博客西藏在最高处过一种生活

日志

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་བ་མའོ་ཀྲུའུ་ཞིའི ...

已有 173 次阅读2019-1-26 13:44 |系统分类:见闻


                                       ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་བ་མའོ་ཀྲུའུ་ཞིའི་སྤྱན་ལམ་དུ་བྱོན་པ།
                                    ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                      

      1949ལོའི་ཟླ་1ཚེས་31ཉིན། མའོ་ཙེ་ཏུང་དང་ལུའུ་ཧྲོ་ཆི། ཀྲུའུ་ཨེན་ལེ། ཀྲུའུ་ཏེ་དང་རིན་པི་ཧྲི་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་ཞི་པའེ་ཕོ་རུ་སི་ཏ་ལེན་གྱི་ཆེད་མངག་སྐུ་ཚབ་མིས་ཀའོ་གཡང་དང་ལྷན་དུ་གསང་བའི་གྲོས་མོལ་སྤེལ་ཞིང་། གྲོས་མོལ་གྱི་ནང་དོན་ལ་ཀྲུང་གོ་གསར་བ་འཛུགས་པའི་ཐད་ཀྱི་ལས་དོན་བཀོད་སྒྲིག་ཁག་ཚུད་ཡོད་དེ། ཏག་ཏག་གྲོས་མོལ་སྐབས་འདིར། མའོ་ཙེ་ཏུང་གིས་བོད་བཅིངས་འགྲོལ་གྱི་གནད་དོན་ཐོག་མར་བཏོན། མིས་ཀའོ་གཡང་གིས་སུའུ་གུང་ཀྲུང་དབྱང་ལ་བརྡ་སྤྲད་པའི་གློག་འཕྲིན་གསང་བརྟོལ་ཅན་ལས་གསལ་བ་ལྟར་ན། ཟླ་གཉིས་པའི་མགོར། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཞི་པའེ་ཕོ་རུ་སུའུ་ལེན་གྱི་ཆེད་མངག་སྐུ་ཚབ་མིས་ཀའོ་གཡང་དང་མཉམ་དུ་ཁ་བརྡ་བྱེད་སྐབས་བཤད་དོན། མིག་སྔར་ད་དུང་མངའ་ཁོངས་ཀྱི་ཕྱེད་ཀ་བཅིངས་གྲོལ་འཐོབ་མེད། དམག་དཔུང་ཐད་ཀར་བཏང་སྟེ་སྐམ་ས་ཆེན་པོའི་ལས་དོན་སྒྲུབ་སླ་ནའང་། མཚོ་གླིང་གི་ལས་དོན་རྙོག་འཛིང་ཆེ་བས། ཐབས་ཤེས་གྲུང་པོ་གཞན་ཞིག་བཀོལ་ནས་ཐག་གཅོད་པའམ། ཡང་ན་ཞི་བདེའི་ངང་བར་བརྒལ་བའི་ཐབས་ཤེས་བཀོལ་དགོས་ཏེ། འདི་ལྟར་ན་དུས་ཡུན་རིང་པོ་སྤྱོད་པ་ལས་འོས་མེད་དེ། དཀའ་ལས་ཁག་ཤོས་གཉིས་ཡོད་པ་ནི་ཐེ་ཝན་དང་བོད་རེད། དོན་དངོས་སུ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་རྒྱུ་མེད་ནའང་། འཚབ་ཆེས་མི་རུང་ལ་ཧོལ་རྒྱུག་དྲགས་མི་རུང་། རྒྱུ་མཚན་ནི་གཅིག་ནས་འགྲིམ་འགྲུལ་མི་བདེ་བ་དང་དཔུང་བསྐྱོད་དཀའ་ལ། དམག་རྒྱགས་མཁོ་སྒྲུབ་ཐད་དཀའ་ལས་འདུག གཉིས་ནས་མི་རིགས་ཀྱི་གནད་དོན་ཏེ། སྒོས་སུ་ཆོས་ལུགས་ཀྱིས་སྟངས་འཛིན་ཐེབས་པའི་གནས་སུ། དེ་ཐག་གཅད་སྐབས་དུས་ཚོད་དགོས་པ་དང་། རིམ་པ་བཞིན་དལ་མོར་ཡོང་བ་ལས་བྲེལ་འཚུབ་ཆེ་མི་འོས་ཞེས་ཟེར།
      མའོ་ཀྲུའུ་ཞི་དང་མིས་ཀའོ་གཡང་གི་ཁ་བརྡ་ཐེངས་འདི་ནི། ད་སྔ་བར་དུ་སྤེལ་མྱོང་བའི་རྒྱུ་ཆ་ཕྱིར་བསྒྲགས་པ་དག་ལས། ཐེངས་དང་པོར་དངོས་སུ་བོད་ཀྱི་གནད་དོན་ཐག་གཅོད་པའི་སྐོར་གླེང་བ་ཡིན་ཏེ། དེ་དག་ལས་གསལ་བ་ལྟར་ན། དེའི་སྐོར་ལ་ཁོས་ཚད་ངེས་ཅན་གྱི་འཆར་གཞི་འཐེན་འདུག དཔྱད་གླེང་བ་དག་གིས་སྨྲས་པ་ནང་བཞིན་ཏེ།
      སྐབས་དེར་རྒྱལ་ཡོངས་ཀྱི་ས་ཁུལ་སྐོར་ཚད་ཅིག་ད་དུང་བཅིངས་འགྲོལ་བྱས་མེད་ཅིང་། ས་ཆ་མང་པོ་ད་དུང་འཕྲོག་རྩོད་དྲག་པོའི་ཀློང་དུ་ལུས་ནའང་། མའོ་ཙེ་ཏུང་གི་མིག་རྒྱང་རི་ཆུ་སྟོང་ཕྲག་ལས་བརྒལ་ནས་འཛམ་གླིང་གི་ཡང་རྩེ་པོ་ཏ་ལའི་གསེར་གྱི་རྒྱ་ཕིབས་སྟེང་ལ་བསྲིངས་འདུག
      མི་འགྱངས་བར་མི་སྣ་ཞིག་མའོ་ཙེ་ཏུང་གི་སྤྱན་ལམ་དུ་བྱོན་ནས། ཁོའི་འཆར་གཞི་དེ་དག་ལ་འོད་མདངས་གསར་བ་ཞིག་བསྩལ་ལ། འདི་ནི་པཎ་ཆེན་རིན་པོ་ཆེ་ཡིན། 
      1949ལོའི་ཟླ་8ཚེས6ཉིན། ལན་ཇུ་བཅིངས་འགྲོལ་གྱི་སྔ་དགོང་ལ། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱི་ཧྲུའུ་ཅི་དང་པོ་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་རི་འཐབ་དམག་དཔུང་དང་པོའི་དམག་སྤྱིའམ་ཆབ་སྲིད་ཨུ་ཡོན་ཕུན་ཏེ་ཧའེ་ལ་མའོ་ཀྲུའུ་ཞིས་པེ་ཕེན་ནས་བཏང་བའི་གློག་འཕྲིན་རིངས་པ་ཞིག་འབྱོར། གློག་འཕྲིན་ལྟར་ན། 
       པཎ་ཆེན་རིན་པོ་ཆེ་ད་ལྟ་ལན་ཇུར་འབྱོར་འདུག ཁྱོད་ཚོས་ལན་ཇུ་ལེན་སྐབས་པཎ་ཆེན་རིན་པོ་ཆེ་དང་ཀན་སུའུ། མཚོ་སྔོན་གྱི་མངའ་ཁོངས་ནང་གི་བོད་མི་དག་ལ་སྲུང་སྐྱོབ་དང་བརྩི་བཀུར་བྱས་ཏེ། བོད་ཀྱི་གནད་དོན་ཐག་གཅད་པའི་སྟ་གོན་དུ་བྱ་དགོས། 
       མའོ་ཀྲུའུ་ཞི་ཡིས་ཝེ་ཡུས་ཞེས་པའི་དུས་སྐབས་ལ་བཏང་བའི་གློག་འཕྲིན་འདིར། ལན་ཇུ་དང་ནུབ་བྱང་གི་ཡུལ་ཆེན་པོ་བཅིངས་འགྲོལ་ལ་སྒྲིག་གཤོམ་ཚགས་ཅན་བྱས་ཡོད་ཅིང་། ཆེད་དམིགས་མཛུབ་སྟོན་གྱིས་པཎ་ཆེན་རིན་པོ་ཆེར་སྲུང་སྐྱོབ་དང་གུས་བཀུར་བྱེད་པ་ནི་བོད་ཀྱི་གནད་དོན་ཐག་གཅོད་པའི་གྲ་སྒྲིག་ཏུ་ངོས་འཛིན། མིག་སྔར་རྒྱུ་ཆ་དཀོན་པས། ང་ཚོས་པཎ་ཆེན་རིན་པོ་ཆེ་ཀྲུའུ་ཞིའི་སྤྱན་ལམ་དུ་ཇི་ལྟར་བྱོན་པ་མི་ཤེས་མོད། ང་ཚོའི་ཚོད་དཔག་ཉག་གཅིག་ནི་ཀྲུའུ་ཞིས་པན་ཆེན་རིན་པོ་ཆེ་གར་ཕེབས་རྟོགས་རྗེས། དེ་མ་ཐག་ཀྲུང་གོ་གུང་ཁྲན་ཏང་གི་ནོར་བུ་གསུམ་གྱི་ཡ་གྱལ་ཏེ་འཐབ་ཕྱོགས་གཅིག་གྱུར་དྲན་པ་དང་། དེ་ནས་མྱུར་འཕྲིན་འདི་བྱུང་། 
       མིན་གོ་སྲིད་གཞུང་སྒྱོགས་མདེལ་དྲག་པོའི་ཀློང་དུ། ཕམ་པར་གྱུར་ཏེ་ཐའེ་ཝན་དུ་བྲོས་བྱོལ་བྱེད་པའི་གནད་འགག་གི་དུས་ལ། ཙུང་ཐུང་གི་ཚབ་བྱེད་ལི་ཙུང་རེན་གྱིས་དངོས་སུ་བཀའ་བསྒྲགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཞུང་ཧྭ་རྫོང་བིས་མདོ་ནས་འཁྲུངས་པའི་མགོན་པོ་ཚེ་བརྟན་པཎ་ཆེན་སྐུ་ཕྲེང་དགུ་པ་ཨེར་ཏེ་ནིའི་སྤྲུལ་སྐུར་ངོས་བཟུང་ཞིང་། གསེར་བུམ་དཀྲུགས་རྒྱུ་ཞར་ལ་བསྐྱུར་ནས། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་བར་ཐུགས་ཐག་བཅད། (ཟླ་6ཚེས་2ཉིན།) ཟླ་8པའི་ཚེས་10ཉིན་གོ་མིན་ཏང་གིས་བོད་སོག་ཨུ་ཡོན་ཚོགས་པའི་ཨུ་ཡོན་ཀྲང་ཀན་ཅི་ཡུས་ཆེད་མངག་གིས་སྐུ་འབུམ་དགོན་པར་བསྐྱོད་དེ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཁྲི་འདོན་མཛད་སྒོར་གཙོ་སྐྱོང་བྱས་ཤིང་། པཎ་ཆེན་སྐུ་ཕྲེང་དགུ་བའི་སྤྲུལ་སྐུར་ཆབ་སྲིད་སྟེང་གི་འགྲོ་ལུགས་ཡོངས་སུ་བསྒྲུབས་ཏེ། དངོས་སུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་བར་ཐུགས་ཐག་བཅད་པས། སྐབས་དེའི་བོད་ཀྱི་ས་གནས་སྲིད་གཞུང་གིས་པཎ་ཆེན་གྱི་སྤྲུལ་སྐུ་གཞན་ཞིག་མངའ་གསོལ་ཏེ་གཙང་གི་ཕྱོགས་སྔར་ལས་ལྷག་པར་ཚོད་འཛིན་བྱེད་པའི་ལྐོག་ཇུས་རྡུལ་དུ་བརླགས། དེའི་སྟབས་ཀྱིས་རྗེས་ཀྱི་དུས་ཡུན་ཞིག་གི་རིང་ལ་གོ་མིན་ཏང་གིས་རྟག་པར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཐེ་ཝན་ལ་མཉམ་དུ་འབྲོ་བའི་ཁ་བརྡ་བྱེད་རྩིས་བྱས།
      གནས་ཚུལ་འདི་དག་འབྱུང་རྒྱུར་སྔོན་དཔག་གིས། མའོ་ཀྲུའུ་ཞིས་པཎ་ཆེན་སྐུ་ཕྲེང་བཅུ་བ་དངོས་སུ་ཁྲི་འདོན་མ་མཛད་པའི་ཡར་སྔོན་ལ། འཆར་གཞི་ལེགས་པར་བཟོས། པཎ་ཆེན་རིན་པོ་ཆེ་དང་ཀན་སུའུ། མཚོ་སྔོན་མངའ་ཁོངས་ནང་གི་བོད་མི་དག་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐོག་མའི་མགོ་འཛུགས་སར་འགྱུར་དོན་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ནམ་ཡང་མི་འདོར་བའི་གྲངས་ཉུང་མི་རིགས་སོ་སོའི་རྒྱ་ཆེའི་མང་ཚོགས་ཡོངས་དང་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་མགོ་ཁྲིད་མི་སྣ་ཡོངས་རྫོགས་འདུས་པ་ཀུན་ལ་རོགས་རམ་ཞེས་པའི་རྩ་དོན་གྱི་མངོན་ཚུལ་དངོས་ཡིན།
      ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱིས་མྱུར་དུ་ཀྲུའུ་ཞི་ཡི་མཛུབ་སྟོན་འདི་ག་ལག་ལེན་དུ་བསྟར་རྒྱུ་བྱས། 
      ཕིན་ཏེ་ཧའེ་ལ་གློག་འཕྲིན་འབྱོར་རྗེས་མྱུར་དུ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ཀན་སི་ཆི་དང་ཀྲུའུ་རིན་གཞོན་པ་ཀྲང་ཏེ་ཧྲིན་དང་འབྲེལ་འདྲིས་པུའུ་ཡི་ཀྲུའུ་རིན་ཧྥན་མིན། ལན་ཇུ་གསང་བའི་ཏང་གི་བཟོ་ཨུའི་ཧྲུའུ་ཅི་དབྱང་ཧྲི་སོགས་མྱུར་དུ་ཚོགས་འདུར་བསྡུས་ཏེ། ཀྲུང་ཞིའི་མཛུབ་སྟོན་བསྒྲགས། ཁོས་བཤད་དོན་འདི་ནི་མའོ་ཀྲུའུ་ཞི་ཡི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་གྲ་སྒྲིག་གི་མཛུབ་སྟོན་དང་པོ་ཡིན། པཎ་ཆེན་རིན་པོ་ཆེ་སྲུང་སྐྱོབ་དང་། ཀན་སུའུ། མཚོ་སྔོན་མངའ་ཁོངས་ནང་གི་བོད་མི་དག་ལ་བརྩི་བཀུར་བྱ་རྒྱུ་ནི། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འཐབ་ཇུས་ཀྱི་གཏན་འབེབས་ཡིན་པར་མ་ཟད། འཐབ་ཇུས་ཀྱི་སྒྲིག་གཤོམ་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་ནན་ཏན་ངང་སྒྲུབ་དགོས་ཞེས་བཤད་ཅིང་། འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་དང་ཞིབ་ཕྲའི་ལས་ཀ་ཧྥན་མེན་ལ་སྤྲད་པ་རེད། 
      ལན་ཇུ་གསང་བའི་ཏང་གི་བཟོ་ཨུའི་ཧྲུའུ་ཅི་དབྱང་ཧྲིའི་ས་ནས་ཧྥན་མེན་གྱིས་པཎ་ཆེན་རིན་པོ་ཆེ་འཁྲུག་ལོང་ཟང་ཟིང་གི་ཁྲོད་དུ་སྐུ་འབུམ་དགོན་པ་དང་ཁ་གྱེས་ཏེ་ཤངས་རུ་སྡེ་བར་འབྱོར་ཡོད་པ་རྟོགས། དེ་མ་ཐག་ཏུ་ཀྲུང་དབྱང་དམག་ཨུའི་གསང་འཕྲིན་པུའུ་ཡི་མཚོ་སྔོན་འབྲེལ་ལམ་ས་ཚུགས་ཀྱི་ཡུས་ཁེ་དང་མཚོ་སྔོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲུའུ་རིན་ཧྲན་གཉིས་མངགས་ཏེ། ཆོས་ལུགས་ཀྱི་སྡེར་ཤུགས་རྐྱེན་ཟབ་པའི་སྤྲུལ་སྐུ་ཁ་ཤས་ཁྲིད་ནས་པཎ་ཆེན་ཐང་མ་སྒང་གི་བྱ་བ་སྒྲུབ་པར་ཕྱིན།
      ཟླ་8པའི་ཚེས་26ཉིན། ལན་ཇུ་བཅིངས་འགྲོལ་གྱི་རྗེས་སུ་སྤྱི་ཁྱབ་ཕེན་གྱིས་ཧྥན་མེན་ལ་བཤད་དོན། ད་ལྟ་འབྲེལ་འདྲིས་པུའུ་ཡིས་མི་རིགས་བྱ་བའི་ཕྱོགས་ཀྱི་ལས་འགན་འཚབ་ཅན་ནི། དང་པོ། པཎ་ཆེན་རིན་པོ་ཆེ་ཚུར་འགུག་པ་དང་མཐུན་སྒྲིལ་བྱེད་པའི་བྱ་བ་ལེགས་པར་སྒྲུབ་དགོས། གཉིས་པ། ཀན་ལྷོའི་བོད་དམག་གི་བདེ་སྲུང་ཟི་ལིན་ཧོང་ཀྲིན་ཆིན་གྱི་བྱ་བ་ལེགས་པར་སྒྲུབ་དགོས། གསུམ་པ། ཨ་མདོ་ས་ཁུལ་གྱི་བོད་ཀྱི་ལས་ཀ་ལེགས་པར་སྒྲུབ་དགོས། བཞི་བ། བོད་ཀྱི་ཤེས་ལྡན་མི་སྣ་ཚུར་འགུག་པ་དང་མཐུན་སྒྲིལ་དང་སློབ་གསོ་བྱས་ཏེ་གྲངས་ཉུང་མི་རིགས་ལས་བྱེད་མི་སྣ་གསོ་སྐྱོང་དང་བོད་རིགས་སྦྱོང་བརྡར་འཛིན་གྲྭ་འཛུགས་དགོས། སྤྱི་ཁྱབ་ཕེན་གྱིས་ད་དུང་མཚོ་སྔོན་ལ་གློག་འཕྲིན་བཏང་ནས་མཚོ་སྔོན་ཕྱོགས་ཀྱིས་སྐུ་འབུམ་དགོན་པ་ནས་སྤྲུལ་སྐུ་གདམ་ནས་པཎ་ཆེན་གྱི་བྱ་བ་བསྒྲུབ་ཏུ་འཇུག་དགོས། ཧྥན་མེན་ཡོད་སའི་ནུབ་བྱང་རི་འཐབ་དམག་གི་འབྲེལ་འདྲིས་པུའུ་ཡི་ལི་ཐེན་མིན་དང་ཁྲིན་ཁང་མིན་སོགས་བློ་མཐུན་མཚོ་སྔོན་དུ་མངགས་ཏེ་མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་དམག་སྲིད་ཨུ་ཡོན་ལྷན་ཚོགས་ལ་རམ་འདེགས་ངང་སྐུ་འབུམ་དགོན་པར་བསྐྱོད་པ་དང་། པཎ་ཆེན་ནང་མ་སྒང་གཞིས་སྲུང་མི་སྣའི་བྱ་བ་བསྒྲུབ་དགོས་པར་མ་ཟད། ཁོ་ཚོ་བརྒྱུད་ནས་པཎ་ཆེན་རིན་པོ་ཆེའི་བྱ་བ་ཡང་བསྒྲུབ་དགོས།  མི་འགྱངས་པར་ཀན་ལྷོའི་བླ་བྲང་དགོན་པའི་སྤྲུལ་སྐུ་འཇམ་དབྱངས་བཞད་པ་དང་བླ་བྲང་དགོན་པའི་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡོངས་འཛིན་བཅས་སྔ་ཕྱིར་ཤངས་རི་སྡེ་བར་ཕེབས་ནས། པཎ་ཆེན་རིན་པོ་ཆེར་སློབ་སྟོན་གནང་པས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་རྒྱལ་ནང་དུ་བཞུགས་རྒྱུའི་སེམས་ཐག་གཞི་ནས་བཅད།
      ཟླ་བཅུ་བའི་ཚེས་གཅིག་ཉིན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱིས་མཚོ་སྔོན་ནས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་ཟི་ལེན་ཀྲུའུ་ཏེ་གཉིས་ལ་གློག་འཕྲིན་བཏང་བ། 
      པེ་ཅིང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སི་ལེན་ཀྲུའུ་ཏེ་ལ་ཞུ་བ། རྣམ་པ་ཚོས་ཤེས་རབ་དང་སྙིང་སྟོབས་ཆེན་པོའི་ཐབས་ཀྱིས་མི་དམངས་དང་རྒྱལ་ཁབ་སྐྱོབ་པའི་ལས་དོན་བསྒྲུབས། བདེན་དོན་གྱི་རླབས་རྒྱ་སྐྱེད་པས་རྒྱལ་བོའི་ཁབ་ཡོངས་དགའ་བས་མྱོས། པཎ་ཆེན་གྱི་སྐྱེས་རབས་ཀུན་ཏུ་རྒྱལ་ཁབ་ཀྱི་དྲིན་དང་ངོ་སོས་བསྐྱངས། ཕོ་ལོ་ཉི་ཤུ་སོན་པ་ནས་བོད་ཀྱི་མངའ་ཁོངས་བདག་དབང་གི་དོན་དུ་ཧུར་ཐག་ལྷོད་མེད་ལས་རྣམ་གཡང་ཅུང་ཟད་བྱས་མ་མྱོང་། གྲུབ་འབྲས་ཆེན་པོ་མ་བྱུང་ན་ཡང་ལྷག་བསམ་ཟོལ་མེད་ཁོ་ན་ཡིན། ད་ལྟ་མཚོ་སྔོན་ནས་ཡུན་རིང་བསྡད་དེ་བོད་དུ་ལོག་རྒྱུར་སྒུག་ཡོད། རྣམ་པ་ཚོའི་མགོ་ཁྲིད་ཀྱི་བསྐལ་བཟང་དང་ལྡན་པས་ནུབ་བྱང་ཡོངས་བཅིངས་འགྲོལ་ཐོབ། ཀྲུང་དབྱང་མི་དམངས་སྲིད་གཞུང་བཙུགས་པས་ཀུན་ལ་སེམས་ཀྱི་གདེང་དང་སྐུལ་ལྕག་བཟང་པོ་བྱུང་། རྗེས་སུ་དམངས་ཀྱི་བདེ་སྐྱིད་དོན་དང་ལྡན་ཞིང་རྒྱལ་ཁབ་ཀྱི་བསྐྱར་དར་ལ་རེ་བ་ཆེ། བོད་བཅིངས་འགྲོལ་གྱི་ལས་དོན་རིང་མིན་འགྲུབ་པར་འགྱུར། པཎ་ཆེན་ངས་བོད་མི་དམངས་ཡོངས་ཀྱི་ཚབ་བྱས་ཏེ་རྣམ་པ་ལྷན་རྒྱས་ལ་བླ་ན་མེད་པའི་གུས་བཀུར་དང་ལྷག་བསམ་ཟོལ་མེད་ཀྱིས་གུས་ཞེན་བྱེད། 
                                                                                                                པཎ་ཆེན་ཨེར་ཏེ་ནི།                                                                                                      ཟླ་བཅུ་པའི་ཚེས་གཅིག་ཉིན།

                   

     1949ལོའི་ཟླ་10ཚེས་1ཉིན།  པཎ་ཆེན་སྐུ་ཕྲེང་བཅུ་བས་མཚོ་སྔོན་ནས་མའོ་ཙེ་ཏུང་དང་དམག་སྤྱི་ཀྲུའུ་ཏེ་ལ་གློག་འཕྲིན་བཏང་སྟེ། བོད་མི་དམངས་ཡོངས་ཀྱི་ཚབ་བྱས་ནས་བོད་ལྗོངས་བཅིངས་འགྲོལ་གྱི་རེ་བ་བཏོན། (《གསེར་གྱི་ལྡེ་མིག་སྟེ།  གྲོས་མཐུན་དོན་ཚན་བཅུ་བདུན།》ཞེས་པའི་པར་བཤུས།)
     1949ལོའི་ཟླ་10བར་ཀྲུང་དབྱང་གསང་འཕྲིན་པུའུ་ཡིས་ཡོན་ཞིན་ཧོ་དང་ཡུས་ཁེ་སོགས་མངགས་ནས་ཟི་ལང་དུ་མཚོ་སྔོན་འབྲེལ་གཏུགས་ས་ཚུགས་བཙུགས་ (ཕྱི་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཨུ་ཡོན་ལྷན་ཚོགས་ཞེས་བརྗོད།) ཏེ་པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་ཚུར་འགུག་པའི་བྱ་བར་འགན་འཁུར། ཁོ་ཚོས་མཚོ་སྔོན་ཞིང་ཨུའི་མགོ་ཁྲིད་འོག བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཀྱི་གནས་ཚུལ་རྣམས་ཀྲུང་དབྱང་ལ་སྙན་སེང་ཞུས། དེར་བརྟེན་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་ཟི་ལིན་ཀྲུའུ་ཏེ་ཡིས་ཟླ་11པའི་ཚེས་23ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བར་གློག་འཕྲིན་གྱི་ལན་བཏང་བ་ནི། 
      སྐུ་ཞབས་པཎ་ཆེན་ཨེར་ཏེ་ནི་ལགས།
      ཟླ་བཅུ་བའི་ཚེས་གཅིག་ཉིན་འབྱོར་བའི་འཕྲིན་བཀླགས་རྗེས་ཧ་ཅང་དགའ་པོ་བྱུང་། བོད་ཀྱི་མི་དམངས་ནི་མེས་རྒྱལ་ལ་དགའ་ཞིང་ཕྱིའི་བཙན་འཛུལ་ལ་ངོ་རྒོལ་བྱེད། ཁོ་ཚོ་གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་གི་སྲིད་ཇུས་ལ་ཡི་མི་རངས་པར། གཅིག་གྱུར་དང་འབྱོར་ཕྱུག་སྟོབས་ལྡན་དང་མི་རིགས་འདྲ་མཉམ་མཉམ་ལས་ཀྱི་ཀྲུང་གོ་གསར་བའི་ཁྱིམ་གཞི་ཆེན་པོའི་ཆ་ཤས་བྱེད་འདོད་ཡོད་པས། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ཀྱི་རེ་བ་འདི་ངེས་པར་དུ་སྐོང་དགོས། སྐུ་ཞབས་ཉིད་དང་བོད་ཀྱི་རྒྱལ་གཅེས་མི་སྣ་ཡོངས་ཀྱིས་བོད་བཅིངས་འགྲོལ་དང་བོད་རྒྱ་མི་དམངས་ཀྱི་མཐུན་སྒྲིལ་གྱི་ཆེད་དུ་འབད་བརྩོན་གནང་དགོས།
                                                                                                                                                                                                            མའོ་ཙེ་ཏུང་།                                                                                                              ཀྲུའུ་ཏེ།
                                                                                                                                                       གཅིག་དགུ་ཞེ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན།

      ཟླ་8པའི་ཚེས་6ནས་ཟླ་10བའི་ཚེས་1ཉིན་བར་དུ་ནུབ་བྱང་ཅུས་དང་ཀྲུང་དབྱང་གསང་འཕྲིན་པུའུ་མཚོ་སྔོན་བཅའ་སྡོད་འབྲེལ་གཏུགས་ས་ཚུགས་ཀྱི་བློ་མཐུན་གྱིས་བྱ་བ་ལེགས་པར་སྒྲུབ་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་པཎ་ཆེན་ནང་མ་སྒང་བཞུགས་སུ་བཅུག་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མགོ་ཁྲིད་དང་ལེན་བྱས། འདི་ནི་མི་དམངས་བཅིངས་འགྲོལ་དམག་འཁྲུག་ཁྲོད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཏུ་མ་བཤད་ཐུ་མེད་ཡིན་ཏེ། བོད་ཞི་བའི་བཅིངས་འགྲོལ་ལ་སྔ་ལྟས་བཟང་པོ་ཚུགས། (ཀྲུའུ་ཨེ་མིན་དང་ཡོན་ཧྲ་གཉིས་ཀྱིས་བརྩམས་པའི《གསེར་གྱི་ལྡེ་མིག་སྟེ།  གྲོས་མཐུན་དོན་ཚན་བཅུ་བདུན།》ལས་ཚན་བཤུས་བྱས། ལུའུ་ཅང་དཔེ་སྐྲུན་ཁང་གི2006ལོའི་པར་གཞི། ཉུང་བསྡུས་ཅུང་ཙམ་བྱས་ཡོད།)

                 
     པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོས་གཙང་བཀྲ་ཤིས་ལྷུན་པོའི་དགོན་པའི་བཞུགས་ཁྲིའི་སྟེང་ནས་གསུང་ཆོས་གནང་བཞིན་པ། (ཁྲིན་ཙུང་ལའེ་ཡིས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བདུན་ལོར་པར་བརྒྱབ།)
     ①ཆིན་ཝུན་ཡུའུ་ཡིས་བརྩམས། 《མེ། གངས་འཁྱགས། ཕུག་རོན་གྱི་གསུང་སྐད་སྟེ། བོད་ལྗོངས་ཞི་བའི་བཅིངས་འགྲོལ་གྱི་འཕེལ་རིམ།》《ཉི་མའི་གྲོང་ཁྱེར་འཚོལ་བ》ཞེས་པར་གཟིགས། 1993ལོའི་ཟླ་2པ། བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་། ཤོག་ངོས་294པ། 
     1949ལོའི་ཟླ་11པའི་ཚེས24ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར།》ལས་མ་ཡིག་ཐོག་མར་དྲངས། དེ་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བསྒྲིགས་ཤིང་། ཀྲང་ཡུའུ་ཞིན་གྱིས་གཙོ་སྒྲིག་མཛད་པའི་《བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་འཁོར་ལྔ་བཅུ་ལོན་པའི་རྗེས་དྲན་དཔྱད་རྩོམ་ཕྱོགས་བསྒྲིགས།》ལས་དྲངས། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་9པ།
     1949ལོའི་ཟླ་11ཚེས་24ཉིན་གྱི་《མི་དམངས་ཉིན་རེའི་ཚགས་པར།》《བོད་ལྗོངས་ཞི་བའི་བཅིངས་འགྲོལ།》ཞེས་པ་ལས་དྲངས། ཤོག་ངོས་150པ།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-4-20 08:54 , Processed in 0.056950 second(s), 21 queries .

返回顶部