博客西藏在最高处过一种生活

日志

༄༅།།གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་ ...

已有 69 次阅读2018-10-28 08:54 |系统分类:文化










                   ༄༅།།གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་ཤེས་རིག་འགྲན་བསྡུར།
                                    ཡོང་ཁུངས། མཚོ་སྔོན་པོ་དྲ་བ།
                     

       སློབ་འབྲིང་སློབ་མའི་སློབ་སྦྱོང་གི་འོས་འགན་ལེགས་འགྲུབ་དང་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་སུ་གཏོང་བ།མི་རིགས་རིག་གནས་ལ་སྦྱངས་བརྩོན་གྱི་འདུན་པ་ཇེ་ཆེར་འགྲོ་བ་སོགས་ལ་དམིགས་ནས་སྤྱི་ཟླ་9བའི་ཚེས་23ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་ཉིས་སྟོང་ལྷག་གི་གདོང་ལ་སྤྲོ་སྣང་གིས་ཁེངས་ཏེ་དུས་ལྟར་སློབ་གྲྭའི་རྩལ་སྦྱང་ར་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་ཤེས་རིག་འགྲན་བསྡུར་བྱ་འགུལ་དང་སྐབས་དང་པོའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་གཉིས་དུས་མཉམ་གཅིག་ཏུ་སྤེལ་བའི་ཚོགས་རར་ཐོན་པ་རེད། སློབ་གྲྭའི་སློབ་གཙོ་གཡུང་དྲུང་བསྟན་པ་དང་སློབ་གཙོ་གཞོན་པ་ཚེ་གཟུངས། སློབ་གཙོ་གཞོན་པ་ཡོན་ཏན་སོགས་སྲིད་འཛིན་མི་སྣ་ཡོངས་དངོས་སུ་ཞུགས་ཏེ་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ལ་ཟུར་ཉན་གནངས་ཤིང་དཔྱད་འདེམས་པའི་འགན་ཁུར་མཁན་ཨ་ཁུ་རྣམ་པ་གཉིས་དང་ལོ་རིམ་བདུན་པའི་བོད་ཡིག་ཁྲིད་དཔྱོད་ཁག་གི་དགེ་རྒན་རྣམ་པ།གཞན་དགེ་སློབ་རྣམས་འགོར་འགྱངས་མེད་པར་གནས་དེར་འཛོམས་པ་ན། མདོ་འཛིན་པ་དགེ་རྒན་རིན་ཆེན་ཉི་མས་བཀྲ་ཤིས་པའི་གཏམ་གླེང་གི་ཁྲོད་ནས་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་དེ་དངོས་སུ་མགོ་བརྩམས་པ་རེད།

                     
      འགྲན་བསྡུར་ལ་ཞུགས་མཁན་གྱི་སློབ་གྲོགས་དག་གི་གདོང་ལ་སྔ་ན་མེད་པའི་སྤོབས་པ་དང་རྒྱལ་ཁའི་མདངས་ཤིག་བསྣམས་ཏེ་སུམ་ཅུ་བའི་རྩ་བ་དང་ལེགས་བཤད་ལྗོན་དབང་། དཔེ་དེབ་ཁྲོད་ཀྱི་སྙན་རྩོམ་དང་མགུར་མ། སྙན་ངག་སོགས་མདོར་ན་བོད་རང་གི་མཁས་པའི་བརྩམས་ཆོས་རིན་ཐང་བྲལ་བ་སྐོར་ཞིག་ཐོགས་བཀག་མེད་པའི་སྒོ་ནས་བློར་བཟུང་བར་དཔྱད་འདེམས་པ་དག་གིས་བརྗོད་བྱ་དང་མང་ཉུང་། དག་གསལ་དང་བྱང་ཆ་བཅས་ཆ་རྐྱེན་བཞི་གནད་དུ་བཟུང་སྟེ་འགྲན་བསྡུར་ལ་ཞུགས་མཁན་གྱི་སློབ་གྲོགས་དག་ལ་ཕྱོགས་རིས་དང་དམིགས་བསལ་མེད་པར་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་དཔྱད་བདེམས་གཟབ་ནན་བྱས།

                    
      ཕྱི་དྲོའི་དུས་ཚོད་བཞི་ལྷག་གི་ཛ་དྲག་གི་བློ་རྒྱུགས་འགྲན་བསྡུར་བརྒྱུད་ནས་སློབ་གྲོགས་རྟ་མགྲིན་རྒྱལ་དང་བློ་བཟང་དཔལ་ལྡན་སོགས་སློབ་གྲོགས་བཅུ་ལ་ཐེངས་འདིའི་བློ་རྒྱུགས་འགྲན་བསྡུར་གྱི་ཨང་དང་པོའི་བྱ་དགའི་དཔང་ཡིག་དང་དགེ་བཤེས་ཆུང་ཆུང་རྟགས་མའི་བྱ་དགའ་བསྩལ་བ་དང་།སློབ་གྲོགས་རྡོ་རྗེ་མཚོ་མོ་དང་དངོས་གྲུབ་མཚོ་སོགས་སློབ་གྲོགས་བཅུ་ལ་ཐེངས་འདིའི་བློ་རྒྱུགས་འགྲན་བསྡུར་གྱི་ཨང་གཉིས་པའི་བྱ་དགའི་དཔང་ཡིག་གནང་བས་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཐལ་མོ་རྡེབ་སྒྲས་ཁེངས་པ་རེད།

                     
      བོད་ཡིག་ཁྲིད་དཔྱོད་ཁག་གིའགན་ཁུར་བ་རྒན་སྐལ་བཟང་ལགས་ཀྱིས་བོད་ཀྱི་རིག་གནས་ཁོང་དུ་ཆུད་པར་བྱེད་དགོས་ན་ཐོག་མར་བློ་ལ་བྱང་ཆུབ་པ་ཞིག་བྱེད་དགོས་ལ།བློ་ལ་བྱང་ཆུབ་པའི་རྨང་གཞི་སྟེང་ནས་བོད་ཀྱི་རིག་གནས་ཀྱི་གོ་དོན་སོགས་ལ་རིམ་བཞིན་གོ་བ་ལེན་པ་སོགས་ལ་བརྩོན་པར་འོས་པ་དང་། སྔོན་བྱོན་མཁས་པ་དག་གིས་ཀྱང་སྦྱང་བྱའི་གཞུང་ལུགས་གང་ཡིན་བློ་ལ་བཟུང་ཚུལ་དང་བློ་ལ་བཟུང་བའི་དགེ་མཚན །བློར་འཛིན་གྱི་བྱ་བར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་དགོས་ཚུལ།ཐེངས་འདིའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ཁྲོད་ཀྱི་ལེགས་པའི་ཆ་དང་མི་འདང་བའི་ཆ་སོགས་ཁ་གསལ་ཁུངས་དག་གིས་སློབ་གྲོགས་དག་ལ་སྤྱི་སྡོམ་རང་བཞིན་གྱི་གསུང་གླེང་གནངས་པ་རེད།

                                        

      རང་སློབ་གྲྭའི་སློབ་གཙོ་གཡུང་དྲུང་བསྟན་པ་ལགས་ཀྱིས་ཀྱང་དོན་ཚན་ཆེན་པོ་བཞི་ཡི་སྟེང་ནས་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་གྱི་བྱ་བར་སྤྱི་སྡོམ་དང་རྗེས་ཕྱོགས་ཀྱི་བྱ་བའི་ཐད་ནས་ཕྱོགས་གང་དག་ལ་གཟབ་ནན་དང་རྒྱུན་འཁྱོངས་བྱེད་དགོས་ཚུལ་གྱི་རེ་བ་བཏོན་པ་སྟེ།གཅིག་ནས་མི་རིགས་ཀྱི་སློབ་གྲྭ་ཞིག་ཡིན་ཚེ་སློབ་གྲྭ་དེར་གཞི་རྐང་ཚུགས་དགོས་པ་ནི་མི་རིགས་རང་བཞིན་གྱི་རིག་གནས་ཡིན་པས།དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་བོད་སྐད་གཙང་མ་ཞིག་བཤད་ཤེས་པ་དང་བོད་ཡིག་ལེགས་པོ་ཞིག་སྦྱངས་ཤེས་པ། བོད་ལྭ་གྲལ་དག་ཅིག་གོན་ཤེས་པའི་རྨང་གཞི་སྟེང་ནས་སྔོན་ཐོན་མི་རིགས་ཀྱི་ཚན་རིག་ཤེས་བྱའི་ཕྱོགས་ལ་འབད་པ་བྱེད་དགོས་པ།གཉིས་ནས་བློར་བཟུང་ཟིན་པའི་བརྩམས་ཆོས་དག་ལ་གོ་བ་ཡང་དག་ཅིག་ལོན་ཐུབ་པར་བྱ་དགོས་ལ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཀྱང་བེད་སྤྱོད་གཏོང་ནུས་པར་བྱ་དགོས་པ །གསུམ་ནས་སློབ་འབྲིང་སློབ་མའི་ངོས་ཐད་ནས་གླེང་ན་འབྲིང་རྒྱུགས་དང་མཐོ་རྒྱུགས་ཏེ་རྒྱུགས་ཆེན་པོ་གཉིས་ལ་འབྲེལ་བ་དམ་པོ་ཡོད་པའི་སྐོར་བློར་བཟུང་ནས་དཔེ་དེབ་བློར་འཛིན་པའི་ཐད་ལ་ནུས་པ་བླ་ལྷག་ཏུ་འདོན་དགོས་པ །བཞི་ནས་སློབ་གྲོགས་དག་གིས་དགེ་རྒན་དང་ཕ་མ་ལ་བརྩི་བཀུར་བྱེད་དགོས་ཚུལ་སོགས་ནན་ཏན་སྒོས་བསྟན་པ་རེད།

                    
      མཇུག་མཐར་རང་སློབ་གྲྭས་གདན་ཞུས་སློབ་དཔོན་ཆེན་མོ་བློ་བཟང་སྙན་གྲགས་ལགས་ཀྱིས་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་གྱི་གོ་རིམ་ཁྲོད་ནས་སློབ་གྲོགས་དག་གིས་ཀློག་མི་དག་པའི་རྒྱ་གར་སྐད་སོགས་ཇི་ལྟར་བཀླགས་དགོས་ཚུལ་དང་།རེབ་འདིའི་བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་འདི་ལྟ་བུ་མུ་མཐུད་དུ་སྤེལ་དགོས་པའི་རེ་བ་དང་བཅས་སློབ་གྲོགས་དག་གིས་བློར་བཟུང་ཟིན་པ་མི་བརྗེད་པ་དང་བློར་འཛིན་དགོས་པའི་ཆ་ལ་དོ་སྣང་བྱ་དགོས་པ་སོགས་ཀྱི་རེ་བ་ཆེན་པོ་བཏོན་པའི་གསུངས་གླེང་དྲི་མ་མེད་པ་གལ་ཆེན་ལྷུག་པོར་གནངས་པ་དང་ཆབས་ཅིག་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སྐབས་དང་པོའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་ཡོངས་སུ་མཇུག་རྫོགས་པ་རེད། །
      ཞེས་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 15:24 , Processed in 0.294123 second(s), 21 queries .

返回顶部