博客西藏在最高处过一种生活

日志

༄༅།།བླ་མ་ལ་སྐྱབས་སུ་མཆིའོ།། ... ... ... ... ... ...

已有 84 次阅读2018-10-10 08:31 |系统分类:文化


                                                 ༄༅།།བླ་མ་ལ་སྐྱབས་སུ་མཆིའོ།
                                                ཡོང་ཁུངས།   བོད་ཀྱི་རྩོམ་རིག་དྲ་བ།

                     
                                                                   ༧ པཎ་ཆེན་སྣང་བ་མཐའ་ཡས་ཆོས་ཀྱི་ཉི་མ་མཆོག་ལ་ན་མོ།

      ༄༅།།གངས་དཀར་བོ་དུང་གི་རལ་བ།།ཆུ་གཙང་བོ་གཡུ་ཡི་མེ་ལོང་།།རྫ་སྨུག་པོ་གཡང་གི་གཏེར་མཛོད།། སྤང་སྔོན་མོ་སྨན་གྱི་གཞོང་བ།།བོད་གངས་ཅན་བསོད་ནམས་ཞིང་ས།།ས་བཅུད་འཛོམས་བཅུད་ཀྱི་གཞི་མ།།གནས་ཡང་སྐྱིད་འཛམ་གླིང་ཡང་རྩེ།།བོད་ཁ་བ་ཅན་གྱི་ཞིང་ཡིན།།ཐུགས་བརྩེ་བ་ཅན་གྱི་གནས་ཡིན།།ལག་ཕྲེང་བ་ཅན་གྱི་ཡུལ་ཡིན།། འབྲོག་ཁ་དན་ཅན་པོ་སྤང་ཡིན།།རོང་དཔའ་མཛངས་ཅན་པོ་རི་ཡིན།།ཆོས་ཉམས་ལེན་ཅན་པོ་དགོན་ཡིན།།ཕྱུགས་གཡང་ཆགས་གཡང་གི་སྐར་མ།།ནས་འབྲུ་དྲུག་སྤྲིན་གྱི་ཚོམ་བུ།།རྒྱུད་ཉམས་རྟོགས་སྨུག་པ་རང་སངས།།བུ་བསོད་ནམས་ཅན་གྱི་སྐྱེ་ཡུལ།།ལས་དབང་ཐང་ཅན་གྱི་འཁྲུངས་ཡུལ།།ངོས་ཟིན་དགོས་སྨོན་ལམ་རྒྱག་དགོས།།ཞེ་ཐག་པས་གསོལ་བ་འདེབས་དགོས།།ཁ་པདྨ་བོད་ལ་འཛུམ་དགོས།།ལུས་ཟེའུ་འབྲུ་བོད་ནས་བཞད་དགོས།།ཁ་མ་མང་ཁ་ཡ་ན་ཟླ།།དོན་མ་བརྗེད་ཕུ་ནུ་མིང་སྲིང་།།ཤེས་རྟོགས་པ་ལྷ་དང་མཉམ་རུང་།།ལས་མཛད་པ་མི་ལ་བསྟུན་དགོས།།དོན་ཆེ་ཆེ་རྩོད་པ་འཁྱོངས་དགོས།།དོན་ཆུང་ཆུང་འདོར་བ་ཤེས་དགོས།།དབུས་སྟོད་སྨད་ས་ཕྱོགས་དགར་ནས།།ཆོས་གྲུབ་མཐའི་ཆགས་སྡང་བསྲེས་ན།།ཕ་བླ་མའི་དགོངས་པར་འགལ་འགྲོ།།བོད་སྤྱི་མཐུན་ཆས་ལ་གནོད་འགྲོ།།ལྷོ་འཛམ་གླིང་རྗེས་ལ་ལུས་འགྲོ།།དུས་ཁ་སང་དེ་རིང་ཞིག་ལ།།ཁ་ལབ་ལུང་བའི་མཐིལ་ན།།ཁ་རྩོད་འཁོར་ལོ་འཁོར་འཁོར།།ཁ་འཛིང་སེར་ནག་འབབ་འབབ།།ཁ་མི་འཆམ་གཡག་རྭ་སྒྱེ་བླུག།གྲོས་མི་འགྲིག་རྡོ་ཐོག་ཆུ་བླུག།བློ་ཕུག་ཅན་ཕུག་ཐག་ཐུང་གི།ཚིག་དོན་ཅན་དོན་རྩ་ཕྲ་གི།ཁ་སྤྱི་དོན་སྐྱི་མོ་ཤིགས་སེ།།དོན་སྒེར་དོན་རི་མོ་འཁྱུགས་སེ།།ཧ་མི་གོ་བླ་མའི་མཛད་པ།།གནད་མི་རྟོགས་མཁས་པའི་སྤྱོད་པ།།ལུགས་མི་འཁྱོངས་ཕྱི་རབས་བོད་པ།།ཁས་མི་ལེན་དེང་རབས་སློབ་མ།།སྐད་མི་གཅིག་མདོ་དབུས་ཁམས་གསུམ།།ཞེ་མི་མཐུན་རོང་བ་འབྲོག་པ།།ཁོག་མི་དགའ་གསར་མ་རྙིང་མ།།གྲངས་ཉུང་ཉུང་ས་ཡ་དྲུག་པོ།།ཁ་མི་ཚང་ཁ་ཤོ་སྣ་ཤོ།།རྒྱུ་བཙལ་གི་བླ་མ་མཁན་པོ།།ཆོས་འཚོང་གི་གྲྭ་བ་བཙུན་མ།།རྒྱ་ཕྱུག་པོའི་ལག་གི་རྡེའུ་རེད།།རྡེའུ་གར་འདེད་དབང་ཆ་རྒྱུ་རེད།།བློ་ཤེས་ཅན་ཤེས་ཡོན་ཅན་ཚོ།།ཐབས་མཁས་ཅན་ཞིབ་མཇུག་པ་ཚོ།།ཐོབ་གོ་སའི་འོག་གི་བོང་རེད།།བོང་སྐྱ་ལིའི་སྐྱེ་བ་དེ་རེད།།ཁ་གསོན་པོའི་སློབ་ཆེན་སློབ་མ།།ལག་བྱ་བའི་དམ་ལ་བཏགས་ཡོད།།ཁྲིམས་མི་ཤེས་ཞིང་བ་འབྲོག་པ།།རླུང་གར་གཡུག་གྱང་ཁའི་རྩྭ་ཡིན།།བཤད་མི་ཕོད་ལྐུག་པ་ལྐུགས་མ།།སྒུལ་མི་ཕོད་ཞ་བོ་འཐེང་བོ།།སྒྲུབ་མི་ཕོད་ཝ་ངོ་ཙིག་ངོ་།།ནམ་ཡིན་རུང་ཁྱི་ངོ་ཧྭ་ངོ་།།ཁ་སྡེ་ཐོག་ནས་ཁྲ་འགད་འགད།།དོན་རང་ཐོག་འཇག་སྐྱ་འབར་འབར།།ལབ་ལོ་ལོ་རྒྱག་གི་མ་འདུག།དགེ་ལོ་ལོ་ངོམས་གི་མ་འདུག།བོད་རང་ཚུགས་རང་བཞིན་འཆོར་དུས།།རི་རྩ་ཆེན་རྩ་བ་སློག་དུས།།ཆོས་རྒྱ་ཆེན་རྒྱུ་སྐུད་འབྲེགས་དུས།།ཁེ་རྟ་རྔ་འདྲ་བོར་འཇུས་ནས།།རྒྱུ་རིལ་རྡོག་འདྲ་བོར་རུམ་ནས།།མགོ་སྒུར་སྒུར་ཕྱག་གི་རང་བཞིན།།མིག་བཙུམ་བཙུམ་སྒོམ་གྱི་ལྟ་བ།།སྤུན་ན་ཟླ་བརྒྱ་འཚོང་སྟོང་འཚོང་།།རི་སྡེ་བ་ཁྲི་འཚོང་འབུམ་འཚོང་།།འཐབ་མི་ཤེས་གྲི་ཁ་ནང་ཡིན།།རྩོད་མི་ཤེས་མདའ་ཁ་ནང་ཡིན།།སྐད་ཡི་གེའི་འདབ་མ་འཐོར་དུས།།ཡུལ་གོམས་གཤིས་ལོ་མ་ཟགས་དུས།།ཆོས་རིག་གནས་རི་མོ་ཡལ་དུས།།ཕ་ཨ་ཁུའི་མཛད་པ་གསེར་བྲིས།།གསེར་སེར་བོའི་རིན་ཐང་ཤོར་ཡོད།།མ་སྲུ་མོའི་སྤྱོད་པ་དངུལ་བྲིས།།དངུལ་དཀར་བོའི་ཐོབ་ཐང་ཡལ་ཡོད།།ཆུ་གཙང་བོ་གཡུ་ཡི་མཎྜལ།ཀླུ་ཀླུ་མོ་མུ་ཏིག་ཕྲ་རྒྱན།།ཕྲ་འཕྱིད་པའི་བརྩོན་པ་ཡོད་དགོས།།རི་མཐོན་པོ་གཏེར་གྱི་བང་མཛོད།།འཁོར་ལྷ་སྲུང་མཛོད་ཀྱི་བདག་པོ།།མཛོད་སྲུང་གི་སྙིང་སྟོབས་ལྡན་དགོས།།སེམས་གྲུ་བཞི་ཧེབ་ཀྱི་སྒམ་ཡིན།།སྒམ་གྲུ་བཞི་སྒོར་གྱི་སྣོད་ཡིན།།སྣོད་རྐུབ་བརྡོལ་གང་རྒྱུ་ཨི་ཡོད།།ཚེ་ཐུང་ཐུང་གོམ་པ་གང་ཡིན།།བློ་ཐུང་ཐུང་རྐང་བའི་མགོ་ཡིན།།སྐྱིད་རྒྱག་པའི་ཉི་མ་དུ་ཡོད།།ལག་བྲང་ལ་བཞག་ནས་འདང་རྒྱོབས།།སེམས་གནད་ལ་ཕབ་ནས་རྩིས་རྒྱོབས།།ལུས་གཡར་མར་གཡར་དྲིན་ཆོད་ན།།སེམས་དག་མར་དག་ཆ་དོད་ན།།དོན་དམ་པར་སྤྱི་སེམས་ཡོད་དགོས།།མདོ་དམ་པར་དགེ་བ་སྒྲུབ་དགོས།།ཚེ་འདི་ཕྱི་བརྟོལ་བའི་མདའ་མོ།།ལས་རྒྱུ་འབྲས་གཞུ་ལ་འདྲེན་དགོས།།མིར་སྐྱེས་པའི་དོན་རྩ་བདེན་ཡིན།།བདེན་དྲང་བོར་བསྐྱངས་ན་ཆོས་ཡིན།།ཆོས་མདོ་སྔགས་དགོངས་པ་བདེན་ཡིན།།བྱམས་སྙིང་རྗེའི་རྩ་བ་བདེན་ཡིན།།ཕ་བླ་མ་བདེན་པའི་བཤེས་ཡིན།།དྲིན་ཕ་མ་བདེན་པའི་བུ་ཡིན།།བོད་གངས་ཅན་བདེན་པའི་ཞིང་ཡིན།།ཞིང་འདི་ཡི་ཁྱད་ཆོས་དེ་ཡིན།།འབོར་མི་ཉན་ཕྱི་རབས་བོད་པ།།ཁ་རྩོད་པ་ནང་ལ་མ་འཁོར།།མགོ་རྐང་ལག་ཕྱི་ལ་མ་རེ།།སྡུག་རང་སྐྲ་རང་གིས་བསླ་དགོས།།བུ་རང་མདོག་རང་གིས་ངོམ་དགོས།།རང་སྐྱོབ་པའི་ལྷ་དེ་རང་ཡིན།།གཞན་སྐྱོབ་མཁན་མེད་པ་ལྷང་ཡིན།།ཁ་གཡར་ནས་ཁེ་བཟང་ལེན་མཁན།།དོན་མེད་རུང་གཤོག་རླུང་གཏོང་མཁན།།བྲ་རྔ་ལོ་ཡིན་པ་ཤེས་དགོས།།རྫུན་རྐུབ་ལོ་ཡིན་པ་རྟོགས་དགོས།།བློ་བརྟན་དགོས་དད་པ་ཟབ་དགོས།།གཞུང་སྦྱངས་དགོས་ཤེས་རབ་བརྡར་དགོས།།ཁ་གྲུ་བཞི་ཉེས་པའི་སྒོ་ཡིན།།སེམས་རབ་རིབ་སྡིག་པའི་གཞི་ཡིན།།བློ་རིག་པས་མ་དཔྱོད་གོང་ལ།།ཁ་གང་སར་གཏོང་གི་མ་འདུག།སེམས་གང་སར་གཡེང་གི་མ་འདུག།མི་ཆེ་ཆུང་བརྩི་འཇོག་ཤེས་དགོས།།རང་ཆུང་ཆུང་ཡིན་པ་ངེས་དགོས།།གཞན་མཐོ་སར་བཞག་ན་ཤེས་ཡིན།།རང་དམའ་སའི་བསྡད་ན་ལུགས་ཡིན།།རིགས་མི་གཅིག་མི་རིགས་མང་བོ།།ས་མི་གཅིག་གླིང་ལྔ་མཚོ་བཞི།།།མདོར་བསྡུས་ན་རང་གི་སྤུན་ཡིན།།སྤུན་ན་ཟླའི་འདོད་པ་གཅིག་ཡིན།།ཞེ་མཐུན་དགོས་མཐུན་སྒྲིལ་དམ་དགོས།།དཔུང་མཉམ་དགོས་བརྩེ་བ་ཟབ་དགོས།།ལྷོ་འཛམ་གླིང་མི་ཡི་ཁམས་ཡིན།།མིའི་ཐོབ་ཐང་ཐོད་པའི་མིག་ཡིན།།མིག་སྲུངས་དགོས་རྒྱལ་ཁམས་མཐོང་དགོས།།སེམས་ཐུལ་དགོས་ཞི་བདེ་བརྩོན་དགོས།།ས་འདི་ཡི་རྩི་ཤིང་སྨན་སྣ།།གཏེར་རིན་ཆེན་རྣམ་པ་སྣ་ཚོགས།།དེར་གནས་པའི་རི་སྐྱེས་སྲོག་ཆགས།།གནོད་མ་གཏོང་འགྱོ་རོགས་འདུག་རོགས།།སེམས་མ་སྡང་བཟའ་རོགས་འཐུང་རོགས།།ས་མ་རྐོ་རང་གི་ལུས་ཡིན།།ཆུ་མ་རྙོག་རང་གི་ཁྲག་ཡིན།།རྡོ་མ་སློག་རང་གི་སྙིང་ཡིན།།འབུ་མ་འཐུ་སྲོག་གི་རྩ་ཡིན།།དེས་མི་ཚད་སྨན་སྣ་ལྡུམ་སྣ།།མགོ་ཀླད་པའི་རྩ་ཆེན་རྩ་ཆུང་།།བཅད་མ་འཇོག་ཕྱི་རབས་བོད་པ།།ལས་བརྩོན་པའི་གོ་ཆ་སྲ་ན།།རྒྱུ་བསོགས་པའི་ཐབས་ལམ་ལོས་མང་།།བློ་རིག་པ་ནང་ལ་ཁུགས་དང་།།ཐབས་ཤེས་རབ་རྒྱ་ལ་སྐྱེད་དང་།།ལས་དགེ་སྡིག་མིག་འབྲས་སྲུངས་དང་།།ཕ་བླ་མ་ཡིད་བཞིན་ནོར་བུ།།དགུང་ཉི་མ་དྲོད་འཇམ་ཅན་པོ།།དྲོད་ལྷང་ངེར་འཆར་རྒྱུ་ལོས་ཡོད།།ནང་ཕུ་ནུ་དུང་གི་ཕྲེང་བ།།དུང་སྐར་ཚོགས་འོད་མདངས་ཅན་པོ།།ཁྲ་ལམ་མེར་འཛོམས་རྒྱུ་ལོས་ཡོད།།ཕྱི་མཐུན་པའི་བརྩིགས་པ་མཐོ་ན།།།ནང་བརྩེ་བའི་བཟོད་བཀོད་ཡག་ན།།བོད་ཁ་བ་ཁ་ལས་ཅན་པོ།།ལས་ཀླུང་རྟ་རྒྱས་རྒྱུ་ལོས་ཡོད།།སྐད་ཡི་གེའི་ཤ་རུས་གཙང་ན།།ཡུལ་གོམས་གཤིས་ཁྲག་རྒྱུན་དྭངས་ན།།གནས་སྲུང་སྐྱོབ་ལྷུ་རྐང་འཕྲོད་ན།།བོད་ཁ་བའི་ཚེ་སྲོག་ལོས་བརྟན།།ཡིད་མ་སྐྱོ་རྒན་རྒོན་ལོ་ལོན།།ཁོ་མ་ཆད་གཞོན་ནུ་ཕོ་མོ།།བློས་མ་གཏོང་ལོ་ཆུང་བྱིས་པ།།སེམས་མ་གཉོམ་སྐྱ་སེར་གཉིས་ཀ།ཞེ་མ་རྨོངས་རྒན་དར་གཞོན་གསུམ།།ཞིང་ཕྱུགས་ལས་གཉིས་ཀ་གཉེར་དགོས།།དེ་གཉེར་གི་ཐབས་ལམ་བསྒྱུར་དགོས།།ས་སྐྱུར་ནས་གྲོང་ལ་མ་ཡོང་།།ཕྱུགས་འཚོ་སྐྱོང་རྩ་བ་མ་གཅོད།།རི་སྡེ་བའི་ཆས་ཁ་མ་བརྗེད།།བོད་ཁ་བའི་གཏན་ཚིགས་མ་འབོར།།རྒྱུ་མཁོ་རུང་རྒྱུ་བ་སྲུང་དགོས།།ཁེ་ལོན་རུང་ངོ་ཚ་ཤེས་དགོས།།ས་མ་བཙོང་ཕ་མེས་སྲོག་ཡིན།།ཆས་མ་འགྱུར་བོད་མིའི་ལུགས་ཡིན།།སྲོལ་མ་སྒྱུར་ཡབ་མེས་རྟགས་ཡིན།།འདི་བོད་པ་སྤྱི་ཡི་ནོར་ཡིན།།སུས་སྒེར་གཅོད་མ་བྱེད་ཁ་དྲོ།།ནང་མ་དཀྲུགས་ཕུ་ནུའི་དཔུང་རྡང་།།ཕུང་མ་གཏོར་ནང་དམེ་ཇག་རྐུན།།སེམས་བརྟན་པོས་བརྩོན་པ་བསྐྱེད་དགོས།།བློ་བརྟན་པོས་རིག་གནས་སྦྱོང་དགོས།།དུས་རྒྱུན་དུ་རྒྱུན་འཁྱོངས་ཐུབ་དགོས།།བླ་མ་ལ་སྐྱབས་སུ་མཆིའོ།།ཚིག་མང་མང་བཤད་པའི་རྩ་བ།།དོན་མང་མང་ལབ་པའི་དགོས་པ།།བོད་ཁ་བའི་སྐུ་ཚེ་རིང་དགོས།།སྐད་ཡི་གེའི་དབང་ཐང་རྒྱས་དགོས།།ཆོས་རིག་གནས་རིན་ཐང་ཤེས་དགོས།།ཡུལ་གོམས་སྲོལ་གོམ་ཁ་བརྟན་དགོས།།གནས་ཁོར་ཡུག་སྲུང་སྐྱོབ་མཛད་དགོས།།ལས་དགེ་སྡིག་རྒྱ་ཁ་དྲང་དགོས།།དེས་མི་ཚད་འཛམ་བུ་གླིང་གི།དབྱིབས་འཇོང་འཇོང་གོ་ལའི་སྟེང་གི།སྐད་མི་གཅིག་མི་རིགས་མང་བོ།།ཁག་མི་གཅིག་རྒྱལ་ཁབ་མང་བོ།།གཞིས་མི་གཅིག་རང་རང་ས་ནས།།སེམས་གཅིག་ལ་མཐུན་པའི་སྨོན་ལམ།།དོན་བདེ་ལ་འབད་པའི་སྨོན་ལམ།།ལས་བྱ་བ་འགྲུབ་པའི་སྨོན་ལམ།།བླ་མ་ལ་སྐྱབས་སུ་མཆིའོ།།

        ཞེས་རོང་ཆེན་ལྷ་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་རྩོམ་རིག་དྲ་བ་ལས་བཏུས་སོ།

 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-12 07:37 , Processed in 0.277141 second(s), 21 queries .

返回顶部