཡོད་པར་གཞིགས་ན། ཁོང་གིས་གསུངས་པའི་ས་“མདོ་སྨད་ཤར་ཡུལ་”ཞེས་པ་ནི་ད་ལྟའི་ཀན་སུའུ་ལིན་ཞ(临夏)དང་ཏིན་ཞིས(定西)⑤ཀྱི་ཕྱོགས་འདི་ཡིན་པ་ཤེས་ཤིང་། ས་ཁུལ་འདི་དག་གི་མི་རྒྱུད་ནི་གནའ་དུས་བཙན་པོའི་དུས་སྐབས་སུ་རྒྱ་བོད་ས་མཚམས་སུ་སོ་སྲུང་ལ་ཡོང་བའི་བྷོད་དམག་གི་རྒྱུད་ལས་འཕེལ་ཚུལ་འབྲེལ་ཡོད་རྒྱ་བོད་ལོ་རྒྱུས་དག་ན་གསལ་པོར་བཤད་ཡོད། ཆོས་རྗེ་བརྩོན་འགྲུས་རིན་ཆེན་གྱི་ཕ་མེས་ཡང་མེས་ཀྱང་གནའ་བོའི་སོ་སྲུང་དམག་དཔོན་གྱི་མི་རྒྱུད་ཡིན་ཏེ། མི་རྒྱུད་འདི་ལས་བླ་མ་དང་ས་གནས་ཀྱི་མགོ་དཔོན་དུ་མ་ཞིག་འཁྲུུངས་ཡོད་པ་རེད། དཔེར་ན། ཏཱ་མིན་ཡུང་ལོའི་སྐབས་ནས་བཟུང་སྟེ་རྒྱལ་རབས་ལྔ་ལ་གོང་མའི་དབུ་བླ་མཛད་མྱོང་བའི་རྒྱལ་ཁབ་ཡོངས་ཀྱི་བན་དཔོན་ཆེན་པོ་རྗེ་མེན་ཇུ་དཔལ་ལྡན་བཀྲ་ཤིས་དང་། ཏཱ་མིན་རྒྱལ་རབས་སྐབས་སུ་བློན་ཆེན་ཀྲིན་ཧི་()དང་མཉམ་དུ་ཀྲུང་གོའི་ཚོང་གྲུ་རུ་ཁག་ཁྲིད་ནས་ནུབ་ཕྱོགས་རྒྱ་མཚོར་ཐེངས་བཞི་བགྲོད་མྱོང་བ་དང་བོད་དོན་གཙོ་གཉེར་བྱེད་མཁན་གོང་མའི་ཕོ་བྲང་གི་ཉུག་རུམ་པ་ཆེན་པོ་ཧིག་ཞན()⑥སོགས་ཡོད་པ་རེད། 《མདོ་སྨད་ཆོས་འབྱུང་》དུ་རྗེ་བརྩོན་འགྲུས་རིན་ཆེན་དང་མི་རྒྱུད་གཅིག་ཡིན་པའི་མེན་ཇུ་དཔལ་ལྡན་བཀྲ་ཤིས་བཤད་སྐབས། ཁོང་ཚོའི་མི་རྒྱུད་སྔོན་མ་ནི་བཙན་པོ་ཁྲི་རལ་བ་ཅན་གྱིས་ཙོང་ཁའི་ཕྱོགས་ནས་དམག་འདྲེན་སྐབས། དམག་གི་གཟི་བྱིན་བསྐྱེད་པའི་དམག་དར་ཕྱར་མཁན་མཚན་ལ་གཅེན་དར་བ་ཟེར་བ་ཞིག་ཡིན་ཞིང་། གང་གི་ཚེ་དམག་གོ་ཆོག་གི་བློན་ཆེན་པོས་དམག་རྩིས་གོ་གཤེར་མཛད་དུས་གཅེན་དར་བ་བས་གཡག་ཆེན་པོ་དར་ཕྱར་མཁན་མཚན་ལ་གཅེན་དར་བ་ཟེར་བ་ཞིག་ཡིན་ཞིང་། གཤེར་མཛད་དུས་གཅེན་དར་བ་བས་གཡག་ཆེན་པོ་གཉིས་མཆན་ཁུངས་དུ་བཅུག་སྟེ། ས་ལ་མི་རེག་པར་ཁྱེར་བས་གཅེན་དར་བ་གཡག་ཁུར་དང་། དམག་སྡེ་ཐམས་ཅད་ལས་དེ་བུད་པས་དེ་བུད་དུ་ཐོགས། དེ་ནས་ཁོང་རྒྱ་བོད་ཀྱི་མཚམས་ས་མཐའ་གནོན་པའི་དམག་དཔོན་དུ་བསྐོས་ཤིང་། ཐེབ་ཇུས་བྲག་དཀར་གཉན་གྱི་ཕོ་བྲང་ལ་བཙན་མཁར་བརྩིགས་ཏེ་མདོ་སྨད་ཀྱི་མི་དཔོན་བྱས། (ད་ལྟའི་ཀན་སུའུ་ཞིང་ཆེན་ཏིན་ཞིས་ས་ཁུལ་མེན་ཞན་རྫོང་གི་ཁོངས་གཏོགས་ཡིན)དེ་ནས་མི་རབས་བཅུ་གསུམ་འདས་རྗེས་བཀྲ་ཤིས་དཔལ་ཞེས་བྱ་བ་ལ་བཙུན་མོ་བདུན་ཡོད་པར་སྲས་བཅོ་བརྒྱད་བྱུང་། དེའི་ནང་གི་གསུམ་རབ་ཏུ་བྱུང་སྟེ་བླ་མ་གུ་རུམ་བྱ་བས་ཁྲག་འོ་མར་བསྒྱུར་ནུས་ཤིང་ཧོར་གྱི་དབུ་བླ་མཛད། བླ་མ་སཾ་གྷས་འཇམ་དབངས་ཀྱི་གནས་རི་བོ་རྩེ་ལྔའི་ཆོས་སྡེ་དང་། མཁན་པོ་དྷྰདྷྰརྨ་ཕྰ་ལས་ཤིང་ཀུན་དཔལ་གྱི་སྡེ་ཆེན་གྱི་( མ་ཧཱ་དགོན་མོ་ཆེ་དང་དགོན་མགོ་གཅིག་ཡིན་)གདན་ས་མཛད། གཞན་མི་དཔོན་གྱི་ལས་ཀ་འཛིན་པ་བཞི་དང་། ཡུལ་དཔོན་ཤ་སྟག་བྱུང་བའི་སྔ་མ་བཞིའི་ནང་ཚན་དབེན་ཕོན་ཆེན་པོའམ་མར་སྟེང་དཔོན་པོ་བཟང་བོ་དཔལ་གྱི་སྲས་སུ་རྗེ་འདི་ཉིད་འཁྲུངས། ⑦ཤར་བ་བརྩོན་འགྲུས་རིན་ཆེན་ཡང་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་ཕ་སྤུན་ནམ་ཚ་བོ་གང་རུང་ཞིག་ཡིན་དེ། རྗེ་དཔལ་ལྡན་བཀྲ་ཤིས་ལ་ཁོང་དཔོན་དར་བ་གཡག་ཁུར་གྱི་མི་རྒྱུད་ཡིན་པས་“དེ་ཚང་ཆོས་རྗེ”་ཟེར་བ་དང་། ཤར་བ་བརྩོན་རིན་གྱི་ཡབ་ཀྱི་མཚན་ལ་“དེ་གུ་ཧོར་འཕན་”ཟེར་བ་དེ་ཡིག་ཐོག་གི་ཁྱད་པར་ཅུང་ཟད་ཡོད་ཀྱང་རུས་མིང་གཞི་གཅིག་ལ་བྱས་པ་རྟོགས་ཐུབ། ཁོང་གི་ཡུམ་གྱི་མཚན་ལ་མ་“འབྲོ་བཟའ་བསོད་ནམས་མཚོ“ཟེར་བ་དེ་ལྷག་པར་བོད་ཀྱི་བློན་ཆེན་གྱི་མི་རྒྱུད་ཡིན་པ་ཤེས་ཐུབ་སྟེ། བཙན་པོའི་སྐབས་སུ་མདོ་སྨད་ཀྱི་དམག་སྤྱིའི་ནང་རུས་མིང་འབྲོ་ཅན་མང་པོ་ཡོད་ལ། ཕྱིས་སུ་བཙན་པོའི་རྒྱལ་རབས་ཐོར་རྗེས་དེའི་ནང་གི་སྐོར་ཞིག་ཕྱིར་དབུས་གཙང་ལ་སོང་བ་དང་། སྐོར་ཞིག་རྒྱ་ལ་འདྲེས་ནས་རུས་མིང་ཧི་()ཅན་དུ་གྱུར།
     རྗེ་བརྩོན་འགྲུས་རིན་ཆེན་ནམ་འཁྲུངས་དང་ནམ་དབུས་གཙང་ནས་སློབ་གཉེར་རྫོགས་ཏེ་རང་དགོན་ལ་ཕྱིར་ལོག་པ་སོགས་ལ་དཔྱད་ཞིབ་ཅིག་བྱས་ན།《རང་རྣམ》དུ་ཁོང་དགུང་ལོ་བརྒྱད་ལོན་པའི་ཚེ་རྣམ་དཔྱོད་ཤིན་ཏུ་ཆེ་བའི་གཏམ་ནི་མཚན་ལ་ལྷ་བླ་མ་ཞེས་པ་དབུས་གཙང་ཕྱོགས་ནས་ལོ་བཅོ་བརྒྱད་ལ་སློབ་གཉེར་བྱས་ཏེ་མཁས་པར་གྱུར་པའི་བསྟན་འཛིན་ཆེན་པོ་དེས་གསན་པས། ཁོང་གི་ཡབ་ཡུམ་ལས་ནན་གྱིས་བསླངས་ཤིང་། དགོང་ལོ་བཅུ་གཅིག་ལོན་སྐབས་ནས་དྲུང་དུ་ཁྲིད་དེ་བུ་གཅིག་ལྟ་བུར་བསྐྱངས། དགུང་ལོ་ཉེར་དྲུག་ལོན་སྐབས་བླ་མ་དེས་བདག་རྐྱེན་མཛད་པར་བརྟེན་ནས་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པའི་གདན་ས་དགའ་ལྡན་ནས་ཆོས་གྲྭར་ཞུགས་ཤིང་། རྒྱལ་ཚབ་རྗེའི་དྲུང་ནས་རབ་ཏུ་བྱུང་པ་དང་བསྙེན་པར་རྫོགས། ⑧གནས་ཚུལ་དེ་གཞིར་བཟུང་ནས་དཔྱད་ན་ལྷ་བླ་མས་དབུས་གཙང་ཕྱོགས་ནས་ལོ་བཅོ་བརྒྱད་ལ་སློབ་གཉེར་བྱེད་སྐབས་དེ་ཏག་ཏག་རྗེ་ཙོང་ཁ་པ་ཆེན་པོ་བཞུགས་རིང་ཡིན་ལ། ཕལ་ཆེར་གསུང་གི་བདུད་རྩི་ཡང་མྱངས་ཡོད་པ་ཚོད་དཔགས་བྱེད་ཐུབ། དེས་ན་རྗེ་བརྩོན་འགྲུས་རིན་ཆེན་དགུང་ལོ་ཉེར་དྲུག་གི་ཐོག་བླ་མའི་བཀའ་གསུང་བཞིན་དབུས་གཙང་ལ་བསྙེན་རྫོགས་སྒྲུབ་པ་དང་སློབ་གཉེར་ལ་ཕེབས་སྐབས། ཐོག་མར་རྗེ་ཙོང་ཁ་པ་གཟས་ནས་ཕེབས་པ་ཡིན་ཤས་ཆེ་ཡང་། དེ་དུས་དེང་སྐབས་ལྟ་བུའི་ཆ་འཕྲིན་མི་མྱུར་བས། རྗེ་རིན་པོ་ཆེ་ས་ཕག་(1419)ལོར་ཞིང་གཞན་དུ་གཤེགས་ཚུལ་མ་གསན་པར་ངེས། རྒྱལ་ཚབ་རྗེས་ས་ཕག་ལོ་ནས་ལྕགས་ཕག་(1431)ལོ་བར་དགའ་ལྡན་ཁྲི་རབས་གཉིས་པ་མཛད་ཅིང་། ཤར་བ་བརྩོན་འགྲུས་རིན་ཆེན་དབུས་གཙང་ལ་ཕེབས་དུས་རྒྱལ་ཚབ་རྗེས་དགའ་ལྡན་ཁྲི་བ་ཞེས་པའི་ལོ་ཚིགས་ལ་འཁེལ་འདུག དེས་ན་ཤར་བ་བརྩོན་འགྲུས་རིན་ཆེན་རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ཕྱི་ལོ་ལྕགས་བྱི་ལོར་(1420)དགའ་ལྡན་དུ་འབྱོར་བ་ཡིན་པའི་དབང་དུ་བཏང་ན། དེ་དུས་ཁོང་དགུང་ལོ་ཉེར་དྲུག་ཡིན་པས། འཁྲུངས་ལོ་ནི་ཤིང་ཁྱི(1394)ལ་འཁེལ་ཡོད་པ་རེད།《རང་རྣམ》དུ་“དེ་ནས་ལོ་གྲངས་བཞི་བཅུ་ལོན་པའི་ཚེ།།སླར་ཡང་མདོ་སྨད་ཤར་ཡུལ་ཕྱོགས་འདིར་འོང་།། ”ཞེས་གསུངས་ཡོད་པ་ལས། ཁོང་ཕྱིར་རང་དགོན་དུ་ཕེབས་དུས་ནི་ཤིང་རྟ(1434)ལོ་ཡིན་པ་རེད། དེ་ལྟར་ཚོད་དཔག་བྱས་པར་འཐུས་ཤོར་ཅུང་ཟད་ཡོད་སྲིད་ཀྱང་། ཆེས་མང་ནའང་ལོ་བདུན་བརྒྱད་ཀྱི་རྒྱུགས་ཐང་ལས་མེད་བསམ། རྗེ་བརྩོན་འགྲུས་རིན་ཆེན་ཕྱིར་རང་དགོན་དུ་ཕེབས་རྗེས། དགེ་ལུགས་པའི་གྲུབ་མཐར་བསྒྱུར་བ་(དེའི་སྔོན་ལ་བཀའ་བརྒྱུད་པའི་གྲུབ་མཐའ་ཡིན་པར་བཤད) དངོས་གནས་ཡིན་ཏེ། གཅིག་ནས་སྔོན་ཆད་ཤིང་ཀུན་དགོན་གོང་མ་ཟེར་བ་ཤར་བ་བརྩོན་རིན་གྱི་སྐབས་ནས་བཟུང་“མ་ཧཱ་དགོན་མོ་ཆེ་དགའ་ལྡན་ཆོས་ཁོར་གླིང་”ལ་བརྗེས་པ་དང་། གཉིས་ནས་ཁོང་གི་སྔོན་ལ་བླ་མའི་མཚན་ལ་“རིན་ཆེན”དང“བཀྲ་ཤིས་”ཞེས་པ་མང་མོད་ཀྱང་། ཁོང་གི་རྗེས་ནས་བཟུང་ཕལ་ཆེར་གྱི་མཚན་ན“བློ་བཟང་”ཞེས་སྦྱར་ཡོད་པ་ལས་ཀྱང་ཤེས་ཐུབ། དེས་ན་ཤར་བ་བརྩོན་རིན་ཕྱིར་རང་དགོན་དུ་ཕེབས་པའི་ཤིང་རྟ་(1434)ལོ་ནས་མ་ཧཱ་དགོན་མོ་ཆེའི་ཕྱག་ལེན་དགེ་ལུགས་པར་བསྒྱུར་བ་ཡིན་ན། མཁན་པོ་རིན་ཆེན་བཟང་པོས་ཏཱ་མིན་ཐེན་ཧྲེང་ཁྲི་ལོའི་སྐབས་སུ་(1457—1464)ཅོ་ནེ་དགོན་གྱི་གྲུབ་མཐའ་དགེ་ལུགས་པར་བསྒྱུར་བ་ལས་ལོ་ཉི་ཤུ་ལྷག་གིས་སྔ་བ་དང་།  རྒྱལ་ཚབ་རྗེ་དགའ་ལྡན་གྱི་ཁྲི་ལས་ཟུར་བཞུགས་མཛད་པའི་ལྕགས་ཕག་(1431)ལོར་ཤར་བ་བརྩོན་རིན་གྱིས་རབ་བྱུང་སྒྲུབ། དེ་ནས་ཁོང་གིས་དབུས་གཙང་ནས་ལོ་བཅུ་བཞིའི་རིང་སློབ་གཉེར་མཛད་རྗེས་ཤིང་གླང་(1445)ལོར་ཕྱིར་ཕེབས་པའི་དབང་དུ་བཏང་ནའང་། ཅོ་ནེ་དགོན་དགེ་ལུགས་པར་བསྒྱུར་བ་ལས་ད་དུང་ལོ་བཅུ་ལྷག་གིས་སྔ་བས། ཤར་བ་བརྩོན་འགྲུས་རིན་ཆེན་ནི་མདོ་སྨད་ཤར་གྱི་ཕྱོགས་འདིར་དགེ་ལུགས་པ་ཐོག་མར་སྤེལ་མཁན་དང་། མ་ཧཱ་དགོན་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་ནི་མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་ཐོག་མ་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨོས་ཆོག
      བཞི་པ། ཤར་བ་བརྩོན་རིན་གྱིས་གོང་མའི་དབུ་བླ་བཞེས་པའི་རྒྱུ་རྐྱེན་ལ་དཔྱད་པ།
      མ་ཧཱ་དགོན་མོ་ཆེའི་དགོན་བདག་སྔོན་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། བན་དེ་ཡེ་ཤེས་རིན་ཆེན། བླ་མ་དོན་གྲུབ་རིན་ཆེན། དཔལ་ལྡན་བཟང་པོ། དཔལ་ལྡན་བཀྲ་ཤིས་སོགས་ཚང་མ་གོང་མའི་དབུ་བླ་མཛད་མྱོང་ཞིང་། མ་ཧཱ་དགོན་མོ་ཆེའི་བླ་མ་རྣམས་དང་སྐབས་དེའི་ཀྲུང་དབྱང་སྲིད་གཞུང་གི་བར་ལ་སྲོལ་རྒྱུན་གྱི་འབྲེལ་བ་ཞིག་ཀྱང་ཆགས་ཡོད་པས། ཆོས་རྗེ་བརྩོན་འགྲུས་རིན་ཆེན་ལའང་ཁོང་གི་མཁྱེན་དཔྱོད་སོགས་ཕྱོགས་གང་ཐད་ནས་དབུ་བླར་བཞུགས་པའི་ཆ་རྐྱེན་ཡོངས་སུ་ལྡན་པ་དང་། གོང་མས་ཀྱང་ཁོང་བཀུར་ངེས་ཡིན་ཀྱང་། ཁོང་གིས་གོང་མའི་དབུ་བླ་མཛད་པའི་ལོ་རྒྱུས་ཤིག་གང་ན་ཡང་མེད་དེ། ཐོག་མར་ཁོང་གི་《 རང་རྣམ》དུ་“དེ་ནས་ལོ་གྲངས་བཞི་བཅུ་ལོན་པའི་ཚེ། སླར་ཡང་མདོ་སྨད་ཤར་ཡུལ་ཕྱོགས་འདིར་འོང་།། རང་གིས་རྟོགས་པའི་ལེགས་བཤད་གཏམ་འདི་དག སྐལ་ལྡན་འགའ་ལ་ལེགས་པར་བསྟན་བྱས་ཏེ།། རྒྱལ་བའི་བསྟན་པ་འཕེལ་ན་ཅི་མ་རུང་།། སྙམ་པའི་བསམ་པས་ལོ་གྲངས་དུ་མའི་བར།། སྡེ་སྣོད་རྒྱུད་སྡེ་གཞུང་ཆེན་དུ་མ་དང་།། ལམ་གྱི་རིམ་པ་རྣམས་དང་བསླབ་བྱ་རྣམས།། འབད་པས་བཤད་ཅིང་གང་ལ་གང་མཁོ་བའི།། བཀའ་ལུང་རྗེས་གནང་ལག་ལེན་འགྲིག་ཆགས་དང་།། སྐྱེད་རྫོགས་མན་ངག་ལས་ཚོགས་སྦྱིན་བསྲེག་སོགས།། ཀུན་ལ་ཉེར་མཁོའི་ཆོས་རྣམས་རྒྱ་ཆེར་བསྟན།། ལྷག་པར་བསྟན་པའི་རྩ་བ་ཚུགས་ཕྱིར་དུ།། འདུལ་བའི་གཞུང་ལུགས་རྣམས་ནས་བཤད་པ་བཞིན།། སྒྲུབ་བྱ་རྣམས་ལ་རབ་བྱུང་བསྙེན་རྫོགས་ཀྱི།། ཆོ་ག་རྣམ་པར་དག་པས་སྡོམ་པ་བྱིན།། སོ་སོ་བསླབ་བྱ་རྣམས་དང་ལས་འབྲས་ཀྱི།། འདོར་ལེན་བྱེད་ཚུལ་རྒྱས་པར་ཡང་ཡང་བཤད།། ཐ་ན་ཁྱིམ་པ་རྣམས་ལ་བསྙེན་གནས་ཀྱི། སྡོམ་པ་བྱིན་ནས་སྐྱབས་འགྲོ་ཡིག་དྲུག་དང་།། གསུང་རབ་འབྲི་དོན་སྦྱིན་གཏོང་ལས་སོགས་པ།། དགེ་བ་དུ་མའི་ལས་ལ་ལེགས་པར་སྦྱར། ། ཁ་ཡི་ཆོས་བཤད་ཙམ་ལ་མ་བཞག་པར།། རང་གི་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས།། ཅི་ནུས་ཉམས་སུ་ལེན་པ་གཞིར་བཞག་ནས།། གཙུག་ལག་ཁང་དང་མཆོད་རྟེན་བརྩིག་པ་དང་།། སྐུ་གཟུགས་བཞེངས་དང་གསུང་རབ་འབྲི་འདོན་དང་།། དཀྱིལ་འཁོར་སྒྲུབ་མཆོད་སྦྱིན་བསྲེག་དུས་གཏོར་དང་།། སྦྱིན་གཏོང་ལ་སོགས་དགེ་བའི་བྱ་བ་རྣམས།། དུས་རྣམས་ཀུན་དུ་གཡེལ་བ་མེད་པར་བྱས།། མདོར་ན་ལུས་ཀྱི་ཕྱག་དང་བསྐོར་བ་དང་།། ངག་གི་བཟླས་བརྗོད་བསྟོད་པ་སྨོན་ལམ་དང་།། ཡིད་ཀྱི་ལྟ་བ་སྙིང་རྗེ་སྒོམ་པ་སོགས།། སྒོ་གསུམ་དགེ་ལ་བརྩོན་པས་མི་ཚེ་བསྐྱལ།། ད་དུང་ཚེ་ཡི་ལྷག་མ་གང་ཡོད་དེ།། བཤད་སྒྲུབ་བསྟན་པའི་བྱ་བ་འབའ་ཞིག་གིས། ཉིན་མཚན་འདས་པར་བྱས་ནས་འཆི་བའི་ཚེ།། འགྱོད་པ་མེད་པར་དགའ་བཞིན་ཚེ་འཕོས་ཏེ།། རྒྱལ་བའི་ཞིང་ཁམས་མཆོག་ཏུ་སྐྱེས་གྱུར་ནས།། རྒྱལ་བ་སྲས་བཅས་མཉེས་པར་བྱེད་པར་སྨོན།། ”⑨ཞེས་ཁོང་དབུས་གཙང་ནས་སློབ་གཉེར་རྫོགས་ཏེ་ཕྱིར་རང་དགོན་ལ་ལོག་རྗེས།  “བཤད་སྒྲུབ་བསྟན་པའི་བྱ་བ་འབའ་ཞིག་གིས།། ཉིན་མཚན་འདས་པར་བྱས”་པ་ལས་སྲིད་ཀྱི་བྱ་བར་ཞུགས་པའམ་གོང་མའི་ས་སྣེ་སྒྲུབ་པ་སོགས་ཀྱི་གཏམ་ཕྲན་བུ་ཙམ་ཞིག་ཀྱང་མེད། གོང་མའི་ས་ནས་ལས་སྣེ་ཞིག་ཐོབ་པ་ནི་བོད་ཀྱི་བླ་མ་མང་པོ་ཞིག་གིས་སྐབས་དེར་གཙིགས་འཛིན་བྱེད་པའི་དོན་ཆེན་ཞིག་ཡིན་ན། ཆོས་རྗེ་བརྩོན་འགྲུས་རིན་ཆེན་གྱིས་དེ་ལ་རྩོལ་བ་མ་བྱས་པ་ནི་ཁོང་ལ་གཞན་དང་མི་འདྲ་བའི་ཐུགས་དགོངས་ཤིག་ཡོད་ངེས་པ་ལས། ཁོང་ལ་དེ་ཐོབ་པའི་ཆ་རྐྱེན་མ་ལྡན་པའམ་ཡང་ན་གོང་མས་མ་གནང་པ་ཡང་མིན་པར་སེམས། གཙོ་བོ་ནི་རྗེ་ཙོང་ཁ་པའི་ཆོས་སྒོར་ཞུགས་པའི་རབ་བྱུང་པ་ཞིག་ཡིན་པའི་ཆ་ནས་ཁོང་གིས་བཀའ་གདམས་གོང་མ་དག་གི་རྣམ་ཐར་བསྐྱངས་ཏེ། འདུལ་བ་ལ་སྐབས་དེའི་གྲུབ་མཐའ་གཞན་ལས་ལྷག་པའི་དང་དོད་བྱེད་པ་དེ་ཐུགས་སུ་འཇགས་ཡོས་པའི་གནད་ལ་ཐུག་པས། “རང་གི་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས།། ཅི་ནུས་ཉམས་སུ་ལེན་པ་གཞིར་བཞག་ནས།། ”ཞེས་ཁོང་གི་ཐུགས་དགོངས་དངོས་མཚོན་པའི་གསུང་འདི་ཡང་བྱུང་། བཀའ་གདམས་གོང་མ་དག་ལ་འདུལ་བ་ལ་རང་གི་མིག་བཞིན་བསྲུང་བའི་ཕྱག་ལེན་ཡོད་ཅིང་། དེའི་སྙིང་པོ་ནི་བུད་བསྙེགས་ཐོབ་གསུམ་ཏེ། མི་གྲལ་ནས་བུད། ཁྱི་གྲལ་བསྙགས། ལྷ་གྲལ་ཐོབ་ཅེས་པ་ལྟར། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་གཉེར་བའི་རབ་བྱུང་པས་འཇིག་རྟེན་པའི་ཁེ་དྲག་ངོ་སོ་ཐམས་ཅད་རིང་དུ་དོར་དགོས་ཤིང་། གོས་ཕྱགས་དར་བ། ཟས་བསོད་སྙོམ་པ་ཞེས་པའི་བཅས་ཁྲིམས་ལས་མི་འགལ་བ་ཞིག་ལ་འབད་དགོས། རྗེ་ཙོང་ཁ་པའི་ཡར་སྔོན་ནས་རབ་བྱུང་པས་འཇིག་རྟེན་པའི་ཁེ་དྲག་གཉེར་བར་དགག་བྱ་བྱེད་པའི་གནས་ཚུལ་བྱུང་ཡོད་དེ། དཔེར་ན། འགྲོ་མགོན་འཕགས་པ་གོང་མ་སེ་ཆེན་རྒྱལ་པོས་གདན་དྲངས་ཏེ། གཟབ་རྒྱས་ངང་ཕེབས་པའི་སྟ་གོན་བྱེད་སྐབས། སྐབས་དེའི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲིས་སངས་རྒྱས་བསྟན་པ་བཀའ་ཆག་སྤྲིན་གྱིས་སྒྲིབ།། སེམས་ཅན་བདེ་སྐྱིད་མི་དབང་ལག་ཏུ་གཏད།། སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་བྱད་འཛིན།། འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ། ”་ཞེས་ཟུར་ཟ་བྱས་པའི་ལོ་རྒྱུས་ཡོད་པ་དང་། རྗེ་ཙོང་ཁ་པ་ཆེན་པོ་ཡང་ཏཱ་མིན་གོང་མས་ཐེངས་བདུན་ལ་གདན་ཞུས་ནས་མ་ཕེབས་པ་ཁོང་གི་འདུལ་བའི་བཅས་ཁྲིམས་ལས་མི་འགལ་བའི་མཚོན་ཚུལ་ཞིག་ཀྱང་ཡིན་པར་སེམས། དེས་ན་ཆོས་རྗེ་བརྩོན་འགྲུས་རིན་ཆེན་གྱིས་གོང་མའི་དབུ་བླ་མ་མཛད་པ་ནི་རྗེ་ཙོང་ཁ་པ་སོགས་སྔོན་བྱོན་འདུལ་འཛིན་དམ་པ་དག་གི་ལམ་སྲོལ་བསྐྱངས་པ་རེད་ཟེར་ཆོག་སྙམ་མོ།  །
     དཔྱད་གཞིའི་ཡིག་ཆ་དང་པོ།  
     ༄༅།། ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་འཇམ་དབྱངས་གོང་མ་ཆེན་པོའི་ལུང་གིས་ཆེས་ཆེར་སྐྱོབས་མཛད་ས་མ་ཏི་པཀྴི་ཞེས་བསྔགས་པ། ངག་དབང་མཁས་གྲུབ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མ་ཧཱ་པཎྜི་ཏ་བཛྲ་དྷ་ར་བཞད་པའི་རྡོ་རྗེར་འབོད་པའི་གཏམ།
     ཐུབ་བསྟན་གསེར་གྱི་འཁོར་ལོས་བསྒྱུར་བའི་ནོར་ལྡན་ཡངས་པར་འཁོར་བའི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་དུ་མ་ཧཱ་དགོན་མོ་ཆེའི་ལས་སྣེ་ཚོགས་འདུ། གྲྭ་མང་། མཆོད་གཞིས་སྦྱིན་བདག དཔོན་བློན་སྡེ་འབངས་དང་བཅས་པ་ནས་ངེས་པ་བྱེད་དགོས་རྒྱུར། དགེ་སློང་བློ་བཟང་ཤེས་རབ་རྒྱ་མཚོ་ཟེར་བ་འདི་ལ་དགོན་དེ་ཉིད་ཀྱི་བདག་པོར་བསྐོ་བཞག་གི་ཆེད། ཆོས་རྗེའི་ཆོ་ལོ་བྱིན་ཡོད་པས་ཁྱེད་གོང་སྨོས་རྣམས་ནས། ཆོས་རྗེ་པ་ཁོང་ལ་མི་འོས་པའི་བརྙས་སྨོད་ལོག་སྒྲུབ་ཀྱིས་རང་སེམས་རྒྱ་ཡན་དུ་མ་གཏོང་བར་ཞེ་ས་བཀུར་གཟོས། རྩི་འཇོག་ཆེན་པོར་འོས་པའི་གཟེངས་སོགས་ཚུལ་བཞིན་ཡང་དག་བགྱིས་ན། ༧ངོས་ནས་ཀྱང་འདི་ཕྱི་ཀུན་ཏུ་དགེ་བའི་སྐྱབས་འཕྲིན་དྲང་སྲོང་བདེན་ཚིག་གི་ཤེས་པ་བརྗོད་པའི་དབྱར་རྔའི་དབྱངས་སྙན་སྐལ་ལྡན་མདོངས་མཐའི་རྣ་བའི་བཅུད་ལེན་དུ་སྤྲོ་བས་རང་རང་གིས་སྐལ་བ་མི་དམན་པ་གྱིས་ཤིག་ཅེས་གོ་བར་བྱ་བ་བཀའ་རྟགས་རྡོ་རྗེའི་རི་མོར་མངོན་པར་གསལ་བའི་ཐ་ཚིག་རབ་བྱུང་བཅོ་ལྔ་བའི་མཚོ་མིག་ས་སྤྲེལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བླ་བྲང་ཐུབ་བསྟན་ཕོ་བྲང་ནས་བྲིས་པ་ཛ་ཡནྟུ། ﹙གོང་གི་འདི་དར་ཟབ་དམར་པོའི་སྟེང་བྲིས་ཡོད)
     དཔྱད་གཞིའི་ཡིག་ཆ་གཉིས་པ། གང་གི་དྲིན་གྱི་བདག་བློ་རྒྱས་མཛད་པའི།། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། བརྩོན་རིན་བདག་གི་རྣམ་ཐར་མདོར་བསྡུས་ནི།། སྐྱེས་ཡུལ་མདོ་སྨད་ཤར་ཡུལ་མཐིལ་དུ་སྐྱེས།། ཕ་ནི་དེ་གུ་ཧོར་འཕན་ཞེས་བྱ་དང་།། མ་ནི་འབྲོ་བཟའ་བསོད་ནམས་མཚོ་ཞེས་བྱ།། སྐྱེས་ནས་ལོ་བརྒྱད་ལོན་ཚེ་ཚེགས་མེད་པར།། གསུང་རབ་ཀློག་པ་སོགས་ལ་མཁས་གྱུར་པས།། ཤེས་པ་རང་རྡོལ་བྱུང་ཞེས་མི་རྣམས་གླེང་།། དེ་ཚེ་ཡུལ་དེར་བཞུགས་པའི་བླ་ཆེན་ནི།། དབུས་གཙང་ཕྱོགས་སུ་ལོ་གྲངས་བཅོ་བརྒྱད་བར།། མཚན་ཉིད་གསང་སྔགས་ཀུན་ལ་སྦྱངས་པ་ཡི།། བསྟན་འཛིན་ཆེན་པོ་ལྷ་བླ་མ་ཞེས་པས།། ཁྱེའུ་ཤེས་རབ་ཅན་ཞིག་འདུག་གོ་ཞེས།། གསན་ནས་ཁྱེའུའི་མེས་པོ་ལས་སོགས་ལ།། ཅིས་ཀྱང་ངེད་ཀྱི་སློབ་མར་འབུལ་དགོས་ཞེས།། ཞ་ད་ནན་ཆེར་གནང་བ་ལ་བརྟེན་ནས།། ལོ་གྲངས་བཅུ་གཅིག་ལོན་ཚེ་ཁོང་ལ་ཕུལ། ཁོང་གིས་བུ་གཅིག་པ་བཞིན་གཅེས་པར་བསྐྱངས།། རབ་ཏུ་བྱུང་ཞིང་ཐོག་མར་ཕར་ཕྱིན་གཞུང་།། འཛིན་དུ་བཅུག་ནས་སྦྱོར་བ་བརྩི་བ་དང་།། གཞུང་བཤད་ཐོག་ཙམ་མཛད་ཅིང་དེ་རྗེས་སུ།། སྔགས་གྱི་སྒྲུབ་དཀྱིལ་དུ་མ་འཛིན་བཅུག་ནས།། བཀའ་ལུང་འགྲིག་ཆགས་ལ་སོགས་ལེགས་པར་གནང་།། དེ་ནས་ཁོང་གིས་བདག་རྐྱེན་མཛད་པ་དང་།། རང་གི་ཤུགས་དྲག་དད་པས་ཡིད་བསྐྱོད་པས།། ལོ་གྲངས་ཉི་ཤུ་རྩ་དྲུག་ལོན་པའི་ཚེ།། འབད་རྩོད་ཆེན་པོས་བོད་ཡུལ་དབུས་སུ་ཕྱིན།། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ཏུ།  ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི།། རྒྱལ་ཚབ་ཆོས་རྗེ་དར་མ་རིན་ཆེན་དང་།  ། ཆོས་རྗེས་འདུལ་བ་འཛིན་པ་རྣམ་གཉིས་ཀྱིས། ། མཁན་སློབ་མཛད་ཅིང་འདུལ་འཛིན་བཅུ་ཕྲག་གཅིག ། ཚོགས་པའི་དབུས་སུ་གཞི་ནས་རབ་བྱུང་དང་།། བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་མནོས།། བསླབ་པ་ཚུལ་བཞིན་སྲུང་བ་གཞིར་བཞག་ནས། ། རྡོ་རྗེ་འཛིན་པ་དུ་མའི་སྤྱན་སྔ་རུ། ། སྨིན་བྱེད་དབང་དང་རྗེས་གནང་དུ་མ་ཞུགས།། མཁས་པའི་དབང་པོ་དུ་མའི་སྤྱན་སྔ་རུ།། ལོ་གྲངས་བཅོ་ལྔར་གཞུང་ལུགས་དུ་མ་བསླབས།། ཕར་ཚད་གཉིས་དང་རྩ་འཇུག་གཞི་གསུམ་དང་།། འདུལ་བ་མངོན་པ་གོང་འོག་རྒྱུད་བླ་དང་།། སྤྱོད་འཇུག་རྣམས་ལ་གཙོ་བོར་ཞིབ་ཏུ་སྦྱངས།། གཞན་ཡང་ཚད་མ་སྡེ་བདུན་མདོ་དང་བཅས།། དབུ་མ་རིགས་ཚོགས་དྲུག་དང་བྱམས་ཆོས་ལྔ།། བསླབ་བཏུས་ལ་སོགས་བསྟན་ཆོས་ཕལ་ཆེར་ཉན།། ཁྱད་པར་གསང་བ་འདུས་པའི་རྒྱུད་རྒྱལ་དང་།། བདེ་མཆོག་རྩ་རྒྱུད་བརྟག་པ་གཉིས་པའི་རྒྱུད།། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལ་སོགས་པ།། ལེགས་པར་སྦྱངས་ཤིང་ཐེ་ཚོམ་ཆོད་པར་བྱས།། འདུས་པའི་རྫོགས་རིམ་རིམ་པ་ལྔ་བ་དང་།། བདེ་མཆོག་ལོ་དྲིལ་གཉིས་ཀྱི་རྫོགས་རིམ་དང་།། ན་རོའི་ཆོས་དྲུག་སྦྱོར་དྲུག་ལ་སོགས་པའི།། བསྐྱེད་རྫོགས་མན་ངག་རྣམས་ལ་ལན་མང་དུ།། ཐོས་བསམ་སྒོ་ནས་སྒྲོ་འདོགས་བཅད་བྱས་ཤིང་།། སྒོམ་པས་ཉམས་སུ་ལེན་པའི་ཁུར་ཡང་བཟུང་།། གསང་འདུས་དུས་འཁོར་རྡོར་དབྱིངས་ལ་སོགས་པ།། རྒྱུད་སྡེའི་ཆོ་ག་ཆེན་པོ་དུ་མ་ཡི།། ལག་ལེན་གོ་དོན་བྲི་ཐིག་གར་དབྱིངས་སོགས།། ཀུན་ལ་གཞན་དྲིང་མི་འཇོག་སྤོབ་པ་བརྙེས།། མདོ་རྒྱུད་མན་ངག་འཆད་རྩོད་རྩོམ་ཀུན་ལ།། མཁས་མང་མདུན་དུ་མཁས་པའི་གྲགས་པ་ཐོབ།། དེ་ནས་ལོ་གྲངས་བཞི་བཅུ་ལོན་པའི་ཚེ།། སླར་ཡང་མདོ་སྨད་ཤར་ཡུལ་ཕྱོགས་འདིར་འོང་།། རང་གིས་རྟོགས་པའི་ལེགས་བཤད་གཏམ་འདི་དག། སྐལ་ལྡན་འགའ་ལ་ལེགས་པར་བསྟན་བྱས་ཏེ།། རྒྱལ་བའི་བསྟན་པ་འཕེལ་ན་ཅི་མ་རུང་།། སྙམ་པའི་བསམ་པས་ལོ་གྲངས་དུ་མའི་བར།། སྡེ་སྣོད་རྒྱུད་སྡེ་གཞུང་ཆེན་དུ་མ་དང་།། ལམ་གྱི་རིམ་པ་རྣམས་དང་བསླབ་བྱ་རྣམས།། འབད་པས་བཤད་ཅིང་གང་ལ་གང་མཁོ་བའི།། བཀའ་ལུང་རྗེས་གནང་ལག་ལེན་འགྲིག་ཆགས་དང་།། སྐྱེད་རྫོགས་མན་ངག་ལས་ཚོགས་སྦྱིན་བསྲེག་སོགས།། ཀུན་ལ་ཉེར་མཁོའི་ཆོས་རྣམས་རྒྱ་ཆེར་བསྟན།  ། ལྷག་པར་བསྟན་པའི་རྩ་བ་ཚུགས་ཕྱིར་དུ།། འདུལ་བའི་གཞུང་ལུགས་རྣམས་ནས་བཤད་པ་བཞིན། སྒྲུབ་བྱ་རྣམས་ལ་རབ་བྱུང་བསྙེན་རྫོགས་ཀྱི།  ། ཆོ་ག་རྣམ་པར་དག་པས་སྡོམ་པ་བྱིན། ། སོ་སོ་བསླབ་བྱ་རྣམས་དང་ལས་འབྲས་ཀྱི།། འདོར་ལེན་བྱེད་ཚུལ་རྒྱས་པར་ཡང་ཡང་བཤད།། ཐ་ན་ཁྱིམ་པ་རྣམས་ལ་བསྙེན་གནས་ཀྱི།  ། སྡོམ་པ་བྱིན་ནས་སྐྱབས་འགྲོ་ཡིག་དྲུག་དང་།  ། གསུང་རབ་འབྲིང་འདོན་སྦྱིན་གཏོང་ལ་སོགས་པ།། དགེ་བ་དུ་མའི་ལས་ལ་ལེགས་པར་སྦྱར། ཁ་ཡི་ཆོས་བཤད་ཙམ་ལ་མ་བཞག་པར།། རང་གི་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས།། ཅི་ནུས་ཉམས་སུ་ལེན་པ་གཞིར་བཞག་ནས།། གཙུག་ལག་ཁང་དང་མཆོད་རྟེན་བརྩིག་པ་དང་།། སྐུ་གཟུགས་བཞེངས་དང་གསུང་རབ་འབྲི་འདོན་དང་།། དཀྱིལ་འཁོར་སྒྲུབ་མཆོད་སྦྱིན་བསྲེག་དུས་གཏོར་དང་། སྦྱིན་གཏོང་ལ་སོགས་དགེ་བའི་བྱ་བ་རྣམས།། དུས་རྣམས་ཀུན་དུ་གཡེལ་བ་མེད་པར་བྱས།། མདོར་ན་ལུས་ཀྱི་ཕྱག་དང་བསྐོར་བ་དང་།། ངག་གི་བཟླས་བརྗོད་བསྟོད་པ་སྨོན་ལམ་དང་།། ཡིད་ཀྱི་ལྟ་བ་སྙིང་རྗེ་སྒོམ་པ་སོགས།། སྒོ་གསུམ་དགེ་ལ་བརྩོན་པས་མི་ཚེ་བསྐྱལ།། ད་དུང་ཚེ་ཡི་ལྷག་མ་གང་ཡོད་དེ།། བཤད་སྒྲུབ་བསྟན་པའི་བྱ་བ་འབའ་ཞིག་གིས།། ཉིན་མཚན་འདས་པར་བྱས་ནས་འཆི་བའི་ཚེ།། འགྱོད་པ་མེད་པར་དགའ་བཞིན་ཚེ་འཕོས་ཏེ།། རྒྱལ་བའི་ཞིང་ཁམས་མཆོག་ཏུ་སྐྱེས་གྱུར་ནས།། རྒྱལ་བ་སྲས་བཅས་མཉེས་པར་བྱེད་པར་སྨོན།། རང་གི་རྣམ་ཐར་མདོར་བསྡུས་འདི། ། རང་གི་ཡིད་རང་འཕེལ་ཕྱིར་དང་།། རང་གི་ཡོན་ཏན་བསྟན་ཕྱིར་ཏུ།། རང་གི་གནས་ལུགས་བརྗོད་པའོ།། ཆོས་རྒྱུས་མེད་པའི་སྐྱེ་བོ་རྣམས།། འཇིག་རྟེན་པ་ཡི་བར་བིར་འགའ།། ཐོས་ན་ངོ་མཚར་སྐྱེས་འགྱུར་གྱི།། འདི་ལ་ངོ་མཚར་ཅི་ཡང་མེད།། ཆོས་རྒྱུས་ཆེ་བས་འདི་མཐོང་ནས།། གཟུ་བོར་གནས་པའི་བློས་བསམ་ན།། འདི་ལ་ངོ་མཚར་སྐྱེ་བར་འགྱུར།། མངྒ་ལཾ།། བྷ་ནྟི།།  །། 
     ༄༅།། དེ་ནས་རིམ་པར་བླ་རབས་རྒྱུད་པ་ནི། མཁས་བཙུན་བཟང་པོ། ཆོས་ཀྱི་དབང་ཕྱུག ཆོས་བཟང་། དོན་གྲུབ་རྒྱལ་བོ། ཆོས་དབང་གྲགས་པ། དཔལ་འབྱོར་སེང་གེམཚན་བརྗོད་པར་དཀའ་བ་རྒྱལ་བའི་སྲས་བོ་དཔལ་འབྱོར་སེང་གེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་གཞན་དོན་དུ་གཤེགས་ཁར་ཞལ་ཆེམ་ཕྱག་བྲིས་སུ་གནང་བ་ནི་འདི་ལྟར། བདག་དཔལ་འབྱོར་སེང་གེ་འཇིག་རྟེན་གྱི་གདུལ་བྱའི་སྣང་བ་ད་ལྟ་རྫོགས་པ་ཡིན། ད་འདི་ནས་ཚེའི་འདུ་བྱེད་བཏང་ལ། དགའ་ལྡན་དུ་རྒྱལ་བ་བྱམས་པའི་དྲུང་། གནས་ཡིད་དགའ་ཆོས་འཛིན་དུ་པད་མ་སྟོང་ལྡན་གྱི་སྟེང་དུ་ལྷའི་བུ་རྣམ་དཔྱོད་མཆོག་ཏུ་གྱུར་བ་ཞིག་ཏུ་སྐྱེ་བ་བླངས་ནས་རྗེ་བཙུན་གྱི་གསུང་གི་བདུད་རྩི་ངོམས་པ་མེད་པར་ལོངས་སྤྱོད། ཨ་ལ་ལ་ཧོ་ཞེས་གསུངས་སོ།། དཔལ་འབྱོར་གངས་རིའི་སྤོ་ལ་གནས་བཅས་པའི།  ། ཕུན་ཚོགས་དགེ་ལེགས་དུ་མའི་རལ་ཁུར་འཛིན།། རྣམ་དཀར་མཛད་པའི་སྡེར་འཕྲེང་ཆེར་གཡོ་བའི།། མཁས་མཆོག་སྨྲ་བའི་སེང་གེ་དེ་ལ་འདུད།། ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་དོན་རྣམ་ཐར་གྱི་ཚིག་འགའ་བརྗོད་པ་ལ། བདག་ཅག་གི་བླ་མ་དེ་ནི་དྲུང་པ་རིན་པོ་ཆེའི་གདུང་རྒྱུད་དྲུག་པ་ཡིན་ལ། གཞོན་ནུའི་དུས་ནས་རྒྱལ་བའི་ཆོས་སྒོར་ཞུགས་ཏེ། ཐོས་བསམ་ལ་ཤིན་ཏུ་བརྩོན་པར་མཛད་ཅིང་། དགུང་ལོ་ཉི་ཤུ་རྩ་བདུན་གྱི་ཐོག་དབུས་སུ་བྱོན་ནས་ཐུགས་སྦྱོང་རྒྱ་ཆེན་པོ་མཛད། བྱང་ངམ་རིང་། གངས་ཅན་ཆོས་འཕེལ། དཔལ་མགོན་སྡེ་ཆེན་སོགས་སུ་ཕེབས་ཏེ་མཁས་མང་མགུ་བར་བྱེད་པའི་གྲ་སྐོར་ཟླ་མེད་པ་མཛད་ནས་རབ་འབྱམས་སྨྲ་བའི་མཚན་གསོལ། སླར་ཡང་དབུས་སུ་བྱོན་ནས་སྔགས་ཀྱི་གྲྭ་ཚང་རྒྱུད་སྟོད་སྨད་རྣམས་སུ་འབྲས་བུ་རྡོ་རྗེ་ཐེག་པའི་རྣམ་བཞག་མ་ལུས་པ་ཐུགས་སུ་ཆུད། དེ་ནས་གདུལ་བྱ་སྨིན་ཕྱིར་དུ་མདོ་སྨད་དུ་བྱོན་ནས་སྡེ་དཔོན་ཅོའུ་སྤེ་ཆན་པེ་གདུང་རྒྱུད་བརྒྱད་པ་གན་ཅུ་ཡོ་གི་ཅོ་ཏུང་རྫུང་གིས་གཙོ་བྱས། མ་གལ་གྱི་དཔོན་ཡབ་སྲས་ལ་སོགས་པའི་དད་ལྡན་གྱི་འགྲོ་བ་རྣམས་དགེ་བའི་ལམ་ལ་བཀོད། སྡེ་ཕ་ཚུན་གྱི་གཙུག་ལག་ཁང་ཞིག་གསོས་མཛད། དེ་ནས་བན་ལིས་རྒྱལ་པོས་གདན་དྲངས་ནས་རྒྱ་ནག་ཕོ་བྲང་དུ་བྱོན། རྒྱལ་པོ་ལ་དབང་ལུང་རིམས་འགྲོ་སོགས་མང་པོ་མཛད། དེ་ནས་འཇམ་པའི་དབྱངས་ཀྱི་གནས་རི་བོ་རྩེ་ལྔར་བྱོན་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར། སླར་རྒྱལ་པོ་ལ་གནང་བ་ཞུས་ནས་རང་གི་གདན་སར་ཕེབས། རྒྱལ་བའི་གསུང་རབ་བཀའ་འགྱུར་ལ་སོགས་པ་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས། རྩང་དབུས་སུ་རྒྱལ་བ་ཡབ་སྲས་ལ་བསྙེན་བཀུར་དང་། གྲྭ་ས་སོ་སོར་མང་འགྱེལ་སོགས་གཏོང་སྒོ་བྱེད་པའི་འགྲུལ་བ་སྔ་ཕྱི་ལན་མང་པོ་བརྫང་། སྡེ་ཕན་ཚུན་དུ་སྨོན་ལམ་ཆེན་མོ་བཙུགས། རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་བར་མཛད། དེ་ནས་དགུང་ལོ་དྲུག་བཅུ་རེ་ལྔ་ལ་སྐུ་ཚེ་དེའི་གདུལ་བྱ་རྣམས་འདུལ་བའི་ཕེན་པ་རྫོགས་ནས་གཞན་དོན་དུ་གཤེགས། སྐྱེས་རབས་ཀྱི་གདུལ་བྱ་རྣམས་བསོད་ནམས་བསོགས་པའི་རྟེན་དུ་ཐུགས་ལྗགས་སྤྱན་གསུམ་ལ་སོགས་པ་རང་བསྲེལ་རིགས་ལྔ་བྱོན།  དེ་རྣམས་ཆོས་སྡེ་ཕན་ཚུན་ནས་གསེར་བཟང་ལས་གྲུབ་པའི་མཆོད་རྟེན་གཉིས་བཞེངས། ཞལ་ཆེམས་ནས་བྱང་ཆུབ་རྒྱ་འབུམ་གྱིས་བཀྲ་ཤིས་མཆོད་རྟེན་བཞེངས་པར་བྱ་གསུང་། དེ་ལྟར་བཞེངས་པའི་དགེ་བ་མ་ལུས་པ།། ཕྱོགས་གཅིག་བསྡོམས་པ་དེ་ཡིས་བདག་ཅག་རྣམས།། སྐྱེས་དང་སྐྱེ་བའི་ཚེ་རབས་ཐམས་ཅད་དུ། ཁྱོད་ཀྱིས་དགྱེས་པས་ཐུགས་སུ་འཛིན་གྱུར་ཅིག། དེ་ནས་བླ་རབས་ཕྱི་མ་རྣམས་རིམ་པར། རྣམ་རྒྱལ་མཚན། བློ་བཟང་རྒྱལ་མཚན། བློ་བཟང་ཐོས་མིང་། བློ་བཟང་ཚུལ་ཁྲིམས། བློ་བཟང་ཆོས་འབྱོར། བློ་བཟང་མགོན་པོ། བློ་བཟང་ཆོས་འཕེལ། ངག་དབང་དོན་གྲུབ་རྣམས་སོ། རྣམས་བསོད་བླ་མ། རབ་འབྱམས་པ་བློ་བཟང་སེང་གེ རབ་འབྱམས་བློ་བཟང་ཆོས་འཕེལ། རབ་འབྱམས་དར་རྒྱས། བཀའ་བཅུ་བཟོད་པ་རྒྱ་མཚོ། རབ་འབྱམས་པ་སྦྱིན་པ་རྒྱ་མཚོ། བློ་བཟང་ཤེས་རབ་རྒྱ་མཚོ། རྦ་མངྒ་ལཾ།།  
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-20 08:43 , Processed in 0.030042 second(s), 21 queries .

返回顶部