博客西藏在最高处过一种生活

日志

༄༅།།མཚོ་དཀར་སྤྲུལ་པའི་ཕོ་བྲང་གི་གནས་ཡིག་ ...

已有 38 次阅读2018-12-6 09:26 |系统分类:文化


༄༅།།མཚོ་དཀར་སྤྲུལ་པའི་ཕོ་བྲང་གི་གནས་ཡིག་གསལ་བའི་སྒྲོན་མེ་ཞེས་བྱ་བ།
 ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། མི་གསལ།

 

                                 

       ཨོཾ་སྭ་སྟི། ན་མོ་བུ་དྡྷཱ་ཡ། ན་མོ་དྷརྨཡ། ན་མོ་སངྒ་ཡ། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་མཁའ་འདྲ་ལས།། དཔག་མེད་དབྱིངས་ལས་གཟུགས་སྐུའི་དཀྱིལ་འཁོར་རྒྱལ།། འཕྲིན་ལས་སྣ་ཚོགས་འོད་ཀྱི་དྲ་བར་འགྱེད།། འགྲོ་ལ་སྣང་བར་མཛད་ལ་ཕྱག་འཚལ་ལོ།། ཨོ་རྒྱན་ལ་སོགས་ཕྱི་ཡི་དཀྱིལ་འཁོར་སྟེ།། རང་གི་ལུས་ཀྱི་རྩ་ཁམས་ངོ་བོ་ཉིད།། མཐར་ཐུག་ཡེ་ཤེས་ཆེན་པོ་སྟོན་མཛད་པའི།། ཕྱི་ནང་གཞན་གསུམ་སྟོན་ལ་ཕྱག་འཚལ་ལོ།། སྐུ་ཡི་དཀྱིལ་འཁོར་མཚན་དཔེའི་འོད་ཟེར་འཕྲོ།། གསུང་གིས་ཚངས་དབྱངས་གདུལ་བྱའི་རེ་འདོད་བསྐང་།། ཐུགས་ཀྱིས་རིན་ཆེན་ལྷར་སྐྱེས་དགོས་འདོད་འབྱིན།། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། དེ་ཡང་རྒྱལ་པོ་ལམ་ཡིག་ལས། བླ་མ་ལ་གུས་སྙིང་རྗེ་ལྡན།། ལུས་དང་སྲོགས་ལ་འཕོངས་པར་མ་ལྟ་ཞིང་།། སེམས་རྩལ་ཆེ་ཞིང་གཞན་དོན་ལྷུ་རུ་ལེན།། བྱ་བ་བཏང་བའི་རྣལ་འབྱོར་སྣོད་ལྡན་ལ།། བཅུད་ཀྱི་ལམ་ཡིག་གསལ་བའི་སྒྲོན་མེ་འདི།། ཕ་རོལ་ཕྱིན་པའི་ས་ལམ་བཤད་པར་བྱ།། དེ་ཡང་བཤད་ཅིང་བྲིས་པའི་ཉེས་ཚོགས་རྣམས།། མ་དང་ཌཱ་ཀིའི་ཚོགས་ལས་བཟོད་པར་གསོལ།། ཅེས་པ་དང་། དཔལ་མཁའ་སྤྱོད་དབང་པོས་མཛད་པའི་གསལ་བྱེད་ནི། གསལ་བྱེད་དང་པོ་རྒྱལ་བ་གཉིས་ཀྱིས་མཛད།། འགྱུར་མེད་བདེ་ཆེན་ཞིང་གི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།། གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་གཉིས་པ་ཨིཎྜ་བྷོ་དྷཱིས་མཛད།། བྱིན་ལེགས་གསང་བ་གནས་ཀྱི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།། གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། ཞེས་ཀུན་ལ་འདྲི། གསལ་བྱེད་གསུམ་པ་ས་ར་ཧ་པ་ཡིས།། ངོ་མཚར་དཔལ་གྱི་རི་ཡི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།། གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཞི་པ་རབ་དགྱེས་རྡོ་རྗེས་མཛད།། མེ་རི་འབར་བའི་དུར་ཁྲོད་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།། གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་ལྔ་པ་ཏྲི་ཎ་པ་ཡིས་མཛད།། ངོ་མཚར་ཆུ་ཡི་རྫུ་འཕྲུལ་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།། གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་དྲུག་པ་ཏེ་ལོ་ཞབས་ཀྱིས་མཛད།། འཇིགས་བྱེད་བཞད་པའི་དུར་ཁྲོད་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།། གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བདུན་པ་པདྨ་སམ་བྷས་མཛད།། རང་བྱུང་སྒྲུབ་ཕུག་ལ་སོགས་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བརྒྱད་པ་སྤྲུལ་པའི་རྒྱལ་པོས་མཛད།། ངོ་མཚར་མཚོ་ཕྲེང་ལ་སོགས་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་དགུ་པ་བི་མ་མི་ཏྲས་མཛད།། ངོ་མཚར་མཆོད་རྟེན་ཆེན་པོའི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མི་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་པ་ཀ་མ་ལ་ཤིས་མཛད།། རང་གིས་སྐུ་གཟུགས་ཕྱག་རྒྱའི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་གཅིག་དི་པམ་ཀ་རས་མཛད།། ངོ་མཚར་བྱེ་བྲག་གནས་ཀྱི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་གཉིས་ཟླ་འོད་གཞོན་ནུས་མཛད།། ལུང་བསྟན་བྱིན་རླབས་གནས་ཀྱི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་གསུམ་དྷརྨ་ཀིར་ཏིས་མཛད།། གྲུབ་ཐོབ་བརྒྱད་ཅུ་ཚོགས་ཀྱི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་བཞི་བདག་ཉིད་ཆེན་པོས་མཛད།། རྨད་བྱུང་སྒྲུབ་ཆུ་ལ་སོགས་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅོ་ལྔ་ཡེ་ཤེས་ཞབས་ཀྱིས་མཛད།། ཌཱ་ཀི་ཁྲུས་ཀྱི་རྫིང་བུའི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་དྲུག་མི་བསྐྱོད་རྡོ་རྗེས་མཛད།། པདྨ་གར་པ་ལ་སོགས་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅུ་བདུན་བླ་མ་མཆོག་གིས་མཛད།། དཀྱིལ་འཁོར་གཙོ་མོ་སྐུ་ཡི་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས།།  གསལ་བྱེད་བླ་མའི་ཚོགས་ལ་གསོལ་བ་འདེབས།། གསལ་བྱེད་བཅོ་བརྒྱད་མཚུངས་མེད་རྗེ་ཡིས་མཛད།། རབ་འཇིགས་དུར་ཁྲོད་ལ་སོགས་བཀོད་པ་བསྟན།། ཙ་རི་རྡོ་རྗེ་དཀྱིལ་འཁོར་ཆེན་མོ་ཡིས། གསལ་བྱེད་བླ་མའི་ཚོགས་ལ་གསོལ་འདེབས།། ཞེས་གསུངས་སོ།།

     དེ་ཡང་སྟོད་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སི་ནི། འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན་ཏེ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་བྱོན་ནས། གད་པ་གསེར་གྱི་བྱ་སྐྱིབས་ཅན་དུ་མདོ་གསེར་འོད་དམ་པ་དབང་པོས་རྒྱལ་པོ་གསུངས་སོ།། མཚོ་མ་ཕམ་གྱི་ཤར་ཕྱོགས་སུ་མདོ་ལང་ཀར་གཤེགས་པ་གསུངས། ཏི་སེའི་ནུབ་ཕྱོགས་ལྷ་ལུང་པའི་ནང་མྱང་པོ་རི་སྒང་དུ་མདོ་དཀོན་མཆོག་བརྩེགས་པ་གསུངས། ཏི་སེའི་ཕྱོགས་བཞི་ལ་བཅོམ་ལྡན་འདས་ཀྱི་ཞབས་རྗེས་བཞི། དགྲ་བཅོམ་པ་ལྔ་བརྒྱའི་ཞབས་རྗེས་དང་བཅས་པ་བཞག་པས་ན། གངས་ཏི་སེ་གྲགས་ཆེ་ཟེར་བའི་རྒྱུ་མཚན་དེ་ཡིན། བར་དུ་ཁུངས་བཙུན་པ། ལ་ཕྱི་དང་ཆུ་བར་ཇོ་བོ་རིགས་གསུམ་མགོན་པོ་འབུམ་འདུས་ཀྱི་ཕོ་བྲང་ཡིན་ཏེ། དབང་ཕྱུག་གི་རྒྱལ་པོ་མི་ལ་རས་པ་རས་པ་ལྔ་བརྒྱ་དང་བཅས་པ་རླུང་སེམས་ཀྱི་དངོས་གྲུབ་ཐོབ་པའི་གནས་ཡིན་པས་ལ་ཕྱི་ཆུ་བར་ཁུངས་བཙུན་ཟེར་བའི་རྒྱུ་མཚན་དེ་ཡིན། སྨད་དུ་འགྲན་གསུམ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙ་རི་ཏྲ་ནི། ཕག་གདོང་ནག་མོ་ཐུགས་ཀྱི་གནས། བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་ཕོ་བྲང་ཡིན་ཏེ། སྔོན་འཇིག་རྟེན་གྱི་ཁམས་ཆགས་ནས་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་དྲག་པོ་ཇི་སྙེད་པའི་སྐྱེ་འགྲོ་ལ་དབང་བྱེད་ཤ་ཁྲག་ལ་ལོངས་སྤྱོད་པའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དྲག་པོ་དེ་དག་རྣམས་འདུལ་བའི་དོན་དུ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་སྐུར་བཞེངས་ནས། འཛམ་བུ་གླིང་འདི་ཉིད་དུ་ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། མཁའ་འགྲོ་མ་འདུ་བ་ཡི་གནས་བརྒྱ་དང་བཅུ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་ཐོག་མར་ཙ་རི་འདི་ཉིད་བྱིན་གྱིས་བརླབས་ཤིང་། གཞན་རྣམས་རིམ་པ་ལྟར་དུ་བྱིན་གྱིས་བརླབས་པས་ན། ཐོག་མར་ཙ་རི་འདི་ཉིད་བྱིན་གྱིས་བརླབས་པའི་འགྲན་ཟླ་དང་བྲལ་ཞིང་། བྱ་དང་རི་དྭགས་ལ་སོགས་པ་འདིར་སླེབས་པ་རྣམས་ཀྱང་འཇའ་དང་རིང་བསྲེལ་གྱི་ཕུང་པོར་འགྲོ་བ་ནི་འགྲན་ཟླ་དང་བྲལ་བའི་རྟགས་ཡིན་ནོ།། དེ་ལྟར་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙ་རི་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རྒྱུད་སྡེ་དུ་མ་ནས་ལུང་བསྟན་པ་ནི། དཔལ་གསང་བ་རིན་ཆེན་བདུད་རྩི་བུམ་པའི་རྒྱུད་ལས་ཀྱང་། ཉི་ཤུ་རྩ་བཞི་ཡུལ་རྣམས་ཀུན་གྱི་གཙོ།། འཇམ་དཔལ་གཤིན་རྗེ་གཤེད་ནི་བཞད་པའི་ས།། གནས་བརྒྱད་དུར་ཁྲོད་ཆེན་པོ་རྔམ་པའི་འགོ། མཆོག་དང་ཐུན་མོང་དངོས་གྲུབ་ལ་སོགས་པ།། མཁའ་འགྲོས་ལུང་བསྟན་བྱིན་གྱིས་བརླབས་པའི་གནས།། རང་བྱུང་གནས་མཆོག་ཙ་རི་ཏྲ་ཞེས་གྲགས།། ཨོ་རྒྱན་གནས་སམ་མཁའ་སྤྱོད་དག་དང་མཚུངས།། ཞེས་གསུངས་པ་དང་། མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུདལས་ཀྱང་། ཉི་མ་བྱང་ཤར་ཕ་ཀི་ན།། གཡའ་དང་གངས་ཀྱི་ཕ་རོལ་ན།། སྤྲིན་དང་ན་བུན་ཚུར་རོལ་ན།། དབྱིངས་ཕྱུག་དཔལ་ལྡན་མཁའ་འགྲོ་འདུ་བའི་གནས།། ཞེས་གསུངས་པ་དང་། དཔལ་ཕྱག་ན་རྡོ་རྗེ་རིན་པོ་ཆེ་སྒྲོན་མའི་རྒྱུད་ལས་ཀྱང་།། ཡང་དག་དངོས་གྲུབ་ཙ་གོང་ཙ་རི་ཡིས།། མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་པའི།། ཡང་དག་དོན་མཐོང་བྱ་བ་བྱེད་པའི་ཕྱིར།། བདེ་བའི་ལམ་ཞུགས་བདེ་བ་ཆེན་པོར་འགྲོ།། ཞེས་གསུངས་པ་དང་། དཔལ་ཀྱེེ་རྡོ་རྗེའི་རྒྱུད་ལས་ཀྱང་། ཙ་རི་ཏྲ་དང་ཀོ་པ་ལ།། བྷེེནྡྷ་གཞིན་ནུའི་གྲོང་ཁྱེར་རོ།། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ།། ཉེ་བའི་འཐུང་སྤྱོད་ཉེ་བའོ།། ཞེས་གསུངས་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་།། ཙ་རི་ཕག་གདོང་ནག་མོའི་གནས།། ཞེས་པ་དང་།། ཡང་དེ་ཉིད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ཡུམ་གྱུར་རྡོ་རྗེ་ཕག་མོ་ནི།། རྡོ་ཡི་ཐོད་པའི་ནང་ན་བཞུགས།། ཞེས་གསུངས་པ་དང། ཧེ་རུ་ཀ་གལ་པོའི་རྒྱུད་ལས་ཀྱང་། རྒྱ་གར་རྡོ་རྗེ་གདན་བརྩིས་པའི།། འདི་ནས་རི་བོ་བཅུ་གསུམ་འདས་པ་ན།། གཡའ་དང་གངས་ཀྱིས་བསྐོར་བ་ན།། རྡོ་རྗེ་ཕག་མོའི་ཚོགས་ཁང་ཡོད།། ཚོགས་ཀྱི་འཁོར་ལོའི་དངོས་གྲུབ་བརྙེད།། ཞེས་གསུངས་པ་དང་། རྡོ་རྗེའི་ཕག་མོའི་རྒྱུད་ལས་ཀྱང་།། ལྷོ་གནས་མཆོག་དཔལ་གྱི་ཙ་རི་འདི།། རྡོ་རྗེ་ཕག་མོའི་ཕོ་བྲང་ཡིན།། མཁའ་འགྲོ་རྩ་རླུང་སྒྲུབ་ན་ཤེས།། ཞེས་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལེའུ་དྲུག་པ་ལས་ཀྱང་། ཙ་རི་ཕག་གདོང་ནག་མོའི་གནས།། ཤ་དང་ཆང་གིས་མཆོད་པར་བྱ།། ཞེས་གསུངས་པ་དང་། དཔལ་དུས་ཀྱི་འཁོར་ལོ་ཀ་བའི་རྒྱུད་ལས་ཀྱང་། ཙ་རི་ཏྲ་ཀེ་ར་ན་ཉིད།། བྷི་ནྡྷ་ཀོ་མ་རི་ཀའི་གྲོང་།། རྣམ་བཞི་འཐུང་སྤྱོད་བཅས་པར་གྲགས།། ཞེས་གསུངས་པ་དང་། རྡོ་རྗེའི་མཁའ་འགྲོའི་རྒྱུད་ལེའུ་བཅོ་བརྒྱད་པ་ལས། ཙ་རི་ཏྲ་ཡི་ཡུལ་དུ་ནི།། ཀ་རན་ཛ་གནས་ཞེས་བྱ་བའི།། གཤན་པའི་བརྩེགས་པའི་སྐྱེ་གནས་འབྱུང་།། ཤག་ཏི་ཡི་ནི་ཕྱག་རྒྱ་ཐོབ།། ནོར་བུ་ཆེན་པོ་ཞེས་བྱ་བ།། ཀྵེ་ཏྲ་པ་ལ་སྟོབས་པོ་ཆེ།། སྤྲུལ་དང་ལྡན་པའི་གྱེན་སྐྲ་ཅན།། གདུག་པ་ཐམས་ཅད་འཇིགས་པར་མཛད།། ཅེས་གསུངས་པ་དང་། ཡང་རྡོ་རྗེ་མཁའ་འགྲོ་རྒྱུད་ལས་ཀྱང་། བོད་ཡུལ་ལྷན་ཅིག་སྐྱེས་མ་ནི།། རྡོ་ཡི་ཕུག་ལ་བརྟེན་ཏེ་གནས།། ཡུལ་དེར་གནས་པའི་ལྷ་མོ་ནི།། བྷ་སྟའི་ཤིང་ལས་བསྟན་བཅོས་གསུངས།། ཞེས་གསུངས་པ་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལེའུ་བཅུ་པ་ལས་ཀྱང། ཀ་རན་ཛ་གནས་ཙ་རི་ཏྲ།། ཙ་རི་ཏྲ་ཡི་ཡུལ་དུ་སྤྱོད། ཅེས་གསུངས་པ་དང་། སམྦྷུ་ཊིའི་རྒྱུད་རྟགས་པ་ལས་ཀྱང་། བྲལ་གནས་སུ་ཙུ་ཏ་ཡི་གནས།། ཀྐོང་ནར་ནི་ཟླ་བའི་གནས།། ཀ་རཉྩ་གནས་ཙ་རི་ཏྲ།། དེ་བཞིན་ཀརྨ་ཀར་ཏྲ་འོ།། ཞེས་གསུངས་པ་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལེའུ་བཅུ་པ་ལས། ཉེ་བའི་དུར་ཁྲོད་ཙ་རི་ཏྲ།། ཉི་མིག་མ་ཞེས་བྱ་བ་ཡིས།། ལྷ་མོ་གསེར་གྱི་མདོག་ཅན་གནས།། ཞེས་གསུངས་པ་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་།། པར་པ་ཏ་ཡི་ནགས་ཁྲོད་དུ།། ཚང་ཚིང་འཁྲིགས་པའི་དུར་ཁྲོད་ན།། གཉིས་མེད་སྙིང་རྗེ་ཧེ་རུ་ཀ།། བདག་མེད་ཡུམ་དང་བདེ་ཆེན་རིལ་བ་ཡིས།། ཆོས་ཉིད་བྷ་གའི་དཀྱིལ་འཁོར་ཡོད།། ཅེས་གསུངས་པ་དང་། མཆོད་རྟེན་བརྩེགས་པའི་རྒྱུད་ལས་ཀྱང་། པར་པ་ཏ་མཛེས་པའི་འཕྲེང་བ་འཛིན་པ་ན། ཀ་པ་ལ་སོགས་མཁའ་འགྲོའི་གནས།། ཛ་ཧཱུཾ་སྔགས་ཀྱི་རང་སྒྲ་སྒྲོགས་པ་ཡོད།། ཅེས་གསུངས་པ་དང་། མ་ཧཱ་མ་ཡའི་རྒྱུད་ལས་ཀྱང། ཙ་རི་པར་པ་ཏ་ཧེ་རུ་ཀ་མངོན་སྤྱོད་ཀྱི་གནས་ན། ཤ་ཟ་མ་མོ་མཁའ་འགྲོ་འདུ་བར་བྱེད། ཅེས་གསུངས་པ་དང་། བཀའ་རྫོགས་པ་ཆེན་པོའི་རྒྱུད་ལས་ཀྱང་། ཀོང་པོའི་ལྷོ་ནུབ་བྱང་ཕྱོགས་སུ། རི་ནག་པོ་ལ་འདས་པ་ན། གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་ཞིག་ཡོད། དེའི་གཡས་སུ་མཚོ་དུང་དཀར་གཡས་འཁྱིལ་འདྲ་བ་ལ་གསང་སྔགས་ཞི་ཁྲོའི་ལྷ་ཚོགས་བཞུགས་པའི་ཕོ་བྲང་སྟེ། དེའི་ཆུ་འཐུང་ཞིང་འཁྲུས་བྱས་པ་ཙམ་གྱིས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་གྱུར་ཏོ།། ཞེས་གསུངས་པ་དང་། གཤིན་རྗེ་གསལ་ཤིང་གི་རྒྱུད་ལས་ཀྱང་། ཉི་ཤུ་རྩ་བཞི་གནས་ཀྱི་མཆོག། ཉི་མ་བྱང་ཤར་མཚམས་ཤེས་ན།། འདི་ནས་རི་བོ་བཅུ་གསུམ་འདས། གངས་ཀྱིས་བསྐོར་བའི་ར་བ་ན། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གནས།། ཞེས་གསུངས་པ་དང་། གཏུམ་མོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཙ་རི་པར་པ་བྷི་ཏ་ལི། སིང་གའི་མཚལ་ལས་བྱང་དུ་གོ། གསང་སྔགས་གཉན་གྱི་ཕོ་བྲང་དེ།། ཤ་དང་ཆང་གིས་མཆོད་པར་བྱ།། ཚོགས་ཀྱི་འཁོར་ལོའི་དངོས་གྲུབ་ཐོབ།། ཅེས་གསུངས་པ་དང་། དུར་ཁྲོད་མངོན་འབྱུང་གི་རྒྱུད་ལས་ཀྱང་། མ་གྷ་ཏ་ཡི་བྱང་ཤར་ན།། ཀུན་དགའ་གཞོན་ནུའི་གྲོང་ཁྱེར་དུ།། བདེ་གཤེགས་ཞི་ཁྲོའི་ཕོ་བྲང་ཡོད།། ཅེས་གསུངས་པ་དང་། མེ་ལྕེ་འབར་མའི་རྒྱུད་ལས་ཀྱང་། གཡའི་དང་གངས་ཀྱི་ཕ་རོལ་ན།། སྤྲིན་དང་ན་བུན་ཚུར་རོལ་ན། ཙ་ཏི་ཙ་གོང་པར་པ་ཏ།། རྡོ་རྗེའི་ར་བ་གཡས་པ་ཡིན།། རྡོ་རྗེ་ཕག་མོའི་བྱིན་བརླབས་པའི།། ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་དག། ར་བ་གཡོན་ནས་ཡོངས་སུ་བསྐོར།། ཞེས་པ་ལས་སོགས་པ་རྒྱུད་སྡེ་དུ་མ་ནས་བསྟན་པ་དང་། ཐུབ་པའི་དབང་པོའི་མདོ་སྡེ་དུ་མ་ནས་ལུང་བསྟན་པ་ནི། གནས་དའུ་ལུང་། ས་སིའུ་སྟེང་། སྔོན་དེ་བཞིན་གཤེགས་པ་ཀླུའི་གཙུག་ཕུད་བཞུགས། དེ་ནས་ཤར་ལྷོའི་ཕྱོགས་སུ་བལྟས་པ་ན་ཐབ་རྡོ་རི་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་དགྲ་བཅོམ་པ་ལྔ་བརྒྱ་ལ་ཆོས་འཆད་ས་ཡོད། ཅེས་གསུངས་པ་དང་། མདོ་ལས་ཡུལ་གྲོ་ལུང་ཀོ་ཞེས་བྱ་བ་ན། རི་རྡོ་རྗེ་ཕག་མོའི་རི་ལ། མཚལ་སིནྡྷུ་ར་འབབ་པ་ཡོད། དེ་ལྕེའི་དབང་པོའི་སྟེང་དུ་སླེབས་པའི་མཁའ་སྤྱོད་འགྲུབ་པ་ཡོད། ཅེས་གསུངས་པ་དང་། འདུལ་པ་ལུང་ལས། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་དུ་སཱ་རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ཡོད། ཅེས་པ་ལ་སོགས་པ་མདོ་རྒྱུད་དུ་མ་ནས་གསལ་བར་ལུང་བསྟན་པ་དང་། དེ་ཡང་བཀའ་བརྒྱུད་གོང་མ་རྣམས་ཀྱི་ལུང་ལས་ཀྱང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་ནས་ཀྱང་། ཏི་སེ་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས།། ཆུ་བོ་ཡོན་ཏན་ཅན་ཡང་དེ་ནས་བབ།། ཙ་རི་ཙ་གོང་བདེ་མཆོག་རང་བྱུང་གནས།། རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད།། ཅེས་གསུངས་པ་དང་། ཨོ་རྒྱན་པདྨའི་ཞལ་ནས་ཀྱང་། ཉི་ཤུ་རྩ་བཞི་དཀྱིལ་འཁོར་མཁའ་སྤྱོད་གནས།། ངེས་པར་བདེ་གཤེགས་སྔགས་ཀྱི་ཕོ་བྲང་དེ།། ཀུན་ལས་ཁྱད་འཕགས་མཁའ་འགྲོ་གསང་བའི་མཛོད།། ཙ་རི་ཙ་གོང་པར་པ་ཏ་ཞེས་བྱ།། ཞེས་གསུངས་པ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས་ཀྱང་། དུར་ཁྲོད་ཆེན་པོ་བརྒྱད་ལས་མཆོག་ཏུ་གྱུར་པའི་ཕོ་བྲང་མཁའ་སྤྱོད་ཙ་རི་ཙ་གོང་ཞེས་བྱ་བ་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ཀྱི་གཞལ་ཡས་ཁང་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་དུ་འདུ་བའི་གནས་ཡོད་དོ།། ཞེས་གསུངས་པ་དང་། མཁས་པ་བི་མ་ལ་མི་ཏྲའི་ཞལ་ནས་ཀྱང་། ཉི་ཤུ་རྩ་བཞི་ཡུལ་རྣམས་ཀུན་གྱི་གཙོ།། ཉེ་བའི་གནས་མཆོག་ཙ་རི་པར་པ་ཏ།། བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་མ་ལུས་གནས།། སྐལ་པར་ལྡན་པའི་སྤྱོད་པ་བརྩམ་པར་བྱ།། ཞེས་གསུངས་པ་དང་། རྗེ་བཙུན་ཆེན་པོ་ཟླ་བ་པའི་ཞལ་ནས་ཀྱང་། ཨོ་རྒྱན་བས་ཀྱང་བྱིན་རླབས་ཆེ་ལ་ཁྱད་པར་དུ་འཕགས་པའི་གནས་ཙ་རི་ཞེས་བྱ་བ་བྱང་ཕྱོགས་མཐའ་འཁོབ་ཀྱི་ཡུལ་ན་ཡོད་དོ།། ཞེས་གསུངས་པ་དང་། དགྱེས་པ་རྡོ་རྗེ་མངའ་བདག་ལོ་ཙཱ་བའི་གསང་བ་འདུས་པ་བཞད་པ་རྡོ་རྗེ་ལ། གནས་དང་རྒྱུད་འཛིན་སློབ་མའི་ལུང་བསྟན་ཚེ།། ཤར་ཕྱོགས་དེ་ཝ་ཀོ་ཏྲ་དང་ཉེ་བར།། དཔལ་ལྡན་ཙ་རི་ཏྲ་ཡི་གནས་ཡོད་དོ།། ད་ལྟ་ཕལ་གྱིས་བགྲོད་པའི་གནས་མ་ཡིན།། ཁྱོད་ཀྱོ་ཡང་སློབ་བཞི་ཡིས་སྒོ་ཕྱེ་ནས།། རྒྱུད་པ་འདི་ཡི་སྒྲུབ་གནས་འགྱུར་ཞེས་གསུངས།། དབང་ཕྱུག་མི་ལ་རས་པའི་ཞལ་ནས་ཀྱང་། འཇིགས་སུ་རུང་བའི་ཙ་རི་འདི།། འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན།། རྡོ་རྗེ་ཕག་མོའི་ཚོགས་ཁང་དེ།། མི་ཁོ་བོའི་རྒྱུད་པས་འཛིན་ཞེས་པ།། ང་ཟེར་གཙིགས་སུ་མི་ཆེ་སྟེ།། ང་ཡི་བླ་མ་རྡོ་རྗེ་འཆང་།། སྒྲ་འགྱུར་ལོ་ཙཱས་འདི་སྐད་གསུངས།། ཞེས་གསུངས་པ་དང་། རྗེ་ཟླ་འོད་གཞོན་ནུའི་ཞལ་ནས་ཀྱང་། ཉི་མ་ཤར་ལྷོ་ཕ་ཀི་ན།། འཁོར་ལོ་སྡོམ་པའི་ལྷ་ཚོགས་ཞུགས་པའི་གནས།། རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོའ་གནས།། ཙ་རི་པར་པ་ཏ་ཞེས་བྱ་བ་ཡོད།། ཅེས་གསུངས་པ་དང་། བདེ་གཤེགས་ཕག་མོ་གྲུབ་པའི་ཞལ་ནས་ཀྱང་། བླ་མའི་ལུང་བསྟན་ཙ་རི་ཏྲ།། ལན་ཅིག་མ་བསྐོར་ང་རེ་འགྱོད།། ཅེས་གསུངས་པ་དང་། ཆོས་ཀྱི་རྗེ་ཀརྨ་པ་ཡི་ཞལ་ནས་ཀྱང་།། ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ནི་ས་གཞི་གྲུ་གསུམ་སོགས་ཁའི་དབྱིབས། རྒྱུ་ནི་རིན་ཆེན་རྡོ་རྡུལ་ལ་རང་བྱུང་ལྷ་ཚོགས་བསམ་མི་ཁྱབ། དེ་ཡི་ནང་ནས་མཆོག་གྱུར་པ།། འཁོར་ལོ་སྡོམ་པའི་ཕོ་བྲང་བཞུགས།། ས་རྡོ་རི་བྲག་ཐམས་ཅད་ཀྱང་།། ལྷ་ཚོགས་ཀྱི་རྣམ་པ་དོད་ནས་ཡོད། ཞེས་གསུངས་པ་དང་། བླ་མ་ཞང་གི་ཞལ་ནས་ཀྱང་། བདག་སེང་གེ་ལ་བཅིབས་ནས་ནམ་མཁར་འབྱོན། རྫུ་འཕྲུལ་ཐོགས་མེད་སྟོན་ལགས་ཀྱང་།། ཙ་རི་རྡོག་པས་མ་སྐྱང་ང་རེ་འགྱོད།། ཅེས་གསུངས་པ་དང་། འབྲི་གུང་འཇིག་རྟེན་མགོན་པོའི་ཞལ་ནས་ཀྱང་། ཉི་ཤུ་རྩ་བཞི་གནས་ཀྱི་གཙོ།། འཇིགས་རུང་དུར་ཁྲོད་ཆེན་པོ་སྟེ།། གནས་མཆོག་དཔལ་གྱི་ཙ་རི་ཡིན།། སྐལ་ལྡན་གདུང་བའི་གསོལ་བ་ཐོབས།། མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་།། ཞེས་གསུངས་པ་དང་། གླིང་ཆེན་རལ་པའི་ཞལ་ནས་ཀྱང་།། ལྷོ་གནས་མཆོག་དཔལ་གྱི་ཙ་རི་ན།། མཁའ་འགྲོ་རྡོ་ཡི་སྙིང་ཕུག་ཡོད།། གླིང་ཆེན་ཟས་ཀྱི་དངོས་གྲུབ་ཡོད།། མ་བསྒོམ་སངས་རྒྱས་དེ་ན་ཡོད།། བུ་རྒྱ་རས་མ་འདུག་ཙ་རིར་སོངས།། ཞེས་གསུངས་པ་དང་། གཙང་པ་རྒྱ་རས་ཀྱི་ཞལ་ནས་ཀྱང་།། བླ་མའི་ལུང་བསྟན་ཙ་རིར་འོངས།། རྒྱ་རས་རྐུབ་བཙུམ་འཕྲང་ལས་ཐར།། འཁོར་བ་མྱ་ངན་འདས་པར་རྟོགས།། འཁོར་འདས་ཀྱི་བདག་པོ་ང་རང་ཡིན།། ཞེས་གསུངས་པ་དང་།། རྒྱལ་བ་རྒོད་ཚངས་པའི་ཞལ་ནས་ཀྱང་། ཙ་རིའི་གནས་ལ་བསྒོམ་ཙ་ན།། ནང་སྤྲུལ་པའི་ལྷ་ཚོགས་མི་བཞིན་མཐོང་།། ཐུན་མོང་གི་དངོས་གྲུབ་ཅིག་དགོས་ན་འོང་ཚོད་གདའ་སྟེ། ཁོ་བོ་མཆོག་ལ་དྲིལ་བའི་རྣལ་འབྱོར་པ་ཞིག་ལགས། ཞེས་གསུངས་པ་དང་། གྲུབ་ཐོབ་ཨོ་རྒྱན་པའི་ཞལ་ནས་ཀྱང་། ཡུལ་ཉི་ཤུ་རྩ་བཞི་དགུ་རུ་ཕྱིན།། ཁྱད་པར་ཨོ་རྒྱན་ཡུལ་དུ་ཕྱིན།། ཇོ་མོ་ལྷན་ཅིག་སྐྱེས་མ་དངོས་དང་མཇལ།། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཐོབ་ལགས་ཀྱང་།། ཙ་རི་ལ་ཚོགས་འཁོར་ཞིག་མ་བསྐོར་ང་རེ་འགྱོད། ཅེས་གསུངས་པ་དང་། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་ནས་ཀྱང་།། ཙ་རི་ཏྲ་ཞེས་གྲངས་པ་ཡིས།། ཡོན་ཏན་ལྡན་པའི་གནས་མཆོག་འདིར།། ཀ་པ་ལ་སོགས་མཁའ་འགྲོའི་གནས།། ཁ་བ་ཅན་འདིར་ཁྱད་པར་དུ།། ག་པུར་ལྟ་བུར་འཁོར་བ་ཡི།། ང་རུ་འཛིན་སེམས་སྨན་མཆོག་ཡིན།། ཞེས་གསུངས་པ་དང་།། ཆོས་རྗེ་རོལ་པའི་རྡོ་རྗེའི་ཞལ་ནས་ཀྱང་། ཙ་རིའི་གནས་སུ་ཙ་རླུང་ཐིག་ལེ་སྒོམ།། རང་བྱུང་དོན་དམ་རང་བྱུང་རྡོ་རྗེར་རྟོགས།། རྒྱལ་བའི་བསྟན་པ་རྒྱལ་བའི་སྲས་ཀྱིས་འཛིན།། ཞེས་གསུངས་པ་དང་། རྟོགས་ལྡན་མཁའ་སྤྱོད་དབང་པོའི་ཞལ་ནས་ཀྱང་། དཔལ་ལྡན་བླ་མའི་བཀའ་དྲིན་གྱིས།། རྡོ་རྗེ་ཐེག་པའི་ཉམས་ལེན་བརྙེད།། རྒྱུད་སྡེ་ཀུན་ནས་བསྔགས་པ་དེ།། རང་བྱུང་གནས་མཆོག་ཙ་རི་ཡིན།། གདོད་ནས་ཐམས་ཅད་རྣམ་པར་དག། ལྷ་དང་ལྷ་མོའི་རང་བཞིན་ལ།། འདོད་ཡོན་མ་སྤང་ལམ་བྱེད་པ།། ཟབ་མོ་སྔགས་ཀྱི་ཁྱད་པར་ལགས།། ཞེས་གསུངས་པ་དང་། ཆོས་རྗེ་དེ་བཞིན་གཤེགས་པའི་ཞལ་ནས་ཀྱང་།། ཙ་རི་ཏྲ་ཡི་དབེན་གནས་གཉེན་པོ་རུ།། ཚ་གྲང་རེག་པའི་གནོད་དེ་རྩ་རླུང་བསྒོམ།། ཛཿཧཱུཾ་སྔགས་ཀྱི་སྦྱོར་བའི་མ་སྒྲུབ་ཀྱང་།། ཝ་སྐྱེས་ལྟ་བུར་ཞུམ་པའི་འབྱུང་པོ་ཡི།། ཞ་ལྟར་གཙུག་གི་མཆོད་ཅིང་བྲན་བཞིན་བྱེད།། ཅེས་གསུངས་པ་དང་། ཆོས་རྗེ་མཐོང་བ་དོན་ལྡན་གྱི་ཞལ་ནས་ཀྱང་། དཔལ་སྐྱེ་འགགས་གནས་དང་བྲལ་བ་ཡི།། ཡབ་དཔའ་བོ་འཁོར་ལོ་བདེ་བའི་མཆོག། ཤྲི་ཛྷ་ནྦྷ་ཊ་དགྱེས་པའི་ས།། གནས་ཙ་རི་དཀྱིལ་འཁོར་མ་ལགས་སམ།། ཞེས་གསུངས་པ་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཞལ་ནས་ཀྱང་། ཨེ་མ་དཔལ་ཆེན་ཙ་རི་ཏྲ།། དེ་བཞིན་གཤེགས་པ་ཀུན་གྱི་ཞིང་།། རྒྱལ་བ་ཀུན་གྱི་ཕོ་བྲང་དེ།། རྒྱུད་རྣམས་ཀུན་གྱི་འཁོར་ལོའི་གནས།། དཀྱིལ་འཁོར་ཆེན་པོ་འཇིགས་པ་ཅན།། མཁའ་འགྲོ་བ་མ་ཡི་ཚོགས་ལྡན་ཞིང་།། དུར་ཁྲོད་ལ་སོགས་དང་ལྡན་པ།། ཕྱོགས་དེ་ཆོས་སྒྲ་རྒྱ་མཚོ་ཡིས།། ཀུན་ནས་བསྟོད་ཅིང་ཕྱག་འཚལ་ལོ།། ཞེས་དང་། ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཞལ་ནས་ཀྱང་། སྟེང་ན་བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས།། བར་ན་ཡི་དམ་རྒྱུད་སྡེའི་ལྷ་ཚོགས་བཀྲ།། འོག་ན་དམ་ཅན་རྒྱ་མཚོ་རླུང་ལྟར་འཚུབས།། ཙ་རི་གསང་སྔགས་ཕོ་བྲང་ཉམས་རེ་དགའ།། ཞེས་གསུངས་པ་དང་། ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཞལ་ནས་ཀྱང་། གནས་མཆོག་དཔལ་གྱི་ཙ་རི་འདི།། འཁོར་ལོ་བདེ་མཆོག་ཕོ་བྲང་ཡིན།། སྐལ་ལྡན་གདུང་བའི་གསོལ་བ་ཐོབས།། མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་།། ཞེས་པ་ལ་སོགས་པ་བཀའ་བརྒྱུད་རིན་པོ་ཆེ་དུ་མ་ནས་གསལ་བར་ལུང་བསྟན་ཏོ།། དེ་ཡང་། རྒྱལ་པོ་ལམ་ཡིག་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་སྔ་ནས། འདི་ཡི་རྣམ་པ་ནི་ཕྱི་དཀྱིལ་འཁོར་སྒོ་བཞིའི་ཚུལ་དུ་གནས་པར་གསུངས་ཏེ། ཤར་ཕྱོགས་ན་འཕགས་པ་འཇམ་དཔལ་གྱི་བྱིན་གྱིས་བརླབས་པའི་སྒོ་སྟེ། རྒྱ་ནག་རྒྱལ་པོའི་ཕྱོགས་སུ་བལྟ། སྒོ་སྲུང་ནི་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་བྱེད། ལྷོ་ཕྱོགས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སྒོ་སྟེ། རྒྱ་གར་རྡོ་རྗེ་གདན་ལ་བལྟ། སྒོ་སྲུང་ནི་དཔལ་ཕྱག་ན་རྡོ་རྗེས་བྱེད། ནུབ་ཕྱོགས་སུ་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་སྒོ་སྟེ། ཨོ་རྒྱན་དུ་བལྟ། སྒོ་སྲུང་ནི་མཁའ་འགྲོ་ཨེ་ཀ་ཛ་ཏིས་བྱེད། བྱང་ཕྱོགས་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྒོ་སྟེ། ལྷ་ས་ལ་བལྟ། སྒོ་སྲུང་ནི་དཔལ་རྟ་མགྲིན་བྱེད། ཅེས་གསུངས་ཏེ། ཤར་ཕྱོགས་ན་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པས་ན་རྒྱ་ནག་པོ་ཤེས་རབ་ཆེ་ཟེར་བའི་རྒྱུ་མཚན་དེ་ཡིན། ལྷོ་ཕྱོགས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་ན། རྒྱ་གར་དུ་སངས་རྒྱས་ཀྱི་ཆོས་དར་བའི་རྒྱུ་མཚན་ནི་དེ་ཡིན། ནུབ་ཕྱོགས་ན་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ན། ཨོ་རྒྱན་དུ་གསང་སྔགས་ཀྱི་ཆོས་དར་བའི་རྒྱུ་མཚན་ནི་དེ་ཡིན། བྱང་ཕྱོགས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུགད་གིས་བྱིན་གྱིས་བརླབས་པས་ན། བོད་མོས་པ་དང་སྙིང་རྗེ་ཆེ་ཟེར་བའི་རྒྱུ་མཚན་དེ་ཡིན་། ཞེས་གསུངས་པ་དང་། ཨོ་རྒྱན་པདྨའི་ཞལ་ནས་འདི་ལྟར་གསུངས་སོ།། གནས་འདི་ནི་ཤར་ཕྱོགས་ཀོང་པོ་རོང་གི་ནུབ་ཕྱོགས། ལྷོ་ཚ་བ་རོང་གི་བྱང་ཕྱོགས། ནུབ་རྒྱ་མོ་རོང་གི་ཤར་ཕྱོགས། བྱང་ཨེ་མཆོག་རོང་གི་ལྷོ་ཕྱོགས་སུ་ཡོད་པ་ལ། གནས་དེའི་བྱེ་བྲག་ལྟར་སྣང་དང་ཀུན་སྣང་གི་འགྲོ་བ་འགའ་ཞིག་གི་སྣང་ངོར། མཐའ་འཁོབ་དང་། ཀླ་ཀློའ་ཚོགས་རྒྱུ་ཞིང་། འཕགས་པ་ལ་སོགས་པ་ལས་དག་པ་རྣམས་ཀྱི་སྣང་ངོར། རྡོ་རྗེའི་ཕོ་ཉ་མོ། ལས་བྱེད་ཀྱི་ཌཱཀི་མ། དྲེག་བྱེད་ཀྱི་དབང་ཕྱུག་མ་དཀྱིལ་འཁོར་ཕྱི་ཡི་མུ་རན་ལ་གནས་ཤིང་བཀའ་དང་བསྟན་པ་སྲུང་བའི་ཚུལ་གྱིས་གནས་པར་རྡོ་རྗེ་ར་བ་དང་མེ་རི་འབར་བ་དང་སྣ་ཚོགས་པདྨས་ཡོངས་སུ་བསྐོར་བ་རྣམས་ནི་སོ་སོ་སྐྱེ་བོའི་སྣང་ངོར། ས་རྡོ་རི་བྲག རྩི་ཤིང་ནགས་ཚལ། གནམ་ལ་འཕུར་བ། ཡན་ལག་རྡེག་པ། དོམ་ནག་ཐུར་དུ་རྒྱུག་པ། གཡག་ནག་རྔམ་པ་ལྟ་བུ་སྐྱི་གཡའ་བ། མདའ་དང་མདུང་དང་རལ་གྲི་ལ་སོགས་པའི་མཚོན་ཆ་གནམ་དུ་གཟིང་བ་ལྟ་བུ་མཐོང་ངོ་།། ཀྐང་ཀ་དང་དུར་བྱ་དང་། མྱོས་བྱེད་ལ་སོགས་པ་རྣམས་ནི། ཅེ་སྤྱང་སྟག་གཟིག་དོམ་དྲེད། སྤྲ་སྤྲེའུ་རྣམས་ལ་ལ་ནི་རྒྱུག ལ་ལ་ནི་ངུར། ལ་ལ་ནི་འགྲེལ། ལ་ལ་ནི་མཆོང་། ལ་ལ་ནི་གར་བྱེད། ལ་ལ་ནི་འཁྱུག་པ་ལ་སོགས་པའི་སྤྱོད་པ་བྱེད་ཅིང་སྐད་སྣ་ཚོགས་བྱིན་ནས། སོ་སོ་སྐྱེ་བོ་ལས་མ་དག་པ་རྣམས་ཀྱི་བགྲོད་པར་དཀའ་བའི་སྣང་བ་འཆར། ཆུ་ཐམས་ཅད་ཀྱང་ཧ་ཧ་དང་། ཧཱུཾ་ཧཱུཾ་དང་། ཕཊ་ཕཊ་དང་། ཕམ་ཕམ་དང་། ཛཿཛཿལ་སོགས་པའི་སྔགས་ཀྱི་རང་སྒྲ་འབྱིན་པ་རྣམས་ནི། འུར་འུར་དང་། ཐུགས་ཐུགས་དང་། ཚེམ་ཚེམ་གྱིས་སྒྲ་སྒྲོགས་པར་མངོན། དེ་ལྟ་བུའི་ཕོ་བྲང་དེ་ལ་སྒོ་ཆེན་པོ་བཞི་ཡོད་པ་ནི། ཤར་ཕྱོགས་ན་བརྒྱ་བྱིན་རྣམ་པར་རྒྱུ་བའི་སྒོ་ཡོད་པས་ན། སྒོ་སྲུང་དཔལ་གཤིན་རྗེ་ཁྲོས་པས་བྱེད། སྒོ་རྟགས་སུ་གྲོང་ཁྱེར་ཆེན་པོ་གནས་ལུང་ཆུ་བར་འཕྲང་གོང་བྱ་བ་ན། རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་གིང་ཆེན་གྱིས་བྱན་གྱིས་བརླབས་པའི་དཔའ་བོ་རེ་རེ་དང་། དཔའ་མོ་རེ་རེ། རྟེན་འབྲེལ་ཟུང་འཇུག་ཏུ་ཡུལ་འཕོ་སྐྱེས་མེད་པར་རྒྱུན་ཆགས་སུ་བཞུགས་པས་ན། གཅིག་གཤེགས་པའི་ཚེ་ནས་གཅིག་འཁྲུངས། གཅིག་གུད་པའི་ཚེ་ན་གཅིག་དར་ནས་གསུམ་འཕྲུག་ཏུ་རྒྱུན་མ་ཆད་པར་བྱོན་ནས། སྒོ་སྲུང་ཞིང་གསང་སྔགས་རྡོ་རྗེ་ཐེག་པའི་བྱ་ར་བྱེད་ཅིང་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་བསྟན་པ་སྲུང་། འཕྲིན་ལས་སྒྲུབ། སྡོང་གྲོགས་བྱེད། བར་ཆད་སེལ་ལོ།། དམ་ཉམ་ལོག་པར་ལྟ་བ་བསྟན་པའི་རུ་ཏྲར་གྱུར་པ་རྣམས་ནི་བསྐྲད་པ་དང་རེངས་སུ་ཞུགས་པ་དང་། བསྒྲལ་བ་དང་། སྲོག་འཕྲོགས་པ་དང་། དབུགས་འབྱིན་ཁྲག་འཐུང་རྐང་འཇིབ་པ་ལ་སོགས་པའི་ཚར་གཅོད་པར་བྱེད་དོ།། ལྷོ་ཕྱོགས་ན་གཤིན་རྗེ་རྣམ་པར་རོལ་བའི་སྒོ་ཡོད་དེ། སྒོ་སྲུང་དཔལ་ཕྱག་ན་རྡོ་རྗེས་བྱེད། སྒོ་རྟགས་སུ་བྱར་ཐེམ་པ་ལ་དཔལ་གྱི་གྲོལ་ཕུག་བྱ་བ་ན། རིན་ཆེན་མཁའ་འགྲོ་དང་རིན་ཆེན་གིང་ཆེན་གྱིས་བྱིན་གྱིས་བརླབས་པའི་དཔའ་བོ་རེ་རེ་དང་། དཔའ་མོ་རེ་རེ་རྟེན་འབྲེལ་ཟུང་འཇུག་ཏུ་ཡུལ་འཕོ་སྐྱེས་མེད་པར་རྒྱུན་ཆགས་སུ་བཞུགས་པས་ན། གཅིག་གཤེགས་པའི་ཚེ་ན་གཅིག་འཁྲུངས། གཅིག་གུད་པའི་ཚེ་ནི་གཅིག་དར་ནས་གསུམ་འཕྲུག་ཏུ་རྒྱུན་མ་ཆད་པར་བྱོན་ནས། སྒོ་སྲུང་ཞིང་གསང་སྔགས་རྡོ་རྗེ་ཐེག་པའི་བྱ་ར་བྱེད་ཅིང་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་བསྟན་པ་སྲུང་། འཕྲིན་ལས་སྒྲུབ། གདོང་གྲོགས་བྱེད། བར་ཆད་སེལ་ལོ།། དམ་ཉམ་ལོག་པར་ལྟ་བ་བསྟན་པའི་རུ་ཏྲར་གྱུར་པ་རྣམས་ནི་བསྐྲད་པ་དང་རེངས་སུ་ཞུགས་པ་དང་། བསྒྲལ་བ་དང་། སྲོག་འཕྲོག་པ་དང་། དབུགས་འབྱིན་ཁྲག་འཐུང་རྐང་འཇིབ་པ་ལ་སོགས་པའི་ཚར་གཅོད་པར་བྱེད་དོ།། ནུབ་ཕྱོགས་སུ་ཆུ་ལྷ་རྣལ་འབྱོར་བརྩེགས་པའི་སྒོ་ཡོད་དེ། སྒོ་སྲུང་ནི་དཔལ་རྟ་མགྲིན་གྱིས་བྱེད། སྒོ་རྟགས་སུ་ལ་བར་རྒྱལ་སྟོད་ཁང་འགྲམ་བྱ་བ་ན་པདྨ་ཌཱ་ཀི་དང་། པདྨ་གིང་ཆེན་གྱིས་བྱིན་གྱིས་བརླབས་པའི་དཔའ་བོ་རེ་རེ་དང་། དཔའ་མོ་རེ་རེ་རྟེན་འབྲེལ་ཟུང་འཇུག་ཏུ་ཡུལ་འཕོ་སྐྱེས་མེད་པར་རྒྱུན་ཆགས་སུ་བཞུགས་པས་ན། གཅིག་གཤེགས་པའི་ཚེ་ན་གཅིག་འཁྲུངས། གཅིག་གུད་པའི་ཚེ་ནི་གཅིག་དར་ནས་གསུམ་འཕྲུག་ཏུ་རྒྱུན་མ་ཆད་པར་བྱོན་ནས། སྒོ་སྲུང་ཞིང་གསང་སྔགས་རྡོ་ཐེག་པའི་བྱ་ར་བྱེད་ཅིང་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་བསྟན་པ་སྲུང་། འཕྲིན་ལས་སྒྲུབ། གདོང་གྲོགས་བྱེད། བར་ཆད་སེལ་ལོ།། དམ་ཉམ་ལོག་པར་ལྟ་བ་བསྟན་པའི་རུ་ཏྲར་གྱུར་པ་རྣམས་ནི་བསྐྲད་པ་དང་རེངས་སུ་ཞུགས་པ་དང་། བསྒྲལ་བ་དང་། སྲོག་འཕྲོག་པ་དང་། དབུགས་འབྱིན་ཁྲག་འཐུང་རྐང་འཇིབ་པ་ལ་སོགས་པའི་ཚར་གཅོད་པར་བྱེད་དོ།། བྱང་ཕྱོགས་ན་གནོད་སྦྱིན་རྣམ་པར་འཁྲིག་པའི་སྒོ་ཡོད་དེ། སྒོ་སྲུང་ནི་བདུད་རྩི་འཁྱིལ་བས་བྱེད། སྒོ་རྟགས་སུ་གླེས་གྲོང་རང་གད་ཕུག་རྒྱ་ཡི་དུར་ཏིར་གཏོད། ཡུལ་དེར་ལས་ཀྱི་ཌཱ་ཀི་དང་ལས་ཀྱི་གིང་ཆེན་གྱིས་བྱིན་གྱིས་བརླབས་པའི་དཔའ་བོ་རེ་རེ་དང་། དཔའ་མོ་རེ་རེ་རྟེན་འབྲེལ་ཟུང་འཇུག་ཏུ་ཡུལ་འཕོ་སྐྱེས་མེད་པར་རྒྱུན་ཆགས་སུ་བཞུགས་པས་ན། གཅིག་གཤེགས་པའི་ཚེ་ན་གཅིག་འཁྲུངས། གཅིག་གུད་པའི་ཚེ་ནི་གཅིག་དར་ནས་གསུམ་འཕྲུག་ཏུ་རྒྱུན་མ་ཆད་པར་བྱོན་ནས། སྒོ་སྲུང་ཞིང་གསང་སྔགས་རྡོ་རྗེ་ཐེག་པའི་བྱ་ར་བྱེད་ཅིང་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་བསྟན་སྲུང་། འཕྲིན་ལས་སྒྲུབ། གདོང་གྲོགས་བྱེད། བར་ཆད་སེལ་ལོ།། དམ་ཉམ་ལོག་པར་ལྟ་བ་བསྟན་པའི་རུ་ཏྲར་རྒྱུར་པ་རྣམས་ནི་བསྐྲད་པ་དང་རེངས་སུ་ཞུགས་པ་དང་། བསྒྲལ་བ་དང་། སྲོག་འཕྲོག་པ་དང་། དབུགས་འབྱིན་ཁྲག་འཐུང་རྐང་འཇིབ་པ་ལ་སོགས་པའི་ཚར་གཅོད་པར་བྱེད་དོ།། གཞན་ཡང་ཕྱིའི་སྒོ་སྐྱོར་དང་། ནང་གི་སྒོ་སྐྱོར་དང། གསང་བའི་སྒོ་སྐྱོར་ནི་ཤར་ཕྱོགས་སུ་གཤིན་རྗེའི་དོང་ཁའོ།། དེར་དཔལ་གཤིན་རྗེ་གཤེད་ཀྱི་གླིང་ཡོད་དེ། དེར་སྐྱེ་བོ་ཕལ་པ་རྣམས་ཀྱིས་བགྲོད་པར་དཀའ་སྟེ། གལ་ཏེ་བགྲོད་ན་ཡོན་ཏན་དང་ལྡན་ནོ།། ལྷོ་ཕྱོགས་ཀྱི་སྒོ་སྐྱོར་བལ་ཡུལ་སྒྲུབ་པའི་རྒྱལ་མོ་ཡང་ལེ་ཤོད་དེ། དེར་དཔལ་ཕྱག་ན་རྡོ་རྗེའི་ཕོ་བྲང་ཡོད་དོ།། རང་བྱུང་སྤྲུལ་པའི་ཁྱུང་ཆེན་མཇལ་བ་ཙལ་གྱིས་སྒྲུབ་པ་ཐོབ་པ་ཡོད་དོ།། དེར་ཡང་སོ་སོ་སྐྱེ་བོས་བགྲོད་པར་དཀའ་འོ།། ནུབ་ཕྱོགས་ཀྱི་སྒོ་སྐྱོར་ལྷ་ས་ན་གཏད་དེ། དེར་གསུང་གི་དོན་བསྒྱུར་སྤྱན་རས་གཟིགས་ཀྱི་གསུང་མཆོག་རྟ་མགྲིན་གྱི་ཕོ་བྲང་ཡོད་དོ།། དེ་ནི་འགྲོ་བ་མཐའ་དག་གི་ཚོགས་བསགས་པའི་ཞིང་དམ་པ་སྟེ། དེ་ཡང་ཚོགས་མ་བསག་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འབྱུང་ངོ་།། བྱང་ཕྱོགས་ཀྱི་སྒོ་སྐྱོར་ཞོ་སྟོད་གཏེར་སྒྲོམ་དཔལ་གྱི་འབྲི་གུང་ལས་གཏད་དེ། དེར་ཁྲོ་རྒྱལ་བདུད་རྩི་འཁྱོལ་བའི་ཕོ་བྲང་ཡོད་དོ།། དེར་བདུད་རྩིའི་ཚོགས་ལ་ལོངས་སྤྱོད་ཅིང་ཚོགས་ཀྱི་འཁོར་ལོ་རྒྱུད་མི་ཆད་པར་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་བསྐོར་ཏེ། སྐལ་མེད་ཀུན་གྱི་སྤྱོད་ཡུལ་དུ་མི་འབྱུང་ངོ་། ནང་གི་སྒོ་སྐྱོང་ནི། ཤར་ཕྱོགས་སུ་གངས་ཁྲོད་ཡུལ་བར་དང་། ལྷོ་ཕྱོགས་སུ་གློ་བོ་འབྲས་གླིང་དང་། ནུབ་ཕྱོགས་སུ་གློ་བོ་འབྲས་གླིང་དང་། ནུབ་ཕྱོགས་སུ་གཤོག་གཡོན་དར་ཏི་དང་། བྱང་ཕྱོགས་སུ་གནས་གོང་དཔལ་གྱི་ལྗོངས་རྣམས་དང་། གསང་བའི་སྒོ་སྐྱོར་ནི་གོང་གིའོ།། གནས་ཀྱི་མཚམས་བཞི་ན་སྒོ་ཕྲན་བཞི་ཡོད་དེ། ཤར་ལྷོ་ཕྱོགས་དྲང་སྲོལ་རྔམ་བྱེད་ཀྱི་སྒོ། ལྷོ་ནུབ་སྲིན་འབུ་རོ་ཟན་གྱི་སྒོ། ནུབ་བྱང་རླུང་ལྷ་སྐྱོད་བྱེད་ཀྱི་སྒོ། བྱང་ཤར་དྲག་པོ་རྩལ་འབྱིན་གྱི་སྒོ། སྒོ་ཕྲན་རྣམས་སུ་ཡང་ཡུལ་ཕྲན་དང་། ཡུལ་ཕྲན་རྣམས་སུ་འཇིག་རྟེན་ཌཱ་ཀི་ས་མ་ཡི་ཌཱ་ཀི་ལ་སོགས་པའོ།། སྒོ་དེ་དག་དང་མཐུན་པའི་ཕྱི་བསྐོར་རྣམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཡོད་པ་རྣམས་ནི། ཤར་ཕྱོགས་སུ་དྲག་པོ་གཏུམ་བྱེད་ཀྱི་དུར་ཁྲོད། ལྷོ་ཕྱོགས་སུ་འཇིགས་བྱེད་ཐོད་མཁར་གྱི་དར་ཁྲོད། ……..ལྷོ་ནུབ་ཏུ་མུན་པ་མི་ཟད་པའི་དུར་ཁྲོད། ནུབ་བྱང་དུ་ཀི་ལི་ཀི་ཡ་སྒྲུ་འབྱིན་པའི་དུར་ཁྲོད། བྱང་ཤར་དུ་དྲག་ཏུ་དགོས་བྱེད་ཀྱི་དུར་ཁྲོད། དུར་ཁྲོད་དེ་དག་རྣམས་སུ་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་རེ་རེ་རྒྱུན་ཆགས་སུ་བཞུགས། ཞིང་སྐྱོང་གི་དཔའ་བོ་རེ་རེ། དཔའ་མོ་རེ་རེ། གཞན་ཡང་ལྷ་ཆེན་པོ་རེ་རེ། ཀླུ་ཆེན་པོ་རེ་རེ། དྲག་པོ་གཏུམ་བྱེད་རེ་རེ། ཤིང་ཆེན་པོ་རེ་རེ། སྤྱོད་པ་སྐྱོང་བའི་རྣལ་འབྱོར་ཕོ་མོ་རེ་རེ། རོ་ཆེན་པོ་རེ་རེ། འབྱུང་པོ་འདུལ་བྱེད་ཀྱི་ཅེ་སྤྱང་རེ་རེ། རྔམ་པ་དྲག་བྱེད་ཀྱི་གཅན་གཟན་རེ་རེ། དཀར་པོ་མདངས་ལྡན་གྱི་ལྷ་ཆུ་རེ་རེ། ནག་པོ་རེག་ཕུང་གི་བདུད་ཆུ་རེ་རེ། གསོ་བྱེད་དུག་གི་སྡོང་པོ་རེ་རེ།  གསོ་བྱེད་སྨན་གྱི་ནགས་ཚལ་རེ་རེ། ལས་བྱེད་བཤན་པ་གྲི་ཐོགས་རེ་རེ། ཉོན་མོངས་བསྲེགས་པའི་མེ་རེ་རེ། ནམ་མཁར་འཁྲིགས་པའི་སྤྲིན་རེ་རེ། དག་བྱེད་ཁྲུས་ཀྱི་རྫིང་བུ་རེ་རེ། ཟབ་ཏིག་གདམས་པའི་ཆོས་གཏེར་རེ་རེ། འཕོངས་པ་འཚེངས་བྱེད་ཀྱི་ནོར་གཏེར་རེ་རེ། བསྟན་པའི་བཀའ་སྲུང་ཐུགས་གཏེར་རེ་རེ། སྒྲུབ་པ་ཉམས་ལེན་གྱི་རྫས་གཏེར་རེ་རེ། བསྟན་པའི་མེ་རོ་གསོ་བྱེད་ཀྱི་མཁས་བཙུན་རེ་རེ་ལ་སོགས་པ་རྣམས་སོ།། གནས་ཆེན་དེ་དག་གི་རི་བར་དང་། སུལ་ཆེན་དང་། སུལ་ཕྲན་དང་། ནགས་ཁྲོད་ལྟ་བུའི་བར་འཁྱམས་དང་། སྒོ་དང་། སྒོ་དྲུང་དང་། སྒོ་སུལ་རྣམས་སུ་རྣལ་འབྱོར་པ་མང་པོ་ཆ་ལུགས་མ་ངེས་པ། དགེ་སྦྱོང་དང་། སྔགས་པ་དང་། རྣལ་འབྱོར་པ་དང་། སྒོམ་ཆེན་དང་། ཡུལ་གྱི་གཙོ་མོ་དང་། མི་དཔོན་གྱི་ཚུལ་དང་། སྤྱོད་པ་མ་ངེས་པ་ཟངས་ཐལ་རིག་པའི་འཆར་ཚུལ་འཁྱེར་ཅིང་། ཚོགས་དྲུག་ཕྱོགས་ལས་རྣལ་རྒྱལ་གྱི་སྤྱོད་པ་མང་པོ་འབྱོར་། དེ་དག་ཐམས་ཅད་དུ་སྒྲུབ་པའི་རིགས་གང་བྱེད་ཀྱང་ཡུལ་ཁྲོད་ཕལ་པ་བས་དགུ་འགྱུར་གྱི་སྒྲུབ་ཐག་ཉེ་ཞིང་ཁྱད་པར་དུ་ཌཱ་ཀིའི་རིགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་བསྒྲུབ་ན་མངོན་སུམ་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ལོ།། དེ་དག་ཁྲོད་དུ་གང་སྐྱེས་ཐམས་ཅད་དཔའ་བོ་དང་དཔའ་མོའི་རིགས་ཅན་ཡིན་པའི་ནང་ནས་ཀྱང་རིགས་བྱེད་ཀྱི་ཌཱ་ཀི་དང་ཌཱ་ཀི་མ་རྣམས་ཀྱིས་བསྟན་པ་སྲུང་བའི་ཚུལ་དུ་བཞུགས་ཏེ། སོ་སོ་སྐྱེ་བོའི་སྣང་ངོར་གསོད་པ་དང་། སྤྱོད་པ་དང་། བརྡུང་བ་དང་། འཇོམ་པ་དང་། ཕྱོ་བ་དང་། གླུ་གར་དང་བྲོ་ལ་སོགས་པ་བྱེད་ཅིང་། མཐའ་མ་རང་དང་ཁྱད་པར་མི་བྱེད་དོ།། འཕགས་པ་དང་། སོ་སོ་སྐྱེ་བོ་ལས་རྣམ་པར་དཀར་བ་རྣམས་ཀྱིས་ནི་གོང་བཞིན་དུའོ།། ཞེས་པ་ཨོ་རྒྱན་ལམ་ཡིག་ཏུ་གསུངས་སོ།། བཀྲ་ཤིས།།
      ཨེ་མ། ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་ལྟེ་བ་མཚོ་དཀར་སྤྲུལ་པའི་ཕོ་བྲང་འདི་ཉིད་ཀྱི་ལོ་རྒྱུས་ནི། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་སྔ་ནས། རྩ་གསུམ་འཁོར་ལོ་བཞི་ཡི་ཚུལ།། དེ་ལ་ཙ་རི་ཞེས་བྱའོ།། རྩ་གསུམ་ནི། ཙ་རི་རྙིང་མ་རོ་མ། གསར་མ་བཀྲ་ཤིས་ལྗོངས་རྐྱང་མ། མཚོ་དཀར་ནི་དབུ་མའོ།། འཁོར་ལོ་བཞི་ལས། བཀྲ་ཤིས་ལྗོངས་སྐུའི་འཁོར་ལོའི་གནས་ཡིན་པས། སྐུ་གཟུགས་རང་བྱོན་དང་དུར་ཁྲོད་ཀྱི་རྣམ་པ་མང་ངོ་།། རྙིང་མ་གསུང་གི་འཁོར་ལོའི་གནས་ཡིན་པས་མཚོ་དང་ཡིག་འབྲུ་མང་བའོ།། མཚོ་དཀར་ཐུགས་ཀྱི་འཁོར་ལོའོ་གནས་ཡིན་པས་རང་བྱུང་གི་མཆོད་རྟེན་མང་བའོ།། བྱིན་ལེགས་བདེ་བ་ཆེན་པོའི་གནས་ཡིན་པས་གསང་གནས་དང་ཆོས་འབྱུང་མང་བའོ།། ཅེས་གསུངས་ཏེ། ཨོ་རྒྱན་པདྨའི་ཞལ་ནས་སྤྱིར་ཙ་རི་ཙ་གོང་ཞེས་བྱ་བ། ཤར་ནུབ་དབུས་དང་གླིང་གསུམ་ལས།། ཤར་ནུབ་གཉིས་ཀྱི་ཙ་རི་ནི་རྡོ་རྗེ་རྩ་དགུའི་རྭ་གཡས་གཡོན་ལྟ་བུའོ།། མཚོ་དཀར་ནི་རྡོ་རྗེའི་ལྟེ་བའོ།། ཞེས་གསུངས་ཏེ། མཁས་པ་བི་མ་ལའི་ཞལ་ནས། རྡོ་དང་བོད་ཀྱི་མཚམས་ན། ཨ་མ་ར་རྡུ་ཏེ་ཞེས་མཚོ་དཀར་འདི་ཉིད་སིནྡྷུ་ཞེས་བྱ་བ་རི་མཆོད་རྟེན་གངས་དང་བཅས་པ་ཡོད་དེ། དེའི་ནུབ་ཕྱོགས་སུ་དཔག་ཚད་གཅིག་བགྲོད་པ་ན་དྲག་པོ་རྩེ་གསུམ་འདུས་པ་ཞེས་བྱ་བའི་གནས། རི་མཚན་མ་ཅན་རྣམ་པར་མི་རྟོགས་པ་སྐྱེ་བའི་གནས་དང་། གཡུ་མཚོ་དང་དུང་མཚོ་ལ་སོགས་པ་ཡོད་གསུངས་སོ།། དེ་ལ་དྲག་པོ་རྩེ་གསུམ་ནི་རྡོ་རྗེ་རི། དྲིལ་བུ་རི། དབུ་མ་རི་གསུམ་ཡིན་ནོ། རི་མཚན་མ་ཅན་ནི་དག་པ་ཤྲི་སྟེ་སྙིང་མའོ།། ཨ་མ་ར་རྡུ་ཏིའི་ཤར་ཕྱོགས་སུ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་རྒྱུད་གསུམ་དང་ལྷ་ཆུ། བདུད་ཆུ། སྲིན་ཆུ་གསུམ་འདས་པའི་ཤར་ཕྱོགས་ན། མཁའ་འགྲོ་མ་གསང་བ་བླ་ན་མེད་པའི་གནས་ནུབ་ཕྱོགས་ཕུག་དང་། རི་བོ་ཆེན་པོ་ལྷ་རྟེན་འཛིན་ཞེས་དང་། རང་བྱུང་གི་དུར་ཁྲོད་ལ་སོགས་པ་གོང་གི་ཡོན་ཏན་རྫོགས་པར་བཞུགས་སོ། ཞེས་དང་། ཆོས་ཀྱི་རྗེ་དྭགས་པོ་ལྷ་རྗེ་དེ་ཉིད་ཀྱི་རྗེ་དེ་ཉིད་ཀྱི་རྗེ་ཕག་མོ་གྲུབ་པ་ལ། གངས་ཏི་སེ། ལ་ཕྱི་ཆུ་བར། ཙ་རི་རྡོ་རྗེ་ཕྲེད་ལ་བཞག་པ་ལྟ་བུའི་རྭ་གཡས་པ་དང་བཅས་པ་ཁྱོད་ཀྱི་གཟུང་ལས་དར་རྒྱས་བགྱིས་ཅེས་གསུངས། དཔལ་དུས་གསུམ་མཁྱེན་པ་ལ་ཁྱོད་ཀྱི་ཙ་རི་རྡོ་རྗེའི་ལྟེ་བ་དང་རྭ་གཡོན་པ་རྣམས་གཟུང་ལ་དར་རྒྱས་བགྱིས་ཅེས་གསུངས་པས། དེར་དཔལ་དུས་གསུམ་མཁྱེན་པ་དེ་ཉིད་ནི་སྟོད་ལུང་མཚུར་ཕུ། སྙམ་པོ་གནས་ནང་། ཤར་ཕྱོགས་དཔུང་རི་ལ་སོགས་པའི་གདན་ས་རྣམས་བཏབ་སྟེ་སྐུ་བགྲེས་པས་གནས་དེའི་སྒོ་ཕྱེ་བར་མ་བྱུང་ངོ་།། སྐྱེ་བ་འདི་ཡི་རྗེས་མ་ཆོས་རྗེ་ཀརྨ་པཀྵི་ཉིད་ཡིན་ལ། ཀརྨ་པ་ནི་མདོ་རྒྱུད་དུ་མ་ལས་ལུང་བསྟན་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཀ་དང་པ་ཡི་ཐོག་མཐའ་ཅན།། བསྟན་པ་གསལ་བྱེད་སྐྱེས་བུ་འབྱུང་།། ཞེས་གསུངས་པ་དང་། ཏིང་འཛིན་རྒྱལ་པོའི་རྒྱུད་ལས་ཀྱང་། ང་འདས་ལོ་ནི་ཉིས་སྟོང་ན། གདོང་དམར་ཡུལ་དུ་བསྟན་པ་འབྱུང་།། སྤྱན་རས་གཟིགས་ཀྱིས་འདུལ་བར་འགྱུར།། དེ་ཡི་བསྟན་པའི་སྙིང་མ་ལ།། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ།། ཀརྨ་པ་ཞེས་བྱ་བ་འབྱུང་།། ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ།། ཞེས་དང་། དྭངས་སྙིགས་འབྱེད་པའི་མདོ་ལས་ཀྱང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན།། ཀརྨ་པ་ཞེས་བྱ་བ་ཡི།། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་།། ཞྭ་ནག་གྱོན་ནས་འགྲོ་བ་འདུལ།། ཞེས་པ་དང་། ཨོ་རྒྱན་པདྨའི་ལུང་བསྟན་ཤེལ་ཕྲེང་ལས།། ཀརྨ་པ་ཞེས་གྲགས་པའི་འཕགས་པ་ནི།། མི་ཡི་སེང་གེ་རྣམ་མཁྱེན་རྫུ་འཕྲུལ་ཅན།། མཐུ་སྟོབས་མངའ་བདག་ཧོར་སོགས་དམུ་རྒོད་འདུལ།། ཐུགས་རྗེའི་འོད་ཟེར་འགྲོ་དྲུག་ཡོངས་ལ་ཁྱབ།། སྣ་ཚོགས་ཐབས་ཀྱིས་བོད་ཁམས་བདེ་ལ་འགོད།། ཅེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀརྨ་པ་དེ་ཉིད་ཤར་ཕྱོགས་དཔུང་རི་ན་བྱོན་ཏེ་སྒྲུབ་པ་མཛད་པས་རླུང་སེམས་ལ་དབང་ཐོབ། ཡི་དམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས་ཤིང་ལུང་བསྟན། རྒྱ་ཧོར་སོག་གི་ཡུལ་དུ་བྱོན་ནས། རྒྱལ་པོའི་ཁྲིམས་རར་བརྟུལ་ཞུགས་ཀྱིས་སྤྱོད་པ་བསྟན་པ་ནི་མེ་ལ་བསྲེགས་པའི་མེས་མི་འཚིགས། ཆུ་ལ་བསྐུར་བས་ཆུས་མ་འཁྱེར། དུག་སྟེར་ཀྱང་དུག་གིས་མ་ཐུབ། རལ་གྲི་འཁོར་ལོ་བརྒྱབ་ཀྱང་མཚོན་གྱིས་མ་ཚུག འབུ་དོང་ལ་བཅུག་ཀྱང་གནོད་པ་མ་བྱུང་། འབྱུང་པོ་མི་མ་ཡིན་ལ་གཏད་ཀྱང་གནོད་པས་མ་ཚུགས་པས། རྒྱལ་པོ་ལ་སོགས་པ་ལྷ་མི་རྣམས་དད་པར་བྱས་ནས་ཆོས་ལ་བཀོད་དོ།། རྒྱ་མན་ཇུ་ཆོས་ལ་བཀོད་མི་དེ།། ང་སྐྱེས་མཆོག་ཀརྨ་པཀྵི་ཡིན་གསུངས་ནས་རྒྱ་གར་དུ་འབྱོན་དགོངས་པ་ལ། ཙ་རིའི་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུས་གདན་འདྲེན་དུ་ཕྱིན་ནས། རྒྱ་གར་ན་སངས་རྒྱས་ཀྱི་ཆོས་ཀྱང་དར། གྲུབ་ཐོབ་ཀྱང་མང་། བོད་མུན་པའི་གླིང་དུ་མུན་སེལ་གྱི་སྒྲོན་མེ་ལ་བྱོན་པར་ཞུ། ཀོང་པོ་ལུང་པ། འབྲས་མོ་ལྗོངས་དང་། གནས་ཉི་ཤུ་རྩ་བཞིའི་གཙོ་བོ་ཙ་རི་ཏྲ་རྣམས་ཀྱི་བདག་པོ་ང་ཡིན་པས་ཁྱེད་ལ་འབུལ་བས་ཅིས་ཀྱང་བོད་ལ་བྱོན་པར་ཞུ་ཞུས་པས་ཞལ་གྱིས་བཞེས་ཏེ། དེར་རྒྱལ་པོ་སོགས་ལྷ་སྡེ་དང་མི་སྡེ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས། བོད་དུ་བྱོན་ནས་མཚུར་ཕུར་ཕེབས་པ་དང་། འབྲི་གུང་འཇིག་རྟེན་མགོན་པོ་དེ་ཉིད་ཀྱིས་གངས་ཏི་སི། ལ་ཕྱི་ཆུ་བར། ཙ་རི་རྣམས་རི་ཐོབ་བརྫངས་ནས་དར་རྒྱས་མཛད་པ་ཐོས་པ་དང་། དེར་ཀརྨ་པའི་ཐུགས་ལ་བླ་མའི་ཙ་རི་རྡོ་རྗེ་ལྟེ་བ་དང་། རྭ་གཡོན་པ་རྣམས་ང་ལ་བཟུང་ལས་དར་རྒྱས་བགྱིས་གསུངས་པའི་ད་སྒོ་ཕྱེས་ནས་དར་རྒྱས་བྱེད་དགོས་དགོངས་ནས། གནས་དེའི་སྒོ་ཕྱི་ནུས་པའི་སྐྱེས་བུ་ལས་ཅན་ཞིག་གང་དུ་ཡོད་དམ་གཟིགས་པ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་སྐུའི་སྐྱེ་བ་དེ་སྤྲག་ལུང་ཚ་ཤུག་ཏུ་སྐུ་འཁྲུངས་པ་གཟིགས། དེར་འབོད་མི་བཏང་ནས། ཚ་ཤུག་བྲག་སྟེང་བྱ་བ་ན་བན་པོ་རྡོར་རྒྱལ་བྱ་བའི་བུ་རྡོར་འོད་བྱ་བ་ཡོད། དེ་ཁྲིད་ལས་ཤོག་གསུངས། དེར་བུ་ཁྲིད་ནས་མཚུར་ཕུར་ཀརྨ་པ་དང་མཇལ། དབང་བསྐུར་བྱིན་གྱིས་བརླབས་ནས་མཚན་ཡང་ཡེ་ཤེས་དབང་ཕྱུག་ཏུ་གསོལ་ཏེ། བཀྲ་ཤིས་ལྗོངས་ཀྱི་གནས་ཐམས་ཅད་དང་གཟིགས་སྣང་ཐམས་ཅད་སྒོ་ཕྱེས་ཏེ་གཏན་ལ་ཕབ་བོ།། དེར་ཆོས་རྗེ་ཀརྨ་པ་དེ་ཉིད་ཀྱི་སྐུའི་སྐྱེ་བ་རྗེ་རང་བྱུང་རྡོ་རྗེ་དེ་ཉིད་ཀྱི་མཚོ་དཀར་གྱི་གནས་སྒོ་ཕྱེ་བར་དགོངས་པ་ལས་གནས་གསུམ་གྱི་དབུ་མ་ཡིན་པས་གཙོ་ཆེ་ཞིང་གཉན་པའི་སྟོབས་ཀྱིས་ནང་གི་སྒོ་ཕྱེ་བའི་རྟེན་འབྲེལ་མ་འགྲིག་སྟེ། དཀྱིལ་འཁོར་ཕྱི་དང་བར་གྱི་གནས་ཚུལ་རྒྱས་པར་གསུངས་པ་ནི། འདི་ལ་ཕྱི་དཀྱིལ་འཁོར་སྒོ་བཞིའི་ཡོངས་སུ་བསྐོར་བའི་ཁོར་ཡུག་ནི། ཕལ་པ་རྣམས་ཀྱིས་བགྲོད་པར་དཀའ་བའི་ཕྱིར། སྣ་ཚོགས་བྲག་རིའི་ཕྲེང་བས་ཡོངས་སུ་བསྐོར།། རྡོ་རྗེ་རལ་གྲིལ་རིན་ཆེན་འཁོར་ལོ་ཡིས། འགྲོ་རྣམས་ནགས་ཚལ་དུ་མས་འཁྲིགས་པ་འདྲ།། རི་སུལ་ཆུ་རྒྱུན་བབ་པ་གྱུར་པ་ཀུན།། དབྱིབས་ནི་དར་རྐྱང་ཕྱོགས་སུ་བཀོད་འདྲ་ལ།། རླུང་སྒྲས་བསྐྱོད་པའི་འུར་འུར་སྒྲ་འབྱིན་ཞིང་།། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྔགས་ཀྱི་སྒྲས།། ཕྱོགས་རྣམས་ཀུན་ཏུ་སྒྲོགས་པར་བྱེད་པ་བཞིན། བྲག་རི་ལྗོན་ཤིང་ཡལ་གའི་ཚོགས་རྣམས་ཀུན།། མཚོན་ཆ་སྣ་ཚོགས་མདའ་ཡི་དྲ་བ་བཞིན།། བྱ་དང་གཅན་གཟན་གཏུམ་པོ་དུ་མ་རྣམས།། ཚུལ་མིན་སྲུང་བའི་དོན་དུ་བཀོད་པ་བཞིན།། ཕྱི་རོལ་སྐྱེ་བོ་གྲོང་ཁྱེར་དུ་མ་རྣམས།། ཀླ་ཀློ་སྣ་ཚོགས་ཡུལ་ལྡན་མི་སྡུག་པ།། དུར་ཁྲོད་འབྱུང་པོ་རོ་ལངས་གར་བྱེད་དང་།། ཤ་ཟ་ཞིང་སྐྱོང་ཚོགས་རྣམས་བཀོད་པ་འདྲ།། དེ་ལྟར་ཕྱིའི་ཁོར་ཡུག་རྣམས་ཡིན་ཞིང་། རྡོ་རྗེ་ར་བའི་ཁོར་ཡུག་གི་ཕྲེང་བ་ཆེན་པོའི་ཕྱི་རོལ་ན་ཀློ་དང་། མོན་དང་། དམྱལ་དང་། དག་ཀོང་གི་ས་ཆས་ཡོངས་སུ་བསྐོར་ཞིང་། རྡོ་རྗེའི་བྲག་རིའི་ནང་ཚུན་ཆད་དུ་ནི་གླང་གོང་དང་། ཀླ་ཀློ་མི་ཁྱིམ་བདུན་པ་མིན་པ་གཞན་མེད་དོ།། ཕྱི་དང་ནང་དང་དེ་དག་ཐམས་ཅད་དུ་ཡང་། སྨད་རོང་བཙན་ཁ་བ་དཀར་པོ་ལ་ཐུག་གི་བར་དང་། སྟོད་བལ་ཡུལ་སྒྲུབ་པའི་གནས་ཆེན་པོ་ལ་ཐུག་གི་བར་དང་། ལྷོ་ཕྱོགས་ཀ་མ་རུའི་མཐར་ཐུག་གི་གནས་ལ་སོགས་པ་ཚུན་ཆད། གནས་དང་ཉེ་བའི་གནས་ལ་སོགས་པ་གནས་ཕྲན་སྟོང་ཡོད་པར་བཤད་དོ།། འདིར་ནི་མ་སྨོས་སོ།། ད་ནི་བར་འཁྱམས་སུ་གནས་པའི་གནས་ཚུལ་བརྗོད་པར་བྱ་སྟེ། སྣ་ཚོགས་སྐྱེ་བོ་རྣམས་ཀྱི་རབ་དབེན་པས།། ལུང་པ་དུ་མའི་ཕྱོགས་ཀུན་ཉེ་བར་བཀོད།། ཆུ་བོ་རྣམས་ནི་ཕྱོགས་བཞིར་རབ་ཏུ་འབབ།། དཀྱིལ་འཁོར་འཁྱམས་ཀྱི་རྣམ་པར་བཀོད་པ་འདྲ།། གསེར་དངུལ་རིན་ཆེན་ཟངས་ལྕགས་ས་རྡོ་རྣམས།། དགོས་འདོད་ཀུན་འབྱུང་ལྷ་དགུ་བཀོད་པ་འདྲ།། ལུང་པའི་མཐིལ་རྣམས་དུས་ཚོད་རྐྱེན་གྱིས་ནི།། ཁ་དོག་རྣམ་པ་བཞི་ནི་སྣང་གྱུར་ཏེ།། དབྱར་དུས་ནེའུ་གསིང་སྔོན་པོ་བཀོད་པ་འདྲ།། རྨ་བྱའི་མགྲིམ་པ་ལྟ་བུར་སྣང་བར་གྱུར།། སྟོན་དུས་ས་དང་རི་ངོས་ཐམས་ཅད་ཀྱང་།། གསེར་སྦྱངས་བཙོ་མ་འཕྱིས་པ་ལྟ་བུར་གྱུར།། དགུན་ནི་བསིལ་བར་གྱུར་པའི་ཡོངས་བཏམས་པའི།། དངུལ་དང་ཀུན་མུད་ཏ་ཡ་ཁ་དོག་བཞིན།། སོས་ཀའི་དུས་ན་དུས་ཚོད་དབང་གིས་ནི།། དམར་པོ་ལ་སོགས་ཚོན་སྣ་བཀྲམ་པ་བཞིན།། ནགས་ཚལ་ལྗོན་པའི་ཚོགས་ཀྱི་ལྷ་མོ་རྣམས།། རླུང་གིས་བསྐྱོད་པའི་ཡན་ལག་གར་མཛེས་བྱེད།། མེ་ཏོག་འབྲས་བུ་ཕྲེང་བས་ལེགས་བརྒྱན་པ།། ཕན་ཚུན་ཡན་ལག་བསྐྱོད་པའི་སྒྲ་དབྱངས་དང་།། དྲི་ཞིམ་སྨན་དང་མེ་ཏོག་སྣ་ཚོགས་ཀྱི།།བདུག་སྤོས་སྨན་རྣམས་ཕྱོགས་བཅུར་ལྡང་བ་བཞིན།།མཚོ་ཕྲན་སྟེང་ཀ་མེ་ཏོག་ཕྲེང་བ་བཞིན།། གསལ་བར་བརྒྱན་ཅིང་ཆུ་ཕྲན་ཕྲེང་བ་རྣམས།། མུ་ཏིག་ཕྲེང་བས་དོ་ཤལ་བཀོད་པ་འདྲ།། སྣ་ཚོགས་སྨན་གྱིས་ས་སྟེང་ཁྱབ་པ་ཀུན།། ས་གཞི་སྤོས་ཀྱི་ཕྱེ་མ་བརྡལ་བ་འདྲ།། རི་དྭགས་བྱ་ཚོགས་དུ་མས་བརྒྱན་པ་རྣམས།། རྟ་བབ་བརྒྱན་དུ་སོ་སོར་བཀོད་པ་བཞིན།། རྩྭ་དང་སྨན་ལྗོངས་ཤིང་ཕྲན་འཁྲིགས་པ་རྣམས།། རབ་ཏུ་འགྲིགས་པ་བྲ་མོ་འགྲོས་བཀྲམ་བཞིན།། ཆུ་ཕྲན་དར་དཀར་ཀུན་ཏུ་བརྐྱང་འདྲ་ཞིང་།། རྩེ་ན་ན་བུན་འཁྲིགས་པའི་གདུག་མཛེས་ཤིང་།། ཆར་རྒྱུན་རིན་ཆེན་འཕྲེང་བ་འཁྲིགས་པ་འདྲ།། ཞེས་པ་ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའོ།། 
     རྟོགས་ལྡན་མཁའ་སྤྱོད་དབང་པོའི་ཞལ་ནས་ཀྱང་། ཁྱད་པར་མཐོང་མེད་ལུག་ལྟར་འཁྱམ་གྱུར་ཀྱང་།། གནས་ཀྱི་མིང་དོན་ངེས་ཤེས་མི་འབྱུང་བས།། དོན་མེད་རི་ལ་སྟོང་སྐོར་མ་བྱེད་ཨང་།། བསྐོར་ན་མཁས་པ་དག་དང་འགྲོགས་ལས་སོང་གསུངས་སོ།། ཕྱག་ཆེན་པ་དེ་ཡང་རྒྱུད་ཆོས་དང་མཐུན་ཞིང་ལམ་ཡིག་དང་གཟིགས་སྣང་ཐམས་ཅད་མ་ནོར་བར་སྟོན་ཤེས་པ་ཞིག་དགོས། གནས་སྐོར་བ་རྣམས་ཀྱང་དད་གུས་རྩེ་གཅིག་གི་སྒོ་ནས་མན་ངག་འདི་ལྟ་བུ་ཞིག་དགོས་སོ།།བླ་མའི་བྱིན་རླབས་འཇུག་པ་མོས་གུས་གསོལ་འདེབས་དང་བཅས་ཏེ་བསྐོར། མཁའ་འགྲོའི་དངོས་གྲུབ་འབྱུང་བྱེད་དགའ་སྟོན་ཚོགས་འཁོར་དང་བཅས་ཏེ་བསྐོར། སྲུང་མའི་བཀའ་རྒྱ་བཀྲོལ་བ་དམ་རྫས་གཏོར་མ་དང་བཅས་ཏེ་བསྐོར། སྒྲིབ་སྦྱོང་ཚོགས་སུ་འགྲོ་བ་དཀའ་སྤྱད་སྙིང་རུས་དང་བཅས་ཏེ་བསྐོར། ལས་བཞི་འགྲུབ་པར་བྱེད་པ་སྐྱེད་རིམ་བཟླས་པ་དང་བཅས་ཏེ་བསྐོར། ཕྱག་ཆེན་འགྲུབ་པར་བྱེད་པ་མི་རྟོག་ཏིང་ངེ་འཛིན་དང་བཅད་ཏེ་བསྐོར། འཕོ་མེད་ཐོབ་པར་བྱེད་པ་གསང་ཆེན་རིག་སྤྱོད་དང་བཅས་ཏེ་བསྐོར། བསྟན་པ་སྤྱི་དང་མཐུན་པ་ཆོས་ཁྲིམས་སོ་ཐར་དང་བཅས་ཏེ་བསྐོར། ཐེག་ཆེན་མདོ་དང་མཐུན་པ་ཕན་སེམས་ཤེས་རབ་དང་བཅས་ཏེ་བསྐོར། ཁྱད་པར་སྔགས་དང་མཐུན་པ་འདུ་ཤེས་རྣམ་གསུམ་དང་བཅས་ཏེ་བསྐོར། བླ་མེད་དོན་དང་མཐུན་པ་མཆོག་གི་ཉམས་མྱོང་དང་བཅས་ཏེ་བསྐོར། ལུས་སྒྲིབ་དག་པར་བྱེད་པ་ཕྱག་བསྐོར་ཅི་ལེགས་དང་བཅས་ཏེ་བསྐོར། ངག་སྒྲིག་དག་པར་བྱེད་པ་ཁ་ཏོན་བསྟོད་དབྱངས་དང་བཅས་ཏེ་བསྐོར། ཡིད་སྒྲིབ་དག་པར་བྱེད་པ་སྨྲ་བཅད་བསམ་གཏན་དང་བཅས་ཏེ་བསྐོར། སྐོར་ཚད་ཆོས་སུ་འགྲོ་བ་དམ་ཚིག་སྡོམ་པ་དང་བཅས་ཏེ་བསྐོར། ཆོས་མིན་གྱི་སྤྱོད་པ་སྤངས་ཏེ་བག་ཡོད་དྲན་ཤེས་དང་ལྡན་ཏེ་བསྐོར། ཞེས་བྱ་བ་འདི་དག་ནི་ལྟ་ཐབས་བསྟན་པ་སྟེ། རྣམ་པ་ནས་རྣམ་པ་ཐམས་ཅད་དུ་ཡིད་ལ་བཟུང་ཞིང་ལག་ལེན་ལ་འབད་པར་བྱའོ།། བསྟན་པའི་དགོས་པ་ནི་འདི་ལྟ་བུ་འབྱུང་སྟེ། སྐུ་བཞི་སྔོན་དུ་བྱེད་པ། བརྟུལ་ཞུགས་གདེང་དང་ལྡན་པ། ཉམས་མྱོང་བོགས་ཆེན་ཐོན་པ། ཌཱ་ཀིའི་དངོས་གྲུབ་ཐོབ་པ། གསང་སྔགས་ཀྱི་དཀྱིལ་འཁོར་མཐོང་བ། ཕྱི་ནང་དབྱེར་མེད་གོ་བ། རང་ལུས་ལྷ་སྐུར་ཤེས་པ། ཚོགས་གཉིས་ལོ་ཏོག་སྨིན་པ། ལོ་བརྒྱ་བསྡད་ཀྱང་སྐྱོ་བ་མེད་པ། ལན་བརྒྱར་བསྐོར་ཀྱང་ཆོག་ཤེས་མེད་པ་སྟེ། རྣམ་པ་ཀུན་ཏུ་གནས་དོན་ཡིད་ལ་བཟུང་བ་གལ་ཆེའོ།། ཞེས་པ་འདི་ནི་རྟོགས་ལྡན་མཁའ་སྤྱོད་དབང་པོས་མཛད་པའོ།། མཚོ་དཀར་འདི་ཉིད་ཀྱི་གཟིགས་སྣང་ནི། དེ་ཡང་གནས་ཆེན་འདི་ཉིད་ཀྱི་སྒོ་ནི། སྔོན་གྱི་དུས་སུ་ཨོ་རྒྱན་པདྨས་ལུང་བསྟན་པ་ལྟར། ཀློ་ནམ་མཁའ་གསལ་བྱེད་ཀྱི་ལམ་སྣ་བྱས་ཏེ་གཏེར་སྟོན་གུ་རུ་ཆོས་དབང་དེ་ཉིད་ཀྱིས་མཚོ་དཀར་ནུབ་སྒོ་ཕྱེ་ནས་འབྱོན་དུས་ལྷ་མོ་དུང་སྐྱོང་མ་དར་དཀར་པོའི་ན་བཟའ་གསོལ་ཏེ་དྲེའུ་དཀར་མོ་གཅིག་ཆིབས་ནས་བདུད་རྩི་ཀ་པཱ་ལ་གང་བཟུང་ནས་ནམ་ཕང་སྟེང་དུ་བསུ་བ་ལ་བྱོན་ནས་ཆང་དྲངས། སྐྱེས་བུ་ཆེན་པོ་བྱོན་པ་ལགས་སམ། འོ་མ་རྒྱལ་ལམ་ཞེས་སྙུན་དྲིས་ཏེ་གདན་དྲངས། མཆོད་རྟེན་ཆེན་པོ་བཀྲ་ཤིས་འོད་འབར་ལ་བསྐོར་བ་ལན་གསུམ་མཛད་ནས་ཕ་རིའི་བྲག་དཀར་པོར་ཐིམ་མོ།། དེར་གུ་རུ་ཆོས་ཀྱི་དབང་ཕྱུག་གིས། ནོར་བུ་གླང་ཆེན་ཐང་གི་གཞལ་ཡས་ནས། མཆོད་རྟེན་བྱ་རུང་ཁ་ཤོར་ལ།། མཆོད་རྟེན་བརྒྱ་དང་རྩ་བརྒྱད་བསྐོར།། གནས་འདི་མཇལ་བའི་སྐྱེས་བུ་རྣམས།། ཕྱིར་མི་ལྡོག་པའི་ས་ཐོབ་འགྱུར།། ཅེས་གསུངས་ནས་གཟིགས་སྣང་ཁ་ཡར་ཞིག་སྒོ་ཕྱེས་པའོ། དེར་ཀརྨ་པ་རང་བྱུང་རྡོ་རྗེའི་སྐུའི་སྐྱེ་བ་ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེ་དེ་ཉིད་ཀོང་པོ་ནས་པར་སྐུ་འཁྲུངས་ཏེ། དགུང་ལོ་བདུན་བཞེས་པ་དང་ཙ་རི་བཀྲ་ཤིས་ལྗོངས་སུ་ཕེབས་ཏེ་བཀྲ་ཤིས་ལྗོངས་ཀྱི་གནས་ཐམས་ཅད་ཞབས་ཀྱིས་བཅགས། དེ་ནས་ཚུར་འབྱོན་བྱིན་ལེགས་བདེ་བ་ཆེན་པོའི་གནས་ཀྱི་སྒོ་ཕྱེ་གཟིགས་སྣང་ཐམས་ཅད་གཏན་ལ་ཕབས། གཟིམ་ཁང་མཆོད་ཁང་སྤྱིལ་ཕྲན་ལ་སོགས་པ་བརྒྱབ་སྟེ། རྟོགས་ལྡན་མཁའ་སྤྱོད་དབང་པོ་ལ་སྦྱིན་པས། སྦྱིན་པ་ལེགས་གསུངས་ནས་བྱིན་ལེགས་བདེ་བ་ཆེན་པོར་མཚན་གསོལ། དེ་ནས་རས་དཀར་བ་ཐུགས་རྗེ་རྒྱལ་མཚན་དང་ཆོས་རྗེ་རོལ་པའི་རྡོ་རྗེ་དཔོན་སློབ་རྣམས་གངས་ལའི་ལ་རྩེར་ཕེབས་པ་དང་། ལ་ཁ་དེར་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆོས་ཀྱི་རྩིགས་པ་གཟིགས། དེའི་འོག་ཕྱོགས་རྫ་ཁྲོད་དེར་མཆོད་རྟེན་སྤོས་ཁང་མ་གཟིགས། དེ་ཡང་རྒྱལ་པོ་ལམ་ཡིག་ནས་འདི་ལྟར་གསུངས་སོ།། ས་པདྨ་འདབ་བརྒྱད་དུ་ཡོད་པ། གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ། ས་གཞི་ཐམས་ཅད་བཀྲ་ཤིས་རྫས་སུ་ཡོད་པ། རི་བྲག་ཐམས་ཅད་རྡོ་རྗེ་མནོལ་བ་ལྟ་བུ་ལ་ལྷའི་སྐུ་གཟུགས་སྣ་ཚིགས་ཤར་བ། གཡས་གཡོན་གྱི་བྲག་ཐམས་ཅད་སེང་གེ་གྱེན་དུ་མཆོངས་བ་ལྟ་བུ། ཆུ་ཐམས་ཅད་དར་དཀར་གྱི་ཡུག་བརྐྱང་བ་ལྟ་བུ། མཁའ་འགྲོའི་སྒྲ་སྐད་ཐམས་ཅད་ཧཱུཾ་ཧཱུཾ། ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པ། ཤིང་ཐམས་ཅད་མཆོད་པའི་ལྷ་མོ་གར་བྱེད་ལྟ་བུ་ལ་ལོ་འདབ་ཐམས་ཅད་དངོས་གྲུབ་ལོན་པ་ལྟ་བུ། རྩ་བ་ཐམས་ཅད་དགྲ་བགེགས་བསྒྲལ་བ་ལྟ་བུའོ།། དཔའ་བོ་དང་དཔའ་མོ་ཐམས་ཅད་རང་བཞིན་གྱིས་འདུ་ཞིང་། མཁའ་འགྲོ་མ་རྣམས་ཀྱིས་དངོས་སུ་ལུང་སྟོན་པའི་གནས། སྐལ་མེད་ཀྱི་ཚེ་ལ་བར་དུ་གཅོད་ཅིང་སྐལ་ལྡན་དངོས་གྲུབ་ལེན་པའི་ས། ཞེས་གསུངས་པ་ལྟར་གཟིགས།།
      དེར་ལམ་ཁའི་མཚོ་ཆུང་དེ་ཕྱག་ན་རྡོ་རྗེའི་བླ་མཚོར་གཟིགས། དེ་ནས་ཚུར་འོང་པས་མཆོད་རྟེན་འདི་ལ་མཁའ་སགྲོ་མ་ཉི་མའི་སྤྱན་དང་ཟླ་བའི་སྤྱན་ཅན་གཉིས་བསྐོར་བ་བྱེད་ཅིང་འདུག་པ་ལ། ཆོས་རྗེ་དེར་ཕེབས་པ་དང་མཁའ་འགྲོ་མ་གཉིས་མཆོད་རྟེན་དེ་ལ་ཐིམས་པས་མཆོད་རྟེན་ཉི་ཟླ་དགུ་སྐོར་དུ་མཚན་གསོལ། དེ་ནས་ཚུར་འོངས་པས་ལམ་ཁའི་བྲག་ཕུག་དེར་ཆོས་རྗེ་རོལ་པའི་རྡོ་རྗེ་བསམ་གཏད་གྱི་ཏིང་འཛིན་ལ་བཞུགས་པས་མཁའ་འགྲོའི་སྨན་མོས་དངོས་གྲུབ་ཕུལ་བས་ཆོས་རྗེ་ཤིན་ཏུ་དགྱེས་ཏེ། མ་རྨོས་ཀྱི་ལོ་ཏོག་འདེམས་སེ་འདེམས། བྱ་བྱིའུ་གསུང་སྙན་ཀྱུ་རུ་རུ། ཞེས་གསུངས་ནས་བྲག་ཕུག་དེར་ཏིང་ངེ་འཛིན་ཕུག་ཏུ་མཚན་གསོལ། དེ་ནས་སྨན་མོ་ལ་རྩེར་ཕེབས་པ་དང་། གཞི་བདག་སྒམ་བུ་ལྷ་རྗེ་རྟ་དཀར་པོ་ཞིག་ལ་བཅིབས་ནས་ཇ་དངུལ་དམ་གང་བཟུང་ནས་ལ་ཁར་བསུ་བ་མཛད། དེར་ཇ་དྲངས་ཏེ་སྐྱེས་བུ་ཆེན་པོ་བྱོན་པ་ལགས་སམ། འོ་མ་བརྒྱལ་ལམ་ཞེས་བསྙུན་འདྲི་མཛད་དོ།། དེར་ཆོས་རྗེས་ལུང་པ་དངུལ་གཞོང་མར་ཁུར་བསྐང་བ་ལྟར་གཟིགས། གཡས་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ་ལ་འཇམ་དཔལ་གྱི་ལྷ་སུམ་བརྒྱ། གཡོན་རི་བཙུན་མོའི་ཐུ་བ་གཟེད་པ་འདྲ་བ་ལ་ཇོ་བོ་བཅུ་གཅིག་ཞལ་གྱི་ཞིང་ཁམས། མདུན་རི་རིན་ཆེན་སྤུངས་པ་འདྲ་བ་ལ་བདེ་མཆོག་ལྷ་ལྔ་དང་། ཕག་མོ་ལྷ་ལྔ། རྒྱབ་རི་དར་དཀར་གྱི་ཡོལ་བ་འདྲ་བ་ལ་ཁྲག་འཐུང་རིགས་ལྔ་དང་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས། གངས་རི་པདྨ་འདབ་མ་འདྲ་བ་ལ་སྤྱན་རས་གཟིགས་ཀྱི་སྟོང་སྐུ། དེའི་གཙོ་བོ་ལ་རིགས་གསུམ་མགོན་པོ། གཞན་ཡང་ལྷ་མོ་ཆུ་ཡི་ཞལ་ཁེབས་ཅན། ཁྲ་རིང་སྟག་མོ་ཐུར་དུ་རྒྱུགས་པ་འདྲ་བ། ཁྱུང་རྫོང་བྱ་ནམ་་མཁའ་ལ་ལྡིང་བ་འདྲ་བ། ཕྱི་གླིང་བཞི་རི་རབ་ཀྱི་ཚུལ་དུ་ཡོད་པ། ནང་ཕོ་བྲང་གླིང་དགུའི་ཚུལ་དུ་གཟིགས་པའོ། དེར་གྲྭ་པ་རྣམས་ཀྱིས་མ་ཀ་ན་མཚོ་ཆེན་པོ་གཅིག་འདུག་བྱས་པས། ཆོས་རྗེའི་ཞལ་ནས་མཚོ་མི་འདུག གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་འདུག་གསུངས། དེ་ནས་ཤར་ཕྱོགས་གཏོར་ལམ་དྲུང་དུ་ཕྱག་ཕེབས་པ་དང་། མདུན་གྱི་ཕོ་བྲང་ཆེན་པོ་འདི་ཉིད་འཇའ་དང་འོད་ཀྱི་གུར་ཁང་རབ་ཏུ་འབར་བའི་དབུས་སུ་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་ལ་སོགས་པ་ལམ་ཡིག་དུ་གསལ་བ་ལྟར་གཟིགས། ཀརྨ་པ་ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེ་དང་། རས་དཀར་བ་ཐུགས་རྗེ་རྒྱལ་མཚན་དང་། དཔོན་སློབ་རྣམས་ཀྱིས་མཚོ་དཀར་འདི་ཉིད་ཀྱི་གནས་སྒོ་ཕྱེས། གཟིགས་སྣང་ཐམས་ཅད་བསྟན་ལ་ཕབས། གཟིམ་ཁང་ཚོགས་ཁང་སྤྱིལ་ཕྲན་དང་བཅས་པ་བརྒྱབ་ཅིང་སྐལ་ལྡན་སྨིན་གྲོལ་ལ་བཀོད་དེ་བསྟན་པ་དར་རྒྱས་སུ་མཛད་པའོ། གཟིགས་སྣང་ནི་ཐོག་མར་གཟིམ་ཁང་གི་གོང་དུ་བྲག་ས་ནས་སྐྱེས་པ་འདྲ་བ་ལ་ཕག་མོ་མཁའ་སྤྱོད་མའི་སྐུ་གཟིགས། དེའི་མདུན་དེར་མཁའ་འགྲོའི་དུར་ཁྲོད་ཡོད། དེར་ཆབ་ལམ། དེའི་གོང་དེར་སྒོ་སྲུང་ཤྭ་བ་རྭ་མགོའི་སྐུ་དང་ཕ་བྲང་གཟིགས། དེ་ནས་ཡར་འོང་པའི་ལམ་གྱི་བྲག་གོང་འོག་གཉིས་དེ་སྒོ་སྲུང་གཡག་གདོང་ཅན་དུ་གཟིགས། དེ་ནས་ཡར་འོང་ཆོས་འབྱུང་ཐང་གི་གུར་དེར་ཆུ་ཨ་ཡི་ཚུལ་དུ་འབབ་པ་ཡོད། ཐང་དེ་ཕག་མོའི་དཀྱིལ་འཁོར་དུ་གཟིགས། དེའི་འགྲམ་དེར་རྣལ་འབྱོར་ཡེ་ཤེས་དབང་ཕྱུག་གི་ཞབས་རྗེས་ཡོད། དེའི་གོང་ཆུ་འགྲམ་གྱི་ཕ་བོང་རྡོག་གཉིས་དེ་བདེ་མཆོག་ཡབ་ཡུམ་དུ་གཟིགས། དེའི་གོང་ནས་ཡར་བལྟས་པ་གཡོན་ཕྱོགས་ཀྱི་ཆུ་ཆར་དེ་ཀརྨ་པ་རོལ་པའི་རྡོ་རྗེས་དཔལ་ལྡན་ལྷ་མོར་ཆུའི་ཞལ་ཁེབས་ཀྱི་ཚུལ་དུ་གཟིགས། ཁྱུང་རྫོང་རྒྱབ་ཀྱི་གཡས་རི་མཐོ་བ་ལ་རྡོ་རྗེ་འཆང་ལ་ཟུང་འཇུག་བརྒྱུད་རིམ་གྱིས་བསྐོར་བ། དེ་ལ་རྗེ་བཙུན་དབང་ཕྱུག་རྡོ་རྗེས་རྡོ་རྗེ་འཆང་ལ་གྲུབ་ཐོབ་བརྒྱད་ཅུས་བསྐོར་བ་ཞལ་གཟིགས། དེའི་ཆུ་ཆར་མདུན་དུ་ཆོས་རྗེ་དཔའ་བོའི་བཀྲ་ཤིས་སྒང་ཞེས་བྱ་བ་ཡིན། ནམ་མཁའ་ལྗོངས་ཀྱི་གཡས་སུ་མཆོད་པའི་ལྷ་མོ་ལྔ། པཎ་ཆེན་བི་མ་ལ་མི་ཏྲ། རིག་འཛིན་དགའ་རབ་རྡོ་རྗེ། བྲམ་ཟེ་དྲི་མེད་སྙིང་པོ། གུ་རུ་གསང་འདུས་ཡབ་ཡུམ་རྣམས་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་རྡོ་རྗེ་འཆང་ལ་བཀའ་བཞི་བརྒྱུད་པའི་བླ་མས་བསྐོར་བ་ཞལ་གཟིགས། དེའི་སྒང་དེར་ཨོ་རྒྱན་གཙོ་འཁོར་གསུམ་གྱི་སྐུ་གཟིགས། དེའི་ཚུར་ངོས་ན་དཔལ་གསང་བ་འདུས་པའི་སྐུ་གཟིགས། ཀརྨ་པ་རོལ་པའི་རྡོ་རྗེས་ཁྱུང་རྫོང་རྒྱབ་ཏུ་ཏེེ་ལོ་མཆེད་བཞིའི་སྐུ་གཟིགས། དེའི་གཡས་སུ་རྒྱལ་བ་བྱམས་པ་བྲམ་ཟེའི་ཚུལ་དུ་ཞལ་གཟིགས།དཔའ་བོ་གཙུག་ལག་ཕྲེང་བས། བཀྲ་ཤིས་སྒང་གི་གཡས་ངོས་སུ་བྲག་གི་ངོས་ལ་སྤྱན་རས་གཟིགས་བྱམས་པ་དང་བཅས་རབ་ཏུ་བཀྲ། དེ་ངོས་ཆུ་རྒྱུན་འབབ་པ་ཡི་འབྲེལ་ཚད་སྐྱེ་འགྲོའི་སྡུག་བསྔལ་སེལ་ཞེས་གསུངས་པ་དང་།རྗེ་བཙུན་དབང་ཕྱུག་རྡོ་རྗེས་ཁྱུང་རྫོང་རྒྱབ་ཏུ་གཡས་སུ་སྤྱན་རས་གཟིགས་ཀྱི་སྐུ།། གཞུང་དུ་སྒྲོལ་མ་སྔོན་མོའི་ཕོ་བྲང་། གཡོན་དུ་རྒྱལ་བ་བྱམས་པའི་སྐུ་གཟིགས། དེའི་གཡོན་ཟུར་དུ་གྲུབ་ཆེན་ཀུ་གུ་རིམ་པ་ཡབ་ཡུམ་རྣམས་ཞལ་གཟིགས།  དེ་ནས་ཡར་ཕྱིན་པས་བཀྲ་ཤིས་སགང་གི་འོག་ཏུ་ཞྭ་དམར་བ་དྲུག་པས་སྒོ་སྲུང་མཁའ་འགྲོ་སྦྲུལ་གདོང་ཅན་གཟིགས།།  དེའི་ཟམ་གོང་འོག་གི་ཕ་བོང་རྡོག་གཉིས་དེ་སྒོ་སྲུང་སེང་གདོང་ཕོ་མོར་གཟིགས། བཞུགས་ཁྲི་འདི་ནི་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསར་མ་རོང་གསུམ་གྱི་ལུང་རྣམས་བསྟན་ཅིང་གདུལ་བྱ་སྨིན་གྲོལ་དུ་མཛད་པས་བཞུགས་ཁྲི་བྱིན་རླབས་ཅན་ཡིན་ནོ།།སྒྲུབ་ཕུག་ཆེན་མོ་པདྨ་ཁྱུང་རྫོང་འདི་ཉིད་ཀྱི་ལོ་རྒྱུས་ནི། སྔོན་གྱི་དུས་སུ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དེ་ཉིད་ས་བདག་གི་ཁ་གནོན་དུ་ཁྱུང་སྒྲུབ་ནས་ཟླ་བ་དྲུག་གི་བར་སྐུ་མཚམས་མཛད་པས་བྱ་ཁྱུང་གི་ཞལ་གཟིགས། ད་ལྟའང་བྲག་གི་ངོས་ལ་བྱ་ཁྱུང་གསལ་བར་ཡོད། སློབ་དཔོན་གྱིས་མཚོ་རྒྱལ་ལ་ཁྱོད་ཀྱིས་མཚོ་དུང་དཀར་གཡས་སུ་འཁྱིལ་བ་འདྲ་བ་མ་ཀི་ནས་རྡེའུ་གཉིས་ལོངས་ཤོག་དེ་དག་ཀོང་གི་ཁ་གནོན་ལ་མ་བཞག་ན་སེམས་ཅན་ལ་བདེ་སྐྱིད་མི་འབྱུང་ངོ་ཞེས་གསུངས་སོ།། དེའི་རྗེས་ཀརྨ་པ་ཆོས་རྗེ་རོལ་པའི་རྡོ་རྗེ་ནས་ཉེ་བར་བཟུང་། ཞྭ་དམར་ནག་རིམ་པ་ལྟར་ཞབས་ཀྱིས་བཅགས་ཤིང་གསང་སྔགས་ཟབ་མོའི་བསྙེན་སྒྲུབ་མང་དུ་མཛད་པས་སྒྲུབ་ཕུག་ཁྱད་པར་ཅན་ཡིན་ནོ།། དེ་ནས་མར་འོང་ས་ནས་ཡར་བལྟས་པས་བྲག་དཀར་ལམ་པ་གཉིས་དེ་ཆོས་རྗེ་རོལ་པའི་རྡོ་རྗེས་བྱམས་པ་དང་འཇམ་དབྱངས་གཉིས་ཆོས་ཀྱི་བགྲོ་གླེང་མཛད་པའི་ཚུལ་དུ་གཟིགས། དེའི་སྟོད་ཀྱི་རི་དེ་རྗེ་འབྲུག་པ་ཆོས་ཀྱི་རྒྱ་མཚོས་མགོན་པོ་བེར་ནག་གི་སྐུ་ཤིན་ཏུ་གསལ་བར་གཟིགས། དེའི་སྟོད་ན་ཆོས་རྗེ་རཏྣ་བྷ་དྲས། མར་པས་མི་ལར་དབང་བསྐུར་བའི་ཚུལ་དང་། བདག་མེད་མས་ཚོགས་འཁོར་བཤམས་པའི་ཚུལ་དང་། མི་ལ་བ་བརྡུང་པའི་ཚུལ་རྣམས་གཟིགས། དེ་ནས་ཕར་ཕྱིན་པས་རྫ་ཁྲོད་དེར་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་སྒྲུབ་ཕུག་ཡོད། དེའི་མདུན་དེར་མཁའ་འགྲོའི་ཚོགས་གཞོང་ཡོད། དེ་ནས་མར་ཕྱིན་པ་ན་མཚོ་གུར་གྱི་མཚོ་ཆུང་འདི་ནི་ཨོ་རྒྱན་ལམ་ཡིག་ལས། ཕྱི་ལྟར་ན་རྡོ་རྗེ་གཡུ་སྒྲོན་མའི་བླ་མཚོ། ནང་ལྟར་ན་ལས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བླ་མཚོ། ཞེས་གསུངས་སོ། ཀརྨ་པ་རོལ་པའི་རྡོ་རྗེས་མཚོ་འདི་ནི་ནེའུ་ལེའི་རྐྱང་པར་གཟིགས། མཚོ་འདི་ཡི་ནང་ན་རྒྱལ་ཆེན་རྣམ་སྲས་གཙོ་འཁོར་དགུ་གཟིགས་ཏེ་ནོར་མཛོད་གླིང་ཞེས་གྲགས་སོ། རྗེ་བཙུན་དབང་ཕྱུག་རྡོ་རྗེས་གཡུ་སྒྲོན་མ་ལ་སྨན་མོ་བདུན་གྱིས་བསྐོར་བའི་བླ་མཚོར་གཟིགས། ཕ་བོང་རྡོག་འདི་ནི་ཆོས་རྗེ་རཏྣ་བྷ་ཏྲས་གཡུ་སྒྲོན་མའི་ཕོ་བྲང་དང་། གཡུ་སྒྲོན་མ་འབྲུག་ལ་ཆིབས་པའི་སྐུར་གཟིགས། ཕར་ངོས་ཀྱི་བྲག་མཁར་འདྲ་བ་འདི་རྣམ་པར་རྒྱལ་བའི་ཁང་བཟང་དུ་གཟིགས། དེ་ནས་ཕར་ཕྱིན་ཡར་བལྟས་པས་ལྡེབས་དེར་ཆོས་རྗེ་རོལ་པའི་རྡོ་རྗེས་བྱམས་པ་སེར་པོའི་སྐུ་གཟིགས། ཡར་བལྟས་པས་སྦུག་ཆུ་བབ་ས་དེར་མགོན་པོ་ཏྲག་བཤད་ཀྱི་ཕོ་བྲང་གཟིགས། དེའི་གཡོན་ངོས་ན་རྗེ་བཙུན་དབང་ཕྱུག་རྡོ་རྗེས་གཙུག་ཏོར་དཀར་མོའི་སྐུ་གཟིགས། དེའི་ཚུར་ངོས་ན་སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན་གྱིས་བཅུ་གཅིག་ཞལ་གྱི་སྐུ་གཟིགས། གཏེར་སྟོན་གུ་རུ་ཆོས་དབང་གིས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུལ་ཅན་དང་། ཨོ་རྒྱན་ཆེན་པོའི་མཚན་ཅན་དང་། གྲུབ་ཐོབ་བིར་བ་པ་ནམ་མཁར་འཕུར་བ་གཟིགས། དེར་རྗེ་བཙུན་དབང་ཕྱུག་རྡོ་རྗེས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་དང་ཆོས་སྐུ་ཀུན་བཟང་ཡབ་ཡུམ་རྣམས་གཟིགས། དེ་ནས་ཕར་ཕྱིན་པས་རྒྱ་གར་ནག་པོ་སྤྱོད་པ་དང་ཌོམ་བི་ཧེ་རུ་ཀ་གཉིས་ཀྱིས་རྫུ་འཕྲུལ་གྱི་བཀོད་པ་སྟོན་པ་ཡོད། དེ་ཉིད་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རྡོ་རྗེ་ཕག་མོའི་སྐུ། མཆོད་གཡག་ཉི་མ་འཁྱིལ་བའི་ཞབས་རྗེས། མཁའ་འགྲོ་མ་སུ་ཁ་སིདྷིས་མཁའ་སྤྱོད་དུ་བྱོན་པའི་ཞབས་རྗེས་རྣམས་ཡོད། དེར་རྫུ་འཕྲུལ་ཕུག་ཅེས་གྲགས་སོ།། དེ་ནས་ཕར་ཕྱིན་གདུག་པ་ཀུན་འདུལ་གྱི་བཞུགས་ཁྲི་ནས་ཡར་བལྟས་པས། ཆོས་རྗེ་མཐོང་བ་དོན་ལྡན་གྱི་སྨན་བླའི་ཕོ་བྲང་། ཞིང་སྐྱོང་གི་ཕོ་བྲང་། བདེ་མཆོག་ཡབ་ཡུམ་རྣམས་ཞལ་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་ཨོ་རྒྱན་རིན་པོ་ཆེ། བེེ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། མཁས་པ་བི་མ་ལ་མི་ཏྲ་བཞི་ཞལ་གཟིགས། ཆོས་རྗེ་དཔའ་བོས་ཕག་མོ་མཁའ་སྤྱོད་མའི་སྐུ་གཟིགས། རྗེ་འབྲུག་རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱིས་ས་ར་ཧ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་གཟིགས། ཀརྨ་པ་རོལ་པའི་རྡོ་རྗེས་ལས་མཁན་བམ་རོ་ཕོ་མོ་གཟིགས། དེ་ནས་མཚོ་མཆོད་འབུལ་བ་ནི། མཚོ་མཆོད་འབུལ་བའ་དམིགས་པ་འདི་ལྟར་མཛད་པར་ཞུ། མདུན་གྱི་ཕོ་བྲང་ཆེན་པོ་འདི་ཉིད་འཇའ་དང་འོད་ཀྱི་གུར་ཁང་ཆེན་པོ་རབ་ཏུ་འབར་བའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་འདབ་མ་སྟོང་ལྡན་ལོ་འདབ་ཕྱོགས་བཅུར་རྒྱས་པ། དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་སྟེང་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་ཡུམ་དང་ཐབ་གཅིག་པ། དེའི་ཕྱི་རོལ་དུ་སྙིང་པོ་རྣལ་འབྱོར་མ་བཞི། དེའི་ཕྱི་རོལ་དུ་ཐུགས་ཀྱི་འཁོར་ལོ་སྔོན་པོ། གསུང་གི་འཁོར་ལོ་དམར་པོ། སྐུའི་འཁོར་ལོ་དཀར་པོ། དམ་ཚིག་གི་འཁོར་ལོ་སྣ་ཚོགས་གསལ་བའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས། སྨད་ཀྱི་ཆ་ལ་ཆོས་སྐྱོང་སྲུང་མ། གཞན་ཡང་དཔའ་བོ་མཁའ་འགྲོ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་སྒོམ་ལ། དེ་དག་མདུན་དུ་མཚོ་མཆོད་འབུལ་བའི་རྒྱུ་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལྷ་དང་མིའི་དཔལ་འབྱོར་ཐམས་ཅད་འབུམ་སྙམ་པའི་མོས་པ་མཛོད་ཅིག ས་གཞི་སྤོས་ཆུས་བྱུགས་ཤིང་ཞེས་པ་ནས་སྤྱོད་པར་ཤོག་བར་བྱ། གུ་རུ་རཏྣ་མཎྜ་པུ་ཛ་མེ་ག་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཐཿཧཱུཾ་ཞེས་ཕུལ། མཚོ་མཆོད་ཕུལ་བའི་དགེ་བ་ལ་བརྟེན་ནས་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་སྙིང་པོ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱལ་ནས་ཡུན་རིང་དུ་གནས་པར་གྱུར་ཅིག ཁྱད་པར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྒྱལ་བ་ཀརྨ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱི་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། དམག་འཁྲུགས་མུ་གེ་ཐམས་ཅད་མྱུར་དུ་ཞི་བར་གྱུར་ཅིག བདག་ཅག་འདིར་འདུས་ཤིང་ཚོགས་པ་འདི་རྣམས་ཀྱི་འགལ་རྐྱེན་བར་ཆད་ཞི་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་པ་རང་རང་གི་སྨོན་ལམ་རྒྱས་པར་བཏབ་བོ།། དེ་ནས་ཕར་ཕྱིན་པ་ན་ཆོས་རྗེ་རོལ་པའི་རྡོ་རྗེས་དག་པ་ཤྲིའི་ཕྱོགས་བཞི་ལ་རྡོ་རྗེའི་ཀ་བ་རེ་རེ། སེང་གེའི་ཁྲི་རེ་རེ། མི་འགྱུར་བའི་འཛིར་རེ་རེ། ཐང་ཆེན་པོ་རེ་རེ། ཆུ་ཆེན་པོ་རེ་རེ། མཆོད་རྟེན་ཆེན་པོ་རེ་རེ་གཟིགས་པ་ལ་དེར་སེང་གེའི་ཁྲི་དང་རྡོ་རྗེའི་ཀ་བ་གཟིགས། གཏེར་སྟོན་རཏྣ་གླིང་པས་ཆོས་རྒྱལ་སྲོང་བཙམ་སྒམ་པོ་ལ་རྒྱ་བཟའ་དང་བལ་བཟའ་གཉིས་ཀྱི་རྒྱལ་པོར་ན་བཟའ་གསོལ་བའི་ཚུལ་དང་། རྒྱལ་པོའི་དབུ་ཐོག་ལ་གསེར་གྱི་བྱ་ཁྱུང་ལྡིང་བའི་ཚུལ་གཟིགས། ཆོས་རྗེ་རོལ་པའི་རྡོ་རྗེས་རས་ཆེན་གྱིས་རས་ཆུང་ལ་དབང་བསྐུར་བའི་ཚུལ་དང་། སྒྲོལ་མའི་ཕོ་བྲང་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེ་འཆང་ལ་ཟུང་འཇུག་རྒྱུད་རིམ་གྱིས་བསྐོར་བ་དང་། མི་གཡོ་བ་དཀར་པོ། གཞི་བདག་སྒམ་པོ་ལྷ་རྗེ་ཕྱག་གཡས་མདུང་དར་དཀར་པོ་ནམ་མཁར་འཕྱར་བའི་སྐུ་གཟིགས། ཆོས་རྗེ་དཔའ་བོ་གཙུག་ལག་ཕྲེང་བས། འོག་ན་རྟ་མཆོག་ཉལ་འདྲའི་སྟེང་། ཡེ་ཤེས་མགོན་པོ་བེར་ནག་ཅན།། བསྟན་པ་སྲུང་བའི་ལས་མཛད་བཞུགས། ཞེས་གསུངས་པ་དང་། ཆོས་རྗེ་རཏྣ་བྷ་ཏྲས་སྤྱན་རས་གཟིགས་བཅུ་གཅིག་ཞལ་མཁན་པོ་བྷོ་དྷི་ས་ཏྭ་དཔོན་སློབ་རྣམས་ཞལ་གཟིགས། ཀརྨ་པ་རོལ་པའི་རྡོ་རྗེས། རྣམ་ཐོས་སྲས་དྲི་ཟ་ཟུར་ཕུད་ལྔ་པའི་ཕོ་བྲང་ཞལ་གཟིགས། དེ་ཡང་སྔོན་གྱི་དུས་སུ་རྒྱན་ལམ་ཡིག་ནས། བྱང་ཤར་ན་དྲང་སྲོང་རྨོད་པ་དོར་བའི་གནས་ཞེས་བྱ་བ་རྣམ་ཐོས་སྲས་དྲི་ཟ་ཟུར་ཕུད་ལྔ་པའི་གནས་ཡིན་ཏེ། ལོངས་སྤྱོད་ཀྱི་དངོས་གྲུབ་དེར་ཞུས་གསུངས་སོ།། དེ་ནས་ཕར་ཕྱིན་མི་འགྱུར་ཆོས་འཁོར་ལྷུན་པོའི་བཞུགས་ཁྲི་ནས་ཡར་བལྟས་པ་ན། གཏེར་སྟོན་རཏྣ་གླིང་པས་རྟ་མགྲིན་དབུ་དགུ་ཕྱག་བཅོ་བརྒྱད་པ་རྟ་སྐད་ཕྱོགས་བཅུར་སྒྲོགས་པ་ཞལ་གཟིགས། ཆོས་རྗེ་རོལ་པའི་རྡོ་རྗེས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཞལ་གཟིགས། དག་པ་ཤྲིའི་ངོས་ལ་རྗེ་བཙུན་དབང་ཕྱུག་རྡོ་རྗེས་བྱང་ཆུབ་ཆེན་མོའི་མཆོད་རྟེན་གཟིགས། དེ་ནས་ཕར་ཕྱིན་ཕྱག་འཚལ་སྒང་ནས་ཡར་བལྟས་པས་ཆོས་རྗེ་རོལ་པའི་རྡོ་རྗེས་བྱམས་པ་མཆེད་བཞིའི་སྐུ་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་ཚེ་དཔག་མེད་དང་རྟ་མགྲིན་གྱི་སྐུ་གཟིགས། ཆོས་རྗེ་མཐོང་བ་དོན་ལྡན་གྱིས་ཁྱུང་རྫོང་གི་རི་རྩེར་བྱམས་པ་ཀླུ་ཤིང་འཛིན་པ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ་ཞལ་གཟིགས། བང་རིམ་འོག་མ་ལ་ཨོ་རྒྱན་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས། དེའི་གཡོན་དུ་ཞྭ་དམར་ཆོས་ཀྱི་གྲགས་པས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པའི་སྐུ་གཟིགས། སྨན་མོ་ལ་ཡི་རི་འབུར་ལྔ་དེ་རྒྱལ་བ་རིགས་ལྔར་ཞལ་གཟིགས། ཆོས་རྗེ་རོལ་པའི་རྡོ་རྗེས་རི་གླང་པོ་ཆེའི་མཆེ་བ་འདྲ་བ་ལ་སངས་རྒྱས་རབས་བདུན་གཟིགས། རྗེ་གཙུན་ལག་ཕྲེང་བས་ཐུབ་པ་གྲོང་ཁྱེར་མ་འཕགས་པ་ཀུན་དགའ་བོ་དང་བཅས་པ་གཟིགས། ཕུར་པ་རྡོ་རྗེ་གཞོན་དུ་ཡུམ་དང་བཅས་དང་གཟིགས། དེའི་གོང་ཕྱོགས་དེར་ཆོས་རྗེ་རོལ་པའི་རྡོ་རྗེས་གདུང་མ་དྲུད་པའི་བྲག་ལ་རྗེས་དང་ཞབས་རྗེས་ཀྱང་ཡོད། དེའི་ཕུ་ན་སངས་རྒྱས་གཉན་པ་ཆེན་པོའི་སྒྲུབ་ཕུག་ཡོད་དོ།། གཏེར་སྟོན་རཏྣ་གླིང་པས་ཁྱུང་རྫོང་གོང་ནུབ་ཟུར་ནས་མཆོད་རྟེན་དབྱིབས་སུ་ཡོད་པའི་བང་རིམ་འོག་མའི་འགོ་ནས་ཐུགས་རྗེ་ཆེན་པོ་ཁ་སར་པ་ནི་བཞུགས། དེའི་འོག་རྒྱལ་པོ་ཨིཎྜ་བྷོ་ཏི་ལ་འོག་ནས་ལྷ་མོ་བཞི་ཡིས་མཆོད་པ་འབུལ་ཚུལ། དེ་ལྟར་ཡོད་པས་ཁ་སར་པ་ནིའི་གཡོན་ས་ར་ཧ་ཡོད། དེའི་གཡོན་སྒྲོལ་མ་དཀར་པོ། དེའི་གཡོན་ལྷ་ལྕམ་མནྡྷ་ར་བ། དེའི་གཡོན་ཨོ་རྒྱན་ཆེན་པོ་བཞུགས། དེའི་གཡོན་མ་གཅིག་ཡེ་ཤེས་མཚོ་རྒྱལ། དེའི་གཡོན་རིག་འཛིན་དགའ་རབ་རྡོ་རྗེ། དེའི་གཡོན་བི་མ་མི་ཏྲ་དང་དྲི་མེད་སྙིང་པོ། དེའི་གཡོན་བཅུ་གཅིག་ཞལ་དང་ལྷ་མོ་བཞི། དེའི་གཡོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་བཙུན་མོ་གཉིས། དེའི་གཡོན་བདུད་མགོན་སེང་གདོང་ཡབ་ཡུམ། དེའི་གཡས་སྔགས་སྲུང་སྤྱང་ཁྱེར་མ། དེའི་གཡོན་བམ་རོ་ཕོ་མོ་གཏོར་ཁྱེར་གཉིས། དེའི་གཡོན་གནོད་སྦྱིན་གངས་བཟང་། དེའི་གཡོན་ལྷ་མོ་ནོར་རྒྱུན་མ་བཅས་བང་རིམ་འོག་མའི་ངོས་ལ་དེ་ལྟར་གཟིགས། དེ་ནས་བང་རིམ་བར་མའི་གཟིགས་སྣང་ལ། གཙོ་བོར་ཐུགས་རྗེ་ཆེན་པོ་ཕྱག་བཞི་གཙོ་འཁོར་གསུམ། རྟ་མགྲིན་དབུ་དགུ་ཕྱག་བཅོ་བརྒྱད་པ་གཟིགས། དེའི་གཡོན་ལྷ་མོ་དབྱངས་ཅན་མ། དེའི་གཡོན་སྒྲོལ་མ་དཀར་མོ། དེའི་གཡོན་སྒྲོལ་མ་སྔོན་མོ། དེའི་གཡོན་ལྷ་མོ་འོད་ཟེར་ཅན། དེའི་གཡོན་ལྷ་མོ་ཁྲོ་གཉེར་ཅན། དེའི་གཡོན་ཡི་གེ་ཨ་ཡིག་རང་བྱོན་དང་ཡིག་བདུན་རང་བྱོན། དེའི་གཡོན་མཆོད་རྟེན་རྒྱ་གར་མ་ཎི་བརྒྱ་རྩ་བརྒྱད། དེའི་གཡོན་རྡོ་རྗེ་འཇིགས་བྱེད། དེའི་གཡོན་རྣམ་རྒྱལ་ཁང་བཟང་དང་ལྷ་ཡི་བུ་མོ་བཅས་བང་རིམ་བར་མའི་ངོས་ལ་གཟིགས་པར་གྱུར། དེ་ནས་བང་རིམ་གོང་མའི་ནུབ་ཟུར་ནས་གཙོ་བོར་བྱམས་པ་ཀླུ་ཤིང་རིས་པ་སྤྱི་བླུག་བསྣམས། དེ་ལ་སངས་རྒྱས་རབས་བདུན་དང་གནས་བརྟན་བཅུ་དྲུག་གཟིགས། དེའི་སྟེང་ཚེ་དཔག་མེད་བཞེངས་ནས་བཞུགས་པའི་ཐུགས་ཀ་རུ་ཚེ་བུམ་བསྣམས་པ་བཞུགས་པ་གསལ་བར་གཟིགས། དེའི་གཡོན་གྲུབ་ཆེན་བིརྦ་པ་དང་མཁའ་འགྲོ་སུ་ཀ་སིདྷི་ཚེ་བུམ་འཛིན་ནས་གྲུབ་ཆེན་ཉིད་ལ་འགྲན་པའི་ཚུལ་དང་། དེའི་གཡོན་ཕྱོགས་ཌོམ་བ་ཧེ་རུ་ཀ་སྟག་ལ་ཆིབས་པ་གཟིགས། དེའི་གཡོན་གྲུབ་ཐོབ་ནག་པོ་སྤྱོད་པ་རྣམས་གསལ་བ་གཟིགས་སོ།། བང་རིམ་གོང་མའི་ལོགས་ཀྱི་གཟིགས་སྣང་ཡིན་ནོ། དེ་ནས་རི་བོ་ཆེན་པོ་ཨ་ཝ་དྷུ་ཏིའི་གཟིགས་སྣང་ནི་དེ་ཡང་རྒྱུད་ལས། བྱིན་རླབས་མཐར་ཕྱིན་འདོད་པ་དང་།། དངོས་གྲུབ་རྣམ་གཉིས་ཐོབ་འདོད་ན།། ཨ་ཝ་དྷུ་ཏིའི་ནང་དུ་སྤྱོད།། ཚེ་གཅིག་སངས་རྒྱས་ཐོབ་པར་གྱུར།། ཅེས་གསུངས་པ་དང་། རི་བོ་ཆེན་པོ་ཨ་མ་ར་དྷུ་ཏི་ཞེས་བྱ་བ། མཁའ་འགྲོ་མ་གསང་བ་བླ་ན་མེད་པའི་གནས་འདི་ལ་འཇུག་པ་ནང་སྒོ་བཞི་ནི། ཤར་སྒོ་གླང་གོང་ལ་བལྟ། སྒོ་སྲུང་ཁྲོ་བོ་མི་གཡོ་མགོན་པོས་བྱེད། ལྷོ་སྒོ་ཀླ་ཀློ་ལ་གཏད། སྒོ་སྲུང་ལྷོ་བཙན་ནག་པོས་བྱེད། ཀློ་བོ་ཡི་རོང་ན་ཡོད་དེ། སྐྱེམས་གཡག་བྲག་ལ་འཛེགས་འདྲ་ཡོད། སྦྲུལ་ནག་ཐུར་དུ་རྒྱུགས་འདྲ་ཡོད། ཕག་རྒོད་མི་རྒོད་འགྲན་འདྲ་ཡོད། ཆུ་བོ་རྦ་ཀློང་འཁྲུགས་འདྲ་ཡོད། ནུབ་སྒོ་སྨྱུག་རི་སྨྱུག་ཁར་ལ་གཏད་དེ། སྒོ་སྲུང་རྡོ་རྗེ་གཡུ་སྒྲོན་མས་བྱེད། མཚོ་གསུམ་ཧུབ་ཏུ་འཁོལ་འདྲ་ཡོད། རི་གསུམ་སྒྱེད་བུ་བཙུགས་འདྲ་ཡོད། བྱང་སྒོ་སྐྱེམས་ལ་གཏད་དེ་སྒོ་སྲུང་དུང་ལ་སྤུན་གསུམ་གྱིས་བྱེད། སྐྱེམས་ལུང་པ་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བའི་ཤར་དུ་བྲག་སྲིན་པོ་རོ་བཅིང་པ་འདྲ་བ་ལ་གནས་སོ།། དེ་རྣམས་ལ་ཤ་གཙང་དང་ཁྲག་གཙང་གིས་བརྒྱན་པའི་གཏོར་མ་འབུལ་ལོ།། དེ་ཡང་གནས་ཁྱད་པར་ཅན་འདི་ནི་རྡོ་རྗེ་འཕྲེད་ལ་བཞག་པ་ལྟ་བུས་ལྟེ་བ། རྭ་གཡས་པ་ནི་མ་ཆེན། གཡོན་པ་བཀྲ་ཤིས་ལྗོངས་ཏེ། དེ་ཡང་མེ་ལྕེ་འབར་མའི་རྒྱུད་ལས་ཀྱང་། གཡའ་དང་གངས་ཀྱི་ཕ་རོལ་ན།། སྤྲིན་དང་ན་བུན་ཚུར་རོལ་ན།། ཙ་རི་ཙ་གོང་པར་པ་ཏ།། རྡོ་རྗེ་ཕག་མོས་བྱིན་རླབས་པའི།། ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་དག། ར་བ་གཡོན་ནས་ཡོངས་སུ་བསྐོར།། ཅེས་གསུངས་པ་དང་། ཨོ་རྒྱན་པདྨའི་ཞལ་ནས། ཙ་རི་རྩ་གསུམ་ཚུལ་དུ་ཡོད། ཅེས་གསུངས་ཏེ། ཤར་ནུབ་ཀྱི་ཙ་རི་ནི་རོ་རྐྱང་གཉིས། མཚོ་དཀར་ནི་དབུ་མའི་ཚུལ་ལོ།། དེ་ལྟར་གནས་ཐམས་ཅད་ཀྱི་གཙོ་བོ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། བྱིན་རླབས་ཐམས་ཅད་ཀྱི་ཆུ་བོ། མཁའ་འགྲོ་གསང་བ་བླ་ན་མེད་པའི་ཕོ་བྲང་ཀུན་ལས་ཁྱད་པར་དུ་འཕགས་པ། གངས་རི་ཆེན་པོ་སྒམ་པོ་ལྷ་རྗེ་ཞེས་བྱ་བ། དེས་ལས་དོན་དུ་བཟུང་ན་ཆོས་སྐྱོང་བའི་རྒྱལ་པོ་དེ་ཡང་ཐུགས་སྒམ་པ་ལྷུན་ཟབ་པ་བྱིན་ཆེ་བ་གོང་ན་གཞན་མེད་པའི་མཐུན་པར་ལྷ་རྗེ་ཞེས་བྱའོ།། རི་བོ་འདི་ནི་ཨོ་རྒྱན་གྱི་སྐད་དུ་ཨེ་ཀ་པ་རི་ཏ། ཁ་ཆེའི་སྐད་དུ་པུ་ན་ཧ་རི། རྒྱ་གར་གྱི་སྐད་དུ་ཨ་མ་ར་དྷུ་ཏི། བོད་ཀྱི་སྐད་དུ་དག་པ་ཤེལ་གྱི་རི་བོ་ཞེས་བྱ་སྟེ། དེ་ཡང་སྐལ་ལྡན་རྣམས་ཀྱིས་ནི་ཤེལ་གྱི་རི་དང་ཤེལ་གྱི་མཆོད་རྟེན་ལ་ལྷའི་སྐུ་གཟུགས་དུ་མ་མཐོང་ངོ། ཕལ་པ་རྣམས་ཀྱི་ནི་སྤྱོད་ཡུལ་དུ་མི་འབྱུང་ངོ་།། དེ་ཡང་ཕྱི་མཆོད་རྟེན་ལ་ནང་ལྷའི་གཞལ་ཡས་ཁང་སྟེ། མདོ་དང་སྔགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བཞུགས་སོ།། ཞེས་པ་ནི་ཨོ་རྒྱན་ལམ་ཡིག་ཏུ་གསུངས་སོ།། བི་མ་ལའི་ལམ་ཡིག་ལས་ཀྱང་། རི་བོ་ཆེན་པོ་ཨ་མ་ར་དྷུ་ཏི་ཞེས་བྱ་བ་རྡོ་དང་བོད་ཀྱི་མཚམས་ན་རི་ཤིན་ཏུ་མཐོ་བ་མཆོད་རྟེན་འདྲ་བ་ལ་ཕྱི་གངས་ཀྱིས་གཡོགས་པ། ཕྱོགས་བཞི་ནས་མཐོ་བ། དབང་གི་ཆུ་བོ་ཆེན་པོ་བཞི་བབ་པ། དངོས་གྲུབ་ཆེན་པོ་བརྒྱད་རྫོགས་པ། དཀྱིལ་འཁོར་ཆེན་པོ་ལྷ་བཅུ་གཉིས་ཀྱིས་བསྐོར་བ། སངས་རྒྱས་ཀྱི་ཞིང་ཁམས་འབུམ་ཕྲག་དུ་མ་བཞུགས་པ་ཡོད། དེ་ནི་གནས་དང་ཡུལ་ཐམས་ཅད་ཀྱི་གཙོ་བོ་མཆོག་ཏུ་གྱུར་པའོ།། དེ་ཡང་རང་བྱུང་བྱིན་རླབས་ཅན་འདི་ཡི་ཕྱོགས་བཞི་མཚམས་བརྒྱད་དུ་མཁའ་འགྲོ་མའི་གནས་བཞི་གནས་ཕྲན་བཞི་སྟེ་བརྒྱད་ཡོད་དོ།། རང་བྱུང་འདི་ཡི་བྱང་ན་ལས་ཀྱི་མཁའ་འགྲོ་ཁྲུས་བྱེད་པའི་མཚོ་བརྒྱ་རྩ་བརྒྱད་ཡོད་དོ།། དེ་དག་ཀུན་ནའང་དངོས་གྲུབ་རེ་རེ་ཐོབ་པའི་གནས་ཡོད་དོ།། དེ་ནས་ཤར་དུ་ཆུ་བོ་ཆེན་པོ་གཅིག་བརྒལ་བ་ན་མཁའ་འགྲོ་མ་གསང་བའི་གནས་རྡོ་རྗེ་ཕག་མོའི་བྷང་ག་ནས་རཀྟ་བབ་པ་དང་། བྲག་དང་ཕ་བོང་ལ་སོགས་པ་མཁའ་འགྲོའི་མཚན་མ་འདྲ་བ་དང་། ཞི་ཁྲོ་དང་གཤིན་རྗེའི་དུར་ཁྲོད་ལ་སོགས་པ་ཡོད་དེ། གནས་དེ་ནི་རླུང་སེམས་ཀྱི་དངོས་གྲུབ་ཐོབ་པའི་གནས་ཡིན་ནོ།། རང་བྱུང་མཆོད་རྟེན་དེའི་ཤར་སྟོད་ན་ལྷའི་དྲང་སྲོང་སྨོད་པ་དོར་བའི་ཁྱིམ་ཞེས་བྱ་བ་མངོན་སྤྱོད་གྲུབ་པའི་གནས་ཡོད། བྱང་ན་གཤིན་རྗེ་གཤེད་ཀྱི་མདུང་ཤུལ་བྱ་བའི་གནས་ཡོད་དེ། ལམ་རྩ་ཐིག་རླུང་གསུམ་སྒོམ་པའི་གནས་ཡིན་ནོ།། ཤར་ལྷོ་ན་མཁའ་འགྲོ་མའི་འདུ་ཁང་བྱ་བ་ལ་མ་མོའི་གནས་ཡོད་དེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་སྟོང་འགྲུབ་པའི་གནས་ཡིན་ནོ།། ལྷོ་ན་མཛེས་བྱེད་ཀྱི་ཚལ་ཞེས་བྱ་བ་ཡོད་དེ། ཁམས་གསུམ་དབང་འདུས་སྒྲུབ་པའི་གནས་ཡིན་ནོ།། ལྷོ་ནུབ་ཏུ་དྲེག་པ་ཚར་གསུམ་བྱ་བ་དཔའ་བོ་འདུ་བའི་གནས་ཡོད་དེ། མངོན་ཤེས་དང་རྫུ་འཕྲུལ་སྒྲུབ་པའི་གནས་ཡིན་ནོ།། ནུབ་ན་ཙ་རི་ཞེས་བྱ་བ་མཁའ་སྤྱོད་ཀྱི་གནས་ཡོད་དེ། རྣམ་པར་མི་རྟོག་པ་སྒོམ་ཞིང་མཆོག་གི་དངོས་གྲུབ་ཐོབ་པའི་གནས་ཡིན་ནོ།། ནུབ་བྱང་ན་ཤིང་གི་ལྷ་མོ་སྐྲ་འཁྲུ་བའི་གནས་ཞེས་བྱ་བ་ཐང་བདེ་ལ་ཡིད་ཆགས་པ། བྱང་རི་ཐམས་ཅད་ནས་དང་འབྲས་ཀྱི་ཕུང་པོ་སྤུངས་པ་འདྲ་བ། ལྷོ་རི་རིན་ཆེན་བུམ་པ་བརྩེགས་པ་འདྲ་བ་ལ་བཀྲ་ཤིས་པའི་གནས་ཡོད་དེ། འཕྲིན་ལས་རྣམ་བཞི་འགྲུབ་པའི་གནས་ཡིན་ནོ།། བོད་མོ་ལུང་རིང་ཞེས་བྱ་བ་མ་འོངས་པ་ནི་འཇིག་རྟེན་པའི་ཡུལ་དུ་འགྱུར་རོ།། གཞན་ཡང་གནས་ཆེན་དེ་དག་བསྐོར་ན་དངོས་གྲུབ་སྣ་རེ་མི་འཐོབ་པ་མི་སྲིད་ཅེས་བི་མ་ལའི་ལམ་ཡིག་ཏུ་གསུངས་སོ།། དེ་ནས་རི་བོ་ཆེན་པོ་ཨ་མ་ར་དྷུ་ཏི་ལ་ལམ་ཡིག་ལ་ལ་ནས་རྣམ་པར་སྣང་མཛད་ཡབ་ཡུམ་བཞིས་བསྐོར་བ་ཡང་བཤད་འདུག ལམ་ཡིག་ལ་ལ་ནས་མཆོད་རྟེན་གྱི་དབྱིབས་སུ་ཡོད་པ་ཡང་བཤད་འདུག ལམ་ཡིག་ལ་ལ་ནས་ཕྱི་ལྟར་ན་བཅོམ་ལྡན་འདས་ལ་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་བ་ཡང་བཤད་འདུག ལམ་ཡིག་ལ་ལ་ནས་ནང་ལྟར་བདེ་མཆོག་འཁོར་ལོའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་འབབ་པ་འདྲ་བ་ཡང་བཤད་འདུག གསང་བ་ལྟར་ན་གཏུམ་མོ་མེ་ཤེལ་གྱི་ཚུལ་འདྲ་བ་ཡང་བཤད་འདུག དེ་ལ་སོགས་པ་ལམ་ཡིག་དུ་མ་ནས་བཤད་པ་མི་འདྲ་བ་དུ་མ་གསུངས་འདུག་ཀྱང་འདིར་ཆོས་ཀྱི་རྗེ་ཀརྨ་པ་རོལ་པའི་རྡོ་རྗེས་ཇི་ལྟར་གཟིགས་ཤིང་གསུངས་པ་ནི། རི་བོ་ཆེན་པོ་ཨ་མ་ར་དྷུ་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་བཞུགས་པའི་གཙོ་བོ་ལ། དེ་ལ་འཐུང་ཞིང་འཁྲུས་བྱས་ན་ལུས་ལ་བུམ་པའི་དབང་ཐོབ། ལུས་ཀྱིས་སྒྲིབ་པ་དག དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། ལམ་སྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ། ལྷོ་ཕྱོགས་གསང་དབང་གི་ཆུ་ནི་མཚོ་དཀར་ནས་བབ། དེ་ལ་འཐུང་ཞིང་འཁྲུས་བྱས་ན་ངག་ལ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག དགའ་བ་བཞི་ལ་མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས།
      ལམ་རྩ་རླུང་ཐིག་ལེ་རྫོགས་པའི་རིམ་པ་སྒྱུ་ལུས་གསལ་སྟོང་དབྱེར་མེད་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། ནུབ་ཕྱོགས་ཤེས་རབ་ཡེ་ཤེས་ཀྱི་ཆུ་ནི་མི་ཁྱིམ་བདུན་ན་བབ། དེ་ལ་འཐུང་ཞིང་འཁྲུས་བྱས་ན་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག དགའ་བ་བཞི་ལ་དགའ་བྲལ་ཡེ་ཤེས་རྒྱུད་ལ་སྐྱེས། ལམ་དགའ་བཞི་ཡེ་ཤེས་བདེ་སྟོང་དབྱེར་མེད་ཀྱི་དོན་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ། བྱང་ཕྱོགས་དབང་བཞི་ཡོངས་རྫོགས་ཀྱི་ཆུ་ནི་རིན་ཕུག་ཏུ་བབ། དེ་ལ་འཐུང་ཞིང་འཁྲུས་བྱས་ན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ཚིག་དབང་རིན་པོ་ཆེ་ཐོབ། དགའ་བ་བཞི་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས། ལམ་རིགས་སྟོང་དབྱེར་མེད་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ། དེ་རྣམས་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིན། འཐུང་ཞིང་འཁྲུས་བྱས་ན་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་རོ།། མདོར་ན་གནས་འདི་ནི་ཕྱི་དཀྱིལ་འཁོར་སྒོ་བཞིའི་ཚུལ་དུ་གནས། ནང་ཕོ་བྲང་གླིང་དགུ། ཕྱི་རྫོང་བཞིའི་ཚུལ་དུ་གནས་པ་ཡིན་ཏེ། གསང་སྔགས་ཕྱི་ནང་གི་ལྷ་ཚོགས་ཐེག་པ་རིམ་དགུའི་ལྷ་ཚོགས་ཐམས་ཅད་བཞུགས་པའི་ཕོ་བྲང་ངོ་བོ་ཉིད་མཚོ་དཀར་འདི་ཉིད་ཡིན་ནོ།། དེ་ལ་གླིང་བརྒྱད་ནི། རྣམ་སྲས་གླིང་དང་བྱམས་པ་གླིང་།། འཇིགས་བྱེད་གླིང་དང་དུར་ཁྲོད་གླིང་།། ཕག་མོ་གླིང་དང་ཁྲུས་མཚོ་གླིང་། རྟ་མཆོག་གླིང་དང་མཆོད་རྟེན་གླིང་།། ཆོས་འབྱུང་གླིང་སྟེ་དགུ་རུ་གཟིགས།། རྫོང་བཞི་ནི། ནམ་མཁར་རྫོང་། སེང་གེ་རྫོང་། ཁྱུང་ཚང་རྫོང་། ཁྲ་རིང་རྫོང་སྟེ་བཞི་གཟིགས། ཕོ་བྲང་ཆེན་པོ་མཚོ་ཡི་གཟིགས་སྣང་ནི། ཆོས་རྗེ་རོལ་པའི་རྡོ་རྗེ་དཔོན་སློབ་རྣམས་ཤར་ཕྱོགས་བདེ་ཆེན་སྨན་མོ་ལ་ནས་འདིར་ཕེབས་པའི་དུས་སུ་མདུན་གྱི་ཕོ་བྲང་ཆེན་པོ་འདི་ཉིད་འཇའ་དང་འོད་ཀྱི་གུར་ཁང་རབ་ཏུ་འབར་བའི་དབུས་སུ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་། དཔལ་རབ་བྱུང་གི་མཆོད་རྟེན་རིན་ཆེན་མེ་ཤེལ་ལས་གྲུབ་པ་ཞལ་གཟིགས། དེའི་བང་རིམ་རི་རབ་ཀྱི་སྒོ་བདུན་ཅུ་རྩ་གཉིས་ལ་དཔལ་མགོན་བདུན་ཅུ་རྩ་གཉིས། རིན་པོ་ཆེ་མེ་ཤེས་ལས་བྱོན་པའི་བདྨའི་ཕྲེང་བ་ལ་ཞི་བའི་ལྷ་བཞི་བཅུ་རྩ་གཉིས་བཞུགས་སོ།། བང་རིམ་འོག་མ་ལ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་བཞུགས་སོ།། བང་རིམ་སྟེང་མ་ལ་འཇམ་དཔལ་གྱི་ལྷ་སུམ་བརྒྱ་བཞུགས་སོ།། བང་རིམ་གསུམ་པ་ལ་མ་རྒྱུད་ཀྱི་ལྷ་ཚོགས་བཞུགས་སོ།། བང་རིམ་བཞི་པ་ལ་ཕ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བཞུགས་སོ། བང་རིམ་དགུ་པ་ལ་གསང་སྔགས་ཕྱི་ནང་དུ་གྲགས་པའི་ལྷ་ཚོགས་ཐམས་ཅད་བཞུགས་སོ།། བུམ་པ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་བཞུགས། བྲེ་ལ་གསང་བ་འདུས་པའི་ལྷ་སུམ་བརྒྱ་ཉི་ཤུ་རྩ་གཅིག་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བཞུགས་སོ།། དེ་ཡང་། ཤར་དུ་ཞི་བའི་མཚོ་ཟླུམ་པོ་ལ་རྡོ་རྗེ་སེམས་དཔའ་ཞི་བའི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོ་ན་རྒྱས་པའི་མཚོ་གྲུ་བཞི་ལ་རིན་ཆེན་འབྱུང་གནས་རྒྱས་པའི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་ན་དབང་གི་མཚོ་ཟླ་གམ་ལ་སྣང་བ་མཐའ་ཡས་དབང་གི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་ན་དྲག་པོའི་མཚོ་གྲུ་གསུམ་པ་ལ་དོན་ཡོད་གྲུབ་པ་དྲག་པོའི་ལྷ་ཚོགས་ཀྱིས་བསྐོར་བ་ཞལ་གཟིགས། ཞིང་ཁམས་དེ་དག་རེ་རེ་ལའང་སྨོན་ལམ་གང་བཏབ་གྲུབ་པར་གསུངས་སོ།། ཞྭ་དམར་བ་ཆོས་ཀྱི་གྲགས་པ་དཔལ་ཡེ་ཤེལ་བཟང་པོས། མཚོ་ཡི་དཀྱིལ་དུ་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ཟེའུ་འབྲུའི་སྟེང་དུ་མཆོད་རྟེན་བཀྲ་ཤིས་སྒོ་མང་བང་རིམ་ལྔ་བཅུ་དང་ལྡན་པ། བུམ་པའི་དབུས་སུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། གདུགས་ཆོས་འཁོར་ལ་བཀའ་བརྒྱུད་བླ་མ་དང་གྲུབ་ཆེན་བརྒྱད་ཅུས་བསྐོར་བ། བྲེ་ལ་རིགས་གསུམ་མགོན་པོ། བང་རིམ་ལ་བྱ་སྤྱོད་རྣལ་འབྱོར་བླ་མེད་ལ་སོགས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཀྱིས་བསྐོར་བ། པདྨའི་ཕྲེང་བ་ལ་ཡེ་ཤེས་ཀྱི་མགོན་པོའི་ཚོགས་ཀྱིས་བསྐོར། པདྨའི་འདབ་མ་ལ་མཆོད་པའི་ལྷ་མོའི་ཚོགས་ཀྱིས་བསྐོར་བ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་སྟེ་མཆོད་རྟེན་འོད་ཀྱི་ཕུང་པོ་ཆེན་པོར་གཟིགས་སོ།། དེའི་ཕྱོགས་བཞི་ལམ་ཡིག་ལས་ཇི་ལྟར་བསྟན་པ་གཟིགས། གཞན་ཡང་དག་པའི་གང་ཟག་རྣམས་ཀྱིས་མཐོང་བར་གསུངས་ཏེ། ཞེས་གསུངས་པའོ།། འདི་ནས་རི་བོ་ཆེན་པོ་ཨ་མ་ར་དྷུ་ཏི་དང་མཚོ་ལ་ཕྱག་འཚལ་རང་རང་གི་སྨོན་ལམ་རྒྱས་པར་བཏབ་བོ།། དེ་ནས་ལམ་ཁའི་མཚོ་ཆུང་དེ་ཆོས་རྗེ་རོལ་པའི་རྡོ་རྗེས་མཁའ་འགྲོ་འཁྲུས་ཀྱི་རྫིང་བུར་གཟིགས་པས་ཁྲུས་མཚོ་གླིང་ཞེས་གྲགས། དེ་ཡི་རྗེས་ལ་སྤྱན་སྔ་ཆོས་ཀྱི་རྗེས། དེ་ཉིད་འདིར་ཕེབས་པའི་དུས་སུ་མཚོ་འདིའི་དཀྱིལ་ན་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྐུ་སྟོད་ལྟེ་བ་ཡན་ཡར་འཕགས་ཏེ། བླ་མ་རིན་པོ་ཆེ་ཕེབས་པ་ལགས་སམ། ང་ཡང་ཙ་རིའི་གནས་སྲུང་གཉན་པོ་ཞིག་ཡིན་གསུངས་ནས་མཚོ་དཀྱིལ་གྱི་མཆོད་རྟེན་ལ་ཐིམས་པར་གཟིགས། དེའི་འོག་ཏུ་རྗེ་བཙུན་དབང་ཕྱུག་རྗེས་ཇོ་བོ་སྔགས་ཀྱི་བདག་པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ། དེའི་གཡས་སུ་མཁར་ནག་རྡོ་རྗེ་རྒྱལ་པོའི་ཕོ་བྲང་གཟིགས། ཕག་མོ་ལྷ་ལྔ་ཡི་དོ་བོ། བྱང་ཆུབ་ཆེན་པོའི་མཆོད་རྟེན། མཁའ་འགྲོ་བདུད་རྩི་འཁྱིལ་བའི་སྐུ་གཟིགས། དེ་ནས་མར་འོངས་པ་ན་ཆོས་རྗེ་རོལ་པའི་རྡོ་རྗེས་བྲག་འདིའི་ངོས་ལ་རྒྱལ་བ་བྱམས་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་གཟིགས། དེའི་གཡོན་དུ་ཕྱག་ན་རྡོ་རྗེ་གཏུམ་ཆུང་གི་སྐུ་གཟིགས། ཆོས་རྗེ་དཔའ་བོ་གཙུག་ལག་ཕྲེང་བས་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་དང་། ཐུབ་པ་གཙོ་འཁོར་གསུམ་པ་ཞལ་གཟིགས། ཀརྨ་པ་མཐོང་བ་དོན་ལྡན་གྱིས་ཨོ་རྒྱན་རིན་པོ་ཆེ་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ་གཟིགས། གཏེར་སྟོན་གུ་རུ་ཆོས་དབང་གིས་བྱམས་མགོན་སྐུ་ལོགས་ལ་གཏེར་སྒོའི་རྒྱལ་སྒོ་བརྩམས། གཏེར་རྟགས་མཚལ་གྱིས་བྲིས་པ་ཁྲོ་ཆུའི་ཐམ་ཀ་རྣམས་གསལ་བ་ཡོད། དེའི་ནང་ན་ཆོས་ཀྱི་གཏེར། ནོར་གྱི་གཏེར། འབྲུ་ཡི་གཏེར་ལ་སོགས་པ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་སོ།། གཏེར་སྟོན་རཏྣ་གླིང་པས་དུར་ཁྲོད་ཀོ་པ་ལའི་བཀོད་པ་དང་། ཀླུའི་མཆོད་རྟེན་དྲེལ་མགོ་ཅན་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་ཕྱག་ན་རྡོ་རྗེའི་སྐུ་གཟིགས། ཆོས་རྗེ་རཏྣ་བྷ་ཏྲའི་ཐར་པའི་ལམ་དང་། བདེ་བ་ཅན་གྱི་ཞིང་བཀོད་དང་། དུང་དཀར་གཡས་འཁྱིལ་རྣམས་གཟིགས། དེ་ཡང་ཨོ་རྒྱན་ལམ་ཡིག་ལས། བྱམས་མགོན་སྐུ་རྒྱབ་ཏུ་རིན་པོ་ཆེ་ས་སྤྱོད་ཀྱི་མཆོད་རྟེན་ཞེས་བྱ་བ་རྩེ་མོ་འོག་ཏུ་བསྟན་པ་ཡོད། དེའི་ནང་དུ་གཏེར་གྱི་ལྡེ་མིག་རྣམས་ཡོད། གཏེར་སྲུང་ལ་གཡུའི་བྱིའུ་ཡོད་ཅེས་གསུངས་སོ།། དེར་ཕྱག་ཆེན་གྱི་ཞབས་རྗེས་ཀྱང་ཡོད། རྗེ་བཙུན་དབང་ཕྱུག་རྡོ་རྗེས་བྱམས་པས་མདུན་གྱི་དོ་བོ་ལ་མི་གཡོ་དཀར་སྔོན་གྱི་སྐུ་གཟིགས། ཆོས་རྗེ་རོལ་པའི་རྡོ་རྗེས་མཚོ་སྒོའི་གཡས་ཀྱི་དོ་བོ་ལ་བདེ་མཆོག་ལྷ་ལྔ། གཡོན་གྱི་དོ་བོ་ལ་ཕག་མོ་ལྷ་ལྔ་ཞལ་གཟིགས། དེ་གཉིས་ཀྱི་བར་ན་དངོས་གྲུབ་ཀྱི་ཀཱ་པ་ལ་ལེན་ས་ཡོད། བྱམས་སེམས་ཀྱི་ཆུ་བོ་ཆེན་པོ་གཅིག་བབ་ས་དེར་འཐུང་ཞིང་ཁྲུས་བྱས་ན་བསྐལ་པ་སྟོང་གི་སྡིག་སྒྲིབ་དག་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར། ཅེས་གསུངས། མཚོ་མཇུག་དེར་ཆོས་རྗེ་རོལ་པའི་རྡོ་རྗེ། རས་དཀར་བ་ཐུགས་རྗེ་རྒྱལ་མཚན། ཕྱག་ཆེན་བསོད་ནམས་ཉི་ཤར་གསུམ་གྱི་ཕྱག་འཁར་གྱི་རྗེས་བྲག་ལོགས་ལ་ཡོད། དེར་ཀརྨ་པ་རོལ་པའི་རྡོ་རྗེས་མ་ཧཱ་གསེར་གྱི་རུས་སྦལ་གཟིགས་པའི་ལོ་རྒྱུས་ནི། རྒྱ་གར་གྱི་ཡུལ་ན་མུ་སྟེགས་ཀྱི་སྟོན་པ་ཕ་ཁོས་དང་མ་ཁོས་ཀྱིས་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་རྩོད་པ་བྱས་པས་མ་ཐུབ། གནོན་པ་བྱས་ཀྱང་མ་ཕུང་པར་དར་རྒྱས་སུ་སོང་བ་ལས་མུ་སྟེགས་རྣམས་བྲོས་ཏེ་ངེད་རང་རྣམས་ཀྱི་རྩལ་དང་རྫུ་འཕྲུལ་གྱིས་ནང་པ་སངས་རྒྱས་མི་ཐུ་བ་པས་ཁོ་ལ་རྒྱབ་བརྟེན་བཟང་པོ་ཞིག་ཡོད་པར་འདུག་པས། དེ་གང་ཡིན་ལྷ་དབང་ཕྱུག་ཆེན་པོ་ལ་ཞུའོ་བྱས་ནས་མཆོད་པ་ཆེན་པོ་བཤམས་ཏེ་ལྷ་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པས་ལྷ་དབང་ཕྱུག་ཆེན་པོའི་ཞལ་ནས། ནང་པ་སངས་རྒྱས་པ་ལ་རྒྱབ་བརྟེན་ཁྱད་པར་ཅན་ཡོད་དེ། མ་ག་ཏ་རྡོ་རྗེ་གདན་གྱི་བྱང་ཤར་དུ་དཔག་ཚད་ལྔ་འདས་པ་ན། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ཞེས་བྱ་བ་ཡོད། དུར་ཁྲོད་དེའི་བྱང་ཤར་དུ་དུར་ཁྲོད་ཆེན་པོ་རྔམ་པ་སྒྲ་སྒྲོགས་ཞེས་བྱ་བ་ཡོད་དེ། དེའི་ཕུ་ནགས་དང་ཚལ་གྱིས་བར་མ་ཆད་པ་ན་དཔལ་གྱི་ཙ་རི་ཙ་གོང་ཞེས་བྱ་བ་ཡོད་དེ། དེ་ན་ནང་པ་སངས་རྒྱས་པའི་བླ་རི་དག་པ་ཤེལ་གྱི་རི་དང་ཨ་མ་ར་དྷུ་ཏི་བྱ་བ་དང་། རི་བོ་ལྷ་བརྟེན་འཛིན་ཞེས་པའི་བླ་རི་རྣམས་དང་། གཡུ་མཚོ་དང་དུང་མཚོ་ལ་སོགས་པའི་བླ་མཚོ་རྣམས་ལ་ནང་པ་སངས་རྒྱས་པའི་ལྷ་ཐམས་ཅད་བཞུགས་པའི་བླ་རི་དང་བླ་མཚོ་ཁྱད་པར་དུ་འཕགས་པའི་སྟོབས་ཀྱིས་ནང་པ་སངས་རྒྱས་དར་ཞིང་གནོད་པ་མི་ཚུགས་པ་དེ་ཡིན་ནོ་གསུངས་སོ།། དེ་ན་མུ་སྟེགས་རིག་སྔགས་པ་རྣམས་དང་། ལྷ་མ་སྲིན་གདུག་པ་ཅན་རྣམས་གྲོལ་ནས་ནང་པ་སངས་རྒྱས་པའི་བླ་རི་དང་བླ་མཚོ་རྣམས་བཤིག་པར་བྱེད་པའི་ཕྱིར་སྤིར་དང་རུས་སྦལ་དང་གླང་པོ་ཆེ་གསུམ་ཐན་དུ་སྒྲུབ་ནས་བཏང་བ་ལ། སྤིར་དེ་ཙ་རི་རྙིང་མའི་གཡུ་མཚོ་ལ་ཕོག རུས་སྦལ་དེ་མཚོ་དཀར་ལ་ཕོག གླང་པོ་ཆེ་བཀྲ་ཤིས་ལྗོངས་ཀྱི་གཡུ་མཚོ་ལ་ཕོག དེའི་དུས་སུ་ཨོ་རྒྱན་པདྨ་འབྱུང་གནས། རིག་འཛིན་དགའ་རབ་རྡོ་རྗེ། པཎ་ཆེན་བི་མ་མི་ཏྲ་གསུམ་གྱི་དགོངས་པ་ལ་གསང་སྔགས་ཀྱི་ཕོ་བྲང་ལ་ལྷ་མ་སྲིན་གདུག་པ་ཅན་རྣམས་ཀྱིས་བཤིག་གིས་དོགས་ནས་འདུལ་བ་ལ་བྱོན། སྤིར་གྱི་སྟེང་དུ་བི་མ་ལའི་བཞུགས་ཁྲི་ཞབས་རྗེས་དང་བཅས་པ་བཞག་ནས་ལྟས་ངན་གཡང་དུ་བླངས་ནས་གསང་སྔགས་ཀྱི་ཕོ་བྲང་དུ་བྱིན་གྱིས་བརླབས་པའོ།། རིག་འཛིན་དགའ་རབ་རྡོ་རྗེས་མ་ཧཱ་གསེར་གྱི་རུས་སྦལ་གྱི་ཁ་གནོན་ལ་མཆོད་རྟེན་ཁྱུང་གཤོག་མ་བཞག ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་ཅིང་ལྟས་ངན་གཡང་དུ་བླངས་ནས་གསང་སྔགས་ཀྱི་ཕོ་བྲང་དུ་བྱིན་གྱིས་བརླབས་པའོ།། གླང་པོ་ཆེའི་སྟེང་དུ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་སངས་རྒྱས་འོད་སྲུང་གི་ཚེ་ཆུའི་གཏེར་ལ་སོགས་པ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས། ལྟས་ངན་གཡང་དུ་བླངས་ནས་གསང་སྔགས་ཀྱི་ཕོ་བྲང་དུ་བྱིན་གྱིས་བརླབས་པའོ།། རུས་སྦལ་གྱི་ཞབས་ཕྱོགས་དེར་ཆོས་རྗེ་མཐོང་བ་དོན་ལྡན་གྱིས་རིག་འཛིན་དགའ་རབ་རྡོ་རྗེ་ལ་སའི་ལྷ་མོ་གཏེར་མས་མཆོད་པ་ཕུལ་བའི་ཚུལ་གཟིགས། ཟམ་འོག་ཏུ་ཞྭ་དམར་དྲུག་པའི་མཆོད་རྟེན་སྦལ་པའི་གདོང་ཅན་དང་། རུས་པའི་གདོང་ཅན་གཉིས་ཁ་སྤྲོད་དུ་གཟིགས། ཟམ་པོ་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གཟིགས་། ཆོས་རྗེ་རཏྣ་བྷ་ཏྲས་མཐོ་རིས་འཛེགས་པའི་མཆོད་རྟེན་དང་བྱང་ཆུབ་ཆེན་པོའི་མཆོད་རྟེན་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་མཁའ་འགྲོ་མ་སྟག་གི་གདོང་ཅན་གཟིགས། དེའི་གོང་ཕྱོགས་དེར་དུར་ཁྲོད་བསིལ་བ་ཚལ་གཟིགས། དེ་ནས་མར་འོང་པས་རྗེ་དཔའ་བོས་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་བཀོད་པ་གཟིགས། དེ་ནས་མར་འོངས་པས་ཆུ་འགྲམ་དེར་ཆོས་རྗེ་རོལ་པའི་རྡོ་རྗེས་མཚོ་ཆེན་གྲ་བ་མ་གཟིགས། མ་ཎི་སྒྲགས་པའི་བུག་པ་དེར་མ་ཎི་བསྐུལ་ན་རིགས་དྲུག་གི་སེམས་ཅན་རྣམས་ལ་ཡིག་དྲུག་སྒྲོགས་པའི་བསོད་ནམས་ཐམས་ཅད་ཐོབ་པར་གསུངས་སོ།། ཆོས་རྗེ་རོལ་པའི་རྡོ་རྗེ་དཔོན་སློབ་རྣམས་འདིར་ཕེབས་པའི་དུས་སུ་རྒྱའི་གྲྭ་པ་རྣམས་ཀྱིས་རྒྱ་ཡི་འཕྲུལ་འགྱོག་བྱས་ནས་ཡར་ལ་བླངས་ན་མཆོད་རྟེན་བཀྲ་ཤིས་འོད་འབར་བས་ཡ་མཚན་ཆེ་བ་ཞིག་ཡོང་བར་འདུག་ཞུས་པས། ཆོས་རྗེའི་ཞལ་ནས་མ་འོངས་པའི་དུས་ན་རང་བཞིན་གྱིས་ལངས་ནས་འོང་། དེ་ཡི་དུས་སུ་གངས་རི་པདྨ་འདབ་མ་འདྲ་བའི་ཤུལ་ནས་མཁའ་འགྲོ་མ་གསང་བའི་མཛོད་ཅེས་བྱ་བའི་གནས་སྒོ་ཕྱེ་ནས་བཀྲ་ཤིས་ལྗོངས་སུ་གཙུག་ལག་ཁང་ཞིག་འབྱུང་། འཇམ་དཔལ་དང་རྟ་མགྲིན་གྱི་ཞིང་ཁམས་ཞལ་ཕྱེ། མ་ཧཱ་གསེར་གྱི་རུས་སྦལ་འདི་མཚོ་ནང་དུ་འགྲོ མཚོ་ནང་གི་ཤེལ་གྱི་མཆོད་རྟེན་བང་རིམ་དགུ་ཡོད་པ་དེ་མཚོའི་སྟེང་དུ་ཐོན་ཡོང་གསུངས། དེའི་དུས་སུ་གནས་འདིར་རལ་པ་ལྔ་བརྒྱ་ཙམ་འབྱོན་པར་ལུང་བསྟན། འདི་ཡར་ལ་བསླང་ན་ངས་ཀྱང་ལས་སླ་སྟེ་གསུངས། ཕྱག་བཞག་པའི་ཕྱག་རྗེས་དང་བཅས་པ་བྱུང་། མཆོད་རྟེན་རྩེ་སྤྲོད་མ། ལྷ་མོ་ཨེ་ཀ་ཛ་ཏིའི་ཕོ་བྲང་གཟིགས། ཞྭ་དམར་བ་ཆོས་ཀྱི་གྲགས་པས་ཚོགས་བདག་གླང་སྣའི་སྐུ་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་ལྷ་ལས་བབ་པའི་མཆོད་རྟེན། བདུད་བདུལ་བའི་མཆོད་རྟེན། མྱ་ངན་ལས་འདས་པའི་མཆོད་རྟེན། ཁང་བུ་བརྩེགས་པའི་མཆོད་རྟེན་རྣམས་གཟིགས། ཞྭ་དམར་དྲུག་པས་སངས་རྒྱས་སྐུ་གཉིས་མཆོད་རྟེན་གཟིགས། དེར་ཕྱག་ཆེན་གྱི་ཞབས་རྗེས་ཀྱང་ཡོད་དོ།། རྗེ་བཙུན་དབང་ཕྱུག་རྡོ་རྗེས་མ་མགོན་གཉིས་ཀྱི་སྐུ་གཟིགས། དེའི་འགྲམ་དུ་ཆོས་རྗེ་རོལ་པའི་རྡོ་རྗེས་ཧ་ཧ་དགོད་པའི་དུར་ཁྲོད་གཟིགས། མཆོད་རྟེན་དྲིལ་ཐབས་མ་འདི་ལ་ཆོས་རྗེ་རོལ་པའི་རྡོ་རྗེས་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཕྱག་མཚན་ཌ་མ་རུ་དང་རྡོ་རྗེ་དྲིལ་བུ་བསྣམས་ནས་མཚོ་པདྨ་གླིང་ལ་བསྐོར་བ་བྱས། གར་མཛད་ཅིང་བསུ་བ་བྱས། ཌ་མ་རུ་རྡོ་རྗེ་དྲིལ་བུ་དང་བཅས་པ་མཆོད་རྟེན་འདི་ལ་ཐིམས་པར་གཟིགས། ཌ་དྲིལ་སྤུངས་པའི་མཆོད་རྟེན་དུ་མཚན་གསོལ། ཆོས་རྗེ་ར་ལོའི་རྡོ་རྗེས་རི་པདྨ་གླིང་། མཚོ་པདྨ་གླིང་། མཆོད་རྟེན་པདྨ་གླིང་། རྟ་མཆོག་གླིང་། ནོར་བུ་གླིང་། ནོར་མཛོད་གླིང་རྣམས་གཟིགས་སོ།། གསང་སྔགས་གླེགས་བམ་གྱི་པུ་སྟི་གཟིགས། རྣམ་པར་རྒྱལ་བའི་ཁང་བཟང་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་མཆོད་རྟེན་མན་ཌལ་མ་གཟིགས། དེར་ཆོས་རྗེ་རོལ་པའི་རྡོ་རྗེས་མཆོད་རྟེན་ཚེ་བུམ་རང་བྱོན་གཟིགས། སྒམ་བུ་ལྷ་རྩེའི་རྟ་འདོག་པའི་རྡོ་ལུང་ཡོད། དེའི་གོང་དེར་སྒམ་བུ་ལྷ་རྗེའི་ཇ་ཐབ་ཡོད། དེའི་ལོ་རྒྱུས་ནི་ཆོས་རྗེ་ར་ལོའི་རྡོ་རྗེ་དཔོན་སློབ་རྣམས་ཤར་ཕྱོགས་སྨན་མོ་ལ་ནས་བྱོན་པའི་དུས་སུ་གཞི་བདག་སྒམ་བུ་ལྷ་རྗེ་རྟ་དཀར་པོ་ཞིག་ལ་བཅིབས། ཇ་དངུལ་དམ་གང་བཟུང་ནས་ལ་ཁ་ན་བསུ་བ་མཛད་ཅིང་སྙུན་འདྲི་མཛད་དེ་འདིར་གདན་དྲངས་ནས་ཇ་བཀོལ་ནས་འདྲེན་པར་འདུག ད་ལྟའང་ཇ་བཀོལ་བའི་གཏང་ཀ་བྱས་ན་སྒམ་བུ་ལྷ་རྗེ་མཉེས་པར་གསུངས་སོ།། མཆོད་རྟེན་ཇ་ཐབ་མ་ཞེས་གྲགས་སོ།། དེའི་རྩ་བར་ཀུན་འགྲུབ་ཀྱི་མཆོད་རྟེན། མཁའ་འགྲོ་མ་རྣམས་ཀྱི་ཚོགས་གཞོང་རང་བྱོན་དང་། ཆོས་རྗེ་རོལ་པའི་རྡོ་རྗེའི་བཞུགས་ཁྲི། སངས་རྒྱས་ཀྱི་མཚན་ཡིག་འབྲུ་རང་བྱོན་རྣམས་གཟིགས། དེའི་གོང་དེར་ཙ་རི་རྙིང་མའི་དག་པ་ཤྲིའི་བཀོད་པ་གཟིགས། བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆོས་ཀྱི་བརྩིགས་པ་གཟིགས། དེའི་ཚུལ་ངོས་ཀྱི་ཐང་དེ་མ་འོངས་པ་ན་བན་དེ་རལ་པ་ལྔ་བརྒྱ་ཙམ་འདིར་ཆགས་གསུངས། ཐང་དེར་རལ་པ་ཐང་ཞེས་ཟེར་རོ།། ཐང་གུང་དེར་རྡོ་རྗེ་ཕག་མོའི་སྐུ་གཟིགས། གཏེར་སྟོན་རཏྣ་གླིང་པས་མཆོད་རྟེན་ཡོལ་དཀར་མ་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་མཁའ་འགྲོའི་ཇ་ཐབ་ཤིན་ཏུ་གསལ་བར་གཟིགས། དེའི་འོག་ཕྱོགས་དེར་ཆོས་རྗེ་རོལ་པའི་རྡོ་རྗེ་འདིར་ཞུགས་པའི་དུས་སུ་ཕྱོགས་ཐམས་ཅད་སྤོས་ཀྱི་དྲི་ཆིལ་བྱུང་བས་མཆོད་རྟེན་སྤོས་ཁང་མ་བཞུགས་པའི་རྟགས་སུ་འདུག་གསུངས་སོ།། འཚོལ་དུ་བྱོན་པས་འདི་ཉིད་རྙེད་པ་འདུག འདི་ཉིད་ལ་དུས་རྒྱུན་དུ་སྤོས་ཀྱི་དྲི་ཆི་ལེ་ཡོད། རྗེ་བཙུན་དབང་ཕྱུག་རྡོ་རྗེས་ལྷ་མོ་དུང་སྐྱོང་མའི་སྐུ་གཟིགས། དེའི་ཚུར་ངོས་སུ་མ་གཅིག་ལབ་སྒྲོན་མའི་སྐུ་གཟིགས། ཆོས་རྗེ་རོལ་པའི་རྡོ་རྗེས་མཆོད་རྟེན་སེང་གེ་རང་བྱོན་གཟིགས། དེ་ནས་མཆོད་རྟེན་ཅན་དུ་སྨན་སྣ་བརྒྱ་རྩ་བརྒྱད་ཀྱི་ཆུ་དང་། དུག་སྣ་བརྒྱ་རྩ་བརྒྱད་ཀྱི་ཆུ་ཡོད། དེ་ནས་མཚོའི་ནང་སྐོར་གྱི་གཟིགས་སྣང་ནི། གཟིམ་ཁང་རྒྱབ་ཏུ་རྟ་མཆོག་གླིང་གི་ལོ་རྒྱུས་ནི། ཆོས་རྗེ་རོལ་པའི་རྡོ་རྗེ་འདིར་བཞུགས་པའི་དུས་སུ་ལུང་པ་ཐམས་ཅད་རྟ་སྐད་ཀྱིས་གང་ནས་བྱུང་བས། དེར་ཆོས་རྗེས་ཞལ་ནས་འདིར་རྟ་མཆོག་གི་གླིང་ཡོད་པར་འདུག་གསུངས། འཚོལ་དུ་བཏང་བས་རྒྱལ་པོ་སྟག་རྡོ་རྗེ་འདི་ཉིད་ཀྱིས་བརྙེད་དེ་སྐྱེས་བུ་ཆེན་པའི་བདག་གིས་བརྙེད་ལགས་ཞུས་པས། ཆོས་རྗེའི་ཞལ་ནས་དེ་ནི་རྟ་མཆོག་གི་གི་དངོས་གྲུབ་ཐོབ་པའི་གླིང་ཡིན་གསུངས། གཟིམ་ཁང་རྒྱབ་ཀྱི་སྒང་དེར་རྗེ་བཙུན་དབང་ཕྱུག་རྡོ་རྗེས་མཆོད་རྟེན་ཁྱུང་གཤོག་མ་ལ་པདྨ་འཁོར་ལོའི་མཆོད་རྟེན་ནམ་མཁའ་ལ་ལྡིང་བ། ས་གཞི་ལ་མ་རེག་པར་ཞལ་གཟིགས། དེའི་མདུན་དུ་དངོས་གྲུབ་ཀྱི་བམ་རོ་གཟིགས། གཤོང་དེར་དཔའ་བོ་རྡོ་ཡི་ཐོན་པའི་ནང་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་གཟིགས། དེར་ཚང་ཚིལ་འཁྲིགས་པའི་དུར་ཁྲོད་གཟིགས། དེའི་ཕར་ངོས་ན་མཆོད་རྟེན་ཆེན་པོ་ས་ནས་སྐྱེས་པ་འདྲ་བ་ནི་སྤྲུལ་སྐུ་ནོར་བུ་རྒྱན་པའི་བཀྲ་ཤིས་བརྩེགས་པའི་མཆོད་རྟེན་དུ་གཟིགས། སྒང་དེར་འབྲས་སྤུངས་པའི་མཆོད་རྟེན་ཆེན་པོ་གཟིགས། སྒང་དེར་ཆོས་རྗེ་རོལ་པའི་རྡོ་རྗེའི་བཞུགས་ཁྲི་ཡོད། ཕར་ངོས་ཀྱི་གཤོང་དེར་གཏུམ་དྲག་འབར་བའི་དུར་ཁྲོད་གཟིགས། ལམ་གོང་དེར་མཆོད་རྟེན་ངང་པའི་གདོང་ཅན་གཟིགས། ནང་སྐོར་གྱི་ཟམ་པ་ལ་ཆོས་རྗེ་རོལ་པའི་རྡོ་རྗེས་མཁའ་འགྲོ་མ་འུག་པའི་གདོང་ཅན་གྱི་སྐུ་གསུང་ཐུགས་ཀྱི་མཆོད་རྟེན་རྣམས་གཟིགས། ཞྭ་དམར་དྲུག་པའི་བདུད་འདུལ་བའི་མཆོད་རྟེན། དགེས་པ་ལྟ་བུའི་མཆོད་རྟེན་རྣམས་ཞལ་གཟིགས་པའོ། ཞྭ་དམར་བའི་ཞབས་རྗེས་ཀྱང་ཡོད་དོ།། དེ་ནས་མཆོད་རྟེན་བཀྲ་ཤིས་འོད་འབར་དྲུང་ནས་ཨོ་རྒྱན་པདྨས་འདི་ལྟར་གསུངས་སོ།། དེ་ཡང་ཞིང་ཁམས་འདི་ཡི་བཀོད་པ་ནི་གནམ་འཁོར་རྩིབས་བརྒྱད་དུ་ཡོད་པ། ས་པདྨ་འདབ་བརྒྱད་དུ་ཡོད་པ། ཕྱོགས་བཞི་མཚམས་བརྒྱད་དུ་བཀྲ་ཤིས་པའི་རྟགས་བརྒྱད་དང་། བཀྲ་ཤིས་རྫས་བརྒྱད་དང་། རིན་པོ་ཆེ་སྣ་ཚོགས་དང་། འབྲས་བུ་ཅན་གྱི་ཤིང་དང་། མེ་ཏོག་གི་གླིང་དང་། ཡན་ལག་བརྒྱད་ལྡན་གྱི་ཆུ་དང་། སྨན་གྱི་ནགས་ཚལ་དང་། རང་བྱུང་གི་མཆོད་རྟེན་དང་། བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བ་དཔག་ཏུ་མེད་པས་གང་བ་ཡོད་དོ།། དེར་མཁའ་འགྲོ་མ་གསང་བ་བླ་ན་མེད་པའི་ཕོ་བྲང་གི་མཚོ་འདི་ནི་དངུལ་གྱི་གཞོང་པ་འོ་མས་གང་ང་ལྟ་བུ་ལ་འཇའ་ཚོན་སྔོ་དམར་གྱི་ཁ་དོག་སྣ་ཚོགས་པས་ཁྱབ་པ། ཕྱོགས་བཞི་ནས་འཕྲིན་ལས་བཞིའི་དབྱིབས་སུ་མཐོ་བ། དེའི་དཀྱིལ་དུ་རིན་པོ་ཆེ་མེ་ཤེལ་ལས་གྲུབ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་ཚུལ་དུ་ཡོད་པ། ཕྱི་གསལ་ནང་གསལ་སྟེ་སྣང་ལ་རང་བཞིན་མ་གྲུབ་པའོ།། ཕོ་བྲང་འདི་ཡི་བྱང་རི་ནི་ཤེལ་གྱི་མཆོད་རྟེན་ལ་དར་དཀར་གྱི་ཡོལ་བ་སྦྲེལ་བ་འདྲ་བ། ཤར་རི་ནི་པདྨ་ཁ་ཕྱེ་བ་འདྲ་བ། ལྷོ་རི་ནི་ཁྱུང་གཤོག་པ་བརྐྱང་པ་འདྲ་བ། ནུབ་རི་ནི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། མཚམས་བཞི་ན་བཙུན་མོས་བུ་འཁྱེར་བ་འདྲ་བ། དེ་ཡང་བྱང་ཤར་ན་དྲང་སྲོང་དམོད་པ་དོར་བའི་གནས་ཞེས་བྱ་བ་རྣམ་ཐོས་སྲས་དྲི་ཟ་ཟུར་ཕུད་ལྔ་པའི་གནས་ཡིན་ཏེ། ལོངས་སྤྱོད་ཀྱི་དངོས་གྲུབ་དེར་ཞུས། ཤར་ལྷོ་ན་མཁའ་འགྲོ་དངོས་གྲུབ་ཀྱི་གནས་ཞེས་བྱ་བ་མཁའ་འགྲོ་སྡེ་ལྔའི་ཕོ་བྲང་དང་། རི་རྒྱལ་བློན་དང་བཙུན་མོ་འདྲ་བ་ཡོད། རིག་འཛིན་ཚེ་ཡི་དངོས་གྲུབ་དེར་ཞུས། ཆུ་བབ་པའི་ལུང་མདོ་ལྷོ་ནུབ་མཚམས་ན་རི་མཆོད་རྟེན་བུམ་པ་བྲེ་དང་བཅས་པ་ཡོད་དེ། འཇམ་དཔལ་གཤིན་རྗེའི་ཚེ་བདག་གི་ཕོ་བྲང་ཡིན། དེའི་གཡས་གཡོན་དུ་རི་དཔལ་ཤོས་འདྲ་བ་གཉིས་ཏེ། གཡས་འཇིགས་བྱེད། གཡོན་གཤེད་དམར་གྱི་ཕོ་བྲང་ཡིན། དེར་འཕྲིན་ལས་རྣམ་བཞི་འགྲུབ་པའི་གསོལ་བ་བཏབ་ན་ངེས་པར་གྲུབ་བོ།། ནུབ་བྱང་དུ་བྲག་སེང་གེ་གནམ་དུ་མཆོངས་བ་འདྲ་བ་གསུམ་ཡོད་དེ། དེ་སྤྱན་རས་གཟིགས་ཀྱི་ཕོ་བྲང་ཡིན། བྱམས་སྙིང་རྗེ་རྒྱུད་ལ་སྐྱེ་བའི་གསོལ་བ་བཏབ་ན་ངེས་པར་གྲུབ་བོ་ཅེས་གསུངས། ཆོས་རྗེ་རོལ་པའི་རྡོ་རྗེས་འོག་གི་ཐང་དཀྱིལ་གྱི་མཚོ་དེ་ཞིང་སྐྱོང་ཡབ་ཡུམ་ལ་གནས་ཡུལ་མ་མོ་བཅུ་དྲུག་གིས་བསྐོར་བའོ་བླ་མཚོར་གཟིགས། ཕ་རིའི་རི་སྣ་གླང་ཆེན་གྱི་སྣ་འདྲ་བ་དེ་མ་ཧཱ་གསེར་གྱི་རུས་སྦལ་ལ་ས་བདག་རྗེ་བློན་བཅུ་གཉིས་ཀྱིས་བསྐོར་བ་ཞལ་གཟིགས། ཕར་ངོས་ཀྱི་དོ་བོ་དེ་སྤྲུལ་སྐུ་ནོར་བུས་བརྒྱན་པའི་དོ་བོ་རིན་ཆེན་སྤུངས་པར་མཚན་གསོལ་ལོ།། ཆོས་རྗེ་མཐོང་བ་དོན་ལྡན་གྱིས་ལྷ་མོ་རེ་མ་ཏི་ངང་པའི་མཚོ་མོ། སྒེག་མའི་མཚོ་མོ། ཁྱི་མོ་གསང་བའི་མཚོ་མོ། ཕག་མོའི་མཚོ། འཇམ་དབྱངས་དཀར་པོ། སྒྲོལ་མ་དཀར་མོ། ཁྲོས་མ་ནག་མོ། སྦས་པའི་བླ་མཚོ་དེ་རྣམས་གཉན་གྱི་མཚོའི་གཟིགས་སྣང་ཡིན། གཞན་ཡང་བཅུ་གཅིག་ཞལ་གྱི་རི་མགུལ་དུ་སྒྲོལ་མ་དཀར་སྔོན་གྱི་བླ་མཚོ། ཕྱོགས་མཚམས་དངོས་ཞིང་ཁམས་ཡང་པ་ཅན་བྱ་བ་མེ་ཏོག་རིགས་མང་པོ་ཡོད་གསུངས་སོ།། དེ་ནས་མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཟིགས་སྣང་ནི། འདི་ལྟར་གསུངས་སོ།། ཕོ་བྲང་ཆེན་མོ་མཚོ་ཡི་ལྷོ་ནུབ་ན་ནོར་བུ་གླང་ཆེན་གྱི་ཐང་ཞེས་བྱ་བ་ཞིང་ལྤགས་བརྒྱང་པ་ལྟ་བུ་ཡོད་དོ།། དེའི་སྟོད་ན་གསེར་དངུལ་གྱི་གཞོང་པ་དང་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་བསྐོར་བའི་དབུས་ན། དཔལ་རང་བྱུང་གི་མཆོད་རྟེན་བཀྲ་ཤིས་འོད་འབར་ཞེས་བྱ་བ་བཞུགས་ཏེ། ཞི་རྒྱས་དབང་དྲག་ཚང་བའི་དབྱིབས་ཟླུམ་པོར་གནས་པ། བང་རིམ་བརྒྱ་དང་རྩ་བརྒྱད་ཚང་བ། དེའི་ཤར་དུ་ཞི་བའི་མཆོད་རྟེན་ཟླུམ་པོ། ལྷོ་ན་རྒྱས་པའི་མཆོད་རྟེན་གྲུ་བཞི། ནུབ་ན་དབང་གི་མཆོད་རྟེན་ཟླ་གམ། བྱང་ན་དྲག་པོའི་མཆོད་རྟེན་ཟུར་གསུམ་ཡོད་དེ། དེའི་སྒོ་བཞི་ལ་སྒོ་མ་རེ་རེ་གནས་ཏེ། ཤར་ན་ཁྭ་གདོང་མ། ལྷོ་ན་ཕག་གདོང་མ། ནུབ་ན་ཁྱི་གདོང་མ། བྱང་ན་འུག་གདོང་མ་རྣམས་མངོན་སུམ་དུ་ཡོད་དོ།། དེའི་ཏོག་དང་བྱ་རུ་ལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བསྐོར་བ་བཞུགས་སོ།། གདུགས་དང་ཆོས་འཁོར་གན་ཇི་ར་ནི་ཀུན་གྱིས་མི་མཐོང་སྟེ། དག་པ་འོད་གསལ་གྱི་འཁོར་ལོ་བཞུགས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ནོ།། བུམ་པའི་སྟོད་ན་ཞི་བ་བཞི་བཅུ་རྩ་གཉིས། སྨད་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་བཞུགས་སོ།། བང་རིམ་འོག་མ་ལ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་བཞུགས་སོ།། བང་རིམ་སྟེང་མ་ལ་འཇམ་དཔལ་གྱིས་ལྷ་སུམ་བརྒྱ་བཞུགས་སོ།། བང་རིམ་གསུམ་པ་ལ་མ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བཞུགས་སོ།། བང་རིམ་བཞི་པ་ལ་ཕ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བཞུགས་སོ།། བང་རིམ་དགུ་པ་ལ་གསང་སྔགས་ཕྱི་ནང་དུ་གྲགས་པའི་ལྷ་ཚོགས་ཐམས་ཅད་བཞུགས་སོ།། བུམ་པ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་བཞུགས་སོ།། བྲེ་ལ་གསང་བ་འདུས་པའི་ལྷ་བདུན་བརྒྱ་ཉི་ཤུ་རྩ་ལྔ་ཏིལ་གྱི་གང་བུ་ཁ་བྱེ་ལྟར་བཞུགས་སོ།། འཁོར་ལོ་གདུགས་བྱ་རུ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་ཚོགས་གྲངས་མེད་པ་བཞུགས་སོ།། ཕྱི་ཡི་རྒྱུ་ནི་རྡོ་རྗེ་རིན་པོ་ཆེ་ཨིཎྜ་ནི་ལ་ལས་གྲུབ་པ། ནང་ནི་རིན་པོ་ཆེ་མི་ཤེལ་ལས་གྲུབ་པའི་གྲ་མིག་རིམ་པ་བཅུ་གསུམ་ལ་སངས་རྒྱས་སྟོང་རྩ་གཉིས་བཞུགས་སོ།། དེ་ལྟར་ངོ་མཚར་མཆོག་ཏུ་གྱུར་པའི་མཆོད་རྟེན་འདི་ནི་བསྐལ་པོ་བཟང་པོ་འདི་ཉིད་ཆགས་པས་སྟོད་དུ་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་འོག་ཀླུའི་ཡུལ་དུ་འགྲོ་དོན་ལ་གཤེགས་སོ།། སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བ་བཏབ་པས་ལྷ་དང་མིའི་དོན་དུ་ཡར་འཕགས་ཏེ་གནས་འདི་ཉིད་དུ་འགྲོ་དོན་ལ་བཞུགས། རང་བྱུང་འདི་ཡི་རབ་གནས་ནི་མ་ག་ཏའི་ཡུལ་དུ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སངས་རྒྱས་འོད་སྲུང་གིས་རབ་གནས་མཛད་པ་དང་། འདི་ཡང་མཉམ་དུ་མཛད་དོ།། བཅོམ་ལྡན་འདས་ཐུབ་པའི་དབང་པོ་རི་པོ་ཏ་ལར་བཞུགས་པའི་དུས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་དུ་སྤྲུལ་ནས་རང་བྱུང་གི་མཆོད་རྟེན་འདི་ཉིད་དང་རི་ཨ་བ་དྷུ་ཏི་ལ་རབ་གནས་མཛད་དོ།། དུར་ཁྲོད་ཆེན་པོ་སོ་པ་གླིང་ནས་རིགས་འཛིན་ཆེན་པོ་དགའ་རབ་རྡོ་རྗེས་མཁའ་འགྲོ་མ་རླུང་གི་གཤོག་པ་ཅན་ལ་ཆིབས་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་གནས་འདི་ཉིད་དུ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་ལ་གསང་བ་བླ་ན་མེད་པའི་དབང་བསྐུར་ཆོས་སྟོན་རང་བྱུང་གི་མཆོད་རྟེན་རབ་ཏུ་གནས་པར་མཛད་དོ།། དེའི་ཚེ་མཆོད་རྟེན་འདི་ནམ་མཁའ་ལ་འཕགས་ཏེ་ས་གཡོ་བ་དང་། ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འོད་ཀྱི་དྲ་བར་སྣང་ཞིང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པའི་འབྱོར་ཚོགས་དཔག་ཏུ་མེད་པས་མངའ་གསོལ་ལོ།། ཡང་གངས་ཏི་སེ་ནས་གྲུབ་ཆེན་བརྒྱད་ཅུས་བཀྲ་ཤིས་པའི་མེ་ཏོག་ནམ་མཁའ་ནས་གཏོར་བས་གནས་འདི་ཉིད་དུ་ཆར་བཞིན་དུ་བབས་སོ།། བོད་ཀྱི་རྒྱལ་བློན་སྔ་དར་བའི་དུས་སུ་ཨོ་རྒྱན་བདག་དང་བི་མ་ལས་ཀྱང་ཐོག་མར་ཇོ་བོ་ལ་ལ་གཤེགས་ཏེ་ཟིལ་ཆེན་ལ་གནས་ཕབ། དེ་ནས་བརྩམས་ཏེ་ཙ་རི་ཙ་གོང་པར་པ་ཏ་ཤར་ནུབ་ཕྱི་ནང་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་མ་འོངས་པའི་དོན་དུ་གཏེར་དང་ལམ་ཡིག་མང་པོ་ཡང་མཛད། ཞིང་སྐྱོང་དང་གནས་སྲུང་མཁའ་འགྲོ་ལས་ཀྱི་དྲེག་པ་ཅན་རྣམས་ཐམས་ཅད་བཀའ་དང་དམ་ལ་བཏགས་ཤིང་མ་འོངས་ཆོས་མཛད་སྒྲུབ་པ་པོ་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་རྩིས་ལ་ཕབས་སོ།། ཁྱད་པར་གནས་མཆོག་འདི་ཉིད་དུ་མཁའ་འགྲོ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་རོ།། ཚོགས་དབུས་སུ་མཁའ་འགྲོ་མ་རྣམས་ཀྱིས་དར་ལམ་ལ་གདན་དྲངས་ཏེ་རང་བྱུང་ཤེལ་གྱི་མཆོད་རྟེན་ལ་ལྷ་བདུན་སྟོང་དང་ཉེར་ལྔ་ཞལ་གཟིགས། སྔར་གྱི་མཆོད་རྟེན་སྒོ་མང་འདི་ཉིད་ལ་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས། རབ་ཏུ་གནས་པར་མཛད་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་ནམ་མཁའ་གང་བ་དང་། ས་གཞི་ཐམས་ཅད་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་བྱས་ཏེ། རང་བྱུང་འདི་ཡང་འོད་ཀྱི་དྲ་བར་གྱུར་ཏོ།། མ་འོངས་པའི་དུས་སུ་སྐལ་ལྡན་གྱི་སྐྱེས་བུའི་ལུས་དང་སྲོག་ལ་མི་ལྟ་བར་ཕྱི་མ་ཐར་པ་དང་དུ་ལེན་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གསོལ་བ་འདེབས་ཤིང་གནས་འདི་རུ་ཕྱིན་ལ་རང་བྱུང་གི་མཆོད་རྟེན་འདི་ཉིད་ལ་ཕྱག་འཚལ་ཞིང་ཕྱི་ནང་གི་མཆོད་པ་ཕུལ་སྟེ་བསྐོར་བ་ལན་གསུམ་བྱས་པ་ཙམ་གྱིས་ངན་སོང་གི་སྒོ་བཅད་དོ།། ལན་བདུན་བསྐོར་ན་ལྷ་མི་ལ་སོགས་པའི་དག་པའི་ལུས་ཐོབ། ཉེར་གཅིག་བསྐོར་ན་རིག་འཛིན་གྱི་གནས་ཐོབ། རང་བྱུང་འདི་ཉིད་ལ་གང་ཡང་རུང་བའི་བརྒྱ་དང་རྩ་བརྒྱད་བསྐོར་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་རོ།། ཞེས་པ་ཨོ་རྒྱན་ལམ་ཡིག་ཏུ་གསུངས་སོ།། དེ་ཡང་བི་མ་ལའི་ལམ་ཡིག་ལས། མཁའ་འགྲོ་མ་གསང་བ་བླ་མེད་པའི་གནས་ཞེས་བྱ་བ་ན་རང་བྱུང་གི་མཆོད་རྟེན་མེ་ཤེལ་ལས་གྲུབ་པ་ཡོད་དོ།། བཀྲ་ཤིས་སྒོ་མངས་ཀྱི་སྒོ་བདུན་ཅུ་རྩ་བདུན་ལ་མགོན་པོ་བདུན་ཅུ་རྩ་བདུན་གྱིས་སྐུ་ཤེལ་ལས་གྲུབ་པ་ཡོད་དོ།། པདྨའི་ཕྲེང་བ་ལ་ཞི་བ་བཞི་བཅུ་ཡོད་དོ།། བང་རིམ་དང་པོ་ལ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཡོད་དོ།། བང་རིམ་གཉིས་པ་ལ་འཇམ་དཔལ་གྱི་ལྷ་སུམ་བརྒྱའི་དཀྱིལ་འཁོར་ཡོད་དོ།། བང་རིམ་གསུམ་པ་མ་རྒྱུད་ཀྱི་ལྷ་ཚོགས་ཡོད་དོ།། བང་རམ་བཞི་པ་ལ་ཕ་རྒྱུད་ཀྱི་ལྷ་ཚོགས་ཡོད་དོ།། བང་རིམ་ལྔ་པ་ལ་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་ཡོད་དོ།། བུམ་པའི་ནང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ཡོད་དོ།། བྲེ་ལ་གསང་བ་འདུས་པའི་ལྷ་ཚོགས་ཡོད་དོ།། བྱ་རུ་གདུགས་དང་བཅས་པ་ལ་བྷུདྷ་བོ་དྷི་སཱ་ཏཱའི་སྐུ་ཡང་མང་པོ་བཞུགས་སོ།། བྱིན་རླབས་རང་བྱུང་གི་མཐའ་འཁོར་དུ་འོད་ཁ་དོག་སྣ་ཚོགས་བྱུང་པ་དང་། རི་བྲག་ཐམས་ཅད་ལྷའི་སྐུ་གཟུགས་འདྲ་བ་དང་། ཤེལ་གྱི་རི་དང་ཤེལ་གྱི་མཆོད་རྟེན་སྣ་ཚོགས་པ་ཡོད་དེ། དེ་ཉིད་དུ་དུས་བཟང་པོ་ལ་མཁའ་འགྲོ་མ་རྣམས་ཀྱིས་ཙན་དན་དཀར་པོའི་ཆར་འབེབ་པདང་། མཆོད་པའི་བྱེ་བྲག་སྣ་ཚོགས་པས་མཆོད་ཅིང་བཀུར་བསྟི་དང་རིམ་འགྲོ་དང་སྟི་བཏང་དུ་བྱེད། ལྷ་མི་རྣམས་ཀྱིས་ཀྱང་དེ་ལྟར་དུ་བྱེད་དོ།། རྣལ་འབྱོར་པའི་དུས་བཟང་པོ་ལ་ཚོགས་ཀྱི་བྱེ་བྲག་དང་གཏོར་མ་ལ་སོགས་པས་མང་དུ་མཆོད་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད་དོ།། ཞེས་བི་མ་ལའི་ལམ་ཡིག་ཏུ་གསུངས་སོ།། གཏེར་སྟོན་གུ་རུ་ཆོས་དབང་གི་ཞལ་ནས་ཀྱང་། ནོར་བུ་གླང་ཆེན་ཐང་གི་གཞལ་ཡས་ནས།། མཆོད་རྟེན་བྱ་རུང་ཁ་ཤོར་ལ།། མཆོད་རྟེན་བརྒྱ་དང་རྩ་བརྒྱད་བསྐོར།། གནས་འདི་མཇལ་བའི་སྐྱེས་བུ་རྣམས།། ཕྱིར་མི་ལྡོག་པའི་ས་ཐོབ་འགྱུར།། ཅེས་གསུངས་པ་དང་། ཀརྨ་པ་ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེས་ཇི་ལྟར་གཟིགས་ཤིང་གསུངས་པ་ནི། རང་བྱུང་མཆོད་རྟེན་འདི་ཡི་ཤར་དུ་ཞི་བའི་མཆོད་རྟེན། སྒོ་སྲུང་སྤྱང་གདོང་མ། ལྷོ་ན་རྒྱས་པའི་མཆོད་རྟེན་སྒོ་སྲུང་ཁྭ་གདོང་མ། ནུབ་ན་དབང་གི་མཆོད་རྟེན་སྒོ་སྲུང་ཁྱི་གདོང་མ། བྱང་ན་དྲག་པོའི་མཆོད་རྟེན་སྒོ་སྲུང་སྟག་གདོང་ཅན། མཆོད་རྟེན་སྒོ་ལྷོ་ནས་ལུང་བསྟན་ནོ།། བྱ་རུ་གདུགས་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས། ཆོས་འཁོར་ལ་གསང་བ་འདུས་པའི་ལྷ་ཚོགས། བྲེ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་། བུམ་པ་ལ་ཞི་བ་བཞི་བཅུ་ཞེ་གཉིས། པད་ཕྲེང་ལ་འཇམ་དཔལ་གྱི་ལྷ་ཚོགས། བང་རིམ་པ་དང་པོ་ལ་ཕ་རྒྱུད་ཀྱི་ལྷ་ཚོགས། གཉིས་པ་ལ་མ་རྒྱུད་ཀྱི་ལྷ་ཚོགས། གསུམ་པ་ཀྱེེ་རྡོ་རྗེའི་ལྷ་ཚོགས། བཞི་པ་ལ་མ་ཧཱ་མ་ཡའི་ལྷ་ཚོགས། ལྔ་པ་ལ་རྡོ་རྗེ་གདན་བཞིའི་ལྷ་ཚོགས། སྒོ་བདུན་ཅུ་རྩ་གཉིས་ལ་དཔལ་མགོན་བདུན་ཅུ་རྩ་གཉིས། དེའི་རྩ་བར་ཕྱོགས་སྐྱོང་ཞིང་སྐྱོང་ཆོས་སྐྱོང་མ་མགོན་རྣམས་གསལ་བར་བཞུགས་པ་ཞལ་གཟིགས། མཆོད་རྟེན་འོད་ཀྱི་ཕུང་པོར་གཟིགས་པས་མཆོད་རྟེན་བཀྲ་ཤིས་འོད་འབར་དུ་མཚན་གསོལ་ལོ།། འདི་ཉིད་ལ་བཀུར་བསྟི་བྱེད་པའི་ཕན་ཡོད་ནི། ཨོ་རྒྱན་པདྨའི་ཞལ་ནས། སྣུབས་ནམ་མཁའི་སྙིང་པོ་ལ་སོགས་པ་སྔ་བ་རྣམས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མོན་མོ་བཀྲ་ཤིས་མཁྱེན་འདྲེན་རྣམས་ལ་བཀའ་བསྩལ་པ། ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པས།། རང་བྱུང་ལྷུན་གྱིས་གྲུབ་པའི་མཆོད་རྟེན་འདི།། མིག་གིས་མཐོང་ནས་ངན་སོང་སྐྱེ་སྒོ་གཅོད།། གང་དག་འདི་ལ་བསྐོར་བ་སུས་བསྐོར་བ། བཤན་པ་ཡིན་ཡང་མཐོ་རིས་གནས་སུ་སྐྱེ།། གང་ཞིག་མཆོད་རྟེན་འདི་ལ་ཕྱག་འཚལ་བ།། མཐུན་པོ་ཁྱད་པར་ཕལ་ཆེར་རྒྱལ་པོར་གྱུར།། མཆོད་རྟེན་འདི་ལ་རྣམ་ཐར་སུས་བརྗོད་པ།། གང་གི་ཐོས་པའི་ངན་སོང་ཀུན་ལས་སྐྱོབ།། གང་ཞིག་མཆོད་རྟེན་འདི་ལ་པུས་བཙུགས་པ།། མཆོག་རིགས་བཙུན་པ་རྒྱལ་རིགས་འཁོར་ལོ་སྒྱུར།། གང་ཞིག་མཆོད་རྟེན་འདི་ལ་ཐལ་སྦྱར་བ།། མི་དེ་ཡང་དག་ལམ་ལ་གནས་པར་འགྱུར།། མཆོད་རྟེན་འདི་ལ་མ་མཎྜལ་སུས་ཕུལ་བ།། གནས་སྐབས་མཐར་ཐུག་འབྲས་བུ་མཆོག་ཐོབ་འགྱུར།། གང་ཞིག་མཆོད་རྟེན་འདི་ལ་མར་མེ་འབུམ།། བྱེ་བ་ཕྲག་ཁྲིག་ལྷ་ཞལ་མཐོང་བར་འགྱུར།། གང་ཞིག་མཆོད་རྟེན་འདི་ལ་དྲི་ཆབ་འབུལ།། ཡི་དྭགས་མི་སྐྱེ་ལོངས་སྤྱོད་ཆེ་བར་འགྱུར།། མི་ཞིག་མཆོད་རྟེན་དེ་ལ་ཞལ་ཟས་འབུལ།། ཚེ་རིང་ནད་མེད་མུ་གེ་མེད་པར་འགྱུར།། མཆོད་རྟེན་དེ་ལ་ཅོད་པན་སུས་བཏགས་པ།། མི་དེ་ལྷ་མིའི་གོ་འཕང་ཐོབ་པར་འགྱུར།། མཆོད་རྟེན་འདི་ལ་རབ་གནས་སུས་སྦྱར་བ།། དུག་གསུམ་ནད་ཞི་རྒྱལ་ཁམས་བདེ་བར་འགྱུར།། གསང་སྔགས་མཐར་ཕྱིན་ཨོ་རྒྱན་ཡུལ་ལྟ་བུ།། སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེད།། གནས་འབྲེལ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད།། ཕུང་པོ་བོར་ན་མཁའ་སྤྱོད་གནས་སུ་འགྲོ།། ཚོགས་འཁོར་བྱས་ཚད་ཆུད་ཟོས་འགྲོ་རེ་ཀན།། འདི་ལ་གནས་ཚད་དུ་རུ་ཀའི་མི་ཕེབས།། ཞེས་གསུངས་སོ།། མཆོད་རྟེན་ནང་དུ་བླ་མ་རུ་པ་ཆོས་རྗེའི་ཕྱག་མཐེ་བོང་གི་རྗེས། ཀརྨ་པ་རོལ་པའི་རྡོ་རྗེའི་ཞབས་རྗེས། གཏེར་སྟོན་གུ་རུ་ཆོས་དབང་གི་ཞབས་རྗེས། རྡོར་འཛིན་ཆོས་དབང་གྲགས་པའི་ཕྱག་འཁར་གྱི་རྗེས། མཆོད་གཡག་གི་ཞབས་རྗེས། གུ་ཤྲི་དཔལ་འབྱོར་དོན་འགྲུབ་ཀྱི་ཕྱག་གཉིས་ཀྱི་ཕྱག་རྗེས། དཔའ་བོ་རྡོ་ཡི་ཐོད་པ། མཁའ་འགྲོ་མ་རྣམས་ཀྱི་ཚོགས་གཞོང་། དབང་ཕྱུག་ཆེན་པོའི་སྐུ་རྣམས་ཡོད། གོང་གི་བཞུགས་ཁྲི་འདི་ནི་ཀརྨ་རོལ་པའི་རྡོ་རྗེ་ནས་ཉེ་བར་བཟུང་། ཞྭ་དམར་ནག་རིམ་པ་ལྟརབཞུགས་ཤིང་གསང་སྔགས་ཟབ་མོའི་ཆོས་མང་དུ་གསུངས་ཏེ། སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པའི་བཞུགས་ཁྲི་བྱིན་རླབས་ཅན་ཡིན་ནོ།། འོག་གི་བཞུགས་ཁྲི་ནི་གཏེར་སྟོན་གུ་རུ་ཆོས་དབང་གི་ཞུགས་ཁྲི་ཡིན་ནོ།། དེ་ནས་ཨེ་ཀ་ཛ་ཏིའི་གཟིགས་སྣང་ནི། གཞུང་གི་ཆུ་བབ་པའི་ངོས་ན་སྒོ་སྲུང་རུས་སྦལ་གདོང་ཅན་གཟིགས། དེ་ནས་ཚུར་བལྟས་པ་ན་རྗེ་བཙུན་དབང་ཕྱུག་རྡོ་རྗེས་གཙུག་ཏོར་རྣམ་རྒྱལ་མ་གཟིགས། གཏེར་སྟོན་རཏྣ་གླིང་པ་འདིར་ཕེབས་པའི་དུས་སུ་མི་དཀར་པོ་གཅིག་གིས་ལམ་བཀག་སྟེ་གཏོང་མི་ཉན་པ་ལ་གཏོར་མ་ཕུལ་བས་འདི་ཉིད་ལ་ཐིམས་པའོ།། དེ་ནས་སྒོ་སྲུང་བཤན་པ་སྤུན་བདུན་ཡོད། དེ་ནས་ཁྱི་མོ་བླ་མཚོ་ཡོད་། དེ་ནས་མར་ཕྱིན་པ་ན་ཕག་མོ་བླ་མཚོ་ཡོད། ཚུར་ངོས་ཀྱི་ཆུ་ཆར་དེ་འཇམ་དབྱངས་དཀར་པོ་ཞལ་གཟིགས། རྡོ་རྗེ་འཇིགས་བྱེད། སྒྲོལ་མ་དཀར་མོ། རེ་མ་ཏི་མཆེད་གསུམ་གྱི་བླ་མཚོ་རྣམས་ཡོད། དེ་ཡང་ཨོ་རྒྱན་བདྨའི་ཞལ་ནས། ལུང་པ་མདའ་ཕྱག་རྒྱ་བསྣོལ་བ་འདྲ་བ་ན་མར་ཕྱིན་པ་ན་བྲག་རི་སོག་པོ་ཁྲོས་པ་འདྲ་བའི་མདུན་དུ་ཨེ་ཀ་ཛ་ཏི་རྦ་དོང་འཇིགས་ཤིང་སྐྱི་གཡའ་བ་ཡོད་ཅེས་གསུངས་པ་ལྟར། མཚུངས་མེད་ཆོས་ཀྱི་རྗེ་ཀརྨ་པ་རིམ་པ་ལྟར་བྱོན་པ་ཐམས་ཅད་ཀྱིས་སྔགས་ཀྱི་རྒྱལ་མོ་ཨེ་ཀ་ཛ་ཏིའི་སྐུ་ཤིན་ཏུ་གསལ་བ་ཞལ་གཟིགས། རྗེ་བཙུན་དབང་ཕྱུག་རྡོ་རྗེས་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་དང་ལྷ་མོ་དུང་སྐྱོང་མ་ཞལ་གཟིགས། གཞན་ཡང་ཡི་དམ་ཞི་ཁྲོའི་སྐུ་དཔག་ཏུ་མེད་པ་ཞལ་གཟིགས། འོག་གི་བཞུགས་ཁྲི་རྗེ་བཙུན་དབང་ཕྱུག་རྡོ་རྗེའི་ཞབས་གཉིས་ཀྱི་རྗེས་ཀྱང་ཡོད་དོ།། ཅེས་པ་ནི་ཨེ་ཀ་ཛ་ཏིའི་གཟིགས་སྣང་ཡིན་ནོ།།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ལྗོངས་རིག་གནས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-12 04:18 , Processed in 0.300088 second(s), 21 queries .

返回顶部