博客西藏在最高处过一种生活

日志

༄༅།། རྗེ་ཙོང་ཁ་པ་དང་ཁོང་གི་བརྩམས་ཆོས། ... .. ...

已有 41 次阅读2018-9-7 16:03 |系统分类:文化


                                           ༄༅།། རྗེ་ཙོང་ཁ་པ་དང་ཁོང་གི་བརྩམས་ཆོས།
                           ཡོང་ཁུངས།  མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།  རྩོམ་པ་པོ།  བེེ་རི་འཇིགས་མེད།  

                 

      སྔོན་དུ་གླེང་པ།

      གླེང་གཞི། དཔྱད་བརྗོད་འདིའི་བརྗོད་གཞིའི་སྤྱི་ཁོག་ནི། རྩོམ་པ་པོ་དང་རྩོམ་ཆོས་སྤྱི་ཡི་ངོ་སྤྲོད། གཅིག །སྤྱན་སྔ་གྲག་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོ། རྟོགས་བརྗོད་ཀྱི་གོ་དོན་དང་བྱུང་རིམ། རྟོགས་བརྗོད་འདིའི་བརྗོད་གཞིའི་སྙིང་དོན། རྟོགས་བརྗོད་འདི་ཇི་ལྟར་བརྩམས་པ། རྟོགས་བརྗོད་འདིའི་བརྗོད་གཞིའི་ཁྱད་ཆོས། ཚིག་སྦྱོར་དང་སྒྱུ་རྩལ་གྱི་ཁྱད་ཆོས། སྒྱུ་རྩལ་དང་ཉམས་འགྱུར་གྱི་ཁྱད་ཆོས། རྟོགས་བརྗོད་འདི་ལས་འབྱུང་བའི་ལེགས་བཤད་འགའ་ཞིག་ཟུར་བཏོན་བྱས་པ། རྟོགས་བརྗོད་འདི་དཔེ་གང་ལ་བལྟས་ནས་བརྩམས་པ། རྟོགས་བརྗོད་འདིའི་རྩོམ་གཤིས་རང་བཞིན། སྐྱེས་རབས་སོ་བཞི་པ་དང་བསྡུར་བ། འཇམ་མགོན་ས་པཎ་གྱི་རྩོམ་དང་བསྡུར་བ། ཀརྨ་པ་རང་བྱུང་རྡོ་རྗེའི་རྩོམ་དང་བསྡུར་བ། ཀློང་ཆེན་རབ་འབྱམས་པའི་རྩོམ་གཤིས་དང་བསྡུར་བ། གཉིས། རྟག་ཏུ་ངའི་རྟོགས་བརྗོད། གསུམ། རྗེའི་བསྟོད་ཆེན་བཞི་དང་འཕྲོས་དོན། བཞི། རྗེའི་སྙན་ངག་གཞན་འགའ་ཞིག རྗེ་ཙོང་ཁའི་རྩོམ་རིག་གི་ཤུགས་རྐྱེན། མཇུག་བསྡུ་བ་བཅས་ཡིན།

      འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་འདི་ཉིད། དེ་སྔོན་གདན་སར་སྡོད་རིང་འདི་ཉིད་ལན་གཅིག་མིན་པར་ཐེངས་མང་ཁྲིད་ཁུལ་བྱས་ཤིང་། བར་ལམ་ནས་བློ་གླིང་དཔེ་མཛོད་ཀྱིས་སྒྲ་འཇུག་བྱས་ནས་འོད་སྡེར་འགྲེམས་ཚོང་ཡང་གནང་འདུག་པར་རང་ཉིད་ཀྱིས་སྐྱར་དུ་ཉན་ཞིབ་བྱས་པས། བཟླས་བཤད་འགལ་འཁྲུལ་རིགས་ཀྱང་དུ་མ་ཞིག་ཐོན་ཡོང་གི་འདུག་པ་དང་། ཕྱིས་ཝཱཎ་ཆེས་མཐོའི་གཙུག་ལག་སློབ་གྲྭར་ཡང་སློབ་ཚན་དུ་ཡོད་སྟབས། སྔ་ཕྱིར་ཟུར་ཁྲིད་དང་དངོས་ཁྲིད་ཐེངས་མང་བྱས་པའི་ཉམས་མྱོང་ཐོག །ཤེས་རིག་ལས་ཁུངས་ཀྱིས་བཀོད་བསྒྲིགས་གནང་བའི་སློབ་གྲྭ་ཁག་གཅིག་ཏུའང་འདི་ཉིད་སློབ་ཚན་དུ་བཞག་གནང་མཛད་འདུག་པ་དེ་ཀུན་ལ་ཕན་ཐོགས་ཅུང་ཟད་ཡོང་རེས། དཔྱད་བརྗོད་འདི་ཉིད་གསར་དུ་འབྲི་འདོད་བྱུང་། ད་ཕན་བོད་ཀྱི་མཁས་པ་མི་ཉུང་བ་ཞིག་གིས་མཛད་པའི་སྙན་ངག་རང་བཞིན་གྱི་རྟོགས་བརྗོད་དང་། སྒྱུ་རྩལ་གྱི་རྣམ་པ་འབུར་དུ་ཐོན་པའི་རྩོམ་ཆོས་རྟ་མོག་གི་སྤུ་ལྟར་མཆིས་པའི་ཁྲོད་ནས། འདིའི་ཁྱད་ཆོས་འགའ་ཞིག་ལ་དམིགས་ནས་ཀྱང་དེང་རབས་ཀྱི་སྒྱུ་རྩལ་ངག་རིག་གི་སློབ་ཚན་དུ་འཚམ་པ་མཐོང་སྟེ། དང་པོ་ཚིག་སྦྱོར་གྱི་རང་བཞིན་གླུ་བརྒྱ་ངག་གཅིག་ལྟ་བུ་མ་ཡིན་པར་སྒྲ་དོན་ཅི་རིགས་སྣ་ཚོགས་པའི་རྒྱན་གྱི་རྣམ་གྲངས་འདྲ་མིན་སྤྱོད་པ། གཉིས་པ་རྒྱས་བསྡུས་ཀྱི་རང་བཞིན། ལག་པས་འཁྱོགས་ཚོད་ཀྱི་པོ་ཏི་དང་ཤོག་སྡེབ་རེ་གཉིས་ཙམ་གྱིས་རྫོགས་འགྲོ་བ་མིན་པ་མང་ཉུང་རྒྱས་བསྡུས་ཧ་ཅང་འཚམ་པའི་ནང་དུ་བརྗོད་བྱ་བསྡུས་སྟངས་ཤིན་ཏུ་སྟབས་བདེའི་འགྲོས་དང་ལྡན་པ། གསུམ་པ་བརྗོད་བྱའི་རང་བཞིན། རྒྱས་བསྡུས་འཚམ་པའི་ཚིག་སྦྱོར་ལེའུ་བཞིའི་ནང་དུ་མི་གཅིག་གི་མི་ཚེ་ལོ་རྒྱུས་ཧྲིལ་གྱིས་བསྡུས་ཤིང་། བསྡུས་ཚུལ་ཡང་ཚིག་སྙོགས་དང་དོན་སྙོགས་ཀྱི་སྤྲོས་པ་མེད་པར་མུ་ཏིག་དར་ལ་བརྒྱུད་པ་ལྟ་བུའི་ཐོག གནད་ཆེ་འགའ་ཞིག་ཐད་རྡོ་རྗེ་ཕ་ལམ་གྱི་ཕྲ་ཚོམས་བཏབ་པ་ནང་བཞིན་བྱས་པ། བཞི་པ་ལོ་རྒྱུས་རང་བཞིན། རྟོགས་བརྗོད་འདིའི་བརྗོད་གཞིའི་མི་སྣ་ནི་དཔལ་ཕག་མོ་གྲུབ་པའི་གདུང་ལས་འཁྲུངས་ཤིང་། སྣེ་གདོང་པའི་སྲིད་གཞུང་ཡང་དངོས་སུ་འཛིན་སྐྱོང་གནང་བ་དང་། ཕ་རྩ་བུ་རྒྱུད་ཚོ་བོད་ཀྱི་སྐབས་དེའི་སྲིད་སྐྱོང་རིམ་བྱོན་དང་འབྲེལ་བ་ལྡན་པས། ལོ་རྒྱུས་དང་རྒྱལ་རབས་ཀྱི་གཞི་འཛིན་ས་ཡང་རུང་པ། ལྔ་པ་ཆོས་འབྱུང་རང་བཞིན། གངས་ཅན་གྲུབ་པའི་གཙུག་རྒྱན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ནང་ཚན། དྭགས་བརྒྱུད་ཆེ་བཞི་ཡ་གྱལ་ཆུང་བརྒྱད་གང་ལས་བྱུང་བའི་མགོ་ཁུངས་དང་འབྲེལ་བ་དམ་ཟབ་ལྡན་པས། གངས་ཅན་པའི་ཆོས་འབྱུང་ལྟ་ཞིབ་འཇུག་དང་རྩོམ་སྒྲིག་གང་ཞིག་གནང་ནའང་གཞི་འཛིན་གནང་སའི་རང་བཞིན་ལྡན་པ། ད་དུང་བརྗོད་གཞིའི་མི་སྣ་དང་རྩོམ་པ་པོ། བརྗོད་གཞི་མི་སྣས་བསྟེན་པའི་རིས་མེད་མཁས་གྲུབ་དེ་དག་གི་བར་ནས། ཆོས་ལུགས་དང་ལྟ་གྲུབ་རིས་སུ་འབྱེད་པ་ལས་གནས་ལུགས་དང་ཤེས་བྱ་གལ་ཆེར་འཛིན་པའི་རང་བཞིན་ཡང་འབུར་དུ་ཐོན་འོང་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་འདིར་རང་གི་མཐོང་ཐོས་མྱོང་བས་གང་ནུས་ཀྱིས་དཔྱད་བརྗོད་འགའ་སྤེལ་བ་དང་། དེའི་ཟུར་རྒྱན་ལྟ་བུར་རྟག་ཏུ་ངུའི་རྟོགས་བརྗོད་དང་། རྗེའི་བསྟོད་ཆེན་བཞི་དང་འཕྲོས་དོན་འགའ་ཞིག་ལ་དཔྱད་པ་བཅས་འགོད་ཁུལ་ཞུ་རྒྱུ་ཡིན།

      རྩོམ་པ་པོ་དང་རྩོམ་ཆོས་སྤྱིའི་ངོ་སྤྲོད།

      རྗེ་ཙོང་ཁ་པ་ནི་བོད་ཀྱི་ཆོས་ལུགས་དང་རྩོམ་རིག་གི་འཕེལ་རིམ་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེ་བའི་མི་སྣ་དམིགས་བསལ་བ་ཞིག་ཡིན། ཁོང་ནི་རབ་བྱུང་དྲུག་པའི་མེ་བྱ་(༡༣༥༧)ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་བལྟམས། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་དྲུང་ནས་རབ་ཏུ་བྱུང་། མདོ་སྔགས་ཀྱི་གཞུང་ལུགས་ལའང་ཐོས་བསམ་ངེས་ཅན་གནང་རྗེས་དགུང་ལོ་བཅུ་བདུན་པ་རབ་བྱུང་དྲུག་པའི་ཆུ་གླང (༡༣༧༣)ལོར་དབུས་ལྗོངས་ཆོས་ཀྱི་ཞིང་སར་ཕེབས། རྗེ་ཕག་མོ་གྲུབ་པའི་གདན་ས་ཐེལ་དུ་སྤྱན་སྔ་གྲགས་བྱང་པའི་མདུན་གྱི་བྱང་ཆུབ་སེམས་ཀྱི་མན་ངག་ཞུས། ཆོས་གྲྭ་ཆེན་པོ་བདེ་བ་ཅན་སོགས་སུ་རྗེ་རེད་མདའ་བ་སོགས་སྔ་ཕྱིར་བཤེས་གཉེན་བཅུ་ཕྲག་བསྟེན་ནས་མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་མྱོངས། མཁས་པའི་ཡོན་ཏན། གྲུབ་པའི་གོ་འཕང་། བཙུན་པའི་སྤྱོད་པ་གསུམ་ཡ་མ་བྲལ་བའི་སྒོ་ནས། འཆད་རྩོད་རྩོམ་གསུམ་གྱིས་ས་ཆེན་ཁ་ལོས་བསྒྱུར་བའི་རྣམ་ཐར་བདག་གིར་བསྐྱངས་པས། སྐབས་དེའི་མཁས་གྲུབ་སྐྱེས་ཆེན་ཕལ་པོ་ཆེར་འདོད་རྒུར་དབང་བསྒྱུར་བ་མ་ཟད། གངས་ཅན་པའི་སྲིད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་སྤྱན་སྔར་གྲགས་པའི་རྒྱལ་ཐོག་བཞི་པ་བསོད་ནམས་གྲགས་པ་དང་། ལྔ་པ་གྲགས་པ་རྒྱལ་མཚན་ཟུང་གིས་ཀྱང་གང་གི་ཞབས་ཟུང་འཁོར་ལོའི་རེ་ཁ་སྤྱི་བོའི་རྒྱན་དུ་བཀོད་པ་ལ་བརྟེན་ནས། བོད་བསྟན་སྲིད་གཉིས་ཀར་རྣམ་པར་དཀར་བའི་ཤུགས་རྐྱེན་དམིགས་བསལ་ལྡན་པའི་སྐྱེས་ཆེན་འགྲན་དུ་མེད་པ་ཞིག་ཡིན།

      ཁོང་གི་རྩོམ་ཆོས་གསུང་འབུམ་པོད་ཆེན་བཅོ་བརྒྱད་ཡོད། དེ་དག་ཕྱོགས་སུ་བསྡོམས་ན། བསྟོད་པ་སོགས་ཀྱི་སྐོར་ལ་ཆོས་ཚན་དོན་གཉིས། བསླབ་ཚིག་སོགས་ལ་རེ་གཉིས། ཕར་ཕྱིན་ལ་བརྒྱད། དབུ་མ་ལ་བཅུ་གཉིས། འདུལ་བ་ལ་བརྒྱད། ཚད་མ་ལ་བཞི། ལམ་རིམ་ལ་བཅུ་གཉིས་ཏེ། འདི་ཡན་ནི་གཙོ་བོར་མདོ་ཕྱོགས་སོ། །ཡོ་ག་སོགས་ལ་ཉི་ཤུ། གསང་འདུས་ལ་ཞེ་གསུམ། བདེ་མཆོག་སོགས་ལ་སུམ་བཅུ། འཇིགས་བྱེད་སོགས་ལ་བཅུ་དགུ། དུས་འཁོར་ལ་ཉེར་གཅིག །སྔགས་སྤྱི་ལ་གསུམ་སྟེ། འདི་དག་ནི་སྔགས་ཀྱི་ཕྱོགས་ཡིན། ནང་གསེས་ཆོས་ཚན་ཕྱེ་ན་སུམ་བརྒྱ་བཅུ་གསུམ་ཡོད། དེའི་སྟེང་དུ་འཇམ་དབྱངས་ཆོས་སྐོར་ལ་སོ་བཞི་ཡོད་པ་ཀུན་བསྡོམས་ན་སུམ་བརྒྱ་བཞི་བཅུ་ཞེ་བདུན་ཡོད།

      ཁོང་གི་རྩོམ་ཆོས་གསུང་འབུམ་ཁྲོད་སྙན་ངག་དང་སྙན་ངག་ཆེན་པོའི་རྩོམ་ཆོས་ཀྱང་དུ་མ་ལྡན་ཏེ།  དེ་ཡང་རྗེའི་གསུང་འབུམ་ཁྲོད་དུ་བཞུགས་པའི་སྒྱུ་རྩལ་རྩོམ་རིག་དང་འབྲེལ་བ། བསྟོད་པ་གསོལ་འདེབས་སོགས་ཀྱི་སྐོར་ནི། ལམ་རིམ་བརྒྱུད་འདེབས་ལམ་མཆོག་སྒོ་འབྱེད། ཉེ་བརྒྱུད་གསོལ་འདེབས། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ། རྗེ་རེད་མདའ་པའི་བསྟོད་པ་གསུམ། གྲགས་པ་བྱང་ཆུབ་པའི་གསོལ་འདེབས་གཉིས། ས་སྐྱ་བའི་གསོལ་འདེབས། བླ་མ་དམ་པ་བློ་གྲོས་སེང་གེའི་བསྟོད་པ། ལྷོ་བྲག་གྲུབ་ཆེན་གྱི་བསྟོད་པ། སྐྱབས་མཆོག་པའི་བསྟོད་པ། བླ་མ་ཆོས་ཀྱི་རྒྱལ་པོའི་བསྟོད་པ། སྟོན་པ་ཐུབ་པའི་དབང་པོའི་བསྟོད་པ་བྱིན་རླབས་ཉེར་འཇུག །བསྟོད་བ་ལེགས་བཤད་སྙིང་པོ། སྟོན་པའི་མཛད་པ་བྲིས་པའི་སྨོན་ལམ། འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད། ཉི་གཞོན་འཆར་ཀ་མ། དྲི་མེད་མ། བདེ་བ་ཅན་ཞིང་བཀོད་ཀྱི་སྨོན་ལམ་གཉིས། རྒྱལ་བ་ཀུན་གཟིགས་ཀྱི་ཞིང་བཀོད་སྨོན་ལམ། མི་འཁྲུགས་བའི་བསྟོད་པ། མཐོང་བ་དོན་ལྡན་གྱི་བསྟོད་པ། རྡོ་རྗེ་རྣམ་གནོན་གྱི་བསྟོད་པ། སྨན་བླའི་བསྟོད་པ། ཐུགས་རྗེ་ཆེན་པོའི་བསྟོད་པ། ཁ༔སར་པ་ཎིའི་བསྟོད་པ། བྱམས་བསྟོད་གཉིས། རྫིང་ཕྱིའི་སྨོན་ལམ། རྫིང་ཕྱིའི་གཉེར་གཏད། བྱམས་བསྟོད་ཤོ་ལོ་ཀ །འཇམ་པའི་དབྱངས་ཀྱི་བསྟོད་པ་བཞི། །འཇམ་དབྱངས་ཀྱི་རྣམ་ཐར་བཞེངས་པའི་སྨོན་ལམ། བུམ་པ་བསྣམས་པའི་འཇམ་དབྱངས་ཀྱི་སྨོན་ལམ། སྨྲ་བ་འིསེང་གེ་བསྟོད་པ། འཇམ་དཀར་བསྟོད་པ། འཇིགས་བྱེད་ཕྱག་གཉིས་པའི་བསྟོད་པ། མི་གཡོ་བའི་བསྟོད་པ། འདིའི་སྨོན་ལམ། རྣམ་འཇོམས་ཀྱི་བསྟོད་པ། ཕྱག་རྡོར་གྱི་བསྟོད་པ་གསུས། རྣམ་རྒྱལ་མའི་བསྟོད་པ་གཉིས། གདུགས་དཀར་གྱི་བསྟོད་པ་གཉིས། དབྱངས་ཅན་མའི་བསྟོད་པ་གཉིས། ཤེས་རབ་གསལ་བྱེད་མའི་བསྟོད་པ། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ། བདེ་བ་ཅན་གྱི་ཞིང་བཀོད། སྟོབས་བཞིའི་བཤགས་པ། ལྷ་ས་སྨོན་ལམ་གྱི་ཆོག་ཐོག་མཐའ་བར་སྨོན་ལམ། སྨོན་ལམ་དཔག་ཡས་བསྐལ་པ་མ། ཡུམ་འབུམ་བ་སོགས་ཀྱི་སྨོན་ལམ་གཉིས། ཉི་ཁྲིའི་སྨོན་ལམ་རྣམས་སོ།།

      བསླབ་ཚིག་དང་ཆབ་ཤོག་སོགས་ཀྱི་སྐོར་ནི། འཇམ་དབྱངས་ཀྱི་ཞལ་གཟིགས་དུས་མཛད་པའི་ཤོ་ལོ་ཀ་ཉམས་ལེན་བསྡུས་པའི་ཚིགས་བཅད། འོལ་ཁར་ལྟས་ཁྱད་པར་ཅན་བྱུང་བའི་ཤོ་ལོ་ཀ །རྟོགས་བརྗོད་འདུན་ལེགས་མ། རིན་པོ་ཆེ་གསུམ་གྱི་གཏམ་སྦྱོར། ལྷག་བསམ་བསྐུལ་བའི་དོན་བསྡུས། འཇམ་པའི་དབྱངས་ཀྱིས་གསུངས་པའི་མན་ངག་གཉིས། དབུ་མ་པ་ལ་ཕུལ་བའི་ཡི་གེ །ལྷོ་བྲག་གྲུབ་ཆེན་ལ་ཕུལ་བའི་ཡི་གེ །དྲི་བ་ལྷག་བསམ་རབ་དཀར། རྒྱལ་དབང་པའི་དྲིས་ལན། བྱང་བླ་མའི་དྲིས་ལན། ས་བཟང་བའི་བརྒལ་ལན། འཇམ་རྡོར་གྱི་ཆོ་གའི་དྲིས་ལན། འདི་ཕྱི་གཉིས་ཀར་ཕན་པའི་ཐབས། སྡུག་བསྔལ་ལམ་དུ་ལོང་བའི་མན་ངག་ཡི་གེ་ཕན་བདེའི་གཞི་འཛིན། མ་གཅིག་དབོན་པོ་ལ་གནང་བའི་ཡི་གེ ཚ་ཁོ་ངག་དབང་གྲགས་པ་ལ་གནང་བའི་ཡི་གེ་གཉིས། རྡོ་རྗེ་དཔལ་ལ་གནང་བའི་གསུང་། ཨེ་ཡིག་མཛེས་རྒྱན། ཨོ་ཡིག་མཛེས་རྒྱན། གཟུགས་ཀྱི་ཆུང་མཐའ་སོགས་ཀྱི་དྲིས་ལན། རྟེན་གསུམ་བཞེངས་མཆོད་ཀྱི་ཕན་ཡོན། སངས་རྒྱས་སོ་ལྔའི་སྐུ་མདོག་ཕྱག་མཚན། ཡོན་རྒྱན་ལ་གནང་བའི་ཡི་གེ་བློ་གྲོས་འཕེལ་ལ་གནང་པ། ཀརྨ་པ་ལ་གནང་བ། སྤྱན་ས་དཔལ་ལ་གནང་བ། ཧོར་རྒྱལ་བུ་ལ་གནང་བ། གྲགས་རྒྱན་ལ་གནང་བའི་ཡི་གེ །བཟང་པོ་ལ་གནང་བའི་ཞལ་གདམས། ཤཱཀྱ་ཤྲི་ལ་གནང་བའི་སྨོན་ལམ། འཁོར་བ་ལ་སྐྱོ་བའི་གཏམ། དཔོན་ཡོན་རྒྱམ་ལ་གནང་བ། གྲགས་རིན་ལ་གནང་བ། དལ་བའི་རྟེན་ལ་སྙིང་པོ་བླང་བར་བ་བསྐུལ་བ། རྒྱ་མའི་དཔོན་ལ་གནང་བ། མཁས་གྲུབ་རྗེར་གནང་བ། བཤེས་གཉེན་སྦ་བ་ལ་གདམས་པ། རང་བསྐུལ་འཁོར་བ་ལ་སྐྱོ་བའི་གཏམ། ཏཱའི་མིང་རྒྱལ་པོར་གནང་བའི་ཡི་གེ །ཀོན་ཏཱ་ཡེན་ལ་གནང་བ། ནམ་མཁའ་དབང་ཕྱུག་ལ་གནང་བ། བསོད་རྒྱམ་ལ་གནང་བ། བློན་ཆེན་ལ་གནང་བ། སྒོམ་པ་གུང་རུ་ལ་གནང་བ། སྤོང་ཤོད་པ་ལ་གནང་བ། དཔོན་ནམ་རྒྱན་ལ་གནང་བ། ཅོ་ཙ་དཀའ་བཅུ་ལ་གནང་བ། བྱང་ཆུབ་བླ་མ་ལ་གནང་བའི་ཡི་གེ་གཉིས། འདུས་སྡེའི་བཅའ་ཡིག་གཉིས། ས་སྐྱའི་ངག་དབང་གྲགས་པ་ལ་གནང་བའི་ཡི་གེ་རྣམས་སོ། །

      དེ་ལྟར་རྗེ་བླ་མའི་སྙན་ཚིག་ཕལ་ཆེ་བ་ནི་བསྟོད་རྩོམ་ཡིན། ལྷག་མ་རྣམས་ནི་གདམས་ངག་དང་ཉམས་མགུར་དང་བསླབ་བྱའི་ཡིག་བསྐུར་བཅས་ཀྱི་སྐོར་ཡིན། ཁོང་གིས་མཛད་པའི་སྙན་དངགས་ཆེན་པོ་ནི་སྤྱན་སྔར་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་དང་། རྟག་ཏུ་ངུའི་རྟོགས་བརྗོད་གཉིས་ཡིན།

         ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-23 11:15 , Processed in 0.286763 second(s), 21 queries .

返回顶部