博客西藏在最高处过一种生活

日志

༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱིས་རྒྱུ་འབྲས་ད ...

已有 94 次阅读2018-10-7 07:04 |系统分类:文化



                                          ༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱིས་ལས་རྒྱུ་འབྲས་དང་དྲང་བདེན་ཕྱོགས་སུ་

                                         བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོ་ཞེས་བྱ་བ་བཞུགས་སོ།

         

                                   

      ༄༅།།འདིར་ཡང་དཔལ་ལྡན་ས་སྐྱ་བའི་གདུང་རབས་སོ་གསུམ་པར་གྲགས་པའི་རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་ཁ་བ་ཅན་གྱི་བླ་རི་ཡུལ་སྐྱོང་རྨ་རྒྱལ་གངས་རིའི་ཉེ་འདབས་སུ་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་སུ་མི་ལུས་བླངས་ཤིང་དེ་ཐོག་མ་ཡུམ་དྲིན་མོ་ཆེའི་ལྷུམས་སུ་ལོ་གསུམ་བསྡད་པའི་ངོ་མཚར་རྣམ་ཐར་ཡོངས་སུ་གྲགས།  སེམས་ཅན་ཀུན་གྱིས་ལྷ་དང་ལྷ་མ་ཡིན་ནམ་ནག་པོ་བདུད་ཀྱི་ཆོ་འཕྲུལ་རེད་ཟེར་ནས་ཡུལ་གྲུ་དེ་ཀའི་གླེང་ཕྱོགས་སུ་གྱུར་བ་དང་། སྔགས་སའི་མཚམས་གོང་མ་དགེ་འཕེལ་བྱང་ཆུབ་གླིང་གི་འཕགས་མཆོག་སྤྱན་རས་གཟིགས་དབང་སྔགས་སའི་དགེ་བཤེས་རིན་པོ་ཆེ ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོ་དང་རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་བསྟན་པའི་མངའ་བདག་ཆེན་མོ༧རྗེ་བཙུན་བྱམས་པ་བསམ་གཏན་རྣམ་གཉིས་སོགས་སྐྱེས་ཆེན་དམ་པ་རྣམས་གྱིས་ལྷ་རིགས་གསུམ་མགོན་པོའི་རྣམ་པར་སྤྲུལ་བ་རོང་ཆེན་ལྷ་རྒྱལ་དཔལ་སྐྱེ་ཕྲེང་ཐོག་མའི་ཡང་སྲིད་དུ་ཐུགས་ཐག་བཅད་པ་མ་ཟད། ཁྱེའུ་མིང་ལ་འང་རོང་བོ་ལྷ་རྒྱལ་དཔལ་ཞེས་སྐྱེ་རབས་སྔོན་མའི་མཚན་ལྟར་བོས་ཤིང་། མ་འོངས་པའི་གདུལ་བྱ་སོགས་ལ་བཀྲ་ཤིས་སྨོན་ལམ་ཡག་པོའི་མདུན་བསུས་ཏེ་གསུངས་གཡང་བསྩལ་པས། ཐོག་མའི་ཁྱེའུ་རང་བཞིན་བརྗོད་པའི་ཆ་ནས་ཀྱང་། འཁོན་ས་སྐྱ་སྨིག་པོའི་གདུང་རྒྱུད་ཡིན། །དཔོན་ལྷ་རྗེ་བྲག་སྣའི་སྲས་རྒྱུད་ཡིན། །དོན་དམ་པའི་སྐྱེ་རབས་ཡང་རྒྱུད་ཡིན། །ལྷ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན། །ཞེས་ཕ་ཡུལ་རྨ་ཀླུང་ཕྱུག་མོའི་ཡུལ་དུ་ཡོངས་སུ་གྲགས་སོ།།

       རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་ངག་རྒྱུན་དུ། རི་རྒྱལ་དེད་ན་རྫ་རྒྱུད་ཡིན། །རྫ་རྒྱུད་རྨ་ཆེན་སྦོམ་ར་ཡིན། །བོད་ཁ་བ་ཅན་གྱི་བླ་རི་ཡིན། །མ་རྒྱུད་དེད་ན་མོ་རྒྱུད་ཡིན། །མོ་རྒྱུད་རྒྱ་བཟའ་ཀོང་ཇོ་ཡིན །།བོད་ཁ་བ་ཅན་གྱི་ལྷ་མོ་ཡིན། །ཆུ་རྒྱུད་དེད་ན་མཚོ་རྒྱུད་ཡིན། །མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཡིན། །མཚོ་སྙིང་མ་ཧཱ་དེ་ཝ་ཡིན། །མི་རྒྱུད་དེད་ན་དཔོན་རྒྱུད་ཡིན །།དཔོན་རྒྱུད་ཏཱ་མིན་ཆེན་ཧུ་ཡིན། །དཔོན་གདུང་རྒྱུད་མ་ཆད་དཔོན་ཕྲུག་ཡིན། །ཞེས་རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག༡༩༥༠ལོའི་ཧོར་ཟླ༣ པའི་ཚེས༡༣ཉིན་ལ་གོམ་ཟུང་གི་རྡོག་ཁ་འཆོལ་ཏེ། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཁ་བ་རི་བའི་བསིལ་ལྗོངས་སུ་སླར་ཡང་ཐེངས་གཅིག་སླེབས་དགོས་པར་བྱུང་ནས། སེར་འགོག་གཡང་སྡེ་ཕྱུག་མོའི་ཡབ་མེས་སེར་འགོག་པ་པཱ་དང་སྔགས་སའི་དགེ་བཤེས་རིན་པོ་ཆེའི་ཡབ་ཆེན་ཡང་སྐོར་མགོན་པོ་ཚེ་བརྟན་གྱི་སྐུ་སྲིང་ཡང་སྐོར་འབུམ་སྐྱིད་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དགུ་བྱུང་བ་དང་། སྲས་མོ་གསུམ་པ་སེར་འགོག་མཁར་ཐོ་དང་མགོ་སྐོར་ནམ་མཁའ་ཡབ་ཡུམ་གཉིས་ལ་ཡང་སྲས་མིང་སྲིང་དགུ་བྱུང་བ་ལས། སྲས་མོ་ཆེ་བ་བསོད་ནམ་སྐྱིད་ནི་དཀོན་མཆོག་གསུམ་ལ་དད་གུས་བླ་ན་མེད་པའི་བུད་མེད་མཚན་ཉིད་ལྡན་ཞིང་། བློ་གཅིག་སེམས་གཅིག་གིས་དམ་པའི་ཆོས་ལ་ཕྱོགས་པ། གཤེས་རྒྱུད་འཇམ་ཞིང་སྙིང་རྗེ་ཆེ་བ།  ཡུལ་མི་གཞན་ལ་བློ་སེམས་དཀར་བ། ཚེ་གཅིག་ལུས་གཅིག་ཏུ་སྨྱུང་གནས་སྲུང་བ་དང་ཕྱག་སྐོར་ལ་འབད་འབུངས་བྱེད་ཅིང་དགེ་བའི་ལས་ལ་བརྩོན་པའི་ཡུམ་ཆེན་དྲིན་མོ་ཆེ་དེ་དང་།  དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རྒྱུད་ལས་མཆེད་ཅིང་ཆིན་རྒྱལ་རབས་ཀྱི་གོང་མ་ལྷ་སྐྱོང་རྒྱལ་པོའི་སྐུ་རིང་ནས་བཟུང་སྟེ། རྨ་ཡུལ་རོང་བོ་བློན་ཆོས་མཆེད་སྟངས་གསུམ་ལ་མངའ་དབང་སྒྱུར་བའི་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་ཕུན་སུམ་ཚོགས་པའི་དཔོན་ཚང་ཞན་ཀྲང་ངམ་མཚན་དངོས་ལ་དཔོན་ཚང་བཤད་སྒྲུབ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ངོ་མཚར་ཁྱེའུ་ཆུང་འདིའི་ཟླ་ཁ་གང་བ་ཙམ་གྱིས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་ཞྭ་སེར་བསྟན་པའི་མངའ་བདག་དང་རང་གི་ཞང་བོ་ཐུགས་རྗེ་ཅན ༧འཕགས་པ་སྤྱན་རས་གཟིགས་ཀྱི་དངོས་སྤྲུལ་དམ་པ ༧སྔགས་སའི་དགེ་བཤེས་རིན་པོ་ཆེ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོའི་ཞལ་སྔ་ནས། ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པའི་རོང་བོ་ལྷ་རྒྱལ་དཔལ་སྐུ་ཕྲེང་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་། བྱིས་མིང་ལ་ཡང་སྔར་བཞིན་ཡིག་འབྲུ་གཅིག་ཀྱང་མ་བརྗེ་བར་རོང་བོ་ལྷ་རྒྱལ་དཔལ་ཞེས་གསོལ་ལོ།། འདིར་ཡང་བྱིས་མིང་གི་ཐོག་མར་རོང་བོ་ཞེས་པའི་ནང་དོན་ནི་ཡར་སྔོན་ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་བྱོན་པའི་ཕ་ས་ཐོག་མ་སྟེ། གངས་ལྗོངས་དབུས་གཙང་གཉན་ཆེན་ཐང་ལྷའི་ཡུལ་དབུས་རོང་བོ་འདམ་ཤོག་ཆེན་བརྒྱད་ཅུ་ཞེས་སུ་གྲགས་པའི་རོང་བོ་ཞེས་པ་རུས་སུ་གྱུར་ནས་རོང་བོ་ལྷ་རྒྱལ་དཔལ་ཞེས་འབོད་པ་དང་། ཕྱིས་སུ་མཚན་སྙན་གྲགས་པའི་བ་དན་དཀར་བོ་ཅུང་ཙམ་མཐོ་རུ་བཏེགས་ཤིང་། འགྲོ་ལ་ཕན་ཕྱིར་གདུལ་བྱ་ཐམས་ཅད་ཀྱི་གོམ་ཁ་ཇེ་ཡང་དུ་སོང་བ་དང་། རྒས་པའི་གཉེར་མ་ཡུན་གྱིས་བརྩེགས་པ་དང་ལྷན་གཅིག་ཏུ་རོང་ཆེན་ལྷ་རྒྱལ་དཔལ་ཞེས་ཀུན་གྱིས་འབོད་བཞིན་འདུག།

       དུས་མཚུངས་སུ་འགྲོ་བའི་མགོན་པོ་ཡབ་སྲས་རྣམ་གཉིས་ཀྱིས་མ་འོངས་པའི་ལུང་བསྟན་སོགས་གང་མང་གསུངས་ཤིང་། བཀའ་ལུང་གསེར་གྱི་ཅོད་པ་གཅིག་ཏུ་མཛད་ནས་ཐུགས་ཐག་བཅད་པ་དང་། ཕྱིས་སུ་རིམ་བཞིན་དུ་གངས་ལྗོངས་འགྲོ་བའི་མགོན་པོ་གོང་ས་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་དང་། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་མངའ་བ  གནས་བཞི་གྲུབ་པའི་དབང་ཕྱུག་ཆེན་མོ་སྐུ་ཕྲེང་ལྔ་བ་ཆོས་དབྱིངས་རང་བྱུང་རྡོ་རྗེ་མཆོག རྗེ་དཀོན་མཆོག་མི་བསྐྱོད་རྡོ་རྗེ་འཆང  འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཚང་། འདས་ལོག་གི་བྱང་ཆུབ་སེམས་དཔའ་ཆེན་མོ་དཔལ་ཡུལ་བླ་མ་རིག་འཛིན་སྐུ་གསུམ་རྡོ་རྗེ་ཚང་། བོད་རྗེ་འབངས་ཉེར་ལྔའི་ཡ་གྱལ་དུ་གྲགས་པའི་གྲུབ་ཆེན་བཻ་རོ་ཙ་ནའི་རྣམ་པར་རོལ་བ་སྐྱབས་རྗེ་བླ་མ་སིངྔྷི་གཞན་ཕན་བདེ་བའི་ཉི་མ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྤྲུལ་བའི་བྱང་ཆུབ་སེམས་དཔའ་དངོས་བྱོན་གྱི་བརྡ་ལུང་དང་བཀའ་ལུང་སྣ་ཚོགས་བསྩལ་ཏོ།། 

      བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ ༡༩༥༦ ལོར་རང་ལོ་ལྔ་ཙམ་ཐོག་ཏུ་ཚེ་རབས་སྔོན་མའི་ཐུགས་བསྐྱེད་སྨོན་ལམ་དང་ཚོགས་བསགས་ཆེན་པོའི་དབང་གིས་ཆོས་སྡེ་ཆེན་པོ་རྒྱ་བཟའི་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ། ཡོངས་འཛིན་ཐུགས་རྗེ་ཅན་ལྷ་སྐོར་དགེ་སློང་ཚང་གི་སྐུ་མདུན་ནས་དབྱངས་གསལ་བྱེད་སོགས་ཡི་གེ་འབྲི་ཀློག་དང་། སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། ལྟུང་བཤགས་སོགས་འདོན་ཆོག་ཉག་ཙམ་བསླབ་པའི་མགོ་བརྩམས་ཤིང་། གོམ་གསུམ་སྤོ་ཤེས་དང་ཚིག་གསུམ་སྨྲ་ཤེས་ཙམ་ལ་གསུང་མཆོག་སྐྱབས་འགྲོའི་དབུ་བཟུང་སྟེ། ཆོས་སྡེ་ཆེན་པོའི་ཆོས་སྤྱོད་ཕྱག་ལེན་དང་རྒྱུགས་སྤྲོད་འཇོག་གི་ལས་རིམ་གཞན་ལས་མི་དམན་པ་ཞིག་བྱུང་བ་ནི་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་ཡིན་ལ་རང་གི་ཆེའི་རླབས་ཆེ་བའི་མི་ཚེའི་རིན་ཐང་དང་། ལོ་ན་ཕྲ་བའི་རིང་ལ་བསགས་པའི་མི་ཚེ་གཅིག་གི་ཡོང་སྒོ་ཡང་ཡིན་པར་འདོད་ཅིང་ཆོས་སྡེ་ཆེན་པོ་འདིའི་མདོ་རྒྱུད་བསྟན་པའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ ༧རྗེ་བཙུན་དཀོན་མཆོག་གྲགས་པ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་སྟེ། རབ་བྱུང་གི་མཚན་ལ་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་ཞེས་གསོལ་ལོ།། རང་ལ་མཚོན་ན་དེ་འདྲའི་བསོད་ནམས་ཀྱི་བགོ་སྐལ་ཅུང་ཙམ་མཆིས་པའི་རྟགས་སུ་མཐོང་ནའང་མ་རུང་ས་ཁྱིའི་དུས་འཁྲུག་གི་འཇིགས་སྣང་དང་། རིག་གསར་བསྐལ་བའི་མེ་དཔུང་དྲག་པོའི་གནས་སུ་མི་ལྷུང་ག་མེད་བྱུང་བས། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི ༡༩༥༨ ལོར་རང་ལོ་བདུན་ཙམ་ལ་སོན་མ་ཐག་ཏུ་རྒྱལ་ཡོངས་སུ་ཆོས་ལུགས་བཅོས་བསྒྱུར་དང་། བོད་ཁམས་དུས་འཁྲུག་གི་དབང་གིས་རྫ་ལུང་དམར་བོ་ཁྲག་གིས་མཚོ་མོ་དཀྲུགས་ཤིང་། སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས། ཁྱད་པར་དུ་ཡུལ་ཁམས་ནད་ཡམས་མུ་གེའི་མནར་གཅོད་དང་། ཐམས་ཅད་སྨྲེ་སྔགས་འདོན་པའི་གནས་སུ་ལྷུང་ནས་ལོ་ངོ་བཅུ་ཕྲག་རིང་ལ་དཀའ་བ་འབུམ་ཕྲག་སྤྱད་པ་དང་རང་ལུས་སྟེང་གི་སྡིག་སྒྲིབ་གང་མཆིས་འདག་པར་བྱས།  བོད་རབ་བྱུང་བཅུ་དྲུག་པའི་ས་མོ་བྱ ༡༩༦༩ ལོར་རང་ལོ་བཅོ་བརྒྱད་ལ་སླེབས་པ་ཙམ་གྱི་གཞོན་ནུ་དར་མ་ཞིག་ལ་མཚོན་ན་ལོ་ན་ཕྲ་བའི་དུས་སུ་གངས་ཅན་ཆོས་སྡེ་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གདན་སའི་ཆོས་ར་འགྲིམ་ཏེ། ལྷ་རབ་འབྱམས་སྨྲ་བའི་དགེ་བཤེས་ཆེན་མོའི་མཚན་ཐོབ་བླངས་པའི་མཁས་པའི་དབང་པོ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཆེད་སྦྱོང་སློབ་གླིང་གི་འཛིན་གྲྭ་འགྲིམ་ནས་མཐར་ཕྱིན་པའི་བཀའ་རབ་འབྱམས་སྨྲ་བའི་མཁན་ཐོབ་བླངས་པ་ཞིག་ཀྱང་ཡེ་ནས་མིན་པ་མ་ཟད་རང་གི་གཅེས་སུ་རུང་བའི་ཕ་ཡུལ་བྲག་དཀར་རྫོང་དུ་སློབ་ཆུང་གི་ལོ་རིམ་གསུམ་པའང་ཆ་ཚང་ཞིག་འདོན་པའི་གོ་སྐབས་མ་མཆིས་པའི་ཡིག་རྨོངས་པ་མིན་པ་ཙམ་ཞིག་ཡིན་ཞིང་། རིག་གནས་གསར་བརྗེ་ཆེན་པོའི་བསྐལ་བའི་མེ་དཔུང་དང་འཕྲད་པས། རྨ་ཡུལ་བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དམར་སྲུང་དགེ་ཐོན་སློབ་གྲྭར་ཞུགས་པའི་མིང་ཙམ་ལས། སྦྱངས་བརྩོན་གྱི་ཡོན་ཏན་ཅི་ཡང་མ་འབྱོར་བས། དལ་འབྱོར་མི་ལུས་རིན་ཆེན་བླངས་པའི་མི་ཚེའི་ལང་ཚོ་སྟོང་ཟད་དུ་སོང་བར་ཧ་ཅང་ཡིད་ཕངས་པར་གྱུར་འདུག དེ་ལྟར་ཡིན་ན་ཡང་།

             བསྐལ་བའི་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱིས།།

               ན་ཆུང་གཞོན་ནུའི་ལང་ཚོ་ཆུད་ཟས་བཏང་།།

               རིག་གནས་སྦྱངས་བརྩོན་གོ་སྐབས་མ་ལྡན་ཀྱང་།།

               ལྷན་སྐྱེས་ཤེས་རབ་ཡོན་ཏན་ཕྲ་མོ་འབྱོར།།

     ཞེས་རང་སྦྱོང་གང་ལེགས་ཀྱིས་འདུན་པ་རབ་ཏུ་ཁེངས་ཏེ། རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་སུ་ལོ་ངོ་སུམ་ཅུའི་རིང་ལ་ལས་དོན་གཞོལ་བའི་གོ་སྐབས་ཀྱི་མགོ་བརྩམས་པ་ཙམ་ཞིག་བྱུང་སྟེ། དེ་ཡང་ཐོག་མར་རྫོགས་པའི་སངས་རྒྱས་ཀྱི་དངོས་སྤྲུལ་དམ་པ་འཇིག་རྟེན་མི་ཡུལ་དུ་བྱོན་པའི་ལྷ་ཕྲུག་རང་བྱོན་དང་། བཀོས་བཀོད་རྒྱུད་འཛིན་རྒྱ་བཟའི་ཏཱ་མིན་ཆེན་ཧུའི་རིགས་སུ་འཁྲུངས་པའི་རྒྱལ་སྲས་སྐུ་དྲག་དཔོན་ཕྲུག གང་ལྟར་གྲལ་རིམ་དང་ལོ་རྒྱུས་མི་གཙང་བའི་ཞྭ་མོ་ནག་པོ་འཁོར་ནས།༡༩༧༠ལོའི་ཟླ་བ་བདུན་པའི་བར་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་པུའུ་ཡི་ནང་དུ་བྱ་བར་བཀོད་སྒྲིག་བྱེད་པར་བསྒུགས་པའི་ཞོར་ལ་ཁུལ་ཡོངས་ཀྱི་ལྟེ་གནས་བྱ་བར་ཞུགས་ཤིང་། ཐོག་མར་གསེར་ཆེན་རྫོང་དུམ་པ་ཤང་དང་མང་རྫོང་བྱ་མདོ་ཤང་སོགས་ལ་སོང་ནས་ལམ་ཕྱོགས་སློབ་གསོའི་བྱ་བཞག་བསྒྲུབ་དགོས་པར་བྱུང་བ་དང་། ཕྱིས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོ་ཕག་བཟོ་གྲྭའི་ནང་ལ་མངགས་ཏེ། ངལ་རྩོལ་སྦྱོང་རྡར་དང་བཟོ་བའི་གྲལ་རིམ་གྱི་སློབ་གསོ་ཡང་སྐྱར་དང་ལེན་མི་བྱེད་ག་མེད་བྱུང་ཞིང་། ཐོན་སྐྱེད་ངལ་རྩོལ་ལ་ཞུགས་ནས་གྲུབ་འབྲས་མངོན་པར་འཕགས། བཟོ་བའི་གྲལ་རིམ་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བས།༡༩༧༣ལོའི་ཟླ་བཞི་བར་ཁྲི་ཀ་རྫོང་ལ་མངགས་ནས་མི་རིགས་སློབ་གསོའི་ལས་དོན་གཞོལ། སྔན་གཞུག་ཏུ་སྒོ་མེ་དཀར་བརྗིད་ཤང་སྡོང་རྒན་ཐང་སློབ་གྲྭའི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་སོགས་ཀྱི་འགན་བཞེས་ཤིང་། སུམ་པ་སློབ་གྲྭའི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་། སྒོ་མེ་ལྕང་རའི་སློབ་ཁུལ་སྤྱི་ཁྱབ་འགན་ཁུར་བ། རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་ཀྱི་འགན་བཞེས་ཏེ། མི་རིགས་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབས་པའི་གོ་སྐབས་ཡག་པོ་ལྡན། ཁྱད་པར་དུ་གཞི་རིམ་སློབ་གྲྭའི་དགེ་རྒན་ཕལ་བ་ཞིག་གི་ཆ་ནས་བཤད་ན།

               རང་ལ་མཁོ་བའི་རིག་གནས་མེད་ན་ཡང་།།

                 རང་སྦྱོང་ཞོར་ལ་དཔེ་ཁྲིད་གང་ལེགས་མཛད།།

                 མི་རིགས་སློབ་གསོའི་ལས་དོན་རྟག་ཏུ་བསྒྲུབས།།

                 རིག་བཟང་སློབ་བུ་གང་མང་ཐབས་ཀྱིས་བསྐྱངས།།

      ཞེས་ཁ་བཤད་དོན་ལ་གནས་པ་དང་། སློབ་ཆུང་གི་རྨང་གཞིའི་སློབ་གསོ་བརྟན་པོ་ཡིན་པས། ཕྱིས་སུ་རང་གི་སློབ་གྲྭ་ལས་མཐར་ཕྱིན་པའི་སློབ་བུ་གང་མང་ཞིག་གིས་སློབ་གྲྭ་ཆེན་མོ་སོགས་ལ་རྒྱུགས་འཕྲོད་ནས་ཞིབ་འཇུག་སློབ་མ་དང་སློབ་དཔོན་ཆེན་མོ་སོགས་མཁས་པའི་དབང་པོ་ཁ་ཤས་བྱོན། ཡང་ཅིག་བཤད་ན་ཡིག་རྨོངས་པ་མིན་པ་ཙམ་གྱི་གཞི་རིམ་དགེ་རྒན་ཞིག་གིས་སློབ་གྲྭ་ཆེན་མོ་བ་སྐོར་ཞིག་གསོ་སྐྱོང་བྱེད་ཐུབ་པར་བྱུང་བ་ནི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཡིན་ཞེས་བཤད་ཆོག ༡༩༧༨ལོའི་ཟླ་དང་པོ་ནས་བཟུང་སྟེ་བྲག་དཀར་རྫོང་སློབ་འབྲིང་དང་རྫོང་མཁར་ཞོལ་སློབ་ཆུང་གི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། སློབ་ཁྲིད་ཞིབ་འཇུག་ཚན་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་བཞེས་ཤིང་། རྫོང་མི་དམངས་སྲིད་གཞུང་དོན་གཅོད་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ། རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་རོགས་མཁན། རྫོང་ཁྲིམས་འཛིན་ཅུའི་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ཡི་ཁྲིམས་རྩོད་པའི་བྱ་བ་སྒྲུབ་མཁན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བྲག་དཀར་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ་སོགས་མི་རིགས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་སྐད་ཡིག མི་རིགས་སློབ་གསོ། བཅའ་ཁྲིམས་རིག་པའི་གཞུང་ལུགས་སོགས་ཀྱི་བྱ་བཞག་འབོར་ཆེན་བསྒྲུབ་པ་མ་ཟད། ལས་དོན་དང་བྱེད་སྒོའི་ཆ་ནས་བཤད་ན།

                 གོང་ནས་འཐེན་མཁན་དཔོན་པོ་མེད་པ་དང་།།

                   ཞོལ་ནས་སྐྱོར་མཁན་ཐེབ་མོ་ཙམ་མེད་ཀྱང་།།

                   མ་བསམ་རྒྱལ་སྲིད་སྟེགས་བུའི་ལས་དོན་གཞོལ།།

                   སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོར་གྲགས།།

     ཞེས་བུ་རང་སྐྱེས་གནམ་གྱིས་མི་ཁོག་པའི་དཔེ་ལྟར། སྐབས་དེར་མཚོན་ན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་བདེན་དབང་དང་ཁྲིམས་རྩོད་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་དང་པོར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་རིག་གནས་སྒྱུ་རྩལ་རྩོམ་རིག་འབྲི་རྩོམ་སྦྱོང་རྡར་འཛིན་གྲྭ་ཐེངས་པོ་སོགས་ལ་ཞུགས་ནས་ཁྲིམས་ལུགས་ཆེད་ལས་བྱེད་སྒོའི་ཤེས་བྱ་དང་རྩོམ་རིག་འབྲི་རྩོམ་བྱེད་སྒོའི་ཆུ་ཚད་མཐོ་རུ་བཏེགས་པ་མ་ཟད། སྔོན་གཞུག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རིག་པའི་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཁྲིམད་རྩོད་པའི་་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་པའི་གཞུང་ལུགས་ཞིབ་འཇུག་ཚོགས་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་རིག་པའི་མཐུན་ཚོགས་སོགས་རིག་གཞུང་ལས་རིགས་ཁག་གི་ཁོངས་མིར་གྱུར་ཞིང་། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་ལས་བྱེད་པའི་གཟིགས་སྐོར་ཚོགས་པར་ཞུགས་ནས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དང་། ཧུ་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཅིག་ལུང་གཙང་བོ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར། ཁྲུང་ཆེན་གྲོང་ཁྱེར། གླང་ཆེན་འགྱིང་རི། རྒྱ་ནག་རི་བོ་རྩེ་ལྔ་སོགས་མེས་རྒྱལ་གྱི་ཡུལ་གྲུ་སོ་སོར་འགྲིམ་ནས་གཟིགས་སྐོར་སློབ་སྦྱོང་གང་ལེགས་བྱས། ཕྱིས་སུ་རྒྱལ་ས་པེ་ཅིན་དང་། བོད་ལྗོངས་ལྷ་ས། རྩེ་པོ་ཏ་ལ། ནོར་བུ་གླིང་ཁ། ལྕགས་པོ་རི། སེ་འབྲས་དགའ་གསུམ། གཙང་བཀྲ་ཤིས་ལྷུན་པོ། དཔལ་ལྡན་ས་སྐྱ་དགོན། བསམ་ཡས་གཙུག་ལག་ཁང་། ལྷ་ལྡན་གཙུག་ལག་ཁང་སོགས་དང་སོགས་གནས་མོག་དམ་པ་དང་། ཡུན་ནན་ཁུན་མེན། ཏཱ་ལིས་གནའ་མཁར། གཡུ་འབྲུག་གངས་རི། ལིས་ཅང་གཙང་བོ། ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲུ་གྲོང་ཁྱེར། ཧྲིན་ཀྲིན་གྲོང་ཁྱེར། ཀྲུའུ་ཧེ་གྲོང་ཁྱེར། ཞང་ཀང་དང་ཨོ་མིན་སོགས་རྒྱལ་ཁབ་ཕྱི་ནང་ལ་གཟིགས་སྐོར་སྤྲོ་གསེང་གང་ལེགས་བྱས་ཤིང་། ༢༠༡༠ལོའི་ཟླ་བ་བཞི་བར་མཚོ་སྔོན་ཞིང་ཆེན་མི་གྲངས་ཆིག་སྟོང་གིས་གྲུབ་པའི་འཆམ་མཐུན་གནས་སྐོར་ཚོགས་པའི་ཆེད་གཏོང་མེ་འཁོར་ལ་བསྡད་ནས་ཡང་བསྐྱར་རྒྱལ་ས་པེ་ཅིན་དང་། ཐེན་ཅིན། ཧྲང་ཧེ། ནན་ཅིན། ཧཱང་ཀྲིག སུའུ་ཀྲིག ཝུའུ་ཤེས་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་བདུན་ལ་གཟིགས་སྐོར་བྱས་ཏེ། སླར་ཡང་གནའ་མཁར་གོང་མའི་ཕོ་བྲང་བཤམས་སྟོན་གླིང་དང་། གནམ་བདེ་སྒོ་མོ་ཆེ། མའོ་ཙེ་ཏུང་ཀྲུའུ་ཞིའི་རྗེས་དྲན་ཚོམས་ཁང་ཆེན་མོ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་། མི་དམངས་ཚོགས་ཁང་ཆེན་མོ། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་།༢༠༠༨ལོའི་པེ་ཅིན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཆེན་མོའི་ལུས་རྩལ་སྤྱི་གླིང་དང་།  ༢༠༡༠ ལོའི་ཧྲེང་ཧེའི་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་ཆེན། ཧྲང་ཧེའི་མཚན་མོའི་མཛེས་ལྗོངས། རྒྱ་ནག་ལྕགས་རི་རིང་བོ་དང་། བྱང་གི་མཚོ་ཆུང་སྤྱི་གླིང་། ལུས་རྩལ་ཚོམས་ཆེན་དང་ཆུ་མཛོད་རྒྱ་དཔང་གྲུ་བཞི་མ། དགའ་ལྡན་བྱིན་ཆགས་གླིང་སོགས་ལ་གཟིགས་སྐོར་བྱས། ཀྲུའུ་ཨེན་ལེ་དང་ཏིན་ཡོན་ཁྲའོ་རྣམ་པ་གཉིས་ཀྱི་དྲན་རྟེན་ཁང་། ཨོ་གླིང་སྐམ་སའི་ཁྱད་ལྡན་སྲང་ལམ་ཆེན་མོ་དང་། ཟས་རིགས་སྲང་ལམ་ཆེན་མོ། རིག་གནས་སྲང་ལམ་ཆེན་མོ། ཁྱད་པར་དུ་ཝུའུ་ཤེས་སུ་ཀྲུང་དབྱང་བཪྙན་འཕྲིན་ཁང་གིས་མུ་འབྲེལ་བཪྙན་འཕྲིན་ཟློས་གར་ལེའུ་བརྒྱད་ཅུ་གྱ་བཞི་ཅན་གྱིརྒྱབ་ཁབ་གསུམ་གྱི་གཡུལ་འགྱེདའཁྲབ་ཕབ་རིག་གནས་ཡུལ་ལྗོངས་གླིང་ཁ་དང་། རྒྱལ་ནང་གི་ཤར་ལྷོ་ནུབ་བྱང་དབུས་ཕྱོགས་སུ་བཞུགས་པའི་ལྷ་ཆེན་ལྔ་རུ་གྲགས་པའི་ཡ་གྱལ། ཤར་ཕྱོགས་བྱིན་ལྡན་གནས་མཆོག་གི་སངས་རྒྱས་བཅོམ་ལྡན་འདས་ཐང་སྐུ་ཆེན་མོ་མཐོ་ཚད་ལ་སྤྱི་ཁྲི་བརྒྱད་ཅུ་གྱ་བརྒྱད་ཅན། གཡུ་འབྲུག་དགུ་ཡིས་ཞལ་ཁྲུས་ཕུལ་བའི་དགའ་ལྡན་ལྷ་བབས་གསེར་སྐུ་ངོ་མཚར་ཅན་སོགས་ལ་མཇལ་ཕྱག་ཕུལ་བ། གོང་མ་ཆེན་ལུང་གིས་ཐེངས་དྲུག་ལ་ཞབས་ཀྱིས་བཅགས་མྱོང་བའི་སུའུ་ཀྲིག་མུའུ་ཏུའུ་གནའ་མཁར། ནན་ཅིན་ཙུང་ཐུང་ཕོ་བྲང་། འབྲི་ཆུའི་རྒྱང་གཟིགས་ཁང་བརྩེགས། ནན་ཅིན་འབྲི་ཆུའི་ཟམ་ཆེན། མགོན་པོ་འོད་དཔག་མེད་ཀྱིས་ཆོས་འཁོར་བསྐོར་ཏེ་མེ་ཏོག་གི་ཆར་བ་ཕབས་པ་ལས་བྱུང་བར་གྲགས་པའི་གནས་མཆོག་མེ་ཏོག་ཆར་སྟེགས། ཧུང་ཕུའུ་གཙང་བོ་དང་ཞི་ཧུའུ་མཚོ་ཁ་སོགས་ལ་གནས་སྐོར་གང་ལེགས་བྱས་པ་དང་། ༢༠༡༢ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་ཏེ། ཕྱིར་སྡོད་བོད་རིགས་སྤུན་ཟླའི་ཁྱིམ་མིའི་གཟིགས་སྐོར་ཚོགས་པར་ཞུགས་ནས། ཧྥུའུ་ཅན་ཞིང་ཆེན་དང་། ཞཱ་མིན། ཅང་ཤིས། ལུའུ་ཧྲན། ནན་ཁྲང་།ཐེ་ཝན་ཅིན་མིན་སོགས་ལ་གཟིགས་སྐོར་དུ་ཕྱིན་པ་མ་ཟད། མ་འོངས་པར་རང་གི་ཚེ་མཇུག་ཏུ་བསྟུད་མར་མི་དམངས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་། ཆེད་དུ་རྒྱལ་ཁམས་འགྲིམ་ནས་རྒྱ་གར་འཕགས་པའི་ཡུལ། གནས་མཆོག་ཝ་ར་ན་སི། རྡོ་རྗེ་གདན། ཀླུ་འབུམ་གནས། རྩ་མཆོག་གྲོང་། བྱང་ཆུབ་ཤིང་། ཆུ་བོ་གངྒ་། མཚོ་པདྨ། བྱ་རྒོད་ཕུང་བོའི་རི་བོ། འཇིགས་སུ་རུང་བའི་དུར་ཁྲོད་སོགས་དང་།བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་འཛམ་གླིང་གི་གནས་མཆོག་དག་ལ་དངོས་སུ་གནས་མཇལ་དང་ཕྱག་སྐོར་འགྲིམ་པའི་སྨོན་ལམ་དང་འདུན་པའི་ཁེངས་ཏེ།  ཐོག་མར་རང་རྒྱལ་གྱི་སན་ཞི་ཞིང་ཆེན་རྒྱ་ནག་རི་བོ་རྩེ་ལྔ་དང་། ཨན་ཧོས་ཞིང་ཆེན་དཔལ་རི་རྩེ་དགུ། ཀྲེ་ཅཱང་ཞིང་ཆེན་རི་བོ་གྲུ་འཛིན་ནམ་ནན་ཧེ་པོ་ཏ་ལ། སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིངས་རི་སོགས་ལྷན་ཅིག་ཏུ་རྒྱ་ནག་གི་གནས་མཆོག་བཞི་རུ་གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུའི་མཁའ་རུ་ཁྱབ་ཅིང། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་གྲགས་ཅན་བཞི་ཡང་ཡིན་པས། བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་དེང་འདིར་གོང་གི་གནས་མཆོག་འདི་དག་ལ་བདག་སོགས་དད་ལྡན་གནས་མཇལ་བ་རྣམ་པས་གནས་མཇལ་ཡག་པོ་ཡོང་པའི་ལྷག་བསམ་རྣམ་པ་དཀར་པོས་མདུན་བསུས་ཏེ། ཕྱིས་སུ་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ༢༠༡༧ལོའི་ཧོར་ཟླ་དགུ་བའི་ཉེར་གཉིས་ཏེ་སངས་རྒྱས་ལྷ་བབས་དུས་ཆེན་གྱི་སྐབས་དང་བསྟུན་ནས་རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་འགྲིམ་པའི་སྟ་གོན་བྱས་ཏེ། མཚོསྔོན་མདོ་དབུས་རྒྱལ་སྤྱིའི་གནས་སྐོར་ལས་ཁུངས་ཀྱིས་ཕྱག་ཟུང་དྲོན་མོས་མཐུན་རྐྱེན་ལེགས་པོ་སྒྲུབ་པ་ལྟར་བོད་ལྗོངས་ལྷ་ས་དང་།ཡུལ་ཤུལ། རེབ་གོང་། རྩེ་ཁོག མཚོ་ནུབ། མཚོ་ལྷོ། དཔའ་རིས་སོགས་བོད་ཁུལ་ནས་འདུ་འཛོམས་བྱུང་བའི་གནས་མཇལ་བ་བཅུ་ཕྲག་དུ་མ་དང་ལྷན་ཅིག་ཏུ་གནའ་མཁར་ཟི་ལིང་མེ་འཁོར་ས་ཚིགས་ནས་ལམ་དུ་ཆས་ནས། ཧ་ལམ་ཟླ་ཕྱེད་རིང་ལ་ཀན་སུའུ་ཞིང་ཆེན་དང་། ཧུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན། སན་ཞི་ཞིང་ཆེན། སན ཏུང་ཞིང་ཆེན། ཨན་ཧོས་ཞིང་ཆེན། ཅཱང་སུའུ་ཞིང་ཆེན། ཀྲེ་ཅཱང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ནན་ཅིན་གྲོང་ཁྱེར། ཧྲང་ཧེ་གྲོང་ཁྱེར། ལན་གྲུ་གྲོང་ཁྱེར། ཐེ་ཡོན་གྲོང་ཁྱེར། ཧཱང་ཀྲིག་གྲོང་ཁྱེར། ཉིན་པའོ་གྲོང་ཁྱེར། ཁྲིན་ཏུ་གྲོང་ཁྱེར་སོགས་ཀྱི་རི་ཆུ་ཁྲི་སྟོང་མང་པོ་བརྒྱུད་པ་དང་ནན་ཧེ་རྒྱ་མཚོ་ཆེན་པོ་ལས་བརྒལ་ཞིང་དཀའ་བ་འབུམ་ཕྲག་སྤྱད་ནས་རྒྱལ་ནང་གི་ནང་བསྟན་གནས་མཆོག་བཞི་ལ་གནས་མཇལ་བྱས་ནས་ཡོངས་སུ་ལེགས་གྲུབ་བྱུང་པས།བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།།དགེ་བའི་ལེགས་ཚོགས་མ་ལུས་ཅི་བསགས་པ།།བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།།ཞེས་ཡིད་ངག་ལུས་གསུམ་གྱི་ངང་ནས་སྨོན་ལམ་བཏབ་པ་དང་ཐམས་ཅད་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཀྱི་མདུན་བསུས་ཏེ་བཞུགས་སོ།།

      བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང༡༩༨༥ལོའི་ཟླ་བ་བཅུ་བར་རང་ལོ་སོ་བཞིའི་སྟེང་དུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་ལོ་ཙཱ་བའི་ལས་འགན་གཅིག་ལྕོགས་སུ་ཁུར་ནས། མུ་མཐུད་དུ་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལག་ལེན་མཐར་ཕྱིན་བྱས་ཤིང་། བྱ་བའི་བྱང་ཆ་དང་ལོ་ཙཱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་གང་ལེགས་བྱུང་བ་རེད། ༡༩༨༦ལོའི་ཟླ་བ་བརྒྱད་པར་ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་མཛད་པའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་རིགས་པའི་གཞུང་ལུགས་ལས་བྱེད་པའི་སྦྱོང་རྡར་འཛིན་གྲྭ་ཐེངས་གསུམ་པར་ཞུགས་ནས། ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་དང་། རིག་པའི་གཞུང་ལུགས། བྱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་ངེས་ཅན་བྱུང་བ་རེད།།

      བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག༡༩༨༦ལོའི་ཟླ་བ་བརྒྱད་པར་རང་ལོ་སོ་ལྔ་ནས་བཟུང་སྟེ། ཀྲུང་གོའི་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་བཀའ་མངགས་བྱས་པ་ལྟར། སྔོན་གཞུག་ཏུ་འབའ་རྫོང་ཞོལ་མ་ཞང་མི་དམངས་སྲིད་གཞུང་གི་ཤང་ཀྲང་གཞོན་པ་དང་། ཤང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྫོང་ཞིང་ཕྱུགས་ཡུལ་མཚམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་ཁུར་ཕྲེག་ཏུ་ཁུར་ནས། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ས་གནས་ཁག་གི་དཔལ་འབྱོར་བྱ་བ་སོགས་ཚན་རིག་དང་མཐུན་པའི་བྱ་བ་འབོར་ཆེན་ལས། ༡༩༨༨ ལོའི་ཟླ་བ་བཞི་བར་སླར་ཡང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ནང་ལ་བྱ་བའི་ལས་གནས་སྤོས་ཏེ། དྲུང་ཡིག་ཁའོ་ཡི་ཁའོ་ཀྲང་དང་། ཁུལ་སྲིད་གྲོས་ལས་ཁུངས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་ལས་འགན་ཕྲེག་ཏུ་ཁུར་ནས། སྔར་བཞིན་དྲུང་ཡིག་དང་ལོ་ཙཱ་བའི་བྱ་བ་ལས་ཤིང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་གཞི་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར་རིག་གནས་ལོ་རྒྱུས་འབྲི་རྩོམ་གྱི་བྱ་བ་བསྒྲུབས།།

            མཚན་ལྡན་སྙན་ངག་མཁན་པོ་མ་ཡིན་ཀྱང་།།

              རྒྱ་བོད་ལྗགས་རྩོམ་རིག་པའི་གཞུང་ལ་སྦྱངས།།

              ལོ་རྒྱུས་སྙན་རྩོམ་རྣམ་ཐར་སྣ་ཚོགས་བརྩམས།།

              མ་ཡུམ་གངས་ལྗོངས་ཡུལ་ལ་ལེགས་སྐྱེས་ཕུལ།།

      ལོ་ངོ་སུམ་བཅུ་ལྷག་གི་རིང་ལ་རང་རེའི་རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་ལས་དོན་གཞོལ་བའི་ཞོར་དུརོང་བོ་ལྷ་རྒྱལ་དཔལ་གྱིས་མཛད་པའི་ལྗགས་རྩོམ་ཁག་གི་དཀར་ཆགཅེས་པ་བཞིན་ལྗགས་རྩོམ་དེབ་ཐེར་དང་། མི་རིགས་ཆོས་ལུགས། ལོ་རྒྱུས་དཔྱད་ཡིག་སོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས་པར་དུ་བསྐྲུན་ཞིང་། གངས་ལྗོངས་ཡུལ་གྱི་དུས་དེབ་སྣ་ཚོགས་ཏེ། བོད་ལྗོངས་ཞིབ་འཇུག༽ཞེས་བྱ་བ་དང་། ༼རི་བོ་ཉི་ཟླ༽ཞེས་བྱ་བ། ༼ཁྲི་གཤོག་རྒྱལ་མོཞེས་བྱ་བ་སོགས་ཀྱི་སྟེང་དུ་བཀོལ་མྱོང་བ་མ་ཟད། ཡོངས་རྫོགས་མེས་རྒྱལ་གྱི་རིག་གནས་བང་མཛོད་ཆེན་པོར་ལེགས་སྐྱེས་སུ་ཕུལ་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཀྱང་གཟེངས་བསྟོད་དཔང་རྟགས་གང་མང་གནང་ཡོད་པ་སྟེ། ཐོག་མརབྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་གདན་རབས་དད་པའི་འདབ་སྟོང་བཞད་པའི་ཉིན་བྱེདཅེས་བྱ་བ་བརྩམས་ནས། བོད་ལྗོངས་ཞིབ་འཇུགཅེས་བྱ་བ ༡༩༩༠ལོའི་དུས་དེབ་བཞི་བའི་སྟེང་དུ་བཀོལ་བ་དང་། སྐྱབས་རྗེ་རེབ་གོང་སྐུ་གཞོགས་ཆེན་མོ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཚང་གི་རྣམ་པར་ཐར་བ་ཀུན་བཟང་མཆོད་པའི་སྤྲིན་སྤུངསཞེས་བྱ་བ་བརྩམས་ནསམཚོ་སྔོན་རིག་གནས་ལོ་རྒྱུས་ཕྱོགས་བསྒྲིགསཞེས་བྱ་བའི་དེབ་བཅོ་བརྒྱད་པའི་སྟེང་དུ་བཀོལ།  རྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་བརྩམས་ནས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དེབ་གྲངས་བཞི་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས་ཤིང་། རང་གི་གཅེས་སུ་རུང་བའི་ཕ་ཡུལ་ཕྱོགས་སུ་ཁྱིམ་གྲངས་རེ་ནས་དེབ་གྲངས་རེ་བླུས་ནས་ཉར་ཚེགས་བྱས། བོང་སྟག་ཆུ་ཁོལ་དགོན་པད་མ་མདོ་སྔགས་གླིང་གི་ལོ་རྒྱུས་རགས་བསྡུས་མཆོད་སྤྲིན་ལྷ་མོའི་ཕྱག་རྒྱཞེས་བྱ་བ་བརྩམས་ནས། མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུསཞེས་བྱ་བའི་ནང་དུ་བཀོལ། ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ཡིད་འོང་བདུད་རྩིའི་ཟེགས་མཞེས་བྱ་བ་བརྩམས་ནས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་བསྒྲིགས་པའི༼གངས་ལྗོངས་མདོ་སྨད་བོད་བརྒྱུད་ནང་བསྟན་དགོན་པཞེས་བྱ་བའི་ནང་དུ་བཀོལ། ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལཞེས་བྱ་བ་བརྩམས་ནས་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཞིབ་འཇུག་ཁང་གིས་བསྒྲིགས་པའིསྔགས་མང་དཔེ་ཚོགསསྟེང་དུ་བཀོལ། སྐྱབས་གཅིག་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་སིངྔྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་འདོད་འཇོ་ནོར་བུའི་འཁྲི་ཤིངཞེས་བྱ་བ་བརྩམས་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དེབ་གྲངས་ཉིས་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས། མཚོ་སྔོན་བདུད་ཤུལ་འརྗམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་གདན་རབས་བྱུང་བ་ཚངས་སྲས་བཞད་པའི་གླུ་དབྱངསཞེས་བྱ་བ་བརྩམས་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དེབ་གྲངས་ཉིས་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས། གངས་ལྗོངས་མདོ་སྨད་གནས་མཆོག་གསུམ་གྱི་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོངཞེས་བྱ་བ་བརྩམས་ནས་ཞང་ཀང་ཅང་ཤེས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ། སྔ་གཞུག་ཏུ་པར་ཐེངས་གཉིས་ལ་དེབ་གྲངས་བཞི་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས་ཤིང་། དེའི་ནང་ལ་རང་གི་བརྩམས་ཆོསགངས་ལྗོངས་བླ་རི་རྨ་རྒྱལ་སྦོམ་རའི་གནས་ཀྱི་བཀོད་པ་མདོར་བསྡུས་གངས་སེང་དཀར་མོའི་གཟི་དཔལཞེས་བྱ་བ་དང་། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ཤེལ་དཀར་ཕྲེང་བ་ངོ་མཚར་ལྷ་ཡི་རོལ་དབྱངསཞེས་བྱ་བ་དང་། གངས་ཅན་བླ་མཚོ་ཁྲི་ཤོར་རྒྱལ་མོའི་གནས་ཡིག་བཻཌཱུརྱ་སྔོན་མོའི་ཕྲེང་རྒྱནཞེས་བྱ་བ། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་ཀྱི་བཀོད་པ་རགས་བསྡུས་དད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུཞེས་བྱ་བ་སོགས་ཀྱང་དམིགས་སུ་བཀར་ནས་བཀོད་པར་འདུག ཕྱིས་སུ་འཛམ་གླིང་གི་གསེར་གྱི་རྟགས་མ་ཐོབ་མཁན། རྒྱལ་ཁབ་རིམ་པའི་གསོ་རིག་མཁས་པའི་དབང་པོ། སྨན་པ་འབུམ་རམས་པ་ཀ་ཀྱཱའི་རིག་རྡོ་དང་། སྨན་པ་འབུམ་རམས་པ་སྒོ་མེ་བནྡེ་མཁར། སྨན་པ་འབུམ་རམས་པ་ཨ་ཚོགས་རྡོ་རྗེ་རྒྱལ། སྨན་པ་རབས་འབྱམས་པ་ཤ་བྲང་དཀོན་མཆོག་ཚེ་རིང་། དྲུང་ཡིག་སྨན་པ་བཙན་ལོ། ཀ་ཀྱཱའི་སྨན་པ་རང་གྲོལ། ཤ་བྲང་སྨན་པ་ཀུན་ཏུ་བཟང་བོ། ཨ་ཚོགས་སྨན་པ་བན་འགྲོ། ལྷ་རྗེ་དགེ་ལེགས་རྒྱ་མཚོ་མཆོག་གི་སྲས་སྨན་པ་བློ་བཟང་དཔལ་ལྡན། ཤ་བྲང་སྨན་པ་བྱམས་པའི་སྲས་བསོད་ནམས་ཚེ་རིང་སོགས་ཀྱིས་བཀྲ་ཤིས་ལྷ་དར་དང་བཅས་པས་ནན་གྱིས་བསྐུལ་ངོརམཚོ་སྔོན་དཔལ་གཞོང་ཕྱུག་མོའི་ལྷ་རྗེ་སྙན་གྲགས་ཅན་སྐོར་ཞིག་གི་རྣམ་ཐར་བྱུང་བ་བཻཌཱུརྱ་སྔོན་མོའི་མཛེས་རྒྱནཞེས་བྱ་བ་བརྩམས་ནས་པར་དུ་བསྐྲུན་ཏེ། ཡོངས་རྫོགསམདོ་སྨད་གསོ་རིག་ཆོས་འབྱུངཞེས་བྱ་བའི་དེབ་ཐེར་ཆེན་པོའི་ནང་དུ་བཀོད་གྲབ་ཡོད་པར་མ་ཟད། དེབ་གྲངས་ཆིག་སྟོང་འགྲེམ་སྤེལ་བྱས་པ་དང་། ཁྱད་པར་དུ་དེབ་ཐེར་འདིའི་པར་བསྐྲུན་གྱི་རྟེན་འབྲེལ་བླ་ན་མེད་པ་མཚོན་ཕྱིར། སངས་རྒྱས་སྨན་བླའི་སྟོང་སྐུ་བཞེངས་པའི་སྐབས་སུ་སངས་རྒྱས་སྨན་ཀྱི་བླ་མ་བཻཌཱུརྱ་འོད་ཀྱི་རྒྱལ་པོས་སྐུ་དངོས་སུ་ཁོ་བོར་ངོ་མཚར་ཞལ་གཟིགས་གནང་ཞིང་ཞལ་གསུང་བརྗོད་པའི་ངོ་མཚར་རྟགས་འབྲས་ཐོབ་པ་སོགས་ཤིན་ཏུ་ལེགས་སོ།།

      གཞན་ཡང་རྨ་ཡུལ་རོང་བོ་བློན་ཆོས་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཚུལ་སྐོར་ལ། སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་གདན་རབསཞེས་བྱ་བ་དང་། རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་གདན་རབསཞེས་བྱ་བ། རྒྱ་བཟའི་བཀྲ་ཤིས་ཆོས་སྒང་གི་ལོ་རྒྱུས་མདོར་བསྡུསཞེས་བྱ་བ། ལོ་བའི་རྒྱལ་པོ་ཁྲི་སྟེང་པད་དཀར་ཆོས་སྡིངས་ཀྱི་ལོ་རྒྱུས་རགས་བསྡུསཞེས་བྱ་བ། སྒུར་རུ་དགོན་ཨ་ཏི་དར་རྒྱས་གླིང་གི་ལོ་རྒྱུསཞེས་བྱ་བ། སྒུར་རུ་དགོན་གསོ་རིག་བདེ་ལྡན་གླིང་གི་ལོ་རྒྱུས་བསྡུས་པཞེས་བྱ་བ། རྟ་བོ་གྱང་རིང་དགོན་པའི་ལོ་རྒྱུས་མདོར་བསྡུསཞེས་བྱ་བ། དམེ་གླང་དབུས་རི་ཕྱུག་མོ་དགོན་མདོ་སྔགས་ཆོས་འཁོར་གླིང་གི་ལོ་རྒྱུས་རགས་བསྡུསསོགས་བརྩམས་ཏེ། རྨ་ཡུལ་རོང་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་ལས་བཀོད་ཡོད་པ་དང་། རྨ་ཡུལ་རོང་བོ་བློན་ཆོས་ཀྱི་མཛེས་ལྗོངས་ཆགས་རིམ་རྒྱས་པར་བཤད་པ་གངས་སེང་དཀར་མོའི་རང་སྒྲཞེས་བྱ་བ། རྨ་ཡུལ་རོང་བོ་བློན་ཆོས་སུ་དར་བའི་ལབ་ཙེ་ཁག་བརྗོད་པ་སྡེ་བརྒྱད་དགྱེས་པའི་མཆོད་སྤྲིནཞེས་བྱ་བ། རོང་ཆེན་བསང་མཆོད་བསྐང་གསོལ་ཕྱོགས་བསྒྲིགས་རྒྱུན་མཁོའི་ཕྱག་ལེན་བདེ་ལེགས་ཉེར་འབྱུངཞེས་བྱ་བ། ཆོས་ལུང་ལྷ་རི་ཞལ་དཀརཞེས་བྱ་བ། དགེ་བསྙེན་རབ་གཟིགསཞེས་བྱ་བ། རྒྱ་བཟའི་ར་མོ་མཁར་དམརཞེས་བྱ་བ། གནས་རི་བཙུན་མོ་དམར་ཡག་མཞེས་བྱ་བ། བྲག་ཆོས་བརྩིགས་པོ་ཏི་རང་བྱོནཞེས་བྱ་བ། གནས་མཆོག་ལྷ་མོ་དྲེལཞེས་བྱ་བ། མགོན་པོ་གདོང་གི་གནས་སྒོཞེས་བྱ་བ། ༼གནས་མཆོག་མགོན་པོ་གདོང་དང་རྒྱལ་བའི་བཀའ་བསྟན་རྡོ་འབུམ་ཆེན་མོའི་དཀར་ཆག་དད་ལྡན་ཐར་ལམ་བསྐྱོད་པའི་གྲུ་གཟེངས༽ཞེས་བྱ་བ། འབྲོང་འཐུས་དུར་ཁྲོད་མཁའ་སྤྱོད་ཕོ་བྲངཞེས་བྱ་བ། ཆུ་དཀར་སྣའི་བདུད་འདུལ་མཆོད་རྟེནཞེས་བྱ་བ། ཐོ་ལེ་དགེ་བཤེས་ཆེན་མོའི་སྐུ་གདུང་མཆོད་རྟེནཞེས་བྱ་བ། རྒྱ་བཟའི་གྲུབ་ཐོབ་མཆོདབརྟེནཞེས་བྱ་བ། ཀ་ཀྱཱའི་རྡོར་སེམས་མཆོད་རྟེནཞེས་བྱ་བ། ༼བོང་སྟག་པད་མ་མདོ་སྔགས་གླིང་གི་རྡོ་རྗེ་སེམས་དཔའ་ཆེན་པོའི་མཆོད་རྟེནཞེས་བྱ་བ། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་རྟེནཞེས་བྱ་བ། གསེར་ཟངས་ལས་གྲུབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བཪྙན་ཆེན་མོ་འཛམ་གླིང་མཛེས་རྒྱན་མཐོང་བ་དོན་ལྡནཞེས་བྱ་བ་སོགས་དམངས་ཁྲོད་ངག་རྒྱུན་དང་དམངས་སྲོལ་རྩོམ་རིག་གི་སྐོར། ཟླ་རེའི་ཚེས་བཟང་དག་ལ་དགེ་སྡིག་གྲངས་འགྱུར་གྱི་ཕན་ཡོན་ངོ་སྤྲོད་བྱས་པ་དད་ལྡན་ཐར་ལམ་བསྐྱོད་པའི་ཤེས་བྱའི་ཟེགས་མཞེས་བྱ་བ། རོང་བོ་བློན་ཆོས་ཀྱི་ས་ཆར་བསྟོད་པ་པདྨ་དཀར་པོའི་མཛེས་རྒྱནཞེས་བྱ་བ་སོགསམཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགསདེབ་ཐེར་བཅུ་ཕྲག་སྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། དུས་མཚུངས་སུརོང་ཆེན་བསླབ་བྱ་དྲང་སྲོང་ངག་གི་མགུར་དབྱངསཞེས་བྱ་བ་བརྩམས་ཏེ།རི་བོ་ཉི་ཟླཞེས་བྱ་བ ༢༠༠༥ ལོའི་སྤྱིའི་དེབ་གྲངས་བཅོ་ལྔའི་སྟེང་དུ་བཀོལ་ནས་པར་སྐྲུན་བྱས་པ་མ་ཟད། ༼ཞྭ་སེར་བསྟན་པའི་འབྱུང་གནས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་གདན་རབས་བསྡུས་པ་དབྱངས་ཅན་ངག་གི་རོལ་མཚོཞེས་བྱ་བ་དང་། གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་མུ་ཏིག་ཕྲེང་མཛེསཞེས་བྱ་བ་བརྩམས་ནས།  རྒྱ་དཔེམཚོ་སྔོན་དགོན་སྡེ་ལྷ་ཁང་དང་གནས་མཆོག་མཆོད་རྟེན་དཔེ་ཚོགསཞེས་བྱ་བའི་སྟེང་དུ་བཀོལ་ཏེ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་བཀྲམས། དེ་མིནདྲན་མགུར་ཁུ་བྱུག་སྔོན་མོའི་འགྱུར་ཁུགཞེས་བྱ་བ་སོགས་སྒྱུ་རྩལ་གྱི་སྐོར་དང་། ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་པ་རིན་པོ་ཆེ་བྱོན་པའི་ལོ་རབས་སོགས་ལ་དཔྱད་པ་བློ་གསལ་མཁས་པའི་ལྡེ་མིགཅེས་བྱ་བ། རྨ་ཡུལ་རོང་བོ་བློན་ཆོས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཐོག་མ་སྟེ་གུར་མགོན་སྲས་མཆོག་ཐོག་འབེབས་སྐལ་ལོ་བྱོན་པའི་ལོ་རབས་སོགས་ལ་དཔྱད་པ་ཉམ་ཆུང་བོང་བུའི་མགྲིན་གླུཞེས་བྱ་བ་སོགས་ལོ་རྒྱུས་དཔྱད་རྩོམ་གྱི་སྐོར། རྩིས་གཞུང་ཡིད་བཞིན་ནོར་བུ་ཕྱོགས་བསྒྲིགས་རྒྱལ་བ་ཀུན་གྱི་བཀའ་ལུང་ཉེར་འབབཞེས་བྱ་བ་སོགས་རྩིས་གཞུང་གི་སྐོར་དང་། གསོ་རིག་མེ་ཁབ་རིག་པའི་ཁྲིད་ཡིག་བློ་གསལ་གཞོན་ནུའི་དངོས་བཀོལ་ལག་དེབཅེས་བྱ་བ། རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་བསྡུས་པ་ཁ་བ་དཀར་པོའི་མེ་ཏོགཞེས་བྱ་བ་སོགས་རིམ་བཞིན་བརྩམས་ནས་པར་སྐྲུན་བྱས་པས།  འདིར་ཡང་ཇི་སྐད་དུ་རྗེ་མི་ཕམ་མགོན་པོས་ཞལ་སྔ་ནས། སྔོན་ཚེ་སྦྱངས་པའི་བསོད་ནམས་ཀྱིས། །གཞུང་རྣམས་རྩེད་མོའི་ཞོར་ལ་ཤེས།  ཞེས་གསུངས་པ་བཞིན། མཚན་ལྡན་སྙན་ངག་མཁན་པོ་མ་ཡིན་ཀྱང་། །རྒྱ་བོད་ལྗགས་རྩོམ་རིག་པའི་གཞུང་ལ་སྦྱངས།  ད་དུང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་རྩོམ་སྒྲིག་བྱས་པའི་ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ལ་ཁ་བ་རི་བའི་ཡུལ་ལྗོངས་མདོ་སྨད་ས་ཡི་ཐིག་ལེ་ཞེས་བྱ་བ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མངའ་ཁོངས་སུ་གཏོགས་པའི་ནང་བསྟན་ཆོས་སྡེ་བདུན་བརྒྱ་དང་ལྔ་བཅུ་རྩ་གྲངས། དགེ་འདུན་པ་དྲུག་ཁྲི་ལྷག་ཙམ། བླ་སྤྲུལ་ཆིག་སྟོང་སུམ་བརྒྱར་ཉེ་བ་སོགསམདོ་སྨད་བོད་བརྒྱུད་ནང་བསྟན་དགོན་པཞེས་བྱ་བ་དང་། མཚོ་ལྷོའི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུསཞེས་བྱ་བ། མཚོ་ལྷོའི་རིག་གནས་ལོ་རྒྱུས་ཕྱོགས་བསྒྲིགསཞེས་བྱ་བ་སོགས་ཀྱི་དཔྱད་གཞི་འཚོལ་སྡུད་དང་། ལོ་ཙཱ། རྩོམ་སྒྲིག་བྱ་བ་སོགས་ལ་དངོས་སུ་ཞུགས་པའི་ལས་འགན་ཕྲེག་ཏུ་ཁུར་མྱོང་བ་དང་བཅས་གང་ལྟར་གྲུབ་འབྲས་ངེས་ཅན་བླངས་ཏེ། གངས་ལྗོངས་དམངས་ཁྲོད་རྩོམ་པ་པོ་ཞེས་པའི་མཚན་གྱིས་གཟེངས་སུ་བསྟད་ཅིང་། སྤྱི་ཚོགས་ཐོག་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་འདུག སྔ་ཕྱིར་ལྗགས་རྩོམ་སྣ་ཚོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས། ཡོངས་རྫོགས་མེས་རྒྱལ་ལ་ཕུལ་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིག་ཚང་ཅུའུ་དང་དཔེ་མཛོད་ཁང་སོགས་སུ་ཉར་ཚགས་བྱས་ཡོད་པ་མ་ཟད། རྒྱལ་ཁབ་དཔེ་མཛོད་ཁང་དང་། ཨ་རུའི་ཀི་ལོང་པིས་ཡ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་སོགས་སུ་ཉར་ཚགས་བྱས་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་མཚན་སྙན་དཔང་རྟགས་ཀྱང་གང་མང་གནངས་ཡོད། རོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མོའི་མགྲིན་གླུཞེས་བྱ་བ་ཡང་རང་གི་མི་ཚེ་རིང་མོའི་ལོ་རྒྱུས་ཀྱི་ཟིན་ཐོ་ཁོ་ན་ཡིན་པས་པར་སྐྲུན་བྱས་ཟིན་པ་དང་། རོང་ཆེན་ལྷ་རྒྱལ་དཔལ་གྱི་གསུང་རྩོམ་ཕྱོགས་བསྒྲིགསཞེས་བྱ་བ་དེབ་དང་པོ་དང་། གཉིས་པ། གསུམ་པ་སོགས་ཀྱང་རིམ་བཞིན་པར་བསྐྲུན་བྱས་ཟིན་པ་དང་བྱེད་བཞིན་པའི་སྒང་ཡིན་ལ། རང་གི་ལྗགས་རྩོམ་ཕལ་མོ་ཆེ་ཞིགཀྲུང་གོའི་མི་རིགས་ཆོས་ལུགས་དྲ་ཚིགསཞེས་བྱ་བ། ཀྲུང་གོའི་བོད་ལྫོངས་ཞིབ་འཇུག་དྲ་ཚིགསཞེས་བྱ་བ། བོད་མིའི་རིག་གནས་དྲ་ཚིགསཞེས་བྱ་བ། མཚོ་སྔོན་པོ་དྲ་ཚིགསསོགས་བརྒྱུད་ནས་འཛམ་བུ་གླིང་གི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་ཡོད་ཅིང་།  ཁྱད་པར་དུ་རྒྱ་ཡིག་གི་ལམ་ནས༼བོད་ཀྱི་རིག་གནས་ལོ་རྒྱུས་འཕེལ་རིམ་དཔེ་ཚོགས་ཕྱོགས་སྒྲིག༽དེབ་དང་པོ་ནས་བཅུ་བ་བསྒྲིགས་ནས་འཛམ་བུ་གླིང་ལ་ཁ་ཕྱོགས་ཏེ་ལེགས་སྐྱེས་སུ་ཕུལ་འདོད་པ་སྟེ། ༼རྒྱལ་བསྟན་གངས་རིའི་ལྗོངས་སུ་དར་བ་འོད་གསལ་ལྷ་ཡི་ཕོ་ཉཞེས་བྱ་བ། གངས་ཅན་བོད་ཀྱི་རྒྱལ་རབས་རིམ་བྱོན་གདོང་མར་བོད་པའི་དགའ་སྟོནཞེས་བྱ་བ། ༼གནའ་རབས་གངས་ཅན་མཁས་པའི་གཙུག་རྒྱན་རྣམ་པའི་རྣམ་ཐར༽ཞེས་བྱ་བ། གངས་ཅན་བོད་གྱི་གནས་རི་དང་བླ་མཚོ་སྣ་ཚོགས་ཤར་ཕྱོགས་གངས་རིའི་རྒྱན་ཆཞེས་བྱ་བ། གངས་ལྗོངས་ཆོས་སྡེ་ཆེན་པོ་དུ་མ་ངོ་སྤྲོད་རྒྱལ་བ་དགྱེས་པའི་མཆོད་པཞེས་བྱ་བ། ༼རྒྱལ་བ་པཎ་ཆེན་སྐུ་ཕྲེ་རིམ་བྱོན་གྱི་འཁྲུངས་རབས་ཕྱོགས་སྒྲིག༽ཞེས་བྱ་བ། གངས་ཅན་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུའི་སྐོར་བརྗོད་པ་བློ་ལྡན་མཁས་པའི་ལྕགས་ཀྱུཞེས་བྱ་བ། གངས་ཅན་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་རིམ་བྱོན་གངས་སེང་དཀར་མོའི་གཡུ་རལ་མངོན་པཞེས་བྱ་བ། གངས་ཅན་བོད་ཀྱི་དེང་རབས་སྲིད་ཕྱོགས་མི་སྣ་གྲགས་ཅན་དམར་ཡག་སྟག་མོའི་ལ་རྒྱཞེས་བྱ་བ། གངས་ཅན་བོད་ཀྱི་དམངས་སྲོལ་གོམས་གཤིས་ཕྱོགས་བསྒྲིགས་གཞོན་ནུ་དགའ་བའི་གླུ་དབྱངསཞེས་བྱ་བ་སོགས་ཀྱང་རིམ་བཞིན་འཛམ་གླིང་གི་དྲ་ཐོག་ཏུ་བཀོད་ཟིན་པའི་དཔེ་དེབ་བཅུ་པྲག་ལྷག་ཙམ་ཡོད་པ་མ་ཟད། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གདེང་འཇོག་གང་ལེགས་བྱས་ཏེ། རྒྱ་ཡིག་གི་དཔེ་དེབ་བཅུ་ཕྲག་ལེགས་སྒྲིག་བྱས་ནས་རིམ་བཞིན་པར་བསྐྲུན་བྱེད་དགོས་པར་སེམས་ཀྱང་རེ་ཞིག་ལེགས་འགྲུབ་མ་བྱུང་ཤིང་། དུས་མཚུངས་སུ་རང་རིགས་བོད་ཡིག་གི་ལམ་ནས༼གངས་ལྗོངས་ཞལ་འདོན་ཕྱོགས་བསྒྲིགས་བདེ་ལེགས་ཉེར་འབྱུང་འགྲོ་ཀུན་ཐར་ལམ་གཅོད་པའི་གྲུ་གཟེངས༽ཞེས་བྱ་བ། ༼གངས་ལྗོངས་དྲ་ངོས་ཀུན་ལས་བཏུས་པའི་རིག་གནས་ཤེས་བྱའི་རྣམ་གྲངས་སྐོར་ཞིག་ཕྱོགས་བསྒྲིགས་བྱས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུངས༽ཞེས་བྱ་བ། ༼གངས་ལྗོངས་དགོན་སྡེ་ཁག་གི་མཚན་བྱང་རབ་དཀར་མུ་ཏིག་ནོར་བུའི་དོ་ཤལ༽ཞེས་བྱ་བ། ༼འགྲོ་བ་མིའི་རིགས་ཀྱི་ཐོག་མ་དང་བོད་མི་རིགས་སྐོར་གྱི་འཕེལ་རིམ་གླེང་བ༽ཞེས་བྱ་བ་སོགས་དེབ་ཐེར་དུ་མ་རྩོམ་བསྒྲིགས་བྱས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་ཏེ། མ་ཡུམ་གངས་ལྗོངས་ཡུལ་ལ་རང་གི་ཚེ་རབས་འདིར་བཀྲ་ཤིས་དར་དཀར་རིང་མོ་ཞིག་གི་ཚུལ་དུ་ལེགས་སྐྱེས་སུ་ཕུལ་བ་དང་། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱིས་མངགས་བཅོལ་དང་ལེན་བྱས་ཏེ། ཡོངས་འཛིན་འཚོལ་ཞིབ་འཇུག་སྒོའི་རིག་མཛོད་ལས་གཞིའི་དགོས་གཏུགས་ཀྱིས་གན་རྒྱ་བཞག་པ་ལྟར།༼འཛམ་གླིང་གི་མི་སྣ་གྲགས་ཅན་སྐོར་གྱི་རྣམ་ཐར་དྲང་སྲོང་དགྱེས་པའི་འབེལ་གཏམ༽ཞེས་བྱ་བ་ཡང་རྩོམ་བསྒྲིགས་བྱེད་བཞིན་པའི་སྒང་ཡིན་ལ་ད་རུང་ལོ་ངོ་དུ་མའི་དཀའ་བ་ཆེན་པོ་སྤྱད་དགོས་པ་མ་ཟད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐབས་འདི་ལེགས་སོ།།

      དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག ༡༩༩༨ ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ལ་རང་ལོ་ཞེ་བདུན་ཙམ་གྱི་ཐོག་ཏུ། རང་གིས་བློ་ཐག་རྦད་ཆོད་ཀྱིས་གོང་རིམ་ལ་རེ་འདོད་ཡང་ནས་ཡང་དུ་ཞུས་པ་ལྟར། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས་ཆོག་མཆན་གནང་བ་བཞིན་ལས་འཁྱུར་ངལ་གསོ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཕྱོགས་སྟེགས་བུའི་ལས་དོན་དོར་ནས། རང་གི་བསམ་དོན་བཞིན་དུ་བདག་གཞན་དོན་གཉིས་འཕྲིན་ལས་ཡོངས་སུ་བསྒྲུབས་པའི་མགོ་བརྩམས།ཐོག་མར་བོད་མི་རིགས་རང་གི་གཟི་བརྗིད་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མདུན་བསུས་ཏེ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གདན་དྲངས་པ་ལྟར།  མུ་མཐུད་དུ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་། བོད་དར་རྒྱས་རོགས་སྐྱོར་ཐེབ་རྩ་ལྷན་ཚོགས་མཚོ་སྔོན་དོན་གཅོད་ཁང་འབྲེལ་གཏུག་པུའུ་ཡི་ཀྲུའུ་རིན་གཞོན་པ། མཚོ་སྔོན་བོད་རིགས་ཞིབ་འཇུགརྩོམ་སྒྲིག་པུའུ་ཡི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་འགན་གཅིག་ལྕོགས་བྱས་ཏེ། བོད་མི་རིགས་རང་གི་ཁྱད་ཆོས་དང་དོན་སྙིང་ལྡན་ཞིང་ཕན་འབྲས་མི་དམན་པའི་བྱ་བ་ཡག་པོ་ཁ་ཤས་སྒྲུབ་ཐུབ་པའི་གོ་སྐབས་བཟང་པོ་དག་ལ་འཕྲད་པ་དང་། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ༢༠༠༨ལོ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་མི་ཉུང་བ་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ། འགན་འཁྲི་གཅིག་ལྕོགས་ཀྱིས་བྱ་བ་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་སུམ་བླངས། ཁྱད་པར་དུ་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་། བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ། བཅའ་ཁྲིམས་རིག་པ། གསོ་བ་རིག་པ། བོད་ལུགས་གསོ་རིག ནུབ་ལུགས་གསོ་རིག ཀྲུང་ལུགས་གསོ་རིག སྐད་གཉིས་སྨྲ་བའི་ལོ་ཙཱ། རིག་གནས་ལོ་རྒྱུས་རྩོམ་སྒྲིག  བཪྙན་པར་ཞིབ་འཇུག  གློག་གླད་རྩིས་འཁོར་འཕྲུལ་ཆས་ལག་རྩལ་སོགས་ལ་འབད་འབུངས་ལྷོད་མེད་ཀྱིས་ལག་ལེན་བྱས་ཏེ། རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་པའི་མཚན་སྙན་བླངས་མ་མྱོང་ཀྱང་ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་། ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་མཆིས་ཤིང་། ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ། རྨ་ལུ་མའི་ཕ་རི་ཚུར་རུ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གསེར་ཆེན་རྫོང་དང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང། ཁྲི་ཀ་རྫོང་། ཡང་ན་མགོ་ལོག རྨ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ཤར། ཟི་ལིང་གྲོང་ཁྱེར། གོར་མོ་གྲོང་ཁྱེར། བོད་ལྗོངས་ལྷ་ས་གྲོང་ཁྱེར། རྒྱ་ནག་ནན་ཅིན་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར། དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི། དམངས་དོན་གྱོད་གཞི། སྲིད་འཛིན་གྱོད་གཞི། རྩྭ་སའི་རྩོད་གླེང་དང་། སྡེ་བའི་སྡེ་གྱོད། བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་བྱས་ཤིང་སྒྲུབ་གཉེར་བྱས་པས། མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་། རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་། བཀྲ་ཤིས་དཔའ་དར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་འབབ་བཞིན། རྒྱ་བོད་སོག་གསུམ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་རང་གི་བདེ་སྡུག་དུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་གཞོལ་ཞིང་། གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད་པའི་དཔེ་ལྟར། ཚུར་ཡོང་ན་གློག་དམར་གྱི་མེ་ལྕེ་མཆེད་ཅིང་། ཕར་སོང་ན་རླུང་ནག་གི་འཚུབ་མ་འཁོར་བ། དཔོན་ངན་རུལ་སུངས་བཙན་པོ་དག་གིས་མཐོང་ན་སྙིང་རྩ་འདར་བ། འབངས་མི་ཉམ་ཆུང་རྣམས་ཀྱིས་མཐོང་ན་ཡིད་དབང་འཆོར་བ། དུས་དང་ནམ་ཡང་འབངས་མི་སེར་རྣམས་ཀྱི་གྲས་སུ་ལངས་ནས། ལས་དཀར་ནག་གི་དབྱེ་བ་འབྱེད་ཅིང་བདེན་རྫུན་གྱི་བདར་ཤ་བཅད་ནས། བཙན་པོ་གཉའ་ནས་ཟིལ་གྱིས་མནན་ཞིང་། གཉོམ་ཆུང་ཟེ་ཁའི་ཡར་འཐེན་བྱས་ནས། སྲིད་ཕྱོགས་སྟེགས་བུའི་སྟེང་དུ་ལས་དོན་གཞོལ་པའི་སྐབས་སུ་ཡིན་ནའང་འདྲ། སྲིད་ཕྱོགས་སྟེགས་བུ་དོར་ནས་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུ་ཡིན་ནའང་འདྲ། གང་ལྟར་རང་གི་སེམས་ལ་དཔོན་སའི་མཐོ་དམན་དང་། མཚན་སྙན་ཐོབ་ཐང་གི་ཆ་ནས་རག་ལས་ཆེན་པོ་མ་མཆིས་པར་ཆེའི་རྩ་བར་གྱུར་ནི་རང་གིས་ཏང་ལ་བློ་སེམས་དཀར་བ་དང་། མེས་རྒྱལ་ལ་བློ་སེམས་དཀར་བ། མི་དམངས་མང་ཚོགས་ལ་ཤ་ཞེན་ཆེ་བའི་ལྷག་བསམ་རྣམ་དག་གིས་བློ་གཅིག་སེམས་གཅིག་དང་། ཁ་ཞེ་གཉིས་མེད། རྒྱུ་འབྲས་གཞུང་དྲང་བྱས་ཏེ་སྲི་ཞུ་ཡག་པོ་སྒྲུབ་ཐུབ་མིན་གྱི་གནད་འགག་ལ་ཐུག་ཡོད་པས། གོང་རིམ་དཔོན་ཕྱོགས་ལ་ངོ་གཡོག་ངོ་དགའ་མི་བྱེད་པར། ཐུགས་དང་འགལ་བ་བྱུང་ནས་མི་རང་ཉིད་ལ་ཉེན་ཁར་ཐུག་སྲིད་ནའང་། ཏང་དང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སྟེ། ས་གནས་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་དང་། ཡང་ན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པ། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཙུང་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པའི་དྲུང་དུ་ཡིན་རུང་ལས་དཀར་ནག་གི་དབྱེ་བ་བཀར་ནས་སྙན་ས་ཞུ་ཕོད་པ་དང་། ཐད་ཀར་ཡིག་ཐོག་སྙན་ཞུ་ཕུལ་ནས་དོན་དངོས་རེ་རེ་བཞིན་རྒྱུ་འབྲས་ལྡན་ཞིང་དྲང་བདེན་གྱིས་ཐག་གཅོད་བྱེད་དུ་བཅུག་པས། རང་རེའི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་ལམ་ཇེ་དམ་དུ་བཏང་ཞིང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་གཏན་འཇགས། ས་གནས་འཆམ་མཐུན། དཔལ་ཡོན་སྤྱོད་བཟང་འཛུགས་སྐྲུན་བྱེད་པ་སོགས་ལ་དགེ་མཚན་འབུམ་ཕྲག་ལྡན་ཞིང་འགྲོ་དོན་གྱི་གདུལ་བྱ་རྒྱ་ཆེན་པོ་འཕེལ་ཏེ། རབ་བྱུང་གཅིག་གི་རིང་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་པའི་ལམ་བུ་ཕྲ་མོ་ཉག་གཅིག་དེད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གཡུ་འབྲུག་སྟོང་གིས་ངར་སྐད་ལྡིར་ཞིང་མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བ་དང་། བསིལ་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་གཟི་མདངས་འཚེར་པའི་འཁོར་སྐར་འོད་ཅན་ཞིག་རེད་ཅེས་རིགས་སོ་སོའི་མི་སེར་ཁྲི་འབུམ་མང་པོས་བསྔགས་སྨོན་བྱེད་པའི་གཞི་རུ་གྱུར་ཏེ། སྤྲུལ་བའི་བྱང་ཆུབ་སེམས་དཔའ་དང་རྒྱལ་སྲས་ཀྱི་ཀུན་སློང་ཟབ་མོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཟིགས་ཤིང་བྱམས་སེམས་དྲིན་གྱིས་བསྐྱངས་པས། གསེར་ཁྲིར་མངའ་གསོལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐལ་བ་དང་གོ་སྐབས་མ་ལྡན་ཀྱང་། བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རབ་ཏུ་རྒྱས་ཤིང་རྒྱས་བཞིན་པ་དང་། གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་བསྐྲུན་ནས། ངོ་མཚར་ལྷ་མིའི་ལོངས་སྤྱོད་དང་གཉིས་སུ་མ་མཆིས་པར་ཐུགས་དགོངས་ཆེན་པོ་ནམ་མཁའ་ཡང་བ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོས་ཁེངས་ཤིང་། ཕ་ཡུལ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་ལྡན་པའི་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་འཇིག་རྟེན་འཚོ་བར་རྟག་ཏུ་གནས་པའི་སྐབས་སོ།། 

               རྒྱལ་ཁྲིམས་སྲིད་སྐྱོང་རིག་པའི་དོ་ར་ནས།།

                 བཅའ་ཁྲིམས་ལས་རིགས་ཁག་གི་མཁན་པོར་མཛད།།

                 འབྲོག་མིའི་རྩྭ་ཐང་སྟེང་གི་ཁྲིམས་མཁན་ཞེས།།

                 མཚན་སྙན་གྲགས་པའི་བ་དན་མཁའ་རུ་བསྒྲེངས།།

      བོད་ར་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི༡༩༨༢ལོ་ནས་བཟུང་བྲག་དཀར་་རྫོང་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ནས་ཁྲིམས་ལུགས་ཀྱི་བྱ་བ་ལས་མགོ་བརྩམས་ཏེ།ད་ལྟའི་བར་དུ་ཧ་ལམ་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་ལ་སྲིད་ཁྲིམས་ཀྱི་བྱ་བར་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས་ཤིང་། ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་།ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་། ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ།རྨ་ལུ་མའི་ཕར་རི་ཚུར་རི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁུངས་སུ་གསེར་ཆེན་རྫོང་དང་། མང་རྫོང་།  འབའ་རྫོང་།  བྲག་དཀར་རྫོང།  ཁྲི་ཀ་རྫོང་།  ཡང་ན་མགོ་ལོག  རྨ་ལྷོ།  མཚོ་བྱང་།  མཚོ་ནུབ།  མཚོ་ཤར།  ཟི་ལིང་གྲོང་ཁྱེར།  གོར་མོ་གྲོང་ཁྱེར།  བོད་ལྗོངས་ལྷ་ས་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར། དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི། རྩོད་དོན་གྱོད་གཞི། རྩྭ་སའི་རྩོད་གླེང་དང་། སྡེ་བའི་སྡེ་གྱོད། བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་བྱས་ཤིང་སྒྲུབ་གཉེར་བྱས་པས།  མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་། རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་། བཀྲ་ཤིས་དར་དཀར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་འབབ་བཞིན། རྒྱ་བོད་སོག་གསུམ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་རང་གི་བདེ་སྡུག་དུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་བཞོལ་ཞིང་། གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད་པའི་དཔེ་ལྟར། ཚུར་ཡོང་ན་གློག་དམར་གྱི་མེ་ལྕེ་མཆེད་ཅིང་། ཕར་སོང་ན་རླུང་ནག་གི་འཚུབ་མ་འཁོར་བ། རབ་བྱུང་གཅིག་གི་རིང་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་ཞིང་། རྒྱུ་འབྲས་དང་དྲང་བདེན་ཕྱོགས་སུ་བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོ་ཉག་གཅིག་དེད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གཡུ་འབྲུག་སྟོང་གིས་ངར་སྐད་ལྡིར་ཞིང་། མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བ་དང་། བསིལ་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་གཟི་མདངས་འཚེར་པའི་འཁོར་སྐར་འོད་ཅན་ཞིག་ཅེས་རིགས་སོ་སོའི་མི་སེར་ཁྲི་འབུམ་མང་པོས་བསྔགས་སྨོན་བྱེད་པའི་གཞི་རུ་གྱུར་ཏེ། སྤྲུལ་བའི་བྱང་ཆུབ་སེམས་དཔའ་དང་རྒྱལ་སྲས་ཀྱི་ཀུན་སློང་ཟབ་མོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཟིགས་ཤིང་བྱམས་སེམས་དྲིན་གྱིས་བསྐྱངས་པས། གསེར་ཁྲིར་མའང་གསོལ་ནས་ཆོས་ཀྱི་འཁོར་ལོ་སྐོར་བའི་སྐལ་བ་དང་གོ་སྐབས་མ་ལྡན་ཀྱང་།བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རབ་ཏུ་རྒྱས་ཤིང་རྒྱས་བཞིན་པ་དང་། གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་སྐྲུན་ནས། ངོ་མཚར་ལྷ་མིའི་ལོངས་སྤྱོད་དང་གཉིས་སུ་མ་མཆིས་པར་ཐུགས་དགོངས་ཆེན་པོ་ནམ་མཁའ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོའི་ཁེངས་ཤིང་། མེས་རྒྱལ་གྱི་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་ལྡན་པའི་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་ལམ་བུ་ཕྲ་མོར་བསྙེགས་སོ།།

      འདིར་ཁྲིམས་ལུགས་རིག་པའི་གཞུང་ལུགས་དང་ཤེས་བྱ་ཕྲན་བུ་ཙམ་ལས་མེད་ནའང་ལག་ལེན་གྱི་བྱང་ཆ་སོགས་ཧ་ཅང་ཕུན་སུམ་ཚོགས་པར་འདུགདེ་བས་སྲིད་ཕྱོགས་སམ་སྒེར་ཕྱོགས་གང་ཡིན་རུང་ལོ་རེར་བཞིན་གྱོད་གཞི་བཅུ་ཕྲག་ཁ་ཤས་ལག་ལེན་དུ་བསྟར་ནས། ཉེས་དོན་གྱོད་གཞི་དང་། རྩོད་དོན་གྱོད་གཞི། རྩྭ་སའི་རྩོད་གླེང་། སྡེ་གྱོད་བཟའ་གྱོད་སོགས་དང་ལེན་བྱས་ནས་སྒྲུབ་བཞིན་འདུག་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་དང་སྲིད་ཕྱོགས་ཀྱི་ཡི་གེ་ངོ་གཏུགས་བྱ་བ་སོགས་ཀྱང་མི་ཉུང་བ་ཞིག་བསྒྲུབས། དཔེར་ན ༡༩༨༢ ལོ་ནས་བཟུང་བྲག་དཀར་རྫོང་ཐང་ནག་ཤང་སྡེ་བ་ཞོལ་མའི་གྱོད་ཡ་མཱ་ཀོས་ལིང་སོགས་ཀྱིས་ཐུན་མོང་གི་ནགས་ཚལ་ལ་གཏོར་བརླག་བྱས་པའི་ཉེས་དོན་གྱོད་དོན་དང་། འབྲོང་འཐུས་ཤང་མི་རིགས་སྡེ་བའི་གྱོད་ཡ་ཡུམ་གྲུབ་ཐར་གྱིས་ཐུན་མོང་གི་རྒྱུ་ནོར་བཅོམ་བརླག་བྱས་པའི་ཉེས་དོན་གྱོད་དོན། དཔལ་ཁ་ཤང་སྒོ་མེ་ཆོས་རྗེ་སྡེ་བའི་གྱོད་ཡ་ཕུན་ཁོས་གཞན་གྱི་རྒྱུ་ནོར་བརྐུས་པའི་ཉེས་དོན་གྱོད་དོན། རི་ཕྱོར་སྡེ་བའི་གྱོད་ཡ་ཚེ་དཔག་སྐྱབས་ཀྱིས་བུད་མེད་ལ་བཙན་གཡེམ་བྱས་རྗེས་བསམ་བཞིན་དུ་མི་བསད་པའི་ཉེས་དོན་གྱོད་གཞི་སོགས་ལ་ཁྲིམས་རྩོད་པའི་དག་སེལ་གང་ལེགས་བྱས་ཏེ་ནག་ཉེས་ཇེ་ཡང་དུ་བཏང་མྱོང་ཞིང་གཞི་རིམ་དམངས་ཁྲོད་ཀྱི་གྱོད་གཞི་འདུམ་སྒྲིག་བྱས་པའི་སྐོར་ལའང་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ང་རང་གིས་བྲག་དཀར་རྫོང་མི་དམངས་སྲིད་གཞུང་གི་ནང་དུ་བྱ་བ་ལས་བཞིན་ཡོད་པས། ༡༩༨༤ ལོའི་ཟླ༣པའི་ཚེས༡༦ཉིན་ལ་རྫོང་ལས་བྱེད་ཚན་ཁག་ཞིག་འབྲོང་འཐུས་ཞང་ལ་གྲོང་འབབ་བྱེད་དགོས་པར་བྱུང་པས། སྐབས་དེ་དང་བསྟུན་ནས་དམངས་ཁྲོད་ཀྱི་གྱོད་གཞི་སྣ་ཚོགས་འདུམ་སྒྲིག་གང་ལེགས་བྱས་ཏེ་ཐག་གཅོད་བྱས་པ་དང་སྔ་གཞུག་ཏུ་ཉེས་དོན་གྱོད་གཞི་དང་དམངས་དོན་གྱོད་གཞི་སྣ་ཚོགས་སྒྲུབ་གཉེར་བྱེད་པའི་མགོ་ཚུགས་སོ།།

      ཁྱད་པར་དུ་ལུས་འཁྱུར་ངལ་གསོ་བྱས་ནས་ཧ་ལམ་ལོ་ངོ་ཉི་ཤུའི་རིང་ལ་ལྡབ་འགྱུར་གྱི་སྒོ་ནས་རང་གི་ཤེས་བྱ་ཕྲན་བུ་བེད་སྤྱོད་བྱས་ཏེ་མི་དམངས་ལ་ཞབས་འདེགསཞུས་ཤིང་།༢༠༠༠ ལོའི་ཟླ་བ་བཅུ་གཉིས་པར་བྲག་དཀར་རྫོང་ཧང་གཞུང་ཤང་རི་རྒན་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་བྲག་དཀར་རྫོང་མི་དམངས་སྲིད་གཞུང་གཏུགས་བཤེར་བྱས་ནས།རི་རྒན་རུ་ཁག་དང་མཚོ་སྔོན་ཞིང་ཆེན་དཔལ་ཁ་ལུག་རྒྱུད་ར་བའི་བར་རྩྭ་སའི་རྩོད་གླེང་ལ་མཚོ་ལྷོ་བོད་རིགས་རངང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱེད་སྐབས་རང་གིས་མི་སེར་གྱི་ཚབ་བྱས་ཏེ་ཁྲིམས་རྩོད་པས་འགན་འཁྲི་བཞེས་ནས་མི་དམངས་ཀྱིས་རྫོང་དཔོན་གཏུགས་པའི་ཁྲིམས་ར་ནས་དག་སེལ་ཐེར་འདོན་བྱས་པ་ལྟར། རྩྭ་སའི་རྩོད་གླེང་འདིར་སྲིད་འཛིན་ཁྲིམས་གཅོད་འོས་འཚམས་བྱས་པས་མང་ཚོགས་ཡིད་ཚིམ་ཞིང་དགའ་བསུ་ཆེན་པོ་ཐོབ་པ་རེད།།

      དུས་མཚུངས་སུ༢༠༠༢ལོའི་ཟླ་བ་བཅུ་གཅིག་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ལུག་རྒྱུད་ར་བའི་འགོ་ཁྲིད་ཁག་གིས་ཕྱུགས་རྫི་གཡུང་དྲུང་བྱམས་དང་རིན་ཆེན་རྒྱལ། ཟོན་ཐར་རྒྱལ།སྒྲོལ་མ་འབུམ། མགོན་པོ་རབ་བརྟན། ཁོན་ཐར། དགྲ་ལྷ་རྒྱལ། མགོན་ཐར་རྒྱལ། པད་མ་དབང་ཆེན་སོགས་ཀྱིས་མི་འཚོགས་བརྒྱབ་ནས་འཕྲོག་བཅོམ་དང་མི་འཚོགས་བརྒྱབ་ནས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་པའི་ཉེས་དོན་གྱོད་གཞིར་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་ཏེ་སྔ་དྲོའི་ཆུ་ཚོད་དགུ་ནས་དགུང་མོའི་ཆུ་ཚོད་བཅུའི་བར་དུ་ཁྲིམས་རྩོད་པ་བརྒྱད་དང་ལྷན་གཅིག་ཏུ་དག་སེལ་བྱས་པར་བརྟེན། བཙོན་མ་རྣམས་ལ་མ་ཉེས་ཁ་གཡོག་གི་ནག་ཉེས་མི་ཉུང་བ་ཞིག་རྩད་ཆོད་པས། མི་རེར་བཞིན་ཁྲིམས་ཐག་ཀྱང་ཡང་མོར་མི་གཅོད་ག་མེད་བྱུང་བ་རེད།།

     ༢༠༠༡ ལོའི་ཟླ་བ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་དགུང་མོར།འབྲོང་འཐུས་ཤང་མི་དམངས་སྲིད་གཞུང་གི་སྡོད་གནས་སུ་བྱུང་བའི་ཧོས་རིགས་ལུག་ཚོང་བ་མི་བཞིས་ས་དེའི་འབྲོག་པ་ལྷ་པོ་ཡི་བུ་པད་རྒྱལ་ལ་བསམ་བཞིན་དུ་རྨས་སྐྱོན་དྲག་པོ་བཏང་ནས། ཚད་རིམ་དགུའི་དབང་པོ་སྐྱོན་ཅན་དུ་བཏང་པའི་གྱོད་དོན་བཟོས་པ་མ་ཟད། ཕྱིའི་ཉིན་རྫོང་སྤྱི་བདེ་ལས་ཁུངས་ལ་སོང་ནས། པད་རྒྱ་སོགས་ཀྱིས་ཁོ་ཚོའི་ལག་གི་ལུག་ཉིས་བརྒྱ་དང་དམངས་སྒོར་ལྔ་ཁྲི། འཕྲུལ་རྟ་གཉིས་སོགས་ཧ་ལམ་སྒོར་ཆིག་འབུམ་ཆིག་ཁྲི་ལྷག་གི་འཕྲོག་བཅོམ་བྱས་པའི་དབང་གིས་རང་སྲུང་རྒོལ་ལན་བཏང་པ་ཡིན་ཞེས་གཡོ་ཐབས་བཀོལ་པས། རྫོང་ཡོངས་སུ་གྲགས་པའི་འབྲོག་བཅོམ་གྱི་གྱོད་གཞི་ཆེན་པོ་ཞིག་འུར་བྱུང་པས། སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་བྱུང་སར་རྟོགས་དཔྱོད་བྱས་མཐར་འཕྲོག་བཅོམ་གྱི་གནད་དོན་ཅི་ཡང་མ་རྙེད་མོད། འོན་ཀྱང་ཧོས་རིགས་ཚོང་བ་ལག་དམར་བཞི་བོས་སྤྱི་བདེ་ལས་ཁུངས་ལ་ནང་འདྲེས་བྱས་ཏེ། བསམ་བཞིན་དུ་རྨས་སྐྱོན་དྲག་པོ་བཏང་ནས་ཚད་རིམ་དགུའི་དབང་པོ་བོ་སྐྱོན་ཅན་དུ་བཏང་པའི་གྱོད་གཞི་བཟོས་པ་དེ་ནི་རྒྱུན་ལྡན་རང་སྲུང་བྱས་པ་རེད་ཅེས་ཧ་ལམ་ལོ་ངོ་གཉིས་རིང་ལ་གྱོད་གཞི་འགོར་འགྱིངས་སུ་བཞགདེ་ནས་གནོད་འཚེ་ཐེབ་མཁན་ལྷ་པོ་དང་པད་རྒྱལ་ཕ་བུ་གཉིས་ཀྱིས་རིམ་བཞིན་རྫོང་དང་། རང་སྐྱོང་ཁུལ།ཞིང་ཆེན། རྒྱལ་ཁབ་རིམ་པའི་ཏང་སྲིད་ལས་ཁུངས་ཁུངས་དང་། སྲིད་ཁྲིམས་ལས་ཁུངས།ཐ་ན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཧུའུ་ཅིན་ཐོ་ལགས་ལ་ཞུ་གཏུགས་བྱས་པར་བརྒྱུད། རིམ་པ་གོང་མའི་འགོ་ཁྲིད་རྣམ་པས་གྱོད་གཞི་འདིར་གཙིགས་འཛིན་གནང་སྟེ། བཀའ་ཤོག་མཆན་བཀོད་ཁང་སྐྱ་འབབ་འབབ་དང་། ཡིག་ཐོག་གཏུགས་ཡིག་རི་རབ་ལྟར་བརྩིགས་རུང་། དབང་ཤུགས་དང་རྒྱུ་ནོར་གྱི་བཟང་ངན་ཤོར་པས། རིམ་པ་བཞིན་དཔོན་པོས་དཔོན་པོ་བཀབ་པའི་གནས་སུ་རེ་ཞིག་ལྷུངས་ཤིང་། རྒན་པོ་ལྷ་པོ་ཕ་བུ་ཀྱང་ཡིད་ནག་ཆད་ནས་བསྡད་ནའང་རང་གིས་མུ་མཐུད་དུ་ཁ་བྱང་ལའཇིག་རྟེན་ཐོག་གི་རྒྱུ་འབྲས་གང་ན་མཆིས།།བཅའ་ཁྲིམས་ཐད་ཀྱི་བདེན་ལུགས་ག་ལ་འཚོལ།།ཞེས་ཡིག་ཆ་མང་པོ་སྤེལ་པས།ཧ་ལམ་བསྟུད་མར་ལོ་ངོ་དྲུག་གི་རིང་ལ་དམངས་ཀྱིས་དཔོན་གཏུགས་པའམ་མི་སེར་གྱིས་དཔོན་པོ་གཏུགས་པའི་གྱོད་གཞི་འདི་འགོར་འགྱིངས་སུ་སོང་རུང་། ༢༠༠༧ ལོའི་ཟླ་བ་དྲུག་པར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གསར་བ་བློ་མཐུན་ཆང་ཝིས་ལགས་ལ་ཡིག་ཐོག་གི་གཏུགས་བཤེར་བྱས་པ་བཞིན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐེན་གྱིས་མཆན་བཀོད་ཐུགས་ཁུར་གནང་བ་ལྟར། ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བློ་མཐུན་པདྨ་རྡོ་རྗེ་སོགས་རིམ་པ་ཁག་གི་འགོ་ཁྲིད་རྣམས་ཀྱིས་གཙིགས་འཛིན་གནང་འོག་ཏུ། མི་དམངས་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྒོར་མོ་ལྔ་ཁྲི་ཙམ་བཏང་ནས་གྱོད་དོན་འདི་ཞི་བར་འདུམས་ཞིང་མཇུག་མཐའི་རྒྱལ་ཁ་ཡོངས་སུ་བླངས་པ་རེད། སྲིད་ཁྲིམས་གྱི་བྱ་བ་འདི་དང་འདི་ལྟ་བུ་གྲངས་ལས་འདས། ཁྱད་པར་དུ་མང་ཚོགས་ཀྱི་ཚབ་ཏུ་སྲིད་འཛིན་ཕྱོགས་ཀྱི་ཡིག་ཆ་སོགས་གང་མང་བྲིས་ཏེ།མི་རིགས་སློབ་གསོ་དང་། དཔལ་འབྱོར་འཛུགས་སྐྲུན། མང་ཚོགས་ཀྱི་འཚོ་བའི་བདེ་སྡུགདཀའ་ངལ་སྣ་ཚོགས་ཀྱང་ཡིག་ཐོག་ཏུ་བཀོད་ནས། ཏང་དང་སྲིད་གཞུང་གི་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཕུལ་ནས་ཐག་གཅོད་བྱེད་པར་མང་ཚོགས་ལ་སྟབས་བདེ་གང་ལེགས་བཟོས་ཤིང་། ཕན་འབྲས་འོས་འཚམས་ཐོན་བཞིན་འདུག།

      བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ ༢༠༠༨ ལོ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་མི་ཉུང་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ། འགན་འཁྲི་གཅིག་ལྕོགས་ཀྱིས་བྱ་བ་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་སུམ་བླངས། ཁྱད་པར་དུ་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་།  བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ། བཅའ་ཁྲིམས་རིག་པ། གསོ་བ་རིག་པ།བོད་ལུགས་གསོ་རིག ནུབ་ལུག་གསོ་རིག ཀྲུང་ལུགས་གསོ་རིག སྐད་གཉིས་སྨྲ་བའི་ལོ་ཙཱ། རིག་གནས་ལོ་རྒྱུས་རྩོམ་སྒྲིགབརྙན་པར་ཞིབ་འཇུག སྒྲ་སྡུད་འཕྲུལ་ཆས་ལག་རྩལ་སོགས་ལ་འབད་འབུངས་ལྷོད་མེད་བྱས་ཏེ། རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་མཚན་སྙན་བླངས་མ་མྱོང་ཀྱང་སྣ་ཚོགས་ལྷན་སྐྱེས་ཀྱི་ཤེས་རབ་དང་ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་། རང་གི་གམ་དུ་སེམས་ཅན་གྱི་སྐྱིད་སྡུག་སྣ་ཚོགས་ཞུ་བར་ཡོང་པའི་རྒྱ་བོད་སོག་གསུམ་སོགས་རིགས་སོ་སོའི་མང་ཚོགས་ཁྲི་མ་འབུམ་མང་པོས་དགའ་བསུ་ཐོབ་ཅིང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་འདུག།

      དཔེར་ན ༡༩༩༨ ལོར་མཚོ་ནུབ་ཁུལ་དུར་ལམ་རྫོང་རྒུ་རུ་དགོན་གསོ་རིག་བདེ་ལྡན་གླིང་ལ་ས་གནས་རང་གི་དཔོན་པོ་ཁ་ཤས་ཞིག་གིས་དབང་ཆ་བེད་སྤྱད་ནས། དགོན་པའི་ཆོས་སྒོ་གཏད་ཅིང་དགེ་འདུན་པ་རྣམས་རང་ཡུལ་དུ་མངགས། ལྷ་རྟེན་ཆོས་གསུམ་སོགས་ཀྱང་ལྷ་ཁང་ལས་ཕྱིར་བྱུང་སྟེ་སྦྱིན་བདག་མང་ཚོགས་རང་གིས་ཁྱེར་ཤིག་ཅེས་ཐུན་མོང་མ་ཡིན་པའི་གནད་དོན་འབྱུང་པས་རང་གིས་ཞིང་ཆེན་ཏང་ཨུ་སོགས་འབྲེལ་ཡོད་ལས་ཁུངས་ལ་ཞུ་འབུལ་ཡི་གེ་བྲིས་པར་བརྟེན་ཆོས་སྡེ་འདིའི་ཆོས་སྒོ་སླར་ཡང་ཕྱེས་ཏེ་ཆོས་དད་མང་ཚོགས་ལ་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་བསྐྱར་དངོས་འབབ་བྱས། མདོར་ན་འབྲོག་པའི་རྩྭ་ཐང་སྟེང་གི་ཁྲིམས་རྩོད་མཁན་ཞེས་མཚན་སྙན་གྲགས་པའི་བ་དན་བསྒྲེངས། ལོ་རེར་བཞིན་མང་ཚོགས་ཀྱི་ཚབ་བྱས་ཏེ་བྲིས་པའི་སྲིད་ཁྲིམས་དང་། སྲིད་འཛིན་ཡིག་ཆ་སྣ་ཚོགས་སྣ་ཁ་རེ་ཉར་ཚེགས་བྱས་ན་ལོ་མཇུག་ཏུ་དེབ་ཐེར་ཆེན་པོ་གཅིག་རེ་ངེས་པར་འདུག།     

       ཡང༢༠༠༢ལོའི་ཟླ་བ་བཞི་བར་ཁ་བྱང་ལ་རྩྭ་ཐང་གི་སྐྱེ་དངོས་ཁོར་ཡུག་ལ་གཏོར་བརླག་ཚབ་ཆེན་ཐེབ་པས། འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ལྗིད་དྲགས་འདུག་ཅེས་པའི་ཡིག་ཆ་ལས་བྲག་དཀར་རྫོང་གིས་འབྲོང་འཐུས། ལུང་བཟང་། བུན་ཆོན་སོགས་ལྷོ་ཁུལ་ཤང་གསུམ་ལ་དབྱར་རྩྭ་དགུན་འབུའི་སྒོ་འབྱེད་ས་ཁུལ་དུ་ཁ་གཡར་ནས་ཆེད་ཐོན་གྲོན་དངུལ་དམངས་སྒོར་ས་ཡ་གསུམ་གྱི་འགན་ཁུར་བཞགཅིང་། འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ལྗིད་དྲགས་སུ་བཏང་པས་མང་ཚོགས་ཀྱིས་སྡུག་བསྔལ་བཏོན་པ་ལྟར་ཡིག་འབྲུ་ཧ་ལམ་བཞི་སྟོང་ལྷག་ཙམ་བྲིས་ཏེ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་དབྱང་བརྙན་འཕྲིན་ཁང་གནད་འགག་གླེང་སྟེགས་ལེ་ཚན་སོགས་ལ་ཞུ་འབུལ་བཏང་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཀྲུའུ་རོང་ཅི་མཆོག་ལ་རང་གི་མིང་ཐོག་ནས་དངོས་སུ་ཡར་ཞུ་ལྟར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་རྣམས་དངོས་སུ་གནད་དོན་ལ་ཞིབ་འཇུག་གནང་པར་ཕེབས་ཤིང་། རིམ་པ་ཁག་གི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་གཙུག་འཛིན་དང་ཐུགས་ཁུར་གནང་འོག་ཏུ། མང་ཚོགས་ལ་ཧ་ལམ་ཆེད་ཐོན་གྲོན་དངུལ་ས་ཡ་གཅིག་དང་ལྔ་འབུམ་ཙམ་ཕྱིར་མང་ཚོགས་ལ་སྤྲད་ཅིང་ཁྲལ་རིགས་སྣ་ཚོགས་ཀྱང་རིམ་བཞིན་ཇེ་ཉུང་བཏངས།།

       ཁྱད་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས ༢༠༠༤ ལོའི་ཞིང་ལས་དཔྱད་ཁྲལ་བཅོས་བསྒྱུར་ཚོད་ལྟའི་བྱ་བ་ལེགས་སྒྲུབ་ཟབ་མོ་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར་ཡིག་ཆ་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལོ་དེ་ནས་བཟུང་སྟེ་ཞིང་ཆེན་ཡོངས་ཀྱི་ཆེད་ཐོན་དཔྱ་ཁྲལ་མེད་པར་བྱས་ཤིང་། ས་ཁུལ་མང་ཤས་ཞིག་གི་ཞིང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བྱས་པ་དང་། ༢༠༠༦ ལོ་ནས་བཟུང་རྒྱལ་ཡོངས་སུ་ཞིང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བྱས་པའི་སྲིད་ཇུས་ཡག་པོའི་གོ་སྐབས་དང་འཕྲད་ཅིང་། རྒྱལ་རབས་ནས་རྒྱལ་རབས་རིང་ལ་བྱུང་མ་མྱོང་པའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་ལ་རྒྱལ་ཡོངས་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ། གཞན་ཡང་ལོ་དེའི་ཟླ་བ་བཅུ་གཉིས་པར་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བའི་ཏང་ཀྲི་པུའུ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རེ་བ་བཅོལ་བ་བཞིན་སྡེ་བ་འདིའི་དུས་རབས་བཅུ་དགུའི་ལོ་རབས་དྲུག་ཅུའི་ནང་ལ་སྔ་བཞུག་ཏུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡན་ལག་དམག་ཁུལ་གཉིས་ལ་ས་ཞིང་མུའུ་ཉིས་སྟོང་བརྒྱད་བརྒྱ་གཡར་བ་ད་ལྟའི་བར་དུ་ཕྱིར་མ་ལོན་པས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ས་ཞིང་ཕྱིར་ལེན་རོགས་བྱེད་པའི་རེ་བ་ཞུས། དེ་མ་ཐག་ཏུ་རང་གི་ས་གནས་མང་ཚོགས་ལ་རོགས་རམ་དང་བཅིངས་འགྲོལ་དམག་ལ་ཤོར་བའི་ས་ཞིང་འདི་ཕྱིར་ལེན་པའི་ལས་འགན་ལྷུར་བཞེས་བྱས་ནས།  རིམ་བཞིན་དུ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལན་ཀྲུ་དམག་ཁུལ་སོགས་ལ་ས་ཞིང་འདིའི་ཤུལ་ལུས་གནད་དོན་མྱུར་བ་མྱུར་དུ་ཐག་གཅོད་བྱེད་དགོས་པའི་སྙན་སེང་ཕུལ་པ་མ་ཟད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བ་སོགས་ལ་དངོས་སུ་ཐེངས་མང་པོ་སོང་སྟེ་དམག་དཔོན་རྣམས་ལ་གནས་ལུགས་ཞུས་པས། རིམ་པ་གོང་མས་གཙིགས་འཛིན་དང་དོ་སྣང་ཆེན་པོ་གནང་སྟེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལན་ཀྲུ་དམག་ཁུལ་གྱིས་ཆོག་མཆན་བཀོད་པ་ལྟར། ༢༠༠༧ ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན་ལ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐདམག་སྨན་ཁང་བཞི་བས་བདག་བཟུང་བྱས་པའི་ས་ཞིང་མུའུ་ཉིས་སྟོང་ཡོད་པ་དེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡན་ལག་དམག་ཁུལ་ལ་སྤྲད་ཅིང་། མཚོ་ལྷོ་ཡན་ལག་དམག་ཁུལ་གྱིས་ཀྱང་བདག་བཟུང་བྱས་པའི་ས་ཞིང་མུའུ་བརྒྱད་བརྒྱ་སྟེ། བསྡོམས་པས་ས་ཞིང་མུའུ་ཉིས་སྟོང་བརྒྱད་བརྒྱ་དེ་ཡོངས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་སྤྲོད་པའི་འགྲོ་ལུགས་ལྟར།ས་གནས་ཁག་གི་མང་ཚོགས་ལ་རང་གི་ས་ཞིང་ཕྱིར་ཐོབ་པ་མ་ཟད་ལོ་འགའི་རིང་ལ་རྨོ་བསྐྱུར་ནག་འདེབས་ཀྱི་རྣམ་གྲངས་ཁ་གསབ་མ་དངུལ་ཧ་ལམ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་དྲུག་བརྒྱད་འབུམ་བརྒྱད་ཁྲིའི་ཡོང་སྒོ་དེ་ཡང་དོན་མེད་གཞན་ལག་ཏུ་ཤོར་བ་མི་དམངས་མང་ཚོགས་ལ་དབང་བར་བྱས།  ཁུལ་དཔོན་ཀུན་བཟང་རྒྱལ་སོགས་འགོ་ཁྲིད་རྣམ་པས་བསྟོད་བསྔགས་དང་དགའ་བསུ་ཆེན་པོ་ཐོབ།།

      ༢༠༠༩ ལོའི་ཟླ་བ་གསུམ་པར་རང་གི་ཕ་ཡུལ་ཏེ།  འབྲོང་འཐུས་ཤང་སྟག་ཐང་སྡེ་བའི་སེར་འགོག་དང་།  དམེ་བོ། གླང་རྔ། བྱ་སྐོར་སོགས་ནང་མ་མཐུན་པར་ཐོག་མར་སྡེ་བའི་འགོ་ཁྲིད་འདེམས་བསྐོ་བྱ་བར་རྩོད་གཞི་ལངས་པ་དང་། ཕྱིས་སུ་གྱོད་སྣ་ཁ་མཆུ་བརྩད་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་རིག་འཛིན་ལ་བྱ་སྐོར་མ་ཅེ་སོགས་ནས་གཅར་རྡུང་དྲག་པོ་བྱས་ནས་རྨས་སྐྱོན་ཕོག་ཅིང་། དུས་མཚུངས་སུ་སེར་འགོག་དམ་ཆོས་སོགས་ཀྱིས་བྱ་སྐོར་ཚེ་དོ་དང་མཁར་རྩེ་གཉིས་ལ་འཇབ་རྒོད་བྱས་ཏེ་རྨས་སྐྱོན་ཚབ་ཆེན་ཕོག་པས། སྡེ་བའི་ནང་གི་འབྲེལ་བ་ཛ་དྲག་ཏུ་གྱུར། བྲག་དཀར་རྫོང་སྤྱི་བདེ་ཅུས་ཕན་ཚུན་གཉིས་ཀྱི་ལག་དམར་དྲུག་འཛིན་བཟུང་བྱས་ནས་བཙོན་ཏུ་བཅུག དེ་བས་སེར་འགོག་དངོས་གྲུབ་སོགས་རྒན་པ་རྣམས་ཀྱིས་ཆེད་དུ་གདན་དྲངས་པ་ལྟར་ཁོ་བོ་བྲག་དཀར་རྫོང་དུ་སོང་ནས་བཙོན་ཁང་དུ་བཅུག་ཡོད་པའི་དོ་ཟླ་དྲུག་པོ་ཕྱིར་བླངས། ཕན་ཚུན་ཕྱོགས་གཉིས་ལ་བཀའ་ཕབ་རང་བཞིན་གྱིས་གྱོད་གཞི་མནན་ཞིང་། དམངས་ཁྲོད་ཀྱི་ཆོས་གཟི་ལྟར་ཐག་གཅོད་བྱེད་པའི་གཟི་བ་དང་ཉི་ཆད་སོགས་བཀོད་སྒྲིག་སྟ་གོན་བྱས་པ་ལྟར། འབྲོང་འཐུས་གཞོང་ནས་གཞི་ཁ་བཟུང་སྟེ་དངོས་སུ་ཆོས་གཟི་བཤད་ནས་འཇུག་འབྲས་ཧ་ཅང་ཡག་པོ་ཐོབ། རྫོང་དང་ཤང་རིམ་པའི་ཏང་ཨུའི་དང་མི་དམངས་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་གདེང་འཇོག་ཚད་མཐོན་པོ་དང་རང་གི་ལྷ་སྡེ་དཀར་པོས་ཀྱང་དགའ་བསུ་ཆེན་པོ་ཐོབ། ལོ་དེའི་ཟླ་བ་བཞི་བའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྟོང་གི་མཛོ་རྒན་ར་བར་གྲོང་བརྡལ་བུས་རྒན་སྡེ་བའི་འབྲོག་པ་འཇིགས་ཁོ་དང་ཚེ་རིང་འཚོ་བཟའ་མི་གཉིས་ཀྱིས་བྲག་དཀར་རྫོང་གི་ཆུ་ཁོལ་ཁ་ནས་མགྲོན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པའི་སྒང་ལ་བྲག་དཀར་རྫོང་སྤྱི་བདེ་ཅུའུ་ཆུ་ཁོལ་མངགས་གཏོང་ཁང་གི་ཉེན་རྟོགས་པ་སྐོར་ཞིག་གིས་རྒྱུ་མཚན་ཅི་ཡང་མེད་པར་གཅར་རྡུང་དྲག་པོ་བྱས་ནས.༢༧དོན་རྐྱེན་བཟོས། དེ་མ་ཐག་ཏུ་འབྲེལ་ཡོད་མི་བདག་གིས་གདན་དྲངས་པ་ལྟར་དངོས་སུ་ཞིང་ཆེན་མི་དམངས་སྨན་ཁང་དུ་སོང་ནས་རྨས་མ་ཚོས་གནས་ཚལ་ལ་རྟོགས་དཔྱོད་ཞིབ་འཇུག་བྱས་ཏེ། ཞིང་ཆེན་རིམ་པ་དང་། རང་སྐྱོང་ཁུལ་གཉིས། རྫོང་གཉིས་སོགས་འབྲེལ་ཡོད་སྡེ་ཁག་ལ་ཞུ་འབུལ་གསལ་བོ་བྱས་ནས། ཉེས་མེད་རྡུང་རྡེག་ཕོག་པའི་བཟའ་ཟླ་འདི་གཉིས་ལ་བྲག་དཀར་རྫོང་སྤྱི་བདེ་ཅུས་འཛུལ་བཤགས་སྒུར་གསུམ་བྱས་པ་མ་ཟད་དམངས་སྒོར་ཆིག་འབུམ་གྱི་སྨན་ཡོན་དང་སྲིད་འཛིན་ཆད་པ་སོགས་ཁུར་དུ་བཅུག།

      ༢༠༡༠ ལོའི་ཟླ་བ་དགུ་བར་བྲག་དཀར་རྫོང་ཆུ་ཁོལ་ཤང་གསེར་ཐང་སྡེ་བའི་མང་ཚོགས་སྐོར་ཞིག་ལྷ་ས་རུ་དབུས་མཇལ་སོང་ནས་ཕྱིར་ལམ་དུ་རླངས་འཁོར་ཆགས་སྒོ་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་ཞིང་མི་བརྒྱད་ལ་རྨས་རྐྱོན་ལྗིད་མོ་ཕོག་པས། ཡང་ཁོ་ཚོའི་མི་བདག་གིས་གདན་དྲངས་པ་ལྟར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཕྱིན་ནས་ཉིན་མོ་བཅོ་ལྔའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོགས་རུ་ཆེན་མཁར་ནུབ་རུ་ཁག་གིས་སྣེ་ལེན་དང་རྒྱབ་རོགས་ལེགས་པོ་བྱས་མཐར་གནོད་འཚེ་ཐེབ་མཁན་རྣམས་ལ་དཔལ་འབྱོར་ཁ་གསབ་དམངས་སྒོར་སུམ་འབུམ་བརྒྱད་ཁྲི་དངོས་འབབ་བྱས་པར་དོ་ཟླ་ཕན་ཚུན་གཉིས་ཀྱིས་འདེང་འཇོག་ཆེན་པོ་ཐོབ། འདི་དང་འདི་འདྲའི་བྱ་བ་འབོར་ཆེན་ཞིག་བསྒྲུབས་ཡོད་མོད། རེ་རེར་བཞིན་ཡིག་ཚོགས་ལ་འཛེམས་ནས་འདིར་མ་བཀོད་པ་དང་། གང་ལྟར་རང་ཉིད་ལས་འཁྱུར་ལལ་གསོ་བྱས་པ་ནས་བཟུང་སྟེ་རང་དང་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ཞེས་བྱ་བ་འདི་ནི་མི་དམངས་མང་ཚོགས་ཀྱིས་བློ་འཁེལ་ཞིང་མི་སེར་རྣམས་ཀྱིས་སྐྱིད་སྡུག་ཞུ་ས་སྟེ། སྒོ་བྱང་མེད་པའི་བཅའ་ཁྲིམས་ལས་རིགས་དོན་གཅོད་ཁང་དང་རྗེ་འབངས་མི་སེར་རྣམས་ཀྱི་ཡི་གེ་ངོ་གཏུགས་སྣེ་ལེན་ཁང་ཐོག་མར་གྱུར་འདུག་ཅེས་ཟེར་ནའང་ངོ་གནོང་མི་དགོས་པར་མ་ཟད། གདུལ་བྱ་དང་འཕྲིན་ལས་ཐམས་ཅད་སྔར་བས་ཀྱང་ལྡབ་འགྱུར་དུ་སོང་པས། ཏང་དང་མི་དམངས་སྲིད་གཞུང་ལ་རམ་འདེགས་ཞུས་ཏེ། གཞི་རིམ་མི་དམངས་མང་ཚོགས་ཁྲོད་དུ་གནས་ཡོད་པའི་གནད་དོན་གང་མང་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་བྱ་བ་འབོར་ཆེན་ཞིག་བསྒྲུབས་ཡོད།།

       ༢༠༡༢ ལོའི་ཟླ༡༠བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཆོག་མཆན་ཐོབ་པ་བཞིན་གསར་བཞེངས་བྱས་ཤིང་། ཁུལ་མི་དམངས་སྲིད་གཞུང་གནས་པའི་ཆབ་ཆ་གྲོང་རྡལ་གྱི་བོད་བརྒྱུད་ནང་བསྟན་དང་བོད་རིགས་དམངས་སྲོལ་རིག་གནས་ལྟེ་གནས་སུ་གྱུར་བའི་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཤར་རིའི་དགོན་པའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨིས་རྒྱ་དཔང་གྲུ་བཞི་མ་བརྒྱད་སྟོང་བདུན་བརྒྱ་ལྷག་ཙམ་ཟིན་པ་མ་ཟད། སྐབས་དེར་མཚོན་ན་སྤྱི་ཚོགས་ཀྱི་རིགས་སོ་སོའི་ཆོས་དད་མང་ཚོགས་ཀྱིས་དམངས་སྒོར་ས་ཡ་ལྔ་དང་ལྔ་འབུམ་ཉིས་ཁྲིས་ཞལ་འདེབས་ཕུལ་ཞིང་། དེའི་ནང་དུ་རྒྱལ་ནང་ནན་ཅིན་གྲོང་ཁྱེར་གྱི་ཡོན་བདག་ཀྲིག་ལིས་ཅེ་ཡིས་དམངས་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོ་ཚོ་སྦྱིན་བདག་ནང་ཁུལ་གྱི་རྩོད་གཞི་ག་གེ་མོ་ཞིག་གི་དབང་གིས་ལོ་དེར་ཡོན་བདག་ཀྲིག་ལིས་ཅེ་དང་གཞན་ཡང་མིང་ལ་ལིས་མེན་ཅེ་ཟེར་བ་ཞིག་གིས་ལྷན་ཅིག་ཏུ་ཡང་སྐྱར་དམངས་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་རྒྱུའི་ཁས་ལེན་བྱས་ཤིང་། དགོན་བདག་བླ་མ་ཀུན་བཟང་ཉི་མ་མཆོག་ལ་ག་ཡིན་འདི་ཡིན་མེད་པའི་མགོ་གཡོག་རང་བཞིན་གྱི་སྒོ་ནས་སྒོར་སྐྱིན་སྤྲོད་པའི་ཁས་ལེན་ཡི་གེ་ཞིག་གི་སྟེང་ལ་མིང་ཐོ་བཀོད་དུ་བཅུག་ཅིང་དགོན་པའི་གཞུང་ཐེལ་ཀྱང་གནོན་དུ་བཅུག་པས། ཕྱིས་སུ་གྱོད་བདག་ཀྲང་ཡུས་སོགས་ཀྱིས་སྒོར་སྐྱིན་སྤྲོད་པའི་ཁག་ཐག་བྱེད་མཁན་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་གྱོད་ཡའི་གྲས་སུ་བཞག་ནས་ནན་ཅིན་གྲོང་ཁྱེར་ཞོན་ཝུའུ་ཆུའུ་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཏེ། དམངས་སྒོར་ས་ཡ་གཉིས་ཀྱི་སྐྱིན་ཚབ་སྤྲོད་དགོས་པའི་གྱོད་གཞི་བཏོན་ཞིང་། ནན་ཅིན་གྲོང་ཁྱེར་ཞོན་ཝུའུ་ཆུའུ་མི་དམངས་ཁྲིམས་ཁང་གིས༼༢༠༡༢༽ཞོན་ཚོང་ཡིག་ཨང༩༡༨པའི་དམངས་དོན་གྱོད་གཞི་ཐག་གཅོད་ཡི་གེ་སྤེལ་བས། ཁོ་བོས་ཀྱང་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་གིས་གདན་དྲངས་པ་ལྟར་དངོས་སུ་ནན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་སོགས་ལ་སོང་ནས་གོང་གཏུགས་བྱས་ཏེ་དོན་དངོས་གསལ་འབྱེད་བྱས་ཤིང་གྱོད་གཞི་འདིར་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་ལ་འབྲེལ་བ་ཉག་ཙམ་མེད་པའི་གསལ་ཁ་བཅོལ་ནས་རྒྱལ་ཁ་ཡོངས་སུ་བླངས་པ་ཡིན།།

       ཉེས་དོན་གྱོད་གཞིའི་ཆ་ནས་བཤད་ནའང་ཁྲིམས་རྩོད་པ་ཞིག་ལ་མཚོན་ན་རང་ལུས་ཀྱི་སྟོབས་ཤུགས་ཡོངས་སུ་བཏོན་ནས། ཉེས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཆེས་རྩ་བར་གྱུར་བའི་འགན་འཁྲི་ཡིན། དཔེར་ན ༢༠༡༠ ལོའི་ཟླ༡པོའི་ཚེས༡༥ཉིན་ལ་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༠༩༽ཞིན་ཉེས་ཨང༢༢པའི་ཉེས་དོན་ཁྲིམས་བཅད་ཡི་གེས་གྱོད་ཡ་གནམ་ལྷ་བྱམས་ཀྱིས་གཞན་གྱི་ལུག་དགུ་བརྐུས་པའི་དོགས་གཞི་བཙུགས་ནས་ལོ་གཅིག་གི་དུས་བཀག་བཙོན་འཇུག་བྱེད་པར་ཁྲིམས་ཐགབཅད། དུས་མཚུངས་སུ་གྱོད་ཡ་གནམ་ལྷ་བྱམས་ཀྱི་ནུ་བོ་བཙན་མགོན་རྒྱལ་ལ་ནག་ཉེས་འགེབ་སྲུང་གི་ཉེས་ཆད་བཅད་ནས་ལོ་གསུམ་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་བྱེད་པར་ཁྲིམས་ཐགབཅད། ཕྱིས་སུ་གྱོད་ཡ་གནམ་ལྷ་བྱམས་ཀྱིས་ལོ་གཅིག་གི་རིང་ལ་མ་ཉེས་ཁ་གཡོག་གི་གྱོད་འདིར་གོང་གཏུགས་དང་ཞུ་གཏུགས་བྱེད་པའི་འཚམས་མ་བཞག་པས། མཇུག་མཐར་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༡༡༽ཞིན་ཉེས་ཨང༤༦པའི་ཉེས་དོན་ཁྲིམས་བཅད་ཡི་གེས་གྱོད་ཡ་གནམ་ལྷ་བྱམས་ཀྱིས་ལུག་དགུ་བརྐུས་པའི་དོན་དངོས་ལ་བདེན་དབང་གི་འབྲེལ་མཐུད་རང་བཞིན་དང་དོན་དངོས་རང་བཞིན་མི་འདང་པས། བདེན་དབང་མངོན་སུམ་གསལ་བོ་མིན་པའི་དབང་གིས་གཞུང་གཏུགས་ལས་ཁུངས་ཀྱིས་གྱོད་ཡ་གནམ་ལྷ་བྱམས་ལ་རྐུན་མ་ཡིན་པའི་གཏུགས་བཤེར་བྱས་པ་གཞི་འཛུགས་ས་ས་དང་ཁུང་སྣེ་གསལ་བོ་མེད་པས། གྱོད་ཡ་གནམ་ལྷ་བྱམས་ལ་ནག་ཉེས་མེད་པའར་ཁྱབ་བསྒྲགས་བྱས། དུས་མཚུངས་སུ་གནོད་འཚེ་ཐེབ་མཁན་གནམ་ལྷ་བྱམས་ལ་ནག་ཉེས་མེད་པར་ཉིན་མོ ༣༦༥ ལ་བཙོན་ཁང་དུ་བཀག་འགོག་བྱས་མཐར་བཙོན་ལས་གྲོལ་བ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་༼༢༠༡༣༽ལྷོི་ཁྲིམས་སྐྱིན་ཡིག་ཨང་དང་པོས་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྒོར་མོ ༧༡༥༥༧.༧༥ ཐོབ་པ་དང་། དེར་མཐུད་ནས་ཡངུ་ཁོ་བསོ་གྱོད་ཡ་བཙན་མགོན་སྐྱབས་ཀྱི་གྱོད་གཞི་ཀྱང་ཞུ་གཏུགས་བྱས་པ་ལས། བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༡༤༽ཞིན་ཉེས་བསྐྱར་ཡིག་ཨང་དང་པོས་གྱོད་ཡ་བཙན་མགོན་སྐྱབས་ལ་ནག་ཉེས་མེད་པ་ཁྱབ་བསྒྲགས་བྱས་ཤིང་ནག་ཉེས་མེད་པར་ཉིན་མོ ༥༤༨ ལ་བཙོན་ཁང་དུ་བཀག་འགོག་བྱས་པར་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྒོར་མོ ༩༩༩༢༧.༨༠ ཐོབ་པ་རེད།།

      དམངས་དོན་གྱོད་གཞིའི་ཆ་ནས་བཤད་ན་གྱོད་གཞི་ཁ་ཤས་ཤིག་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ན་ནུས་པ་ཆེན་པོ་ཐོབ་སྲིད་པ་མ་རེད། དཔེར་ན ༢༠༡༣ ལོའི་ཟ༡ཚེས༨ཉིན་ལ་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་གིས་ཁོ་བོར་ཁ་པར་བཏང་ནས་འཚམས་སྦྱོར་བྱས་ཏེ། ཉིན་འགའི་རིང་ལ་ནར་མ་ཟོན་པའི་བྱིས་པ་བདག་མེད་གཉིས་ཡོང་ནས་ཁྲིམས་ཁང་ལ་ཕ་མ་གཉིས་གཏུགས་བཞིན་ཡོད། འོན་ཀྱང་ཁྲིམས་རྩོད་པའི་དོན་གཉེར་ཁང་ནས་གཏུས་ཡིག་འབྲི་མཁན་མེད་པས་རོགས་རམ་ཞིག་བྱེད་པར་འཚལ་ཞེས་ཟེར། གྱོད་གཞི་དེ་ནི ༡༩༩༩ ལོར་གསེར་ཆེན་རྫོང་ཆོས་རྗེ་ཤང་ཆུ་ཇ་སྡེ་བ་རུ་འབྲོག་ཁྱིམ་ཕལ་བ་ཞིག་ལ་བྱིས་པ་མཚེ་ཞིག་སྐྱེས། ཕུ་བོའི་མིང་ལ་ཚེ་གཟུངས་སྐྱབས་དང་ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་ཟེར། ཕུ་ནུ་འདི་གཉིས་ལོ་ན་གཉིས་ཙམ་ལ་ཟོན་མ་ཐག་ཏུ་ཕ་མ་གཉིས་ཀྱིས་གཉོར་སྐྱོང་མ་བྱས་པར་ཨ་མ་གནས་ཡུལ་འགྲིམ་ནས་གར་སོང་མ་ཤེས། ཨ་ཕ་ཞོར་ལས་བཙལ་ནས་རང་ཁ་གསོ་བར་འཁྱམས་སོང་པས། བྱིས་པ་འདི་གཉིས་ཀྱིས་དཀའ་བ་འབུམ་ཕྲག་བརྒྱུད་ནས་རིམ་བཞིན་འཚར་ལོངས་བྱུང་ཞིང་། ཕུ་བོ་སློབ་གྲྭར་འགྲིམ་པའི་ལངས་ཚོ་དར་ལ་བབ་ནས་སློབ་གྲྭར་ཞུགས་ན་འང་སློབ་ཡོན་སྤྲོད་མ་ཐུབ་པར་སློབ་གྲྭ་ལས་ཕྀར་བུད་ནས་མགོ་ལོག་གངས་རི་ཤང་དང་། བྲག་དཀར་རྫོང་བུན་ཆོན་ཤང་སོགས་ལ་སྦྲང་འཁྱམས་སུ་སོང་ནས་ཕྱུགས་ཟོག་འཚོས་ཏེ་ཀླ་གཡོགའབད་གསུམ་བྱས་ཏེ་འཚོ་ཐབས་བྱས། ནུ་བོས་ཀྱང་གར་འགྲོ་གར་སོང་མ་ཤེས་པར་ས་འཁྱམས་རྡོ་འཁྱམས་བཡས་མཐར་རྨ་ལྷོ་ཁུལ་གཅན་ཚ་རྫོང་བསམ་གྲུབ་དགོན་དུ་ཨ་ཁུ་ཞིག་གི་དྲུང་དུ་བན་དེ་བྱས། ༢༠༡༣ ལོར་ལོ་ན་བཅུ་གསུམ་ཙམ་གྱི་འཇིགས་བྱེད་སྐྱབས་སམ་གྲྭ་་མིང་ངག་དབང་རྒྱ་མཚོ་ལ་རྒྱུ་ལྷག་བྱུང་ནས་གཤེགས་བཅོས་བྱས་རུང་དགེ་རྒན་ཚང་གིས་སྨན་རིན་དྲུག་སྟོང་ཙམ་ཕུལ་ཞིང་། ༢༠༡༡ ལོར་ཡང་རླངས་འཁོར་གྱི་དོན་རྐྱེན་ཞིག་གི་ཁྲོད་དུ་ངག་དབང་རྒྱ་མཚོའི་དིང་རུས་གཡས་པ་བཅག་ནས་གཤེགས་བཅོས་བྱས་ཏེ།སྨན་རིན་སྒོར་ཆིག་ཁྲི་ལྔ་སྟོང་ལྷག་གི་འགྲོ་སོང་ཀྱང་དགེ་རྒན་ཐུགས་རྗེ་ཅན་ཚང་གིས་མི་ཕུལ་ག་མེད་བྱུང་བ་རེད། སྐབས་དེར་མཚོན་ན་ངག་དབང་རྒྱ་མཚོའི་ལུས་སྟེང་ན་དིང་རུའི་ཆག་ཤིང་སྐྱོར་མ་ལུས་འདུག་པས་སྨན་རིན་མེད་པར་ལེན་ཐབས་མེད་ཅིང་། འཚོ་ཐབས་ཟད་ཅིང་ཅི་བྱ་གཏོད་མེད་དུ་གྱུར་ནས་ད་གཟོད་ཕ་མ་གཉིས་ལ་འཚོ་བའི་གྲོན་དངུལ་ཞིག་སློང་དགོས་བར་སེམས་པ་ཙམ་ལས་མ་འདས་སོ། གནས་ཚུལ་དེ་ཤེས་རྗེས་ཁོ་བོས་བྱིས་པ་དེ་གཉིས་ལ་གཏུགས་བཤེར་ཡི་གེ་བྲིས་ཟིན་པ་མ་ཟད། སེམས་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་ཏེ་ཕ་མ་གཉིས་ཀྱི་ལག་ནས་འཚོ་བའི་གྲོན་དངུལ་ཅུང་ཙམ་བླངས་ཀྱང་ཆེས་རྩ་བར་གྱུར་བའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་སྙམ་ནས། ༢༠༡༣ ལོའི་ཟ༡ཚེས༨ཉིན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཏུའུ་ཅེ་ལ་ཐད་ཀར་ཁོ་བོའི་མིང་ཐོག་ནས་ཞུ་འབུལ་ཡི་གེ་བྲིས་ཤིང་། ཧ་ལམ་ལོ་ངོ་བཅུ་བཞིའི་རིང་ལ་སྦྲང་འཁྱམས་སུ་འགྲིམ་པའི་ནར་མ་ཟོན་པའི་བྱིས་པ་བདག་མེད་འདི་གཉིས་ལ་ཐུགས་ཁུར་གནང་དགོས་པའི་རེ་བ་ཞུས། བློ་མཐུན་ཏུའུ་ཅེས་དེ་མ་ཐག་ཏུ་ཁོ་བོའི་ཞུ་འབུལ་ཡི་གེའི་སྟེང་དུ་མཆན་བཀོད་གནང་སྟེ་ཁོ་བོས་བྱེ་བྲག་གི་རེ་བ་འགའ་བཏོན་པ་ལྟར་འབྲེལ་ཡོད་ལས་ཁུངས་གིས་ཐག་གཅོད་གང་ལེགས་བྱས་པའི་མཇུག་འབྲས་སོགས་བློ་མཐུན་ལྷ་རྒྱལ་དཔལ་དང་ངེད་གཉིས་ལ་ཡར་ཞུ་བྱེད་དགོས་ཞེས་གསུངས་ཡོད་པ་ལྟར། གཅིག་ནས་བྱིས་པ་ངག་དབང་རྒྱ་མཚོ་ལ་ཞིང་སྡེའི་སྨན་བཅོས་འགན་སྲུང་ལམ་ལུགས་ལག་ལེན་དུ་བསྟར་ཞིང་སྲིད་གཞུང་གིས་སྨན་རིན་ཡོངས་རྫོགས་ཕྱིན་ནས་གཤེགས་བཅོས་སྨན་བཅོས་བྱས་ཏེ། ལུས་སྟེང་གི་ཆག་ཤིང་སྐྱོར་མ་བླངས་ཤིང་ལུས་ཕུངས་བདེ་ཐང་ཡོང་བར་བྱས་ཤིང་། གཉིས་ནས་བྱིས་པ་ཚེ་གཟུངས་སྐྱབས་ལ་སློབ་ཡོན་མ་ལེན་པར་སླར་ཡང་སློབ་གྲྭར་ཞུགས་སུ་བཅུག་པ། གསུམ་ནས་བྱིས་པ་གཉིས་ཀྱི་ཨ་ཕ་བཙལ་ནས་ཕྱིར་རང་ཡུལ་དུ་བགུག་ཅིང་ཁྱིམ་ཚང་གང་པོ་ཆེས་དམའ་བའི་ཞིང་སྡེའི་འཚོ་བའི་ཁག་ཐག་ཁ་སྣོན་གནང་པའི་གྲས་སུ་བཞག་ནས་བདག་སྐྱོང་གང་ལེགས་བྱས་པ། བཞི་ནས་ཁྱིམ་ཚང་གང་པོར་རྒྱལ་ཁབ་ཀྱི་རྣམ་གྲངས་ཁང་གཞི་གསར་བ་གྱན་གསུམ་དང་མ་ཁང་གསར་བ་གྱན་གསུམ་སྐྲུན་ནས་གྲོན་དངུལ་ཁྲི་ཕྲག་དུ་མ་བཏང་བ། ལྔ་ནས་དམངས་སྲིད་སྡེ་ཁག་གིས་གནད་སྒོའི་མུག་སྐྱོབས་བྱས་ཏེ་ཆེས་གནད་འགག་གི་གནད་དོན་ཡོངས་སུ་ཐག་གཅོད་བྱས་པ་དང་བཅས་སོ།། 

      འོད་གསལ་ལྷ་ལས་མཆེད་ཅིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྣམ་པར་སྤྲུལ་བའི་སྐུ། །དཔལ་ལྡན་ས་སྐྱའི་གདུང་རྒྱུད་རིགས་རུས་ཕུན་སུམ་ཚོགས་པའི་རོང་ཆེན་ལྷ་མིང་བ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ཐུགས་ཐག་བཅད་པའི་རོང་བོ་ལྷ་རྒྱལ་དཔལ། །གདུལ་བྱའི་དོན་དུ་དལ་འབྱོར་མི་ལུས་བླངས་པའི་ཚེ་རབས་འདི་ཡི་ཐོག་མ་ལ། །དུས་དང་ལས་ཀྱི་དབང་གིས་ཁྲི་ཁར་འཁོད་ནས་གདན་ས་ཆེན་པོ་མ་བསྐྱངས་རུང་། །ལྷག་བསམ་རྣམ་པར་དག་པའི་ཆོས་སྲིད་ཟུང་གི་འཕྲིན་ལས་དངོས་གྲུབ་ཡོངས་སུ་བསྩལ། །སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས་ཏེ་དཀའ་བ་ཆེན་པོ་སྤྱད་པ་དང་། །བུ་རང་སྐྱེ་འདོད་གནམ་གྱིས་མ་ཁོག་རྒྱལ་བའི་ཁབ་ཀྱི་སྲིད་ཕྱོགས་ལམ་ཡངས་སུ། །འགྲོ་བ་སེམས་ཅན་ཐམས་ཅད་བྱང་སེམས་སྐྱོངས་པའི་དཔོན་གནས་ཆེན་པོ་མ་བཟུང་རུང་། །དམངས་ལ་བདེ་སྐྱིད་འཛོམས་པའི་ཞབས་འདེགས་ཞུས་ཏེ་རང་སེམས་དགའ་བདེའི་དཔལ་ལ་རོལ། །བསྐལ་བའི་དབང་གིས་རིག་གནས་སྦྱངས་བརྩོན་གོ་སྐབས་ཆེན་པོ་མ་ལྡན་རུང་། །ལྷན་སྐྱེས་ཤེས་རབ་ཉམས་རྟོགས་རང་ཤར་རང་ལ་འོས་པའི་ཡོན་ཏན་ཕྲ་མོ་འབྱོར། །རྒྱལ་ཁབ་ཆེན་པོའི་ཁྲིམས་དང་སྲིད་ཀྱི་བྱ་བ་མ་ལུས་ཡོངས་སུ་ལེགས་པར་མཛད། །མ་ཡུམ་གངས་ལྗོངས་ཡུལ་ལ་ལྗགས་རྩོམ་རི་མོ་སྣ་ཚོགས་ལེགས་པའི་སྐྱེས་སུ་ཕུལ། །གསང་སྔགས་རྡོ་རྗེ་ཐེག་ཆེན་རྩ་རླུང་ཉམས་རྟོགས་ཟབ་མོ་རང་ལ་ཉེར་འཁྲུངས་ནས། །གྲུབ་པའི་དབང་རྟགས་གཏམ་རྒྱུད་སྣ་ཚོགས་དམངས་ཁྲོད་རྒྱན་དུ་མ་ཉམས་རིང་ནས་མཆིས། །འགྲོ་བར་ནད་གདོན་གཤེད་མ་སོགས་ཀྱིས་མནར་བ་གང་མང་དྲག་པོས་ཆམ་ལ་ཕབས། །དམངས་ཁྲོད་ངག་རྒྱུན་བསྟོད་པའི་མེ་ཏོག་འཐོར་བཞིན་སྙན་གྲགས་ཆེ་བ་རང་གི་རྒྱན་དུ་ཤར། །རང་ལུས་ལ་རྒྱ་མ་ཤོར་རུལ་སུངས་དཔོན་པོར་ངོ་གཡོག་ངོ་དགའ་མ་བྱས་པས། །བཙན་ཐབས་ཁྲིམས་འོག་བཅུག་ཀྱང་རང་ཚུགས་བཟུང་ནས་ཐར་བ་ཆེན་པོ་རྟག་ཏུ་ཐོབ། །སྲིད་ཕྱོགས་སྟེགས་བུ་དོར་ནས་དམངས་དོན་བསྒྲུབས་ཤིང་ལོ་རྒྱུས་རིག་པའི་གཞུང་ལ་འཇུག །རྒྱལ་ཁམས་འགྲིམ་ནས་གནས་སྐོར་ཕྱག་མཆོད་བྱས་ཏེ་ཆོས་སྲིད་འཕྲིན་ལས་ལོངས་སྤྱོད་རྫོགས།། 

      ཞེས་ཅུང་ཙམ་རྒྱས་པར་འདོད་ནརོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མོའི་མགྲིན་གླུཞེས་བྱ་བར་གཟིགས་དང་རྟོགས་བརྗོད་དེབ་ཐེར་དེ་ལས་ཁོ་བོའི་མི་ཚེ་རིང་མོའི་སྨྱོན་རྟགས་དང་། གླེན་རྟགས། གསང་བ་ལྐོག་གྱུར་གྱི་ལོ་རྒྱུས་ཞིབ་ཕྲ་ལ་སོགས་རྩེད་མཚར་གྱི་ཚུལ་དུ་ཡིན་ནའང་འདྲ། འཇིག་རྟེན་གྱི་འཁོར་བ་རྒྱ་མཚོའི་སྡུག་བསྔལ་ལས་སྐྱོ་སྡུག་དགའ་གསུམ་གྱི་ཟློས་གར་སྣ་ཚོགས་འཁྲབ་སྟོན་བྱས་ནས་མི་ཚེ་རིང་མོའི་ལམ་བུ་ཕྲ་མོ་བརྒྱུད་པའི་ཟིན་ཐོ་ཡིན་ནའང་འདྲ། གང་ལྟར་རང་གི་མི་ཚེ་རིང་མོའི་གདུལ་བྱ་དང་འཕྲིན་ལས་སྣ་ཚོགས་ཀྱི་སྡོམ་ཚིག་དར་དཀར་མདུད་པ་བཅོལ་ནས་བཤད་ན། ཐོག་མར་ལྷ་ཕྲུག་མངོན་བྱོན། །བར་དུ་ད་ཕྲུག་བདག་མེད། །ཐ་མར་བུ་རབས་རང་སྐྱེས། །མཚན་སྙན་འབྲུག་ཆུང་ལྡིར་སོང་། ༈ཡུལ་འཁྱམ་སྤྲང་ཕྲུག་སྡོམ་པོ། །རིམ་བཞིན་འཚར་ལོངས་བྱུང་ཚུལ། ༈རིག་གནས་གསར་བརྗེ་དུས་སུ། །མ་ཡུམ་སློབ་ཆུང་འགྲིམ་རུང་། །སློབ་རིམ་གསུམ་པའི་ཡན་ལ། །སློབ་པའི་སྐལ་བ་མ་བྱུང་། ༈ལྷན་སྐྱེས་ཤེས་རབ་ཕྲ་མོ། །མི་ཚེའི་ལོངས་སྤྱོད་ཉན་སོང་། ༈སྦྲིན་དཀར་ཐོད་ལ་བཟུང་ནས། །ས་ནག་འདོམ་ལ་འཇལ་ཞིང་། །བོང་སྐྱ་ལིའི་སྐྱེ་བ་བླངས་ཏེ། །ལུས་ལྷུ་དྲུག་སྡུག་ལ་གཟད་ཚུལ། ༈དུས་དང་སྐལ་བའི་དབང་གིས། །བདག་དང་མཉམ་སྐྱེས་སྤྲུལ་སྐུ། །སློབ་གྲོགས་ཤེས་རབ་རྒྱ་མཚོས། །ངལ་རྩོལ་སྦྱོང་རྡར་ལ་སོགས། །སྒྱུར་བཀོད་ལེགས་པོ་བྱས་ཏེ། །རང་ལུས་སྡིག་སྒྲིབ་སྦྱངས་ཚུལ། ༈དཔོན་ངན་སེམས་ངན་བསགས་ནས། །བོད་པའི་བུ་རྒོད་སྐོར་ཞིག །མ་ཉེས་ཁ་གཡོག་ཐེབ་ནས། །རྒྱལ་ཁྲིམས་བཙོན་དུ་བཅུག་རུང་། །གནས་ལུགས་རབ་དཀར་ཕོ་ཉས། །དཔའ་མ་ཞུམ་ཐར་བ་ཐོབ་ཚུལ། ༈ཚེ་གཅིག་ལུས་གཅིག་བླངས་ནས། །བློ་ཁ་ཆོས་ལ་ཕྱོགས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་རྟེན། །གསུང་རབ་ཞལ་འདོན་ཕྱག་ལེན། །མཆོག་གསུམ་མཆོད་པ་ལ་སོགས། །དམ་པ་ཆོས་པའི་ངང་ཚུལ། ༈གསང་སྔགས་ཐེག་ཆེན་རྩ་རླུང་། །མངོན་རྟགས་ཐོབ་པའི་ངང་ཚུལ། ༈རང་སྲོག་རང་གིས་བཅད་ནས། །གཤིན་རྗེ་ཕྲེང་ལམ་བསྙེགས་ཏེ། །བར་དོར་ཉུགས་པའི་གཤེན་པོ། །ཕྱི་མའི་ཕྲེང་ནས་བསྐྱབས་ཚུལ། ༈དཀོན་མཆོག་གསུམ་ཀྱི་བྱིན་བརླབས། །གདམས་ངག་ལུང་གིས་ཟིན་ཚུལ། ༈ཕྱི་ལུགས་བོད་ལུགས་ཀྲུང་ལུགས། །གསོ་རིག་སྨན་པའི་ངང་ཚུལ། ༈ནད་པ་དྲག་ཅན་དག་ལ། །གསོ་རིག་སྨན་གྱིས་བསྐྱབས་ཚུལ། ༈ཉམས་ཐག་འགྲོ་བའི་སྡུག་བསྔལ། །ཕྱག་ཟུང་དྲོན་མོས་སེལ་ཚུལ། ༈རྒྱ་ཡིག་བོད་ཡིག་ཤེས་བྱ། །ཡིག་མཁན་དྲུང་ཡིག་ངང་ཚུལ། ༈རྒྱ་སྐད་བོད་སྐད་ལོ་ཙཱ། །སྐད་གཉིས་སྨྲ་བའི་ངང་ཚུལ། ༈ཉེས་ཁྲིམས་སྲིད་ཁྲིམས་དམངས་ཁྲིམས། །ཁྲིམས་ལུགས་མཁན་པོའི་ངང་ཚུལ། ༈རྒྱ་ཡིག་བོད་ཡིག་གློག་ཡིག །བོད་རིགས་དམངས་ཁྲོད་བརྩམས་ཆོས། །ལྗགས་རྩོམ་དེབ་ཐར་སྣ་ཚོགས། །དུམ་པ་སུམ་ཅུ་རྩ་གྲངས། །གང་དགར་ལེགས་གྲུབ་བྱུང་ནས། །རྩོམ་པ་པོ་ཡི་ངང་ཚུལ། ༈རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས། །ལས་དོན་གཞོལ་བའི་ངང་ཚུལ། ༈རྒྱ་བོད་དུས་དེབ་ཚགས་པར། །བོད་ཀྱི་རིག་གནས་དྲ་ཚིགས། །རྩོམ་ཡིག་སྟོང་ཕྲག་དུ་མ། །དྲ་ཐོག་སྤེལ་བ་ལ་སོགས། །གསར་འགོད་པ་ཡི་ངང་ཚུལ། ༈ཚན་རིག་གློག་གླད་རྩིས་འཁོར། །ཤེས་བྱ་ཀུན་གྱི་ཕྱོགས་ལ། །ཅི་ཡང་མ་སློབ་མ་སྦྱངས། །ཕྱོགས་ཙམ་ལག་ལེན་བྱས་ན། །ཐམས་ཅད་མངོན་པར་རྟགས་སོ། །ཞེས་མི་རང་གིས་སྐྱེ་བ་འདི་རུ་ཆོས་སྲིད་ཟུང་གི་འཕྲིན་ལས་བསྐྱངས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་གང་མཁོ་གང་འཚམས་གང་འོསསྒོས་སངས་རྒྱས་ཀྱི་ཆོས་ལུགས་དང་། འཇིག་རྟེན་གྱི་གནས་ལུགས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་སོགས་གཞུང་ལུགས་དང་ལག་ལེན་ཐམས་ཅད་ཤེས་རབ་རྩལ་གྱིས་ཟུང་འབྲེལ་བྱས་ཏེ།ལག་ལེན་དངོས་ལས་ཤེས་བྱ་སྣ་ཚོགས་ལོངས་སུ་སྤྱད་ནས་རང་གི་མི་ཚེ་རིང་མོའི་འགྲོ་དོན་གཞོལ་ཞིང་། མཐུན་རྐྱེན་གང་ལེགས་འབྱུང་བའི་མཛད་པ་སོགས་མདོར་ན་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་ཚུལ་དང་། མི་རིགས་ལྟ་ཚུལ། ཆོས་ལུགས་ལྟ་ཚུལ། ལོ་རྒྱུས་ལྟ་ཚུལ།རིག་གནས་ལྟ་ཚུལ་སོགས་གཞིར་བཟུང་སྟེ། མི་ཚེ་གཅིག་ལ་མི་རྟགས་རྨི་ལམ་དབྱིངས་སུ་གདུལ་བྱ་སྣ་ཚོགས་བཅུ་ཕྲག་དུ་མའི་སྒྱུ་འཕྲུལ་གྱི་གར་ལ་རོལ་བ་དང་། ཟིང་ཟིང་འཇིག་རྟེན་འཁོར་བའི་བྱ་བཞག་ཕྲ་མོ་གོང་ནས་གོང་དུ་འཕེལ་ནས། ཁ་ལུས་རླུང་རྟ་མེ་ལྕེ་འབར་འབར་དང་། ཁ་བཏགས་དཀར་པོ་ཁང་སྐྱ་འབབ་འབབ་བྱས་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ལ་དགེ་བའི་ལེགས་ཚོགས་ཅུང་ཙམ་སྐྲུན་ཞིང་། ལོ་རྒས་རུང་དྲང་སྲོང་འཆི་མེད་ཡིན། །རྒྱུ་མེད་རུང་ཡིད་བཞིན་ནོར་བུ་ཡིན། །ཞེས་རང་གིས་རང་ལ་ལབ་པའི་ཁ་དཔེ་ལྟར་གདུལ་བྱའི་ལས་འཕྲོ་ཉག་ཙམ་ད་དུང་མཇུག་མ་རྫོགས་པར་ཤེས་བྱ་དང་ཡོན་ཏན་མེད་པའི་ངོ་ཚ་རྒྱབ་ཏུ་བསྐྱུར་ཏེ། ཚེ་རབས་སྔོན་མའི་ཟོན་བཟང་གི་འབྲས་བུ་ཡོངས་སུ་སྨིན་ནས། རང་མཚང་རང་གིས་བརྟོལ་ནས་ལོ་རྒྱུས་ཀྱི་ཤོག་ལྷེ་རིང་མོ་རེ་རེར་བཞིན་གྲུབ་ཅིང་། རང་གི་བུ་རབས་ཚ་རྒྱུད་རྣམས་ལ་ཁྱིམ་རབས་དེབ་ཐེར་གྱི་ཚུལ་དང་མ་ཡུམ་གངས་ལྗོངས་ཡུལ་ལ་དར་དཀར་དྲི་མ་མེད་པའི་ལེགས་སྐྱེས་སུ་མཚོན་པ་ཙམ་ལས་མ་འདས་པས་ཐམས་ཅད་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག  སརྦ་ཛ་ཡནྟུ།  

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-10 21:36 , Processed in 0.311322 second(s), 21 queries .

返回顶部