博客西藏在最高处过一种生活

日志

༄༅།།སྐྱིད་པའི་རྨི་ལམ་དབྱིངས་ནས་ཡུལ་འཁྱམས ...

已有 101 次阅读2019-3-9 12:51 |系统分类:文化


                                                           ༄༅།།སྐྱིད་པའི་རྨི་ལམ་དབྱིངས་ནས་ཡུལ་འཁྱམས་བྱུང་བ།


                              

     ཨོ་རེད་ཡ།  དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་རབ་རྒྱན་ས་ཕོ་ཁྱི་ཡི་ཧོར་ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་ཉི་བཟང་སྐར་བཟང་གི་དུས་ཞིག་ཏུ་སླེབས་ཡོད་ཅིང་། ཁོ་བོས་ཀྱང་ཞོགས་པའི་སྐྱ་རེངས་དང་པོའི་མདུན་བསུས་ནས་དུས་རྒྱུན་བཞིན་མལ་ལས་སངས་ནས་ཡར་ལངས་ཏེ། ཡར་དཀོན་མཆོག་གསུམ་ལ་མཆོད་བཤམས་མཆོད་འབུལ་བྱས་ནས་དུས་རྒྱུན་གྱི་ཁ་ཏོན་བཟློས་འདོན་བྱེད་འདོད་ཀྱང་ཅུང་ཙམ་མ་འགོར་བར་རང་དབང་མེད་པར་སླར་ཡང་རྨི་ལམ་ཀྱི་དབྱིངས་སུ་ཆས་སོང་། དེ་མ་ཐག་ཏུ་མི་ཚོགས་མང་པོ་ཞིག་དང་ལྷན་ཅིག་ཏུ་རི་བོ་ཆུང་ཆུང་ཞིག་གི་ལམ་ཐིས་ཞིག་དེད་ནས་རི་རྩེའི་ཕྱོགས་སུ་བསྙེགས་དགོས་པར་བྱུང་། ཡིན་ནའང་རང་ཉིད་མི་ཚོགས་གཞན་དང་མི་མཚུངས་པར་གོམ་པ་རེ་རེར་བཞིན་རྐང་ཐང་ལ་ལམ་དུ་ཞུགས་མི་དགོས་པར་ཅུང་ཙམ་བར་སྣང་ནས་རྐང་པ་ས་ལ་མི་ཐུག་པར་མི་ཚོགས་དང་བསྟུན་ནས་རླུང་གི་ངང་ནས་བསྐྱོད་ཐུབ་པས་སྣང་བ་ཧ་ཅང་སྐྱིད་པོ་ཞིག་ཤར་འདུག

     ལམ་སྐབས་སུ་རྩེད་མཚར་གྱི་ངང་ནས་རྐང་པ་གཉིས་བར་སྣང་ན་ཡོད་ཀྱང་ལུས་ཕུང་ཕྱིར་རྒན་དུ་འགྱེད་ནས་ལམ་འགྲོ་བ་རྣམས་ལ་ཁྱོད་ཚོས་ང་ལ་ཡར་ཅིག་སྐྱོར་རོགས་གནོངས་ཞེས་གུ་རེ་རྩེད་བཞིན་བསྐྱོད། འོན་ཀྱང་དངོས་གནས་ས་ལ་འགྱེད་པའི་དཔེ་མི་སྲིད་ཅིང་གཞན་གྱིས་ཡར་ལ་སྐྱོར་མི་དགོས་པའི་གདང་ཚོད་ཀྱང་རང་ལ་ཡོད། རི་ཆུང་དེ་ཀའི་རྩེ་རུ་སླེབས་ནས་རྒྱང་རིང་དུ་བལྟས་པ་ན་དབྱར་གསུམ་ཟླ་བ་བཞི་བའི་དུས་སུ་སྨིན་ཞིང་རི་ཆུ་ཐམས་ཅད་ཀྱིས་ལྗང་མདོག་གི་ན་བཟའ་བནབས་ནས་མཛེས་སྡུག་ལྡན་པའི་རི་ཆུ་ནགས་གསུམ་གྲུབ་ཡོད་པ་དང་། སྤང་ལྗོངས་སུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཤིང་། རྫ་ལུང་ཐམས་ཅད་ལ་དབྱར་གསུམ་སྨིག་གིས་ཁེངས་འདུག ཅུང་ཙམ་གྱེན་ཕྱོགས་སུ་འཁོར་བའི་ཐང་གཤོངས་ཆེན་པོ་མཐའ་ཡས་པ་ཞིག་གི་གཞུང་ལམ་ཆེན་པོ་དེད་ནས་མི་ཚོགས་གྲངས་ལས་འདས་པས་ཁེངས་ཤིང་ཚང་མ་ཉག་ཆེན་ཞིག་གི་ཕྱོགས་སུ་བཞུར་ཀིན་འདུག བསམ་ཚུལ་ལ་དེ་དག་ནི་གནས་འཇལ་བ་མང་པོ་ཞིག་ཡིན་པར་སེམས། དེ་མ་ཐག་ཏུ་ཁོ་བོ་ཡང་མི་ཚོགས་འགྲོད་པའི་ཕྱོགས་སུ་ཆས་ཀྱང་སྔར་བཞིན་རྐང་ཐང་དུ་བསྐྱོད་མི་དགོས་པར་རྩ་རླུང་གི་ངང་ནས་ཅང་ཤེས་རྟ་མཆོག་གི་གོང་ལ་ཆིབས་པ་བཞིན་རྫུན་འཕྲུལ་གྱིས་འཕུར་བསྐྱོད་བྱེད་ཆོག་པ་མ་ཟད། མ་གཞི་རང་ཉིད་གླུ་བ་ཞིག་མིན་ཞིང་སྐད་ངག་ཡག་པོ་ཞིག་ཀྱང་མེད་རུང་སྐབས་དེར་གླུ་སྐད་སྙན་མོ་དབྱངས་སུ་བགུགས་ནས་མི་ཚོགས་ཁྲི་འབུམ་མང་པོའི་མགོ་ཐོག་ནས་འཕུར་ཏེ་ཉག་ཆེན་ཕྱོགས་སུ་བསྙེགས། ཉག་ཁ་དེ་རུ་སླེབས་རྗེས་རང་དབང་མེད་པར་གཤོག་འོག་རླུང་གིས་བསྐྱོད་ནས། སྐད་ཅིག་དེ་ཉིད་དུ་རི་ཆུ་བྲག་གསུམ་དུ་མ་བརྒལ་ནས་ཡུལ་གྲུ་མི་གཅིག་པ་གཞན་ཞིག་ལ་ཐོན། དེ་གར་རི་ངོས་ཞིག་ཏུ་སྟབས་བདེའི་ཁང་མིག་འཐར་འཐོར་ཞིག་ལས་མི་འདུག ཁང་མིག་ཞིག་གི་ནང་ལ་འཛུལ་ནས་བལྟས་པ་ན་དེར་ཡང་བུད་མེད་རྒན་པ་ཞིག་ལས་མི་འདུག བུད་མེད་རྒན་པ་དེས་ཁང་དཀྱིལ་དུ་བུད་ཤིང་མི་དགོས་པའི་རྫུན་འཕྲུལ་ངང་ནས་མེ་ཞིག་འབུད་བཞིན་འདུག ཁོ་བོ་ཡ་མཚན་སྐྱེས་ནས་མེ་འདི་ཅི་ལྟར་བོས་ནི་རེད་ཞེས་དྲིས་པས། དངོས་སྤུངས་འདི་ཤིང་ཐུར་བཀོལ་ནས་ཅུང་དཀྲིགས་པ་ཙམ་གྱིས་མེ་ལྕེ་ཡར་ལ་རྒྱས་ཏེ་འབར་ངེས་ཡིན་ཟེར། དེ་ལྟར་བྱས་པས་དེ་འདྲ་ཡ་མཚན་རེད། ས་འདི་གང་ཞིག་རེད་ཞེས་དྲིས་པས་བཤད་མི་ཉན་ཟེར། ད་རུང་བུད་མེད་རྒན་པ་དེའི་སྐེ་ལ་ཙནྡན་གྱི་ཕྲེང་བ་འགའ་བསྐོན་ཡོད་པ་དོགས་མི་བདེ་བའི་ཚུལ་བསྟན་ནས་སྤས་སྐོང་ཙམ་བྱས་ཤིང་། ས་འདི་ནས་ཕྲེང་བ་རྩ་ཆེན་འཛིན་མི་ཉན། གལ་ཏེ་ཕྲེང་བ་རྩ་ཆེན་བཟུང་ན་ཨ་མདོའི་མི་ཡིན་པ་ཤེས་འགྲོ་ཞེས་ཟེར་རུང་ཁོ་བོས་ནང་དོན་གསལ་བོ་ཞིག་མ་གོ་ཐལ། དེ་བས་ས་འདི་གང་ཞིག་ཡིན་པ་མི་ཤེས་བསམ་ནས་ཕྱིར་སྒོ་ཁ་བུད་རྗེས་ཁང་མིག་ཕྱི་རོལ་གྱི་ངོ་ལམ་ཕྲ་མོ་དེ་རུ་མི་མང་པོ་ཡར་འགྲོ་མར་འོང་བྱེད་བཞིན་ཡོད། དེ་ནས་ཉེན་རྟོགས་པ་ལྟ་བུ་མི་གཉིས་ཀྱིས་གཅར་རྡུང་དྲག་པོ་བྱས་ནས་ཤ་ཉོག་རུས་ཉོག་གིས་བཏང་ཟིན་པའི་སྔགས་འཆང་བ་ཞིག་མགོ་ཡི་ལྕང་ལོ་དང་བཅས་པ་དྲུད་ནས་མར་འཕངས་ཀྱང་སྔགས་འཆང་བ་དེ་ཤི་མ་གསོན་གྱིས་སླར་ཡང་ལམ་ནང་གྱེན་ཕྱོགས་སུ་ཀོག་ནས་ནུར་བཞིན་འདུག ཡར་གྱེན་ཕྱོགས་སུ་ནུར་ཤུལ་ནས་དེའི་ཁོག་གི་རྒྱུ་ཉོག་ཚང་མ་ཡང་སྔར་ནས་སར་ལྷུང་ནས་ལམ་ནང་དུ་ལུས་འདུག སྐབས་དེར་ཁོ་བོའི་སེམས་པའི་ངོགས་སུ་སྐྲག་སྣང་ཞིག་སྐྱེས་ཤིང་། ཞོར་དུ་སྙིང་རྗེ་ཞིག་ཀྱང་དབང་མེད་དུ་འཁྲུངས་ནས་འཇིགས་པ་དེ་སེལ་བའི་ཆེད་དུ་རྒྱལ་བའི་གཟུངས་སྔགས་ཞིག་འདོན་བསམ་ནས། ཨོཾ་བཛྲ་མ་ཧཱ་མུ་ནི་ཡེ་སྭཱ་ཧཱཿ ཨོཾ་བཛྲ་མ་ཧཱ་མུ་ནི་ཡེ་སྭཱ་ཧཱཿ ཨོཾ་བཛྲ་མ་ཧཱ་མུ་ནི་ཡེ་སྭཱ་ཧཱཿ ཞེས་བཟློས་བརྗོད་ཀྱི་ཞོར་དུ་གདོང་ལམ་དེའི་གྱེན་ཕྱོགས་སུ་འཁོར་ནས་གཅིག་བུ་རི་རྩེ་རུ་བསྙེགས་པས། ཧ་ལམ་རི་རྩེར་སླེབས་པ་ན་རྒན་པོ་སྨྲ་ར་དཀར་པོ་ཅན་ཞིག་གིས་ཇ་བསྐོལ་བའི་སྟ་གོན་བྱེད་བཞིན་འདུག་པར་ཐུག གནས་དེར་རྩི་ཤིང་མེད་ཀྱང་ས་རྡོ་ཡང་མེད་པའི་རི་ཆུང་དམར་རྗེན་ཞིག་རེད། རྒན་པོ་དེས་ཕྱེ་སག་ཞིག་ལྷན་དུ་སྤུང་བ་ཙམ་གྱིས་རང་བྱུང་རྒྱ་ཐབ་ཞིག་ཏུ་གྲུབ་ནས་ཐད་ཀར་སླ་ང་བསྐྱོན་ནས་ཇ་བསྐོལ་བར་འདུག ཁོ་བོ་དེའི་གམ་དུ་སོང་ནས་ཨ་ཁུ་ཁྱེད་ཀ་གང་གི་ཡིན་ཞེས་དྲིས་པས། རྒན་པོ་སྨྲ་ར་དཀར་པོ་ཅན་དེས་ཞལ་ལ་འཛུམ་གྱིས་ཁེངས་ནས་ང་ནི་བདེ་སྐྱིད་ཐང་གི་ཡིན་ཟེར་བས། ཁོ་བོ་ཧ་ཅང་དགའ་བ་ཆེན་པོ་ཞིག་སྐྱེས་ནས་རང་གི་སྐྱིད་པའི་ཕ་ཡུལ་ཕྱུག་མོ་མཚོ་སྔོན་པོའི་ཕྱོགས་ཀྱི་བདེ་སྐྱིད་ཐང་ཞེས་པའི་གནས་མཆོག་གམ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཞབས་ཀྱིས་བཅགས་ཤིང་ཕྱིན་གྱིས་བརླབས་མྱོང་བའི་ས་དེ་སེམས་ལ་ཤར་ཞིང་། ངག་ནས་རྟེན་འབྲེལ་ཡག་པོ་འགྲིག་སོང་། ལམ་བར་ནས་སྐྱིད་པོ་ཡོང་ངེས་ཁོ་ཐག་རེད་ཅེས་ཟེར་བ་དང་། རྒན་པོ་སྨྲ་ར་དཀར་པོ་ཅན་དེ་ལ་འཛུམ་གྱིས་གྱེར་ཞིང་། ཐབ་ནས་ཇ་ཁོལ་བར་བསྒུགས་འདུག དེ་མ་ཐག་ཏུ་སླར་ཡང་གཉིད་ལས་སངས་པས། སེམས་ལ་ད་ནངས་སྔ་མོ་རྨི་ལམ་འདི་འདྲ་སྐྱིད་པོ་ཞིག་བྱུང་དོན་མེད་མོད། གང་ལྟར་རྟེན་འབྲེལ་ཡག་པོ་ཞིག་རེད་བསམ་ནས་བསམ་བློ་ཞིག་བཏང་བ་ན་དེ་རིང་ནི་དག་དག་བདག་གི་ཚ་བོ་ཐུགས་སྲས་འཇིག་རྟེན་མགོན་པོས་དཀའ་བ་འབུམ་ཕྲག་སྤྱད་ནས། རྗེ་བཙུན་སྒྲོལ་མའི་ཞིང་བཀོད། གཡུ་ལོ་བཀོད་པའི་དགའ་ཚལ། འཛམ་གླིང་མཛེས་པའི་རྒྱན་གཅིག་ཞེས་བྱ་བ། སྲིད་ན་དཀོན་ཞིང་བོད་ན་མེད་པའི་དཀྱིལ་འཁོར་ལྷ་ཁང་ཆེན་མོ་ཞིག་གསར་བཞེངས་བྱེད་པའི་སྟ་གོན་གང་ལེགས་ལ་དམིགས་ནས། དེ་རིང་ཉི་ཤར་གྱི་རྩེ་མོ་དང་རྟེན་འབྲེལ་གྱི་མགོ་མ་ལ་སྒྲོལ་མའི་རླུང་རྟ་ཀ་འཛུགས་ཀྱི་གཞལ་ཡས་ཁང་བཟང་གདན་འདྲེན་བྱས་ཏེ། རབ་གནས་མཛད་སྒོ་སྤེལ་བཞིན་པའི་དུས་བཟང་གི་སྒང་ཡིན་པས། བོད་རྟེན་འབྲེལ་ཀྱི་བདག་པོ་ཡིན་ཟེར་བའི་དཔེ་ལྟར། རྗེ་བཙུན་འཕགས་མ་སྒྲོལ་མའི་ཕོ་བྲང་ལེགས་འགྲུབ་ཡོང་པའི་ཐུགས་དགོངས་ནམ་མཁའ་ཡང་བ་ལ་བཀྲ་ཤིས་རྟེན་འབྲེལ་ཡག་པོ་མཚོན་ཞིང་། ད་ནངས་ཞོགས་པའི་སྐྱ་རེངས་དང་པོ་ལ་རྨི་ལམ་ཐེངས་གསུམ་རྨིས་པ་ཐམས་ཅད་ཁ་ལུས་རླུང་རྟ་ཡར་ལ་འགྲོ་བཞིན་མཆིས་པས་སེམས་ལ་དགའ་བ་ཆེན་པོ་ཞིག་འཁྲུངས་པ་ལས་མ་འདས་སོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་ཆབ་གཞོང་དར་ཐང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་བོད་རབ་བྱུང་བཅུ་བདུན་པའི་རབ་རྒྱན་ས་མོ་ཕག་ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་ཉིན་ལ་ད་ནངས་སྔ་མོའི་རྨི་ལམ་བཞིན་ཐོལ་བྱུང་དུ་སྦྱར་བ་སརྦ་ཛ་ཡནྟུ།།    །།


 

发表评论 评论 (1 个评论)

回复 ljh8520035 2019-3-10 17:02
ཨོཾ་བཛྲ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱཿ        

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-3-20 09:01 , Processed in 0.280414 second(s), 22 queries .

返回顶部