博客西藏在最高处过一种生活

日志

༄༅།།མ་ཎི་ཡིག་དྲུག

已有 41 次阅读2019-2-9 16:39 |系统分类:文化


                                                        ༄༅།།མ་ཎི་ཡིག་དྲུག

                                       

      ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་འདི་ནི་ལེགས་སྦྱར་གྱི་སྐད་ཅིག་ཡིན་ཏེ། སྤྱན་རས་གཟིགས་ཀྱི་སྙིང་པོ་གཟུངས་སྔགས་ཡིན། རང་རིས་བོད་ཀྱི་ཡུལ་འདིར་བྱིས་པ་ལོ་གསུམ་དང་རྒན་པ་བརྒྱད་བཅུ་མན་གྱིས་འདོན་ཤེས་ཤིང་། དེ་ཡང་ཕྱག་ན་པད་མོའི་གདུལ་ཞིང་ཡིན་པའི་ཁྱད་ཆོས་ཤིག་ཏུ་ངེས་འཛིན་ཞིང་། འདི་ལ་ཡི་གེ་དྲུག་ལས་བདུན་པ་ཞིག་མདོ་རྒྱུད་བསྟན་བཅོས་གང་དུའང་གསུངས་མེད་པ་དང་། ཡིག་དྲུག་དེ་གང་འདོད་དུ་ཡིག་བདུན་དུ་བཟོས་མི་རུང་བ་དང་། ཡིག་དྲུག་དེ་ལ་མཚོན་དོན་དང་དགོས་པ་མི་འདྲ་ཞིང་ཕན་ཡོན་ཡང་མི་འདྲ་བ་མང་པོ་ཡོད་དོ།།
      གཅིག  མ་ཎི་ཡི་གེ་དྲུག་གི་ཁུངས།

      མ་ཎི་ཡི་གེ་དྲུག་མ་ནི་རྒྱལ་རབས་ལོ་རྒྱུས་རྣམས་སུ་མདོ་ལ་སྔ་བ་ཟ་མ་ཏོག་དང་དེའི་སྙིང་པོ་གཟུངས་ལ་སྔ་བ་ཙནྡ་མ་ཎི་ཞེས་འབྱུང་བ་ལྟར། ཙནྡ་མ་ཎིའི་སྐོས་ཕོར་ནི་ཞལ་བཅུ་གཅིག་གི་ཡིད་བཞིན་ནོར་བུའི་གཟུགས་ཀྱི་སྐོར་ཕོར་ཞིག་དང་། མུ་དྲའི་ཕྱག་རྒྱ་ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱུང་ཅན་ཡོད་པར་བཤད་པ། དེའང་ཡིག་དྲུག་ཁོ་ནར་ཟད་པ་ལས། གསར་རྙིང་ཀུན་གྱིས་ཁས་ལེན་ཞིང་རྒྱུད་རྒྱ་གཞུང་གི་ཁུངས་དང་ལྡན་པ་ཞིག་ཡིན་ཏེ་གསང་སྔགས་རྙིང་མའི་མ་ཎི་བཀའ་འབུམ་ནང་དུ་ཡི་གེ་དྲུག་མའི་ཕན་ཡོན་རྒྱ་ཆེན་པོ་གསུངས་པ་ལས་བདུན་མའི་ཕན་ཡོན་ཏིལ་ཙམ་ཡང་གསུངས་མེད་པ་དང༌། བོད་ལ་ཆོས་སྐལ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་གི་ནང་དུའང་ཡི་གེ་དྲུག་མའི་གཟུངས་བཤད་པ་ལས་བདུན་མ་བཤད་མེད། སློབ་དཔོན་ཐོན་མིའི་ཡིག་ཕུད་དེང་སང་ཕ་བོང་ཁར་དངོས་སུ་ཡོད་པ་དེའང་ཡི་གེ་དྲུག་མ་ལས་བདུན་མ་མིན། དེ་བཞིན་དུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཡི་གེ་དྲུག་མའི་སྒྲུབ་ཐབས་ལས་ཀྱང་ཡི་གེ་དྲུག་མ་གསུངས་པ་ལས་བདུན་མ་གསུངས་མེད། དེ་བཞིན་དུ་སྔ་འགྱུར་རྙིང་མའི་གསུང་གང་མང་ཞིག་གི་ནང་དུ་ཡིག་དྲུག་བཤད་ཅིང་དེ་བཞིན་སྤྱོད་བཞིན་ལགས། ཁྱད་པར་གུང་ཐང་བསྟན་པའི་སྒྲོན་མེས་ངེད་ཅག་ཁ་བ་ཅན་པ་ཚོ་ཐུགས་རྗེ་ཆེན་པོ་རང་ལ་མ་བརྟེན་པར་འགྲོ་ནུས་པའི་རེ་བ་མེད། མ་ཎིའི་མཇུག་ཏུ་ཧྲཱི་སྦྱོར་མི་རུང༌། དེ་བྱས་ན་ཡི་གེ་བདུན་དུ་འགྲོ་ཞིང༌། འདི་ལ་རྒྱུད་སྡེ་རྣམས་སུའང་གཟུངས་སྔགས་ཡི་གེ་དྲུག་པ་སྟེ། ཡི་གེ་དྲུག་གིའང་སྦྱང་གཞི་འགྲོ་བ་རིགས་དྲུག་དང༌། སྦྱོང་བྱེད་ཀྱི་ལམ་ཕར་ཕྱིན་དྲུག འབྲས་བུ་རྒྱལ་བ་རིགས་དྲུག་འབྱུང་ཞིང༌། ཡིག་འབྲུ་འདི་དག་ཀྱང་སྣང་མཛད་ནས་མི་བསྐྱོད་པའི་བར་དྲུག་གིས་གསུངས་པ་ཡིན། དེས་ན་མ་ཎི་ནོར་བུ་དང༌། པདྨ་བོད་ལ་མེད་པས་སྐད་ཟུར་དུ་མ་བྱུང་ངོ་།། མེ་ཞེས་པའི་རིང་ཆ་ནི། བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོར་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་བོད་པའི་སྒྲ་ཡིན་པས། ཀྱེ་ཞེས་བོས་ནས། ཧ་ཞེས་པ་ཐུགས་ཀྱི་ས་བོན་ཡིན་པས་ཐུགས་རྒྱུད་བསྐུལ་ཏེ་ཐུགས་རྗེ་གཟིགས་ཞེས་པ་ལ། ཅི་བྱེད་དགོས་ཤེ་ན། ཨོཾ་ལ་ཡི་གེ་ཕྲལ་བའི་ཨ་ཨུ་མ་གསུམ་འབྱུང་ཞིང༌། དེས་སྐུ་གསུང་ཐུགས་གསུམ་མཚོན་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཞེས་པ་ཡིན་ནོ།། ཞེས་གསུངས་སོ།།  

       གཉིས། མ་ཎི་ཡི་གེ་དྲུག་གི་གོ་དོན།

       སྤྱིར་མ་ཎི་ལ་འགྲེལ་བ་མང་ན་ཡང་། ཚིག་དོན་མདོར་བསྡུས་ན། ཨོཾ་སྔགས་ཀྱི་མགོ་འདྲེན། མ་ཎི་ཐབས་མཚོན་བྱེད་ནོར་བུ། པད་མེ་ཤེས་རབ་མཚོན་བྱེད། ཧཱུཾ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས། ཐབས་དང་ཤེས་རབ་དབྱེར་མེད་པ་སྟོན་པའི་དོན་ཡིན། ཡང་། ཡིག་འབྲུ་དྲུག་པོའི་དོན་དེ་ཟབ་པོ་དང་རྒྱ་ཆེན་པོ་ཡོད། དང་པོ་ཨོཾ་ཞེས་པར་ཡི་གེ་ཨ་དང་། ཨུ། མ་བཅས་གསུམ་བསྡུས་ཡོད། འདི་རྣམས་ཀྱིས་ཉམས་ལེན་པའི་མ་དག་པའི་ལུས་ངག་ཡིད་གསུམ་དང་། དེ་བཞིན་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་མཚོན་གྱི་ཡོད། མ་ཎི་ཞེས་པ་ནོར་བུའི་དོན་ཡིན། འདིས་ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ། བྱམས་པ་བཅས་མཚོན་གྱི་ཡོད། ནོར་བུར་དབུལ་ཕོངས་སེལ་བའི་ནུས་པ་ཡོད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལ་ཡང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ནུས་པ་ཡོད། དེ་བཞིན་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད། པདྨ་ཞེས་པ་མེ་ཏོག་པདྨའི་དོན་ཡིན་ལ་དེས་ཤེས་རབ་མཚོན་གྱི་ཡོད། པད་མ་དེ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་ཡོད། གལ་ཏེ་ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། ཤེས་རབ་ལ་མི་རྟག་པ་རྟོགས་པའི་ཤེས་རབ་སོགས་རིགས་མི་འདྲ་བ་དུ་མ་ཞིག་ཡོད་རུང་འདིར་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡིན། ཧཱུཾ་གིས་ངོ་བོ་དབྱེར་མེད་བསྟན་པ་དང་། དེས་རྒྱུད་ཀྱི་སྐྱོན་དག་པ་དེ་ངེས་པར་དུ་ཐབས་ཤེས་དབྱེར་མེད་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད། མདོ་ཕྱོགས་ལྟར་ན། འདི་ལྟ་བུའི་ཐབས་ཤེས་དབྱེར་མེད་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་། ཤེས་རབ་ཀྱིས་ཟིན་པའི་ཐབས་ལ་གོ་བ་དང་། སྔགས་སམ་རྒྱུད་ཀྱི་ཐེག་པ་ལྟར་ན། དེ་ཉིད་ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་ཆ་ཡོངས་རྫོགས་པའི་རྣམ་པར་ཤེས་པ་གཅིག་ལ་གོ། རྒྱལ་བ་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་ལྟར་ན། ཧཱུཾ་ཞེས་པ་ནི་གང་གིས་ཀྱང་རྒྱུད་དཀྲུགས་མི་ནུས་ཤིང་། མི་གཡོ་བའི་རྒྱལ་བ་མི་བསྐྱོད་པའི་ས་བོན་གྱི་ཡིག་འབྲུ་ཡིན། དེས་ན་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འབྲེལ་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན་གྱི་ཡོད་དོ།།

      གོང་ས་མཆོག་གིས་ཡི་གེ་ཤེས་ཏེ་མ་ཎིའི་དོན་ཤེས་ནས་མ་ཎི་བགྲངས་པ་དང༌། དོན་མ་ཤེས་པར་བགྲངས་པ་ལ་ཁྱད་པར་ཆེན་པོ་ཡོད། མ་ཎིའི་དོན་གང་ཡང་མི་ཤེས་པའི་ཁ་ལ་ཚིག་ཀྱང་མི་དག་པར། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་ཞེས་བརྗོད་དེ་ཡིག་དྲུག་དེ་ཡིག་བདུན་བཟོས། ད་དུང་ཧྲཱི་དེ་ཡང་མ་དག་པ་རེད་བརྗོད་པ་དེ་ལྟ་བུ་བྱས་ན་ཕན་ཐོག་གང་ནས་ཡང་མེད་པས། ཕྱིན་ཆད་ང་ཚོ་ཚང་མས་དེ་རིགས་གསུམ་གསུངས་པ་ངེས་པར་གཟབ་གཟབ་བྱེད་དགོས། ཞེས་གསུངས་པས་གསར་རྙིང་གཉིས་ཀས་ཁས་ལེན་པ་ཡི་གེ་དྲུག་མ་ཡིན་ཞིང་རྩོད་པ་མེད་པ་ནི་ཡི་གེ་དྲུག་མ་འདི་ཉིད་ཡིན་ནོ།། 

      གསུམ། མ་ཎི་ཡི་གེ་དྲུག་གི་ཕན་ཡོན།

      གཟུངས་མཆོག་ཡི་གེ་དྲུག་པ་འདི་བཟླས་ན་སྤྱན་སྟོང་གིས་གཟིགས་ལ་ཕྱག་སྟོང་གིས་སྐྱབས་པ་དང་། རིག་སྔགས་འདི་བཟླས་ན་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་གསུངས་པ་ནི་ཨོཾ་གྱིས་འདུས་པའི་ནད་སེལ། མས་ཚད་པའི་ནད་སེལ། ཎིས་རླུང་གི་ནད་སེལ། པད་ཀྱིས་བད་ཀན་གྱི་ནད་སེལ། མེས་གྲང་བའི་ནད་སེལ། ཧཱུཾ་གིས་མཁྲིས་པའི་ནད་སེལ་བ་སྟེ་ནད་ཐམས་ཅད་སེལ་བར་གསུངས་པ་སོགས་མ་དག་པའི་ལུས་ངག་ཡིད་གསུམ་དག་པའི་ངོ་བོར་བསྒྱུར་བར་གསུངས་པ་དང་། ཡང་། སྤྱན་རས་གཟིགས་ཀྱི་རྣམ་ཐར་དང་ཡི་གེ་དྲུག་མའི་ཕན་ཡོན་སྐོར་གྱི་བསྟན་བཅོས་མཁན་ཆེན་བསྟན་འཛིན་ནོར་བུས་བརྩམས་པའི་ནང་། འཕགས་པས་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་མཁའ་ཁྱབ་རྒྱལ་བ་ཐམས་ཅད་ལ་ཕྱག་བཙལ་ཞིང་མཆོད་པ་ཕུལ་ནས་བདག་གིས་སེམས་ཅན་གྱི་དོན་བྱེད་པ་ལ་ཇི་ལྟར་བསླབ་ཅེས་གསོལ་བ་བཏབ་པས་ཕྱོགས་བཅུའི་ནམ་མཁའི་ཁམས་ནས་རིགས་ཀྱི་བུ་བྱམས་སྙིང་རྗེ་གཉིས་ལ་བརྟེན་པར་གྱིས་ཞེས་སྒྲ་བྱུང་ངོ་།། བྱམས་སྙིང་རྗེ་གཉིས་ལ་ཇི་ལྟར་བསླབ་ཅེས་བརྗོད་པས་དེ་མ་ཐག་ཏུ་འོད་དཔག་མེད་དབུ་ཐོག་ཏུ་བྱོན་ནས་འགྲོ་དོན་མཛད་པའི་དབང་བསྐུར་བ་མཛད། ཅེས་དང་། འཕགས་པས་བདག་གིས་སེམས་ཅན་གྱི་དོན་འཁོར་བ་མ་སྟོང་གི་བར་དུ་བྱས་ན་བདག་ལག་པ་སྟོང་དང་དེར་མིག་སྟོང་དང་ལྡན་པར་གྱུར་ཅིག

       ལག་པ་སྟོང་འཁོར་བསྒྱུར་སྟོང་དང་སྤྱན་སྟོང་སངས་རྒྱས་སྟོང་དུ་གྱུར་ནས་གང་ལ་གང་འདུལ་གྱི་སྒོ་ནས་དོན་བྱེད་པར་གྱུར་ཅིག་ཅེས་བརྗོད་མ་ཐག་དེ་བཞིན་དུ་གྱུར་ནས་ཞལ་བཅུ་གཅིག་པར་གྱུར་ཏོ།། དེ་ནས་སངས་རྒྱས་དམར་པོ་མཆོག་གི་ཞལ་ནས་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་གསུངས་ནས། གཟུངས་མཆོག་ཡི་གེ་དྲུག་མ་འདིས་ཨོཾ་ཡིས་ལྷ་ཡི་སྐྱེ་སྒོ་བཅད་ཅེས་པ་ནི་ལྷ་ཚེ་རིང་བ་སྐྱེས་འཆིའི་སྡུག་བསྔལ་སེལ་ཞིང་། མ་ཡིས་ལྷ་མིན་གྱི་སྐྱེ་སྒོ་གཅོད་ཅེས་པ་ནི་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སེལ་བ། ཎིས་མི་ཡི་སྐྱེ་སྒོ་གཅོད་ཅེས་པ་ནི་འགྲོ་བ་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ་བ། པད་ཀྱིས་དུད་འགྲོའི་སྐྱེ་སྒོ་གཅོད་ཅེས་པ་ནི་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ་བ། མེ་ཡིས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད་ཅེས་པ་ནི་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བ། ཧཱུཾ་གྱིས་དམྱལ་བའི་སྐྱེ་སྒོ་གཅོད་ཅེས་པ་ནི་སེམས་ཅན་དམྱལ་བ་ཚ་གྲང་གི་སྔུག་བསྔལ་སེལ་བ་བཅས་རིགས་དྲུག་གི་གནས་སྟོང་བར་བྱས་པ་ཡིན་པས། འདི་ཟུངས་ཤིག ཆོས་ཀུན་ཆུབ་པར་གྱིས་ཤིག ཅེས་གསུངས་ནས་གནང་ངོ་།། ཞེས་མ་ཎི་ཡི་གེ་དྲུག་གི་མ་ཕན་ཡོན་དང་བཅས་པ་མགོན་པོ་འོད་དཔག་ཏུ་མེད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གནང་ཞིང་བྱམས་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་བྱིན་གྱིས་རླབས་པ་སོགས་ཕན་ཡོན་དཔག་ཏུ་མེད་ཡོད་དོ།།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཡོངས་འཛིན་འཚོལ་བཤེར་དྲ་བ་ལས་བཏུས་ནས་བསྒྲིགས་སོ།



发表评论 评论 (1 个评论)

回复 ljh8520035 2019-2-11 08:42
གོང་ས་མཆོག་གིས་ཡི་གེ་ཤེས་ཏེ་མ་ཎིའི་དོན་ཤེས་ནས་མ་ཎི་བགྲངས་པ་དང༌། དོན་མ་ཤེས་པར་བགྲངས་པ་ལ་ཁྱད་པར་ཆེན་པོ་ཡོད། མ་ཎིའི་དོན་གང་ཡང་མི་ཤེས་པའི་ཁ་ལ་ཚིག་ཀྱང་མི་དག་པར། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་ཞེས་བརྗོད་དེ་ཡིག་དྲུག་དེ་ཡིག་བདུན་བཟོས། ད་དུང་ཧྲཱི་དེ་ཡང་མ་དག་པ་རེད་བརྗོད་པ་དེ་ལྟ་བུ་བྱས་ན་ཕན་ཐོག་གང་ནས་ཡང་མེད་པས། ཕྱིན་ཆད་ང་ཚོ་ཚང་མས་དེ་རིགས་གསུམ་གསུངས་པ་ངེས་པར་གཟབ་གཟབ་བྱེད་དགོས། ཞེས་གསུངས་པས་གསར་རྙིང་གཉིས་ཀས་ཁས་ལེན་པ་ཡི་གེ་དྲུག་མ་ཡིན་ཞིང་རྩོད་པ་མེད་པ་ནི་ཡི་གེ་དྲུག་མ་འདི་ཉིད་ཡིན་ནོ།།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-2-23 14:24 , Processed in 0.290670 second(s), 22 queries .

返回顶部