博客西藏在最高处过一种生活

日志

༄༅།། རེབ་གོང་རོང་པོ་དགོན་ཆེན་གྱི་ལོ་རྒྱུ ...

已有 435 次阅读2018-9-5 14:54 |系统分类:文化


                                                 ༄༅།། རེབ་གོང་རོང་པོ་དགོན་ཆེན་གྱི་ལོ་རྒྱུས།
                                        ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།  མི་གསལ།

                                         

     ༄༅།།དེ་ཡང་རེབ་གོང་གསེར་མོ་ལྗོངས་ཀྱི་ཕྱོགས་འདིར་དར་བའི་གྲུབ་མཐའ་དག་གི་བྱུང་རིམ་མདོ་ཙམ་ནི། དང་པོ། ཆེས་སྔ་ཤོས་སུ་དར་བའི་གྲུབ་མཐའ་ནི་སྔ་འགྱུར་རྙིང་མ་བའི་གྲུབ་མཐའ་ཡིན་ལ། སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་གྱི་སྐབས་བོད་གངས་ཅན་གྱི་ལྗོངས་འདིར་ནང་བསྟན་ཆོས་ལུགས་སྤེལ་བ་ནས་བཟུང་། དབུས་གཙང་གི་ཕྱོགས་སུ་ནང་ཆོས་དར་བར་གྱུར། དེ་ནས་དུས་རབས་དགུ་བའི་ནང་མངའ་བདག་ཁྲི་རལ་གྱི་སྐབས་སུ་མདོ་སྨད་རེབ་གོང་གི་ཡུལ་དུ་ནང་བསྟན་ཆོས་ལུགས་དར་བར་གྱུར་ཏེ། གསང་སྔགས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་དབེན་པའི་རི་སུལ་དང་བྲག་ཕུག་སོགས་སུ་ཉམས་བཞེས་མཛད་པའི་གནས་དང་སྒྲུབ་ཕུག་འགའ་ད་ལྟའང་མ་ཉམས་པར་མཐོང་རྒྱུ་ཡོད། ད་དུང་རེབ་གོང་གི་ཡུལ་ཕྱོགས་ལ་ལར་གསང་སྔགས་རྙིང་མ་དང་། བཀའ་གདམས་པའི་ཆོས་སྲོལ་སྤེལ་བའི་སྒྲུབ་གྲྭ་མང་པོ་ཡོད་ཀྱང་རྗེས་སུ་ཧོར་སོག་དང་། མི་ཉག་རྒྱ་རབས་བཅས་ཀྱི་དམག་འཁྲུག་ལན་མང་བྱུང་པར་བརྟེན། ཡུལ་མི་དང་དགོན་སྡེ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པས། ད་ལྟ་རེབ་གོང་གི་ཡུལ་ཕྱོགས་རྣམས་སུ་སྒར་ཆག་དང་དགོན་ཤུལ་ཟེར་བའི་གནས་མང་པོ་ཡང་མཐོང་རྒྱུ་ཡོད། དུས་རབས་བཅུ་བཞི་པ་ནས་རིམ་བཞིན་མཁས་པ་དང་གྲུབ་པའི་དམ་པའི་དབང་པོ་རྣམས་ཀྱིས་རེབ་གོང་སྟོད་སྨད་བར་གསུམ་ཀུན་ཏུ། མདོ་སྔགས་རིག་གནས་ཀྱི་ཆོས་སྲོལ་ཐུན་མོང་མ་ཡིན་པ་འཛིན་སྐྱོང་སྤེལ་གསུམ་གནང་སའི་དགོན་སྡེ་ཁག་གསར་འདེབས་དང་། དབང་ལུང་རྗེས་གསུམ་གྱི་སྒོ་ནས་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་གནང་བ་བཅས་ལ་བརྟེན་ནས།རེབ་གོང་ཡུལ་དུ་ཆོས་དང་རིག་གནས་སྣ་ཚོགས་དར་རྒྱས་ཕུན་སུམ་ཚོགས་པར་གྱུར། གཉིས་པ། རེབ་གོང་ཕྱོགས་སུ་འབྲི་གུང་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ཚུལ་ནི། འབྲི་གུང་འཇིག་རྟེན་མགོན་པོས་བླ་མ་རིན་ཆེན་བཟང་བོ་ལ་ལུང་བསྟན་པ་ལྟར་སྤྱི་ལོ་1196ལོར་ལྷ་དང་བླ་མའི་ལུང་བསྟན་བཞིན་འབྲི་གུང་བ་བླ་མ་རིན་ཆེན་བཟང་བོ་དང་། ཙོང་ཁའི་རྡོར་བཟང་།ཡུལ་སྐྱོང་དཔལ་བཟང་། ཚོ་བཞི་གུ་རུ་སྐྱབས་བཅས་ཁོང་དཔོན་སློབ་རྣམ་པ་བཞི་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་ཕྱིར་མདོ་སྨད་རེབ་གོང་ཕྱོགས་སུ་ཕེབས་ཏེ་སྨན་རི་ནགས་ཤོད་དང་། བྲག་སེང་གེ་རྣམས་སུ་བཞུགས། བདེ་མཁར་སྤང་ཐང་ཞེས་གྲགས་པའི་སར་མཚམས་ཁང་དང་། མཆོད་ཁང་། རུང་ཁང་སོགས་ཁང་ཆུང་བཞི་བརྩིགས་ནས་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྲོལ་ལྟར་སྒོམ་སྒྲུབ་མཛད། གནས་དེའི་གཡས་ཕྱོགས་ཀྱི་མཚོ་རོང་ཆུ་ཁར་འཇམ་དབྱངས་ནཱ་ག་རཀྵ་དང་། ཁྱུང་གི་སྒྲུབ་ཐབས་སྐོར་གྱི་པོ་ཏི་འགའ་གཏེར་དུ་སྦས། ཀླུ་གཉན་པོ་ཞིག་གནས་པའི་རྡོ་ལེབ་གྲུ་བཞི་བ་ཞིག་ཡོད་པ་དེའི་སྟེང་དུ་བླ་མ་རིན་ཆེན་བཟང་བོས་ཞབས་རྗེས་མི་མངོན་པར་བཞགཡུལ་ཕྱོགས་སྤྱིའི་དཔལ་འབྱོར་ལོངས་སྤྱོད་རྒྱས་པའི་ཆེད་དུ། ངོ་མཚར་བའི་གཏེར་བུམ་ནང་དུ་རིན་པོ་ཆེ་སྣ་ལྔས་བཀང་བར་བྱས་ཏེ་དཔོན་སློབ་རྣམས་ཀྱིས་ནོར་སྒྲུབ་མཛད་དེ། སྒྲུབ་ཁང་གི་གཡས་གཡོན་དུ་གཏེར་དུ་སྦས། དུས་འདི་ཙམ་ནས་རེབ་གོང་ཡུལ་དུ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྲོལ་ཐོག་མར་བྱུང་བར་གྲགས། སྤྱི་ལོ་1202ལོར་བླ་མ་རིན་ཆེན་བཟང་བོས་ཚོ་བཞི་གུ་རུ་སྐྱབས་ལ་བཀའ་བརྒྱད་ཞི་དྲག་གི་པོ་ཏི་བཞི་དང་། ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ། འབྲི་གུང་མགོན་ཁང་གི་ནང་རྟེན་མགོན་པོ་ཞལ་བཞི་བའི་ཞལ་ཐང་རྫུ་འཕྲུལ་ཅན་རྣམས་གནང་སྟེ་བྲག་སེང་གེ་འདྲ་བའི་གནས་གཏད། ཡུལ་སྐྱོང་དཔལ་བཟང་ལ་དཔལ་རྟ་མགྲིན་ཡང་གསང་ཁྲོ་བོའི་མན་ངག་གི་ཆོས་དཔེ་པོ་ཏི་འགའ་དང་། རྟེན་བྱིན་ཅན་མང་པོ་གནང་ནས་བྲག་དམར་གསེར་ཁང་གི་གནས་གཏད། ཙོང་ཁའི་རྡོར་བཟང་ལ་དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་མན་ངག་སྐོར་གྱི་ཆོས་དཔེ་པོ་ཏི་འགའ་དང་། རྟེན་བྱིན་ཅན་མང་པོ་གནང་ནས་རི་གླང་ཆེན་ཉལ་འདྲའི་གནས་གཏད། དེ་ནས་བླ་མས་ཁྱེད་གསུམ་གྱིས་གཙུག་ལག་ཁང་འཛེར་ཆེན་གྱིས་བཏབ་པ་ལྟ་བུའི་གནས་འདི་རྣམས་བསྲུང་བར་མཛོད་ལ་བསྟན་འགྲོའི་དོན་ལ་གང་ཕན་གྱིས་གསུངས། དེ་རྗེས་ཚོ་བཞི་གུ་རུ་སྐྱབས་བྲག་སེང་གེ་འདྲ་བའི་གནས་དེར་བཞུགས་ནས་བསྟན་འགྲོའི་དོན་སྤྱི་དང་།བྱེ་བྲག་ཏུ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྲོལ་ཐུན་མོང་མ་ཡིན་པ་སྤེལ་པར་མ་ཟད། རིགས་རྒྱུད་སྤེལ་བའི་ཆོ་གའང་མཛད་པ་ལ་སྲས་གུ་རུ་རིག་འཛིན་དང་། པདྨ་རིག་འཛིན། རྡོ་རྗེ་རིག་འཛིན་གསུམ་སྐྱེས། དེ་རྣམས་ཀྱི་རྒྱུད་པ་ལ་ད་ལྟའི་ཚོ་བཞི་སྡེ་བ་འདི་དང་སོག་རུའི་ཨ་མཆོད་ཚོ་བ། མཁར་གོང་དུ་ཡང་རིགས་རྒྱུད་མང་པོ་བཅས་བྱུང་བར་བཤད། ཡུལ་སྐྱོང་དཔལ་བཟང་བྲག་དམར་གསེར་ཁང་ཞེས་པའི་གནས་དེར་བཞུགས་ནས་འབྲི་གུང་བཀའ་བརྒྱུད་པའི་ཆོས་སྲོལ་དར་སྤེལ་བྱས། རྒྱུད་འཛིན་ལ་རིགས་སྲས་མང་པོ་བྱུང་ལ།དེ་རྣམས་ཀྱི་རྒྱུད་པ་ལ་ད་ལྟའི་ཧོར་གཡུ་རྔོག་ཞེས་གྲགས་པའི་སྡེ་འདི་བྱུང་བར་གྲགས། ཙོང་ཁའི་རྡོར་བཟང་གླང་ཆེན་ཉལ་འདྲའི་གནས་དེར་བཞུགས་ནས་རང་གི་ཕ་ཆོས་དར་སྤེལ་མཛད།ཁོང་གི་རྒྱུད་པ་ལ་ད་ལྟའི་ཨ་གྲོང་དང་མཁར་གོང་ཞེས་པའི་སྡེ་འདི་གཉིས་བྱུང་པར་གྲགས། ཁོང་རྣམ་པ་གསུམ་གྱི་རིགས་རྒྱུད་བྱུང་བའི་སྡེ་ཨ་གྲོང་དང་། ཚོ་བཞི། ཧོར་གཡུ་རྔོག་གསུམ་ནི་རེབ་གོང་ཡུལ་གྱི་གཉན་སྡེ་གསུམ་ཞེས་ཀུན་ལ་གྲགས་ཡོད། དེ་ལྟར་གོང་གསལ་གྱི་སྡེ་འདི་རྣམས་སུ་སྔོན་ནས་ད་ལྟའི་བར་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྲོལ་ཐུན་མོང་མ་ཡིན་པ་རྣམས་ལ་ཐོས་བསམ་དང་ཉམས་ལེན་བྱེད་བཞིན་ཡོད་པར་མ་ཟད། སྒོམ་སྒྲུབ་ཁོ་ན་ལ་གཞོལ་བའི་ཁྱིམ་སྔགས་ནུས་མཐུ་ཅན་འགའ་རེ་ཡང་བཞུགས།གཞན་འབྲི་གུང་འཇིག་རྟེན་མགོན་པོའི་བུ་སློབ་སྤྱན་སྔ་བཞི་དང་། གཉོས་མགར་ཆོས་གསུམ། དཔལ་ཆེན་བཅུ་གཉིས་སུ་གྲགས་པའི་ནང་ཚན་མགར་སྟོན་དམ་པ་ཆོས་སྡིངས་ཀྱིས་རེབ་གོང་ཡུལ་དུ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྲོལ་དར་སྤེལ་མཛད། རབ་བྱུང་གསུམ་པའི་མཇུག་དང་བཞི་བའི་ནང་དུ་ཡུལ་འདིར་འབྲི་གུང་བཀའ་བརྒྱུད་པའི་གྲུབ་མཐའ་དར་ཁྱབ་ཆེ་བར་མ་ཟད། འབྲི་གུང་བཀའ་བརྒྱུད་པའི་དགོན་སྡེའང་འགའ་རེ་བྱུང་བར་གྲགས། རྗེས་སུ་རིམ་པར་དགེ་ལུགས་པའི་དགོན་པར་གྱུར་ཏེ་ད་ལྟ་འབྲི་གུང་བཀའ་བརྒྱུད་པའི་དགོན་སྡེ་རང་སྐྱ་ཐུབ་པ་ཞིག་མེད། དེ་ལྟར་འབྲི་གུང་བླ་མ་རིན་ཆེན་བཟང་བོ་དཔོན་སློབ་དང་མགར་སྟོན་དམ་པ་ཆོས་སྡིངས་རྣམས་ཀྱིས་བཀའ་དྲིན་ལས་རེབ་གོང་ཕྱོགས་སུ་འབྲི་གུང་བཀའ་བརྒྱུད་པའི་ཆོས་སྲོལ་དར་ཁྱབ་ཆེན་པོ་བྱུང་བ་ཡིན་ནོ།། གསུམ་པ། རེབ་གོང་ཕྱོགས་སུ་བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་ནི། སྤྱི་ལོ་1334ཤིང་ཁྱི་ལོར་ར་སྒྲེང་སྒོམ་ཆེན་པ་བཀྲ་ཤིས་བརྩོན་འགྲུས་དང་། སྒོམ་ཆེན་པ་བྱང་ཆུབ་འབྱུང་གནས། སྒོམ་ཆེན་པ་འཇམ་དབྱངས་ཐུབ་བསྟན་གསུམ་མདོ་སྨད་ཡུལ་དུ་ཕེབས་དུས། རྗེ་ཀརྨ་རང་བྱུང་རྡོ་རྗེ་རྒྱ་ཡུལ་ནས་ཕྱིར་བོད་དུ་ཕེབས་པ་དང་མཇལ་ནས་ལུང་བསྟན་ཞུས་པས།རྗེ་ཀརྨ་པས། ཆོས་ཉམས་སུ་ལེན་པའི་སྒོམ་ཆེན་གསུམ།། ཆོས་སྒྲུབ་པའི་རྒྱལ་མཚན་འཛུགས་འདོད་ན།། ཆུ་རྨ་ཆུ་སྔོན་མོའི་ནང་ལོགས་སུ།། སྔོན་གྲུབ་ཐོབ་བརྒྱད་དགུ་གྲུབ་པའི་གནས།། ཆུ་དགུ་འདུས་ཞེས་པའི་ནུབ་ཕྱོགས་སུ།། རི་སྨན་རི་ཕྱུག་མོའི་བྱང་ཤར་མཚམས།། རི་བསྟན་འཇང་ཞེས་པའི་རི་བརྒྱུད་དེ།། འདི་བྱང་ནས་འཁྱིལ་དེ་ཤར་དུ་བལྟ།། མགོ་གླང་ཆེན་ཆུ་ལ་རྔམ་འདྲ་ཡིན།། དེའི་གཙུག་ནས་སྒྲུབ་པའི་རྒྱལ་མཚན་ཚུགས།། ཞེས་གསུངས། སྒོམ་ཆེན་པ་རྣམ་པ་གསུམ་གྱིས་ལྷ་དང་བླ་མའི་ལུང་བསྟན་ལྟར་རྨ་ཆུ་སྔོན་མོའི་ནང་ལོགས་སུ་བྱོན་ཏེ། དགུ་འདུས་ཆུ་བོའི་ནུབ་ཕྱོགས་སུ་སྨན་རི་ཕྱུག་མོ་ཟེར་བའི་རི་བོ་ཞིག་ཡོད་མེད་རྩར་བཅད་པས། དངོས་གནས་རི་བོ་སྨན་རི་ཕྱུག་མོ་ཟེར་བ་དང་། རྟ་འགྱིངས་རི་བོ་ཟེར་བའི་རི་བརྒྱུད་ཡོད་པས། ཁོང་རྣམ་གསུམ་བླ་མ་ལ་མི་ཕྱེད་པའི་དད་པ་བརྟན་པོ་བྱུང་། དེ་ནས་ཁོང་རྣམ་པ་གསུམ་བླ་མའི་ལུང་བསྟན་བཞིན་རིའི་མགོ་བོ་གླང་ཆེན་ཆུ་ལ་རྔམ་འདྲ་ལྟ་བུའི་གནས་མཆོག་བཀྲ་ཤིས་འཁྱིལ་གཙུག་ཏུ་བྱོན་ནས། ཁོང་རྣམ་པ་གསུམ་གྱིས་ཇ་མཆོད་ཞིག་གསུངས་ཏེ་ཡུལ་དེའི་གཞི་བདག་ལ་གསེར་སྐྱེམས་ཕུལ། དེ་ནས་སྒོམ་ཆེན་པ་བཀྲ་ཤིས་བརྩོན་འགྲུས་གྱིས་ཆོས་ལ་སྒང་ནས་མཚམས་ཁང་ཞིག་བརྩིགས་ཏེ་སྒོམ་སྒྲུབ་མཛད། སྒོམ་ཆེན་པ་བྱང་ཆུབ་འབྱུང་གནས་ཀྱིས་ཤིང་ར་ཉིན་ནས་མཚམས་ཁང་བཞེངས་ཏེ་སྒོམ་སྒྲུབ་མཛད། སྒོམ་ཆེན་པ་འཇམ་དབྱངས་ཐུབ་བསྟན་གྱིས་ལྕང་ཤར་གདོང་ནས་མཚམས་ཁང་བཞེངས་ཏེ་སྒོམ་སྒྲུབ་མཛད་པས།གནས་མཆོག་དེ་གསུམ་གྱི་སྤྱི་མིང་ལ་ཉིན་ཤར་སྒང་གསུམ་དུ་གྲགས། དུས་བཟང་སྐབས་ཁོང་རྣམ་པ་མཉམ་ཚོགས་ཀྱིས་བཀའ་གདམས་པའི་ཆོས་སྲོལ་ཐུན་མོང་མ་ཡིན་པའི་སྟེང་ནས་འཆད་ཉན་གང་དྲགས་གནང་། དེ་ནས་བཟུང་རེབ་གོང་ཡུལ་དུ་བཀའ་གདམས་པའི་གྲུབ་མཐའ་དར་ཁྱབ་བྱུང་བ་དང་། ཁྱད་པར་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཉིད། དབུས་གཙང་ནས་ལྷ་དང་བླ་མའི་ལུང་བསྟན་ལྟར་མདོ་སྨད་དུ་བྱ་ཁྱུང་དགོན་གནས་འཚོལ་བར་རང་གི་འཁྲུངས་ཡུལ་ཤ་སྦྲང་དུ་ཕེབས་སྐབས།རེབ་གོང་ཤ་སྦྲང་ཕྱོགས་སུ་དངུལ་ཁུངས་དང་། སྒོམ་འདུ། ལྷ་ཁང་མ། སྒར་བའི་དགོན་སོགས་དགོན་པ་དྲུག་བཏབ། ཉམས་རྒུད་དུ་སོང་བའི་སྟེང་གི་གཞི་མའི་དགོན་པར་དགེ་འདུན་གྱི་སྡེ་གསར་འཛུགས་གནང་། ཁྱད་པར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་གདན་དྲངས་པ་ལྟར་རེབ་གོང་ཡུལ་གྱི་མཆོད་གནས་དམ་པ་རོང་བོ་བཀའ་གདམས་དགོན་ཆེན་དུ་ཕེབས་ནས། རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་གཙོས་ཚོགས་མང་ལ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་བཟུང་རེབ་གོང་ཕྱོགས་སུ་རིམ་བཞིན་བྱ་བཏང་རི་ཁྲོད་པའི་ཚོགས་མང་དུ་འདུས་པར་བརྟེན། བཀའ་གདམས་པའི་གྲུབ་མཐའ་སྔར་ལས་ལྷག་པའི་དར་ཁྱབ་ཆེན་པོ་བྱུང་བར་གྲགས་སོ།། བཞི་པ། རེབ་གོང་ཡུལ་དུ་དགེ་ལུགས་པའི་གྲུབ་མཐའ་བྱུང་ཚུལ་ནི། རོང་བོ་བླ་མ་རིན་ཆེན་བསམ་གྲུབ་ཀྱི་སྐུ་དུས་ནས་དར་བར་གྱུར་པ་དང་། དེ་ནས་སྤྱི་ལོ་1607ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དབུས་གཙང་ནས་ཕྱིར་རང་གི་དགོན་པ་རོང་བོ་བཀའ་གདམས་དགོན་ཆེན་དུ་ཕེབས་སྐབས།རོང་བོ་བཀའ་གདམས་དགོན་ཆེན་གྱི་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཉམས་རྒུད་དུ་སོང་ཡོད་པ་གཟིགས་ནས་བཀའ་གདམས་དགོན་ཆེན་གྱི་ཆོས་ཁྲིམས་ལ་དག་ཐེར་དང་། དགེ་ལྡན་ལྔ་མཆོད་ཆེན་མོ་སོགས་གསར་འཛུགས་གནང་། ཁྱད་པར་དུ་རི་བོ་དགེ་ལྡན་པའི་འདུལ་ཁྲིམས་དང་ཆོ་ག་ཕྱག་ལེན་གྱི་སྲོལ་བཟང་མང་པོ་གསར་དུ་བཙུགས་ཏེ་གྲུབ་མཐའ་དགེ་ལུགས་པར་བསྒྱུར་བར་བརྟེན།རེབ་གོང་ཕྱོགས་སུ་དགེ་ལུགས་པའི་གྲུབ་མཐའ་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ལོ་1630ལོར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་དེ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་ལེན་ལྟར་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་གསར་དུ་བཙུགས་པ་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་སྔར་དར་ཁྱབ་ཆེན་པོ་བྱུང་བ་ཡིན་ནོ།།

      ལ་ལས་དུས་རབས་བཅུ་གསུམ་པའི་ནང་ཨ་མྱེས་ལྷ་རྗེ་རེབ་གོང་དུ་ཕེབས་པ་ནས་བཟུང་རེབ་གོང་དུ་ས་སྐྱའི་གྲུབ་མཐའ་བྱུང་བར་འདོད་པ་ནི་ནོར་བ་སྟེ། ཨ་མྱེས་ལྷ་རྗེ་ནི་ད་ལྟའི་ལྷ་སའི་འདམ་གཞུང་ནས་སྐྱེས་ཤིང་། དགུང་ལོ་ཉི་ཤུ་ལྷག་གི་སྐབས་ས་སྐྱར་ཕེབས་ནས་གསོ་བ་རིག་པའི་གཞུང་ལ་སྦྱངས། དེ་ནས་ཕྱིས་སུ་ཁོང་ཕ་བུ་རྣམས་རེབ་གོང་དུ་ཕེབས་ནས་གནས་གཞི་བཟུང་སྟེ། སྐུ་ཚེ་གང་བོར་རེབ་གོང་ཕྱོགས་ཡར་མར་གྱི་ནད་པ་རྣམས་ལ་སྨན་བཅོས་བྱས་ཏེ་དུས་འདའ་བར་གྱུར་བ་ཞིག་ཡིན། ཨ་མྱེས་ལྷ་རྗེ་རེབ་གོང་དུ་ཕེབས་ནས་ས་སྐྱའི་གྲུབ་མཐའ་ཞིག་སྤེལ་བར་གསན་ཡིག་སོགས་ཀྱི་ལོ་རྒྱུས་དང་ཡིག་ཚགས་གང་དུའང་ཚིག་ཟུར་ཙམ་ཡང་མི་འདུག་པས། ལྷ་རྗེ་ཁོང་ནི་སྨན་པ་ཞིག་ཡིན་པ་ལས་གྲུབ་མཐའ་སྤེལ་མཁན་ཞིག་མ་ཡིན་པ་ནི་ཤིན་ཏུ་གསལ་བ་དང་། གལ་སྲིད་གྲུབ་མཐའ་སྤེལ་མཁན་ཞིག་ཡིན་དགོས་ཚེ་ཐོག་མར་རང་ཉིད་ཀྱིས་གྲུབ་མཐའ་དེ་དང་དེའི་བླ་མ་གོང་མ་རྣམས་ལས་བརྒྱུད་པའི་དབང་ལུང་མན་ངག་རྗེས་གནང་སོགས་ལེགས་པར་གསན་ཏེ་ངེས་པར་བྱས། དེ་ནས་ས་ཆ་ག་གེ་མོ་ཞིག་ཏུ་དགོན་སྡེ་སོགས་བཏབ་སྟེ་སློབ་མ་མང་ཉུང་སྣ་ཚོགས་བསྐྱངས་ནས། རང་གིས་སྔོན་གསན་པའི་བླ་མ་གོང་མ་རྣམས་ལས་བརྒྱུད་པའི་དབང་ལུང་མན་ངག་སོགས་གདུལ་བྱ་སློབ་མ་རྣམས་ལ་སྤེལ་བ་ཞིག་ཡིན་དགོས་པ་དང་། ལྷ་རྗེ་ཁོང་ལ་དེ་འདྲའི་ཆོས་ལུགས་ཀྱི་བརྒྱུད་པ་ཞིག་སྤེལ་བའི་ལོ་རྒྱུས་ནང་སོའི་ཡིག་ཚགས་སོགས་གང་ན་ཡང་མི་འདུག་གོ། ལྷ་རྗེ་ཁོང་གིས་ས་སྐྱ་ནས་ལོ་ངོ་འགར་གསོ་རིག་གི་གཞུང་ལ་སྦྱངས་པ་ལས་ས་སྐྱའི་གྲུབ་མཐའ་ལ་སྦྱངས་མེད་པ་ཡིན། ཁོང་ས་སྐྱ་ནས་ཕེབས་དུས་མགོན་པོ་གུར་ཆོས་སྐྱོང་དུ་བསྟེན་པའི་དགོས་པ་གཙོ་བོ་ཡང་རང་གི་སྐུ་ཚེའི་བདེ་སྡུག་གི་ཆེད་ཁོ་ན་ཡིན་པ་ལས་གྲུབ་མཐའ་ཞིག་སྤེལ་བའི་ཆེད་དུ་མ་ཡིན་ནོ།། མདོར་ན་མགོན་པོ་གུར་ཆོས་སྐྱོང་དུ་བསྟེན་པའི་གང་ཟག་ཞིག་ཡིན་ན་ས་སྐྱའི་གྲུབ་མཐའ་སྤེལ་མཁན་གྱི་གང་ཟག་ཞིག་ཡིན་པས་ཤིན་ཏུ་ནས་མ་ཁྱབ་པོ།། ལྷ་རྗེ་ཁོང་རེབ་གོང་དུ་ཕེབས་ནས་ཐ་ན་ཆོས་སྐྱོང་མགོན་པོ་གུར་གྱི་རྗེས་གནང་དང་ཆོ་ག་ཙམ་ཡང་རང་གི་བུ་དང་བུ་མོ་རྣམས་ལ་ཡང་གནང་མེད་པས། ཁོང་ནི་གྲུབ་མཐའ་སྤེལ་མཁན་ཞིག་མ་ཡིན་པ་ཤིན་ཏུ་གསལ་ལོ།།

     དང་པོ།  རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་།
     མདོ་སྨད་བསྟན་པའི་གནས་གཞི་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི། སྤྱི་ལོ་1342བོད་རབ་བྱུང་དྲུག་པའི་ཆུ་རྟ་ལོར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ས་དཀྱིལ་ཏཱ་པེ་ཧུ་དཔོན་རབས་གཉིས་པ་དངོས་གྲུབ་རྒྱ་མཚོ་ལ་ས་བསླངས་ཏེ། གྲུབ་པའི་གནས་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས། ཁོར་ཡུག་དང་ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་གྱིས་ས་དཔྱད་ལེགས་པའི་གནས་འདིར།ཐོག་མར་ས་འཛིན་ལྷ་ཁང་ཞེས་ཁང་མིག་གྱན་བཅོ་ལྔ་ཡོད་པ་ཞིག་བཞེངས་ཏེ། ནང་རྟེན་དུ་དུས་གསུམ་སངས་རྒྱས་དང་ཉེ་བའི་སྲས་ཆེན་བརྒྱད། རྟ་མགྲིན་དང་ཁྲོ་བོ་མི་གཡོ་བ། ལྡེབས་བྲིས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་རང་བྱོན་དུ་གྲགས་པ་སོགས་བཞེངས།དེ་ནས་དགེ་འདུན་གྱི་འདུས་སྡེ་གསར་དུ་བཙུགས་ཏེ་དགོན་མིང་ལ་བྱང་ཕྱོགས་རོང་བོ་དཔལ་གྱི་དགོན་ཆེན་བཀའ་གདམས་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཞེས་བཏགས་ཤིང་རིམ་གྱིས་རོང་བོ་བཀའ་གདམས་དགོན་ཆེན་ཞེས་འབོད་སྲོལ་ཆགས་པར་གྲགས། གྲུབ་ཆེན་དུང་རྣ་བས་མཛད་པའི་རེབ་གོང་གནས་བསྟོད་ལས།དེ་ནས་གཤམ་དུ་བབས་པ་ན།། ཆོས་སྲིད་དར་བའི་ཞིང་གི་མཆོག། བཀའ་གདམས་རོང་བོ་དགོན་ཆེན་ཞེས།། དག་ཞིང་ལྷ་ཡི་དོ་ཟླ་ཡིན།། ཞེས་གསུངས་པ་ལྟར། བཀའ་གདམས་རོང་བོ་དགོན་ཆེན་ཞེས་པའི་འབོད་སྲོལ་ཡང་ཡོད།
     གྲུབ་མཐའ་ཐོག་མར་བཀའ་གདམས་པ་དང་ཕྱིས་སུ་དགེ་ལུགས་པར་གྱུར། དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོགདབུས་གཙང་ནས་ལྷ་དང་བླ་མའི་ལུང་བསྟན་ལྟར་མདོ་སྨད་དུ་དཔལ་ལྡན་བྱ་ཁྱུང་དགོན་གྱི་གནས་འཚོལ་བར་ཕེབས་སྐབས། རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་གདན་དྲངས་པ་ལྟར་རོང་བོ་བཀའ་གདམས་དགོན་ཆེན་དུ་ཕེབས་ནས།རོང་བོ་བླ་མ་བསམ་གཏན་རིན་ཆེན་གཙོས་ཚོགས་མང་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་དང་། བཀའ་གདམས་ལྷ་བཞིའི་རྗེས་གནང་དང་བཤད་པ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་། པདྨ་སྙིང་པོ། དོན་ཡོད་ཞགས་པ། བཀའ་གདམས་ཐིག་ལེ་བཅུ་དྲུག བཀའ་གདམས་ཕ་ཆོས་དང་བུ་ཆོས། བཀའ་གདམས་གཞུང་དྲུག་སོགས་ཀྱི་ལུང་གནང་བར་མ་ཟད། རོང་བོ་བླ་མ་བསམ་གཏན་རིན་ཆེན་ལ་མདོ་སྡེ་བསྐལ་བཟང་དང་ཐར་མདོའི་ལུང་། དབུ་མ་རིགས་ཚོགས་དྲུག་དང་ལྷོ་བྲག་བཀའ་འབུམ་གྱི་བཤད་པ། མི་ཏྲ་བརྒྱ་རྩ་སོགས་ཀྱི་དབང་དང་རྗེས་གནང་།རོང་བོ་བླ་མ་བསམ་གཏན་རིན་ཆེན་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་བ་སོགས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དུས་སྐབས་དེར་རོང་བོ་བཀའ་གདམས་དགོན་ཆེན་དུ་ལྷ་ཁང་གཅིག་དང་། གྲྭ་ཤག་ཉི་ཤུ་ཙམ་ལས་རྟེན་བཞེངས་ཀྱི་སྐོར་མང་པོ་མེད་པར་གྲགས། དེ་ནས་བཟུང་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་གཙོས་སྐུ་མཆེད་ཀུན་སྤངས་གྲགས་པ་རྒྱལ་མཚན་དང་། ཏཱ་ཀཽ་ཤྲཱི་བློ་གྲོས་སེང་གེ་གཉིས་ཀྱིས་རིམ་པར་གདན་ས་ལེགས་པར་བསྐྱངས་པ་དང་། ཁྱད་པར་དུ་མིང་རྒྱལ་རབས་ཀྱི་གོང་མ་ཟོན་ཏེས་ཀཽ་ཤྲཱི་བློ་གྲོས་སེང་གེ་གོང་མའི་ཕོ་བྲང་དུ་གདན་འདྲེན་གྱི་མི་སྣ་སྔ་ཕྱིར་མངགས་པ་ལྟར་གོང་མའི་ཕོ་བྲང་དུ་ཕེབས། རྒྱལ་པོ་འཁོར་བཅས་ལ་རྣམ་འཇོམས་དཀར་བོའི་རྗེས་གནང་སོགས་གསུངས།ཆོས་གོས་ཉི་ཟེར་ལ་འགེལ་བ་སོགས་གྲུབ་རྟགས་མང་དུ་བསྟན། དེའི་ཚེ་གོང་མའི་ལུང་ལས། བློ་གྲོས་སེངྒེ་ཁྱོད་ནི་སྟོན་པ་ལ་དད་ཅིང་།བ སྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ངོ་མཚར་ཆེ་ཞེས་བསྔགས་བརྗོད་གནང་བར་མ་ཟད།ཏཱ་ཀཽ་ཤྲཱིའི་ལས་ཀ་དང་། ཐམ་ག་གྲུ་སྒོར།ན་བཟའ་ཉེར་སྤྱད་སོགས་གནང་སྟེ་རེབ་གོང་ཡུལ་གྱི་བླ་དཔོན་ཟུང་འབྲེལ་གྱི་གོ་གནས་སྤྲད།
     དེ་ནས་ཁོང་གིས་རོང་བོ་བཀའ་གདམས་དགོན་ཆེན་དུ་མགོན་ཁང་བཙན་པོ་མ་དང་།མགོན་པོ་རྭ་སྐྱེས་ལྷ་ཁང་སོགས་རྟེན་བཞེངས་རྒྱ་ཆེར་མཛད། རེབ་གོང་སྟོད་སྨད་བར་གསུམ་གྱི་རོང་འབྲོག་གི་ཁྲི་སྡེ་རྣམས་སུ་དུད་གྲངས་དང་མི་གྲངས་བླངས་ནས་ཁྱིམ་གཅིག་ལ་བྱིས་པ་ཕོ་གསུམ་ཡོད་ན་གཅིག་གྲྭ་པ་བྱེད་དགོས་པའི་བཀའ་ཤོག་སྤེལ་ཏེ་བཙུན་ཁྲལ་བསྡུས།སྐབས་དེར་མཆོད་གཞིས་ཀྱི་མངའ་འབངས་མང་པོ་དབང་དུ་བསྡུས་པ་ནི་ཤར་སྟོད་ཕྱོགས་བཅུ་ད་ལྟའི་ཀན་སུའུ་ཞིང་ཆེན་ལིན་ཞྭ་ས་ཁུལ་གྱི་ཁོངས་གཏོགས་ནས་ཤར་སྨད་རྡོ་དཀར་ད་ལྟའི་མཚོ་སྔོན་ཞིང་ཆེན་རྡོ་སྤིས་ཞང་གི་ཁོངས་གཏོགས་ན་དང་། ལྷོ་སྟོད་བྲག་སེར་ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཁོངས་གཏོགས་ནས་ལྷོ་སྨད་དངུལ་རྭའི་རྨ་ཁ་ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དངུལ་རྭའི་རྨ་ཁ་ཚུན་ཆད། ནུབ་སྟོད་རྭ་རྒྱ་ད་ལྟའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་རྒྱོའུ་མགོ་ཞང་དང་ནུབ་སྨད་ཁྲི་ཀའི་ལོ་འགག་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཁོངས་ཚུན་ཆད། བྱང་སྟོད་ཇོའུ་ལོ་ཧོར་མོ་ཁ་གསུམ་ད་ལྟའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁོངས་ནས་བྱང་སྨད་རྨ་ཆུའི་འཁྱིལ་ཕྱོགས་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཧྭ་ལུང་རྫོང་ཁོངས་ཚུན་ཆད་བཀའི་མངའ་འོག་ཏུ་བསྡུས་པས། རོང་བོ་བཀའ་གདམས་དགོན་ཆེན་འདི་མདོ་སྨད་ཡུལ་གྱི་སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར། དེ་ནས་གདན་ས་པ་བློ་གྲོས་མཆོག་གྲུབ་དང་། དོན་གྲུབ་སེང་གེ བློ་གྲོས་དཔལ་ལྡན་རྣམས་ཀྱིས་བླ་དཔོན་ཟུང་འབྲེལ་གྱི་འགན་བཞེས་ཏེ་གདན་ས་བསྐྱངས། གདན་ས་པ་བློ་གྲོས་བརྟན་པ་དང་བསོད་ནམས་དོན་གྲུབ་གཉིས་ཀྱི་རིང་ལ་དགོན་པ་ཅུང་ཟད་ཉམས་པས། རོང་བོ་བླ་མ་རིན་ཆེན་བསམ་གྲུབ་འམ་རོང་བོའི་སྐུ་མདུན་པ་ཞེས་བྱ་བས་གདན་སའི་ཁུར་བཞེས་ཏེ་ནང་སོ་དཔལ་ལྡན་གུ་རུ་བསྐུལ་ཏེ་ཧོར་དའི་ཆིང་ཆུ་ཁུར་དཔོན་ལ་འགོ་འདྲེན་བཅོལ། ཡེར་བ་ཆོས་རྗེ་སོགས་ཀྱིས་ཁུར་བླངས་ཏེ། གནས་མི་འགྱུར་བའི་གཟེར་ལྟ་བུར་དགོན་པའི་ཕྱོགས་བཞིར་མཆོད་རྟེན་བརྩིག་དགོས་པར་བཤད་པ་ལྟར་ཕྱོགས་བཞིར་མཆོད་རྟེན་བཞི་བརྩིགས། དཔོན་པོ་དང་ཡེར་བ་ཆོས་རྗེས་འགོ་འདྲེན་གནང་ཞིང་རྟིས་ཚང་སྨན་པ་ནས་དོ་དམ་གྱི་ཁུར་བླངས་ནས། སྤྱི་ལོ་1605ཤིང་སྦྲུལ་ལོའི་བོད་ཟླ་གསུམ་པའི་ཚེས་གསུམ་ཉིན་ཡེར་བ་ཆོས་རྗེ་དང་སོག་བཙུན་གཅིག རྒྱའི་བཙུན་པ་ལྡན་པ་ཟེར་བ། དེ་མིན་གྱི་དགེ་སློང་འགའ་བཅས་ནས་ས་བརྟགས་བསླངས་སྦྱངས་གསུམ་གྱི་བྱ་བ་བྱས་ཏེ། རོང་བོ་བཀའ་གདམས་དགོན་ཆེན་གྱི་འདུ་ཁང་ཐེངས་གཉིས་པ་སྔར་ལས་ཆེ་བ་བཞེངས་འགོ་བརྩམས་ཏེ་མི་རིང་བར་གྲུབ།
     ཧོར་དའི་ཆིང་ཆུ་ཁུར་དཔོན་དང་།ནང་སོ་དཔལ་ལྡན་གུ་རུས་གཙོ་བྱས་པའི་དད་ལྡན་སྦྱིན་བདག་རྣམས་ཀྱིས་འདུ་ཁང་གི་ནང་རྟེན་དུ་གསེར་སྦྱངས་འབའ་ཞིག་གིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་གྱི་གླེགས་བམ་གསར་དུ་བཞེངས། ལོ་དེའི་བོད་ཟླ་བཞི་བའི་ནང་གདན་ས་པ་རོང་བོ་བླ་མ་རིན་ཆེན་བསམ་གྲུབ་དང་ནང་སོ་དཔལ་ལྡན་གུ་རུ་རྣམ་གཉིས་ཀྱིས་ཨ་རིག་ཆོས་རྗེ་ལ་སྟོང་དཔོན་བཞི་གྲོགས་སུ་སྦྲན་ཏེ་ས་ཕྱོགས་སོ་སོར་མངགས་ནས་གྲྭ་རྒྱུན་ཐོ་བཙུན་གྱི་ལུགས་སུ་བསྡུས།སོག་པོ་མཆོད་ཡོན་དུ་འབྲེལ་བའི་འགོ་བཙུགས། ལྔ་བའི་ཚེས་བཅུ་གསུམ་ལ་སྟོང་ཆོས་ལྷ་བཟོ་སོགས་ཀྱིས་རྗེ་ཙོང་ཁ་བའི་སྐུ་བརྙན་སྟོང་རྩའི་གསེར་ཐང་དང་། དུས་གསུམ་སངས་རྒྱས།རྣམ་རྒྱལ་མཆོད་རྟེན་བཅས་བཞེངས་འགོ་བརྩམས་ནས་མི་རིང་པར་ལེགས་པར་གྲུབ་པ་དང་ཆབས་ཅིག་བཀའ་འགྱུར་གསེར་བྲིས་མ་ཡང་ལེགས་གྲུབ་བྱུང་བས། གསར་བཞེངས་ཀྱི་རྟེན་རྣམས་དུས་གཅིག་ཏུ་འདུ་ཁང་གསར་བའི་ནང་དུ་གདན་དྲངས་ཏེ། རོང་བོ་བླ་མ་རིན་ཆེན་བསམ་གྲུབ་དང་། གྲགས་པ་འོད་ཟེར། རོང་བོ་བླ་མ་བཟོད་པ་སོགས་ཀྱིས་དབུ་མཛད་པའི་དགེ་འདུན་མང་གིས་རབ་གནས་མཛད། དེ་ལྟར་རོང་བོ་བླ་མ་བསམ་གཏན་རིན་ཆེན་ནས་བཟུང་རོང་བོ་བླ་མ་རིན་ཆེན་བསམ་གྲུབ་བར་གྱི་གདན་ས་པ་རྣམས་ཀྱིས་ཆོས་སྡེ་འདི་ཉིད་ཆོས་སྲིད་ཟུང་གི་སྒོ་ནས་ལེགས་པར་བསྐྱངས།དེའི་ཁྲོད་ཁྱིམ་པའི་རྟེན་ཅན་གྱི་གདན་ས་པ་ཡང་ཡོད་པར་སྙམ།
     རོང་བོ་བླ་མ་བསམ་གཏན་རིན་ཆེན་ནས་གདན་ས་པ་རོང་བོ་བླ་མ་རིན་ཆེན་བསམ་གྲུབ་བར་དུ་ཆོས་སྡེ་འདིའི་གྲུབ་མཐའ་བཀའ་གདམས་དང་། རོང་བོ་བླ་མ་རིན་ཆེན་བསམ་གྲུབ་ནས་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་བར་དུ་གྲུབ་མཐའ་བཀའ་གདམས་དང་དགེ་ལུགས་ཟུང་གི་ལུགས་སྲོལ་དར། སྤྱི་ལོ་1606ཡས་མས་ཤིག་ལ་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དབུས་གཙང་ནས་ཕྱིར་རོང་བོ་བཀའ་གདམས་དགོན་ཆེན་དུ་ཕེབས་སྐབས།རོང་བོ་བཀའ་གདམས་དགོན་ཆེན་གྱི་སྒྲིག་ལམ་དང་ཆོས་སྤྱོད་ཀྱི་རིམ་པ་སོགས་ཉམས་རྒུད་དུ་སོང་ཡོད་སྟབས། ཁོང་གིས་རོང་བོ་བཀའ་གདམས་དགོན་ཆེན་གྱི་སྒྲིག་ལམ་ལ་དག་ཐེར་མཛད་པ་དང་། དགེ་ལྡན་ལྔ་མཆོད་ཆེན་མོ་གསར་དུ་བཙུགས་པ། ཁྱད་པར་དུ་རི་བོ་དགེ་ལྡན་པའི་ཆོས་ཁྲིམས་དང་ཆོ་ག་ཕྱག་ལེན་གྱི་སྲོལ་བཟང་མང་པོ་གསར་འཛུགས་གནང་སྟེ་དགོན་མིང་ལ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ཞེས་གསོལ་པར་གྲགས།སྤྱི་ལོ་1621ལྕགས་བྱ་ལོར་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་དགོན་ཆེན་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་རང་གི་ཕྱག་བཟོའི་བསྐྲུན་ཏེ། ལྷ་ཁང་དང་བཅས་རྟེན་དང་བརྟེན་པ་གསར་བཞེངས་མཛད། སྔ་གཞུག་ཏུ་ས་ལ་གནས་པའི་སེམས་དཔའ་ཆེན་པོ་སྡེ་བ་སྐྱིད་ཤོད་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་། ཀོའུ་བ་ཆོས་རྒྱ་མཚོ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སོགས་ཁོང་རྣམ་པ་བཞིས་རབ་གནས་མཛད་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གྲགས།

     གཉིས་པ། གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་འདེབས་མཛད་ཚུལ།
     རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ནི། སྤྱི་ལོ་1630ལྕགས་རྟ་ལོའི་བོད་ཟླ་དྲུག་པའི་ཚེས་བཞི་ཉིན་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས། ཁོང་གི་ཐུགས་སྲས་རྒྱལ་ཚབ་བློ་བཟང་ཆོས་གྲགས་དང་། གཡུ་རྔོག་བསམ་གཏན་རྒྱ་མཚོ། སྒོ་དམར་གྲུབ་ཆེན་བློ་བཟང་ཆོས་དར་སོགས་བློ་གསལ་རྣམ་པ་ལྔ་ལ་ཐོག་མར་བརྩི་བཞག་གནང་སྟེ་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན།འཆད་ཉན་གྱི་ཡིག་ཆ་དང་། འདོན་ཆོས་དབྱངས་རྟ། ཆོ་ག་ཕྱག་ལེན་སོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་ལྟར་བཙུགས། གྲྭ་ཚང་འདིར་རབ་ཏུ་འབྱུང་ངེས་ཀྱི་ལོ་གྲངས་མ་ལོན་པ་དང་། དགེ་བསྙེན། རབ་བྱུང་དགེ་ཚུལ་གྱི་སྡོམ་ཁྲིམས་མེད་པར་ཚོགས་གྲལ་དུ་ཞུགས་མི་ཆོག་པ་དང་། གྲྭ་བཙུན་ཚོགས་གྲལ་དུ་ཞུགས་པ་ནས་བཟུང་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡི་གེ་འབྲི་ཀློག་ནས་བཟུང་སྟེ་རིག་པའི་གནས་མཐའ་དག་དང་གཞུང་ཆེན་བཀའ་པོད་ལྔ། ཁྱད་པར་དུ་དབུ་ཕར་ལ་རྐང་བཙུགས་ནས་སློབ་གཉེར་བྱེད་པ་སོགས་ཀྱི་སྒྲིག་སྲོལ་གསར་དུ་བཙུགས།
     ཁོང་གིས་འཛིན་གྲྭ་སོ་སོར་དཔེ་ཁྲིད་གནང་བ་དང་། ཟང་ཟིང་གི་དངོས་པོ་གང་བྱུང་གྲྭ་ཚང་གི་མཐུན་རྐྱེན་དུ་སྦྱར་བ་མ་ཟད།སྤྱི་ལོ་1644ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་བཀའ་ལྟར་གྲྭ་ཚང་འདུ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད་པ་སོགས་ཆོས་སྲིད་གཉིས་ཀའི་ཐད་ནས་བདག་སྐྱོང་མཛད། དེ་ནས་བཟུང་གྲྭ་ཚང་རང་གི་གདན་ས་པ་དང་།བླ་མ་དགེ་བཤེས་རྣམས་ཀྱིས་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་ཁུར་གནང་བ་ལ་བརྟེན། གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པའི་འཛིན་གྲྭ་ནི། བསྡུས་ཆུང་དང་། བསྡུས་འབྲིང་། བསྡུས་ཆེན། རྣམ་འགྲེལ་ཞོལ་མ། ཕར་ཕྱིན་སྐབས་དང་པོ། སྐབས་གཉིས་པ།སྐབས་བཞི་པ།རྣམ་འགྲེལ་གོང་མ།དབུ་མ།མཛོད།འདུལ་བ་སྟེ་འཛིན་གྲྭ་བཅུ་གཅིག་བཙུགས་པ་དང་།འཛིན་གྲྭ་རེར་ལོ་གསུམ་རེ་དང་། འཛིན་གྲྭ་ཡོངས་སུ་སློབ་གཉེར་རྫོགས་པའི་བར་ལ་ལོ་ངོ་སུམ་ཅུ་ལྷག་འགྲོ་དགོས་པའི་འཆད་ཉན་བྱེད་པའི་སྲོལ་བཟང་བོ་གཏན་ཆགས་སུ་གྱུར། དེ་ཡང་མཚན་ཉིད་སློབ་གཉེར་གྱི་ཡིག་ཆ་ནི་སེ་ར་རྗེ་བཙུན་གྱི་ཡིག་ཆའི་སྟེང་ནས་སྦྱོང་བ་ཡིན། གདན་ས་པའི་ཐོག་མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ནས་བཟུང་ད་ལྟའི་བར་མཁན་རབས་བདུན་ཅུ་དོན་བརྒྱད་སོང་། དེ་ལྟར་མཁན་རབས་རིམ་བྱོན་དང་བླ་མ་དགེ་བཤེས་གཙོ་མཛད་པའི་དགེ་འདུན་པ་ཐུན་མོང་གིས་གྲྭ་ཚང་འདི་ལ་ཆོས་སྲིད་གཉིས་ཀའི་སྟེང་ནས་སྐུ་གཡོག་ཞབས་ཞུ་ལེགས་པར་བསྒྲུབས། གྲྭ་ཚང་འདིར་འདུ་ཁང་ཆེན་མོ་དང་། ས་འཛིན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་སྐུ་གདུང་ལྷ་ཁང་། དོན་ཡོད་ཞགས་པའི་ལྷ་ཁང་། ཇོ་ཁང་། སྟོང་སྐུའི་ལྷ་ཁང་། མགོན་ཁང་། པར་ཁང་། ནང་ཆེན་སུམ་ཅུ་ལྷག གྲྭ་ཤག་ཉིས་བརྒྱ་ལྷག་བཅས་ཡོད། བླ་སྤྲུལ་བཞི་ཅུ་ལྷག་དང་དགེ་འདུན་པ་ཆིག་སྟོང་ལྷག་བཞུགས་པ་མ་ཟད། དེའི་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པའང་མང་པོ་བཞུགས། སྤྱི་ལོ་1958ལོར་དུས་གཟིར་གྱི་དབང་གིས་འདུ་ཁང་དང་། པར་ཁང་། ནང་ཆེན་དང་གྲྭ་ཤག་རེ་ཟུང་བཅས་ཀྱི་ཁང་རོ་ཙམ་མ་གཏོགས་སྐུ་གསུང་ཐུགས་རྟེན་དང་གནའ་རྫས་སོགས་ཐམས་ཅད་རྨང་ནས་འཇིག་ཟིན།
     སྤྱི་ལོ་1980ལོར་སླར་ཡང་བསྟན་པ་ཡང་དར་དབུ་བརྙེས་པ་ནས་རིམ་གྱིས་གྲྭ་ཚང་ཐོས་བསམ་གླིང་གི་ཆོས་ཐོག་དང་ཆོས་གྲྭའི་རྩོད་པ་སོགས་སྔར་སྲོལ་ལྟར་བསྐྱར་འཛུགས་གནང་སྟེ་འཆད་ཉན་སྤེལ། དེ་ནས་རེབ་གོང་སྤྱིའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་རྒྱུ་ནོར་གྱི་ཞལ་འདེབས་དང་ངལ་རྩོལ་གྱི་རོགས་རམ། རྫོང་ཆུང་སྐུ་ཕྲེང་དྲུག་པ་རྗེ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས། ཁྱད་པར་དུ་གྲྭ་སའི་དགེ་སློང་རྒན་པ་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས། རིག་གསར་སྐབས་ཉམས་རྒུད་ཏུ་སོང་བའི་འདུ་ཁང་ཞིག་གསོ་དང་། ནང་རྟེན་རྙིང་བ་སླར་བསྡུ་དང་མེད་པ་བསྐྱར་བཞེངས་ཀྱི་ལས་འགོ་བརྩམས་ཏེ་སྤྱི་ལོ་1985ལོར་འདུ་ཁང་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་།ལོ་དེའི་ལྷ་བབས་དུས་ཆེན་ཉིན་ཆོས་སྟོན་དང་འབྲེལ་ཆོས་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེས་ཏེ་སྔར་སྲོལ་ལྟར་ཆོ་ག་ཕྱག་ལེན་ཚུལ་བཞིན་བསྐྱངས།
      དེ་ནས་བཟུང་རིམ་བཞིན་སྔར་སྲོལ་ལྟར་གཞི་གསུམ་གྱི་ཕྱག་ལེན་གཙོས་ཆོས་ཐོག་དང་ཆོས་གྲྭའི་རྩོད་པ་རྣམས་གཏན་ཆགས་སུ་གྱུར་བ་མ་ཟད། རྟེན་བཞེངས་ཀྱི་སྐོར་མང་པོའང་ལེགས་གྲུབ་བྱུང་བ་དང་། བླ་སྤྲུལ་དང་དགེ་འདུན་པ་ཡང་མང་པོ་བཞུགས། ཁྱད་པར་དུ་འཇིག་རྟེན་ན་རིན་ཐང་བྲལ་བའི་རྟེན་རྙིང་བྱིན་ཅན་མང་པོ་བཞུགས་ཡོད་པ་ནི་རེབ་གོང་མང་ཚོགས་སྤྱི་དང་། བླ་སྤྲུལ་ཁག་དང་དགེ་སློང་རྒན་པ་རྣམས་ཀྱིས་སྔ་གཞུག་ཏུ་སྲུང་སྐྱོབ་དང་བདག་གཉེར་བྱས་པའི་སྐུ་དྲིན་ཡིན་ནོ།། ད་ལྟ་གྲྭ་ཚང་འདིར་འདུ་ཁང་ཆེན་མོ་དང་། ས་འཛིན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། ཆོས་པ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་། ལྷ་ཁང་སོ་མ།འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། དོན་ཡོད་ཞགས་པའི་ལྷ་ཁང་། དཔལ་ལྡན་ལྷ་མོའི་མགོན་ཁང་། པར་ཁང་། ནང་ཆེན་ཉི་ཤུ་ལྷག གྲྭ་ཤག་བརྒྱ་དང་ལྔ་བཅུ་ཙམ། བླ་སྤྲུལ་བཅོ་ལྔ་ལྷག་དང་དགེ་འདུན་པ་སུམ་བརྒྱ་ཡས་མས་བཅས་བཞུགས། གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པའི་ལྷ་རམས་པ་དང་། རབ་འབྱམས་པ་སོགས་དགེ་བཤེས་གསར་བ་ཉི་ཤུ་ལྷག་དང་དབེན་གནས་མང་པོ་འགྲིམས་པའི་སྒོམ་པ་བ་ཡང་འགའ་རེ་ཡོད། གྲྭ་ཚང་ཁྲི་རབས་དང་པོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ནས་རོང་རྒན་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོ་བར་མཁན་རབས་དོན་བརྒྱད་སོང་ཡོད།
      གྲྭ་ཚང་འདུ་ཁང་ཆེན་མོའི་རྟེན་བཞེངས་ཀྱི་སྐོར་ནི། གྲྭ་ཚང་འདུ་ཁང་ཆེན་མོ་ནི་ཐོག་མར་གྲུབ་ཆེན་ཆོས་པ་རིན་པོ་ཆེས་བདག་རྐྱེན་གནང་སྟེ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་གསར་བཞེངས་མཛད། སྤྱི་ལོ་1740ལོར་རྒྱལ་མཁན་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཉི་མ་གྲྭ་ཚང་གསེར་ཁྲིར་བཞུགས་ནས་ལོ་ངོ་བཅུ་གསུམ་རིང་ལ་ཆོས་སྲིད་གཉིས་ཀྱི་སྐྱོང་ཁུར་མཛད་སྐབས་གྲྭ་ཚང་འདུ་ཁང་དང་། བཀའ་བསྟན་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ལི་སྐུ་གཙོ་བྱས་པའི་སྐུ་གསུང་ཐུགས་རྟེན་མང་པོ་གསར་དུ་བཞེངས། སྤྱི་ལོ་1897ལོར་ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་གཞི་རྒྱ་ཇེ་ཆེ་དང་རྣམ་པ་ཇེ་ལེགས་སུ་བཏང་སྟེ་ད་ལྟའི་འདུ་ཁང་གྱན་བརྒྱ་དང་རེ་གཉིས་ཅན་འདི་ཉིད་གསར་བཞེངས་མཛད།སྤྱི་ལོ་1983ལོར་གྲྭ་ཚང་རང་གིས་དེ་སྔ་རིག་གསར་སྐབས་ཞིག་རལ་དུ་སོང་བའི་འདུ་ཁང་ལ་ཞིག་གསོ་དང་། ནང་རྟེན་རྙིང་བ་སླར་བསྡུ་དང་མེད་པ་བསྐྱར་བཞེངས་བྱས་ཏེ་ལེགས་གྲུབ་བྱུང་། སྤྱི་ལོ་2001ལོར་རྒྱལ་ཁབ་ཀྱིས་ཞིག་གསོ་རྒྱ་ཆེར་བྱས་པ་སོགས་གཞུང་སྒེར་ཐུན་མོང་གི་སྟོབས་ཤུགས་ལས་ད་ལྟའི་རྣམ་པ་འདི་གྲུབ།
      ནང་རྟེན་གྱི་སྐོར་ལ།གྲལ་དབུས་སུ།རྗེ་ཡབ་སྲས་གསུམ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་གྱན་ཐང་དང་། གཡས་གཡོན་དུ་གསང་བདག་འཁོར་ཆེན་དང་རྟ་མགྲིན་ལྕགས་རལ་གཉིས་ཀྱི་ཐང་གམདུན་དུ་གསེར་ཁྲི་རིམ་བྱོན་གྱི་བཞུགས་ཁྲི་དང་། རྗེ་ཡབ་སྲས་གསུམ་གྱི་སྨན་སྐུ་མི་ཚད་ཅན་དང་། སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་འདྲ་ཆུང་བ།མཐའ་བསྐོར་གྱི་ཀུན་དགའ་ར་བའི་ནང་དུ་བཀའ་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།སྟོན་པ་གཙོ་འཁོར་གསུམ་གྱི་སྨན་སྐུ་མི་ཚད་ཅན་དང་། བསྟན་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་མང་དུ་བཞུགས། དྲི་གཙང་ཁང་དུ།རྟེན་གཙོར། སྐུ་རྒྱུ་ཤིང་ལས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་མཐོ་ཚད་ལ་སྤྱི་ཁྲི་བརྒྱད་ཅན་དང་།མཐའ་བསྐོར་གྱི་ཀུན་དགའ་ར་བའི་ནང་དུ་གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་སྟོང་སྐུ་ཁྲི་གང་ཅན། སྨན་འདམ་ལས་བཞེངས་པའི་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་འདྲ་མི་ཚད་ལྷག་ཅན་བཅས་བཞུགས། ཟུར་གྱི་མགོན་ཁང་ནང་དུ། འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། གུར་ལྷ་བརྒྱད། དཔལ་ལྡན་ལྷ་མོ་བཅས་ཀྱི་གྱན་ཐང་དང་། གུར་ལྷ་མོ་སོགས་ཀྱི་གསེར་སྐུ་དང་སྨན་སྐུ་བྱིན་ཅན་མང་པོ་བཞུགས། རྟེན་རྙིང་གི་སྐོར་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་གནང་བར་གྲགས་པས་གསེར་མགོན་(རྡོ་རྗེ་གུར)དང་། ཡང་ཏཱ་མིང་གོང་མ་ཟོན་ཏེ་ཡིས་གནང་བའི་ཐུབ་དབང་གི་གསེར་སྐུ་གསོ་སྦྱོང་སྟོན་པ། སྤྱི་ལོ་1983ལོར་ལྷ་ས་དགའ་ལྡན་དགོན་པའི་རྟེན་ཁྲོད་ནས་གདན་དྲངས་ཤིང་། རྒྱུ་རྡོ་གཡའ་མ་ལས་གྲུབ་པའི་གུར་མགོན་འཁོར་བཅས་དང་། སྐུའི་རྒྱབ་ངོས་སུ་ལཉྫས་བྲིས་པའི་རྟེན་འབྲེལ་སྙིང་བོ་ཡོད་པའི་རྡོ་སྐུ་ངོ་མཚར་ཅན། མཚན་སྒྲོགས་སྤྲུལ་སྐུ་ངག་དབང་འཇམ་དཔལ་བསྟན་པ་རབ་རྒྱས་ལ་ཆིན་རྒྱལ་རབས་ཀྱི་གོང་མ་ཞིག་གིས་གནང་བའི་རྗེ་སྐུ་ཐགས་དྲུབས་མ། སྐྱབས་འགྲོའི་ཚོགས་ཞིང་། བླ་མཆོད་ཚོགས་ཞིང་བཞེངས་སྟངས་མི་འདྲ་བ་གཉིས། སྒོ་དམར་ལྷ་བཟོ་བློ་གྲོས་ཀྱིས་བཞེངས་པར་གྲགས་པའི་མཁའ་སྤྱོད་མའི་ཞིང་བཀོད་དང་། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བཅས་ཀྱི་ཐང་རྙིང་། སྤྱི་ལོ་2006ལོའི་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཨ་ལགས་འཇིགས་མེད་ཚང་དང་། རོང་བོ་དགོན་ཆེན་གྱི་ཚོགས་ཆེན་དབུ་མཛད་ཟུར་བ་ས་སྐོར་དགེ་འདུན་དོན་གྲུབ་རྣམ་གཉིས་ཀྱིས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་རོང་བོ་དགོན་ཆེན་གདན་ས་གསུམ་ལ་རྟེན་སྐལ་ཞུས་པ་ལྟར། ཁོང་གིས་སྟོན་པ་ཤཱཀྱ་ཐུབ་པ་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཉིས་ཀྱི་སྐུ་འདྲ་ཁྲི་གང་ཅན།འཇམ་དབྱངས་དང་།སྒྲོལ་མ།སྟོན་པ་གསུམ་གྱི་སྐུ་འདྲ་ཐོ་གང་ཅན་བཅས་གནང་པ་སོགས་གནའ་དེང་གི་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བཞུགས། བཀྲ་ཤིས་སྒོ་མང་ནང་དུ། སྟོན་པ་དང་། རྗེ་ཙོང་ཁ་པ། སྒྲོལ་ལྗང་། འཇམ་དབྱངས། ཇོ་སྐུ་བཅས་ཀྱི་སྨན་སྐུ་མི་ཚད་ཅན་དང་། མཐའ་བསྐོར་གྱི་ཀུན་དགའ་ར་བའི་ནང་དུ་རྒྱན་དྲུག་མཆོག་གཉིས་དང་། ལམ་རིམ་བླ་བརྒྱུད།གཞན་བླ་སྤྲུལ་སྣ་ཚོགས་བཅས་ཀྱི་སྨན་སྐུ་ཆུང་བ། བཀའ་བསྟན་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་སོགས་ཆོས་དཔེ་མང་པོ་བཞུགས།འ དུ་ཁང་སྒོ་འཕྱོར་དུ།རྐ་སར་ལྷ་རིས་པ་ཀུན་བཟང་གིས་སྤྱི་ལོ་1983ལོར་བཞེངས་པའི་རྒྱལ་ཆེན་བཞི་དང་།ག ཞན་སྲིད་པའི་འཁོར་ལོ། བསྟན་མ་བཅུ་གཉིས།རྨ ་ཆེན་སྦོམ་ར། ཨ་མྱེས་བྱ་ཁྱུང་བཅས་ཀྱི་གྱན་ཐང་བཞུགས།
       གྲྭ་ཚང་གི་ཆོས་ཐོག་སྐོར་ལ། བོད་ཟླ་དང་བོའི་ཚེས་བཅུ་ནས་བོད་ཟླ་གཉིས་པའི་ཚེས་དགུ་བར་དཔྱིད་ཆོས་དང་། བོད་ཟླ་དང་བོའི་ཚེས་ཉེར་དྲུག་ཉིན་ལས་སྣེ་གསར་བཞེངས། ཟླ་གཉིས་པའི་ཚེས་བཅོ་ལྔ་ནས་ཟླ་གསུམ་པའི་ཚེས་ཉེར་ལྔ་བར་རྒྱུན་ཇ་དང་། དེའི་སྟེང་ལྷ་ཁང་སོ་སོར་ཁྲུས་གསོལ་ཡོད། ཁྱད་པར་དུ་འཛིན་གྲྭ་གཏུགས་དང་།སྐོ ར་ཚོགས་ཡོད་པར་མ་ཟད། ཆོས་གྲྭའི་རྩོད་པ་ཡུན་རིང་ལ་སྒྲིག་ལམ་ཧ་ཅང་དམ།ཟླ ་བཞི་བའི་ཚེས་གཅིག་ནས་གནམ་གང་ཡོད་མེད་ཀྱི་ཁྱད་པར་གྱིས་གནམ་གང་དང་ཡང་ན་ཟླ་ལྔ་བའི་ཚེས་གཅིག་བར་དབྱར་ཆོས་ཡིན་པ་དང་། དེའི་ནང་གི་ཚེས་བཅུ་གཅིག་ནས་བཅོ་ལྔ་བར་དབྱར་ཆོས་དམ་བཅའ་ཆེན་མོ་ཡིན། ཚེས་ཉེར་གཅིག་ནས་ཉེར་ལྔ་བར་འཛིན་གྲྭ་སོ་སོའི་ཚོགས་གླེང་ཡིན། ཟླ་དྲུག་པའི་ཚེས་བཞི་ཉིན་རྒྱན་འཇུགཚེས་བཅོ་ལྔ་ནས་ཟླ་བདུན་པའི་ཚེས་ཉེར་བཞི་ཉེར་ལྔ་གང་རུང་ནས་དབྱར་གནས་ཆོས་ཐོག་དང་།ད བྱར་གནས་དངོས་ཀྱི་དུས་ཡུན་ནི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བརྒྱད་པའི་ཚེས་གཅིག་བར་ཡིན། དེའི་སྟེང་ཚོགས་གླེང་དང་།ཆོས་གྲྭའི་སྐོར་ཚོགས་བཅས་ཡོད། ཟླ་དགུ་བའི་ཚེས་བཅུ་གསུམ་ནས་ཚེས་ཉེར་གསུམ་བར་སྟོན་ཆོས་ཏེ། དེ་ནི་སྤེན་དཀར་ཐང་དགོན་པའི་ནང་ཚོགས་དགོས། དེའི་སྟེང་དད་ལྡན་སྦྱིན་བདག་རྣམས་ཀྱི་རེ་འདོད་ལྟར་སྨན་ཆོག་གི་ལྷོ་སྒོའི་དབང་ཆོག་ཡོད་པ་དང་།ཕྱོགས་བཞིར་ཆ་གཏོར་འབུལ་སྲོལ་ཡོད།ཟླ་བཅུ་བའི་ཚེས་ཉེར་བཞི་ནས་གནམ་གང་ཡོད་ན་ཟླ་བཅུ་གཅིག་གི་ཚེས་ཉེར་གསུམ་དང་མེད་ན་ཉེར་བཞི་བར་དགུན་ཆོས་ཡིན་པ་དང་།སྐབས་དེར་དགུན་ཆོས་དམ་བཅའ་ཆེན་མོ་ཡོད།སྟོན་ཆོས་མ་གཏོགས་པའི་ཆོས་ཐོག་རྣམས་སུ་ཆོས་སྤྱོད་དང་། རྒྱན་འཇུག བསྐང་གསོལ། གཤེགས་གཏོར་བཅས་ཡོད་པར་མ་ཟད། དེ་དག་ཆོས་ཐོག་ནམ་ཡོད་སྐབས་ཆག་མེད་ཡིན། གཞན་དུས་རྒྱུན་གྱི་ཕྱི་དྲོའི་ཆོས་གྲྭའི་རྩོད་པ་དང་། ཡར་ངོ་ནམ་ཡིན་གྱི་ཕྱི་དྲོའི་སྐྱོར་སྦྱངས་ཆག་མེད། ནམ་ཟླ་དང་བསྟུན་ཏེ་ཁང་བའི་ཁྱམས་དང་ཁང་ཐོག་རྣམས་སུ་མཚན་མོའི་སྐྱོར་སྦྱངས་བྱེད་ཚུལ་དུས་བཅད་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་དང་དེ་མེད་ན་གནམ་གང་གི་ཕྱི་དྲོའི་ཆུ་ཚོད་དྲུག་ཙམ་ནས་ལོ་གསར་བའི་ཚེས་གཅིག་ཉིན་གྱི་ཉི་མ་རྩེ་ཤར་བར་ལྷ་མོའི་ཚེ་གཏོར་འབུལ་བ་ཡིན།དེ་ནི་གྲྭ་ཚང་སྲིད་གསུམ་རྣམ་པར་རྒྱལ་བའི་མཆོད་སྤྲིན་ཁང་ངམ་ལྷ་མོའི་མགོན་ཁང་དུ་གྲྭ་ཚང་བྱིངས་འདྲེན་གཙོས་མཆོད་དབྱངས་པ་དང་རོལ་མོ་པ་རྣམས་ཚོགས་དགོས་ལ།དེའི་སྟེང་གི་འདོན་ཆོས་དབྱངས་རྟ་དང་། ཆོ་ག་ཕྱག་ལེན་ཚང་མ་ལྷ་སའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་སྲོལ་ཇི་ལྟ་བ་བཞིན་ཡིན།
       གྲྭ་ཚང་གི་ཆོས་ཐོག་གང་ཡིན་སྐབས་ཀྱི་འདོན་ཆོས་གཙོ་བོ་ནི། ཆོས་སྤྱོད་སྣ་ཚོགས།རྒྱ ན་འཇུག གུར་ཆོག རྟ་མགྲིན་ལྕགས་རལ། མགོན་ཆོས་ལྔའི་བསྐང་བཤགས། མདོ་གདུགས་སྒྲོལ་གསུམ་སོགས་ཡིན། ཟླ་རེའི་ཡར་ངོ་མར་ངོའི་གསོ་སྦྱོང་དང་བཅས་ལོ་གཅིག་གི་ཆོས་ཐོག་ཡོངས་སུ་མཇུག་རྫོགས།བཅའ་ཡིག་ལ།ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་མཛད་པའི་དབྱར་གནས་བཅའ་ཡིག་དང་།མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི་བཞི་བའི་བཅའ་ཡིག་གཉིས་ཡོད།སྤྱི་ལོ་2006ལོར་ཤར་སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཀྱི་གྲྭ་ཚང་རྒན་མང་གིས་གྲྭ་ཚང་འདུ་ཁང་ནང་དང་། དགེ་འདུན་མང་དཀྱུས་གཅིག་ཏུ་ཚོགས་པའི་གནས་གང་ཡིན་སྐབས་སུ་དམར་ཟས་བཞེས་མི་ཆོག་པ་དང་། ཁྱད་པར་དུ་སློབ་གཉེར་འཛིན་སྐྱོང་ཚོགས་པ་གསར་འཛུགས་གནང་སྟེ་ཚོགས་ཆོས་གྲྭའི་སྒྲིག་སྲོལ་ཉུང་ཤས་རྣམས་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་ལེགས་བཅོས་དང་རྣམ་པ་འཐུས་ཚང་དུ་བཏང་ནས་སྒྲིག་སྲོལ་གསར་བ་གཏན་འཁེལ་བྱས་ཡོད།
      མཚན་ཉིད་གྲྭ་ཚང་གི་མདོ་སྔགས་ཀྱི་གཞུང་ལ་འཆད་ཉན་གནང་ཚུལ་ནི།ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་རྗེས་དམ་པའི་ཆོས་ཀྱི་མགོ་སྐྱབས་འགྲོ་ནས་བཟུང་། རྒྱུགས་བརྩི་བཞག་འགྲིག་ལམ་ཀུན་སྤྱོད་སོགས་བཅའ་ཡིག་ཆེན་མོའི་དགོངས་པ་དང་ཟུར་ཙམ་ཡང་མི་འགལ་བ་གཞིར་བྱས་ནས། གཞུང་ཆེན་བཀའ་པོད་ལྔ་ལ་འཆད་རྩོད་རྩོམ་གསུམ་གང་བྱས་མཐའ་དག་རང་རྒྱུད་ལ་འཁྱེར་ཐུབ་པ་ཞིག་བྱ་དགོས་པ་སོགས་ཀྱི་སྒྲིག་སྲོལ་གསར་འཛུགས་གནང་། གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པའི་འཛིན་གྲྭ་བསྡུས་ཆུང་ནས་འདུལ་བའི་བར་འཛིན་གྲྭ་བཅུ་གཅིག་ཡོད་པ་དང་།འཆད་ཉན་གྱི་ཡིག་ཆའི་གཞི་འཛིན་ས་གཙོ་བོ་ནི་རྗེ་ཡབ་སྲས་ཀྱི་ལེགས་བཤད་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ།རྗེ་དེ་ཉིད་ཀྱི་བུ་སློབ་ཆེན་པོ་ལྔ་སོགས་ཀྱིས་མཛད་པའི་ཡིག་ཆའི་རྣམ་བཤད།མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི་བསྡུས་གཞུང་ལུང་རིགས་ཉི་མ་རྣམས་ཡིན། འཛིན་གྲྭ་སོ་སོས་གྲྭ་ཚང་རང་གི་བརྩི་བཞག་རྩོད་གཞུང་གཙོ་བོར་བཟུང་སྟེ་འཆད་ཉན་གནང་སྲོལ་ནི།
      འདུལ་བ་འཛིན་གྲྭས། པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི་འདུལ་བ་བདེ་ལེགས་ཉི་མ་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། མཛོད་པ་འཛིན་གྲྭས།མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཆིམས་མཛོད་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། དབུ་མ་འཛིན་གྲྭས། རྗེ་བཙུན་ཆོས་རྒྱལ་མཚན་གྱིས་མཛད་པའི་དབུ་མའི་སྤྱི་དོན་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། རྣམ་འགྲེལ་གོང་མ་འཛིན་གྲྭས།རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བློ་གསལ་མགུལ་རྒྱན་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས།ཕར་ཕྱིན་སྐབས་བཞི་པ་འཛིན་གྲྭས། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྤྱི་དོན་རོལ་མཚོ་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། སྐབས་གཉིས་པ་འཛིན་གྲྭས། སྤྱི་དོན་རོལ་མཚོ་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། སྐབས་དང་པོ་འཛིན་གྲྭས། སྤྱི་དོན་རོལ་མཚོ་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས།
      རྣམ་འགྲེལ་ཞོལ་མ་འཛིན་གྲྭས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་བླ་ཐོག་བཅོ་བརྒྱད་པ་བློ་བཟང་བསྟན་པས་མཛད་པའི་བྱང་རྩེ་གྲྭ་ཚང་གི་བརྩི་བཞག་ཏུ་གནང་བའི་རྟགས་རིགས་བརྗོད་དོན་གསལ་བའི་མེ་ལོང་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། བསྡུས་ཆེན་འཛིན་གྲྭས། མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་ལེགས་བཤད་གྲངས་མེད་སྐལ་བཟང་གི་བློ་གྲོས་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་མ་དང་། དགེ་བའི་བཤེས་གཉེན་དགེ་འདུན་བསྟན་འཛིན་གྱིས་མཛད་པའི་བསྡུས་གཞུང་ལུང་རིགས་ཉི་མའི་ཟུར་བཀོལ་གཉིས་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། བསྡུས་འབྲིང་འཛིན་གྲྭས།བསྡུས་གྲྭའི་ལེགས་བཤད་གྲངས་མེད་སྐལ་བཟང་གི་བློ་གྲོས་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་མ་དང་།བསྡུས་གཞུང་ལུང་རིགས་ཉི་མའི་ཟུར་བཀོལ་གཉིས་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས། བསྡུས་ཆུང་འཛིན་གྲྭས།བསྡུས་གྲྭའི་ལེགས་བཤད་གྲངས་མེད་སྐལ་བཟང་གི་བློ་གྲོས་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་མ་དང་། བསྡུས་གཞུང་ལུང་རིགས་ཉི་མའི་ཟུར་བཀོལ་གཉིས་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གང་དྲག་གནང་དགོས་པ་ལགས་སོ།།
      དེ་ལྟར་གོང་གསལ་གྱི་གཞུང་རྣམས་བརྩི་བཞག་ཏུ་བཟུང་ནས་འཆད་ཉན་གནང་དགོས་པར་མ་ཟད། དེ་དག་གི་ཟུར་དུ་འཛིན་གྲྭ་རང་རང་གི་རྩོད་གཞུང་དང་མཐུན་པར་རྗེ་ཡབ་སྲས་གསུམ་གཙོ་མཛད་པའི་རྒྱ་བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་ལེགས་བཤད་ལའང་འཆད་ཉན་གང་དྲག་གནང་དགོས། གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་རིམ་ཆེན་མོ། རྒྱུད་སྡེ་སྤྱི་རྣམ་སོགས་ཀྱིས་མཚོན་པའི་མདོ་སྔགས་ཀྱི་གཞུང་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་རྗེས། སྔོན་མ་ལྟར་ན་དབེན་གནས་བཀྲ་ཤིས་འཁྱིལ་དུ་གདན་ཐོག་གཅིག་གི་སྟེང་ནས་སྒོམ་སྒྲུབ་ལ་གཅིག་ཏུ་གཞོལ་བར་ཕེབས་པའི་ཕྱག་སྲོལ་ཡོད་མོད། དེང་སྐབས་རེ་ཟུང་ལས་མེད།
      དུས་སྐབས་འདིར་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་དགེ་འདུན་བསྟན་འཛིན་དང་། ཚལ་དགེ་འདུན་དར་རྒྱས།འཇའ་མོའི་དགེ་འདུན་ཆོས་འཕེལ་གཙོས་ཐོས་བསམ་གླིང་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་འདོན་ཆོས་སྤྱོད་དང་།ཆོ་ག་ཕྱག་ལེན། ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔའི་ཁྲིད་རྒྱུན་སོགས་སླར་གསོ་གནང་སྟེ་སྔར་སྲོལ་ལྟར་ཚོགས་ཆོས་གྲྭའི་རྩོད་པ་རྒྱུན་འཁྱོངས་བྱས་པ་མ་ཟད། འཛིན་གྲྭ་སོ་སོར་རང་རང་གི་སྐབས་བབས་ཀྱི་བརྩི་བཞག་དཔེ་ཁྲིད་གནང་བ་དང་། ད་དུང་ལྷ་ས་དགའ་ལྡན་དགོན་པའི་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་འཛིན་མཆོག་གདན་དྲངས་ནས།རྗེ་བཙུན་ཕར་ཕྱིན་མཐའ་དཔྱོད་དང་སྔགས་ས་ལམ།རྒྱུད་སྡེ་སྤྱི་རྣམ་སོགས་ཀྱིས་མཚོན་པའི་མདོ་སྔགས་ཀྱི་དཔེ་ཁྲིད་གནང་། ད་ལྟ་གྲྭ་ཚང་འདིར་འཛིན་གྲྭ་བཅུ་གཅིག་ཡོད་པ་དང་། དེའི་ནང་རྒྱ་གར་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པའི་ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་དང་། དེ་མིན་པའི་དགེ་བཤེས་ཉི་ཤུ་ལྷག་བཞུགས། གཞན་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། གཡེར་གཤོང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་འཇམ་དབྱངས་དགེ་འདུན་རྒྱ་མཚོ། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་རྣམས་ཀྱིས་སྔ་ཕྱིར་ཐེངས་མང་པོར་དབང་ལུང་རྗེས་གནང་དང་། ཁྲིད་བཤད་མན་ངག་སོགས་ཀྱི་ཆོས་རྒྱུན་མང་པོ་གནང་མྱོང་བ་དང་། ད་ལྟའང་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་སྔོན་ནས་ད་ལྟའི་བར་དབྱར་ཁའི་དུས་ཚོད་ཀྱི་གོ་སྐབས་བེད་སྤྱད་དེ་རོང་བོ་དགོན་ཆེན་དུ་ཕེབས་ནས། གདན་ས་གསུམ་གྱི་གྲྭ་ཚང་རེ་རེར་མདོ་སྔགས་གཉིས་ཀྱི་དབང་ལུང་རྗེས་གནང་སོགས་ཀྱི་བཀའ་ཆོས་མང་དུ་གསུངས། རྩོད་པ་གནང་སྐབས་སུ་བསམ་པའི་ཁྱེར་སོ་དང་།ངག་གི་སྙན་ཆ།ལུས་ཀྱི་ཉམས་འགྱུར་སོགས་ཚད་མའི་གཞུང་ལས་འབྱུང་བ་ལྟར་ཕྱག་ལེན་དུ་གནང་དགོས། ད་ལྟ་གྲྭ་ཚང་འདིར་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་དང་།འགྲེལ་བ་དོན་གསལ།དྲང་ངེས་ལེགས་བཤད་སྙིང་བོ།བྱང་ཆུབ་ལམ་རིམ་ཆེན་མོ།ལམ་རིམ་ཚིགས་བཅད་མ།སྤྱོད་འཇུག་ཆེན་མོ་སོགས་ཀྱིས་མཚོན་པའི་གཞུང་ཆེན་མོ་བློ་འཛིན་གནང་མཁན་གྱི་དགེ་འདུན་པ་དུས་རྒྱུན་ཉི་ཤུ་ལྷག་དང་། འཇིགས་བྱེད་བསྙེན་ཆེན་གཏོང་མཁན་ལོ་རེ་གཉིས་གསུམ་ཙམ་དང་། དགུན་ཆོས་གྲོལ་རྗེས་སུ་འཇིགས་བྱེད་གཙོས་ཡི་དམ་སྣ་ཚོགས་ཀྱི་བསྙེན་ཆུང་གཏོང་མཁན་ལོ་རེ་བཅུ་ཕྲག་ཙམ་དང་། དཔེ་ཆ་བསྐྱར་ཀློག་དང་འཛིན་སྐྱོར་སྦྱང་གནང་མཁན་གྱི་མཚམས་པ་ལྔ་བཅུ་ལྷག་ཡོད། ཆོས་ཐོག་ཐེབས་རྩ་ལ།གྲྭ་ཚང་ཐོས་བསམ་གླིང་ལ་དུས་བཞིའི་ཆོས་ཐོག་ཆེན་པོ་བཞི་དང་། དབྱར་གནས། རྒྱུན་ཇ། གསུམ་པའི་བཅོ་ལྔའི་རྗེ་སྟོང་མཆོད། དྲུག་པའི་ཚེས་བཞིའི་རྒྱན་འཇུགརྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དུས་མཆོད་སོགས་ཀྱི་ཚོགས་ཡོད།ཆོས་ཐོག་དེ་དག་བསྒྲུབ་ཕྱིར་གྲྭ་ཚང་རང་གིས་བོད་སྨན་ཁང་དང་། བསང་རྫས་བཟོ་གྲྭ། རིག་གནས་ཁྲོམ་ར། ཚོང་ཁང་། སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ཁེ་ལས་སྣ་ཚོགས་སྒྲུབ་པའི་སྤྱིའི་ཡོང་སྒོ་དང་། ལྷ་ཁང་སོ་སོའི་ཡོང་སྒོ། ཤར་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་མཆོག་གཙོ་མཛད་པའི་བླ་སྤྲུལ་ཁག་དང་། དགེ་བཤེས་རྣམ་པ། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕུལ་བའི་སྒོར་མོ་ད་ལྟ་ཁྲི་བརྒྱ་ཕྲག་ལྷག་ཡོད་ལ། མ་དངུལ་དེ་དག་ལ་བརྟེན་ནས་དུས་བཞི་ཆོས་ཐོག་གཙོ་བྱས་པའི་ཚོགས་ནམ་ཡོད་ཀྱི་འཚོ་བའི་ཕྱོགས་ལ་ཆ་རྐྱེན་བསྐྲུན་བཞིན་ཡོད།

      གསུམ་པ། རྒྱུད་པ་གྲྭ་ཚང་གསང་ཆེན་ཆོས་ཀྱི་བང་མཛོད་གླིང་བཏབ་ཚུལ།
      རྒྱུད་པ་གྲྭ་ཚང་གསང་ཆེན་ཆོས་ཀྱི་བང་མཛོད་གླིང་ནི།སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་གསར་དུ་བཏབ། ཁོང་ནི་སྤྱི་ལོ་1678ལོར་རྩེ་ཁོག་རོང་བོ་སྡེ་བར་ཡབ་ཆོས་སྐྱོང་བྱ་བའི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་བ་སོ་རྗེ་དྲུང་དཀོན་མཆོག་ཉི་མའི་མདུན་ནས་རབ་ཏུ་བྱུང་སྟེ་མཚན་ལ་ངག་དབང་འཕྲིན་ལས་རྒྱ་མཚོར་གསོལ།རྗེ་ཚུལ་ཁྲིམས་བཀྲ་ཤིས་དང་། མ་ཎི་བ་ཤེས་རབ་བཀྲ་ཤིས་གཉིས་བླ་མར་བསྟེན་ཏེ་དབང་ལུང་ཁྲིད་གསུམ་དང་། རྗེ་གོང་མའི་སྙན་བརྒྱུད་ཀྱི་གདམས་ངག་སོགས་གསན། གྲྭ་ཚང་ཐོས་བསམ་གླིང་དུ་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས། མཁན་ཆེན་དགེ་འདུན་རྒྱ་མཚོ་དང་རྗེ་འདི་གཉིས་ཀྱིས་ཚོགས་ལངས་ཐེངས་མང་གནང་བས་ལེགས་བཤད་ཀྱིས་མཁས་པའི་ཡིད་འཕྲོགདགུང་ལོ་ཉི་ཤུ་ལ་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བཞེས།ད གུང་ལོ་ཉེར་གསུམ་པར་ཀུན་མཁྱེན་བླ་མ་སྒོ་མང་མཁན་པོར་ཕེབས་པའི་དྲུང་དུ་དབོན་ཆུང་བསྟན་འཛིན་དར་རྒྱས་རྣམ་གཉིས་ནས་མཛོད་གོས་ཁྱད་འཕགས་ཀྱི་བླ་བྲ་སོགས་དངོས་པོ་སྤུས་གཙང་དུ་མ་དང་བཅས་འཇམ་དབྱངས་དཀར་བོ་དང་དབྱངས་ཅན་མ་དཀར་མོ་གཉིས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་རྩོམ་བསྐུལ་ཞུས་པར་ཀུན་མཁྱེན་མཆོག་ནས་དཀའ་བཅུ་རིན་པོ་ཆེ་ངའི་བླ་མ་ཡིན་གསུངས་ནས་བསྙེན་བཀུར་གནང་། དགུང་ལོ་ཉེར་ལྔ་བར་རྒྱལ་དབང་སྐུ་ཕྲེང་དྲུག་པས་དགའ་ལྡན་ཨ་ཆི་ཐུ་ཨེར་ཏེ་ནི་ནོ་མོན་ཧན་གྱི་ཆོ་ལོ་དང་ཐམ་ག གདུགས་རྟ་དར་སོགས་གནང་སྟེ་ཆེན་པོར་འོས་པའི་གཟེངས་བསྟོད་དང་། དེ་མཐུན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་བཀའ་ཤོག་གཟེངས་བསྟོད་གཞུང་སོ་སོ་ནས་ཕེབས་རྫོངས་ཀྱི་བདོག་པ་ཕུལ་བ་བཞེས་ཏེ་ཕྱིར་རང་དགོན་གྱི་གདན་སར་འབྱོར། སྔགས་འཆང་འཇམ་དབྱངས་བློ་གྲོས་ལས་ཟབ་མོའི་གདམས་པ་མང་པོ་དང་། དགུང་ལོ་སུམ་ཅུ་བར་ཡོངས་འཛིན་དམ་པ་རྗེ་ཤེས་རབ་བཀྲ་ཤིས་ཀྱི་སྤྱན་སྔར་རྡོ་རྗེ་ཕྲེང་བའི་དབང་གསན་སྐབས་ཡོངས་འཛིན་ཆེན་མོ་དཀྱིལ་འཁོར་སོ་སོའི་གཙོ་བོར་དངོས་སུ་གཟིགས་ནས་ཐུགས་དད་འཁྲུངས། ཆིང་ཧོ་ཤུ་ཆི་ཆོས་རྒྱལ་ཚེ་དབང་བསྟན་འཛིན་དང་། རྒྱལ་སྲས་ལྷ་སྐྱབས་མར་རྒན་དའི་ཆིང་སོགས་ཀྱི་དབུ་བླར་ཕེབས་སྐབས་ཡོངས་འཛིན་རིན་པོ་ཆེ་ཡང་རྒྱལ་པོས་ཞུས་པ་ལྟར་རྩེ་འབའ་མང་གསུམ་གྱི་དབུས་སུ་ཕེབས་ཏེ་དབུ་ཞྭ་རྗེ་འདི་ཉིད་ལ་ཕུལ་ནས་བསྟན་པའི་ཁུར་ཐམས་ཅད་ཕོགདགུང་ལོ་སོ་དགུ་བར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དགུང་ལོ་བརྒྱད་དུ་ཕེབས་པ་དང་མཇལ་ཏེ་སྤྱན་རས་གཟིགས་ཀྱི་རྗེས་གནང་གསན། ཁོང་གི་ཐུགས་བཀོད་ལྟར་སྦྱིན་བདག་ཨརྒེར་ནས་གསེར་བྲིས་ཀྱི་བཀའ་འགྱུར་བཞེངས། དགུང་ལོ་ང་གསུམ་པར་རོང་བོར་ཕེབས་ཏེ་སྔགས་འཆང་རིན་པོ་ཆེ་དང་ཐུགས་མཐུན་སྒོས་འཇམ་དབྱངས་ཀུན་གཟིགས་ལ་གསེར་ཆབ་ཕུལ་ཅིང་རབ་གནས་མཛད། དགུང་ལོ་ང་ལྔ་བཞེས་པ་སྤྱི་ལོ་1732ལོར་ནང་སོ་ངག་དབང་བསོད་ནམས་དང་བཀའ་བགྲོས་མཛད་དེ་སྒྲུབ་སྡེ་དང་དགོན་མ་ལག་ལྷན་ཅིག་ཚོགས་ནས་རོང་བོ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་དུ་བཙུགས།ཚོགས་མགོར་སྔགས་འཆང་འཇམ་དབྱངས་བློ་གྲོས་ཞུས་པ་ལྟར་ཕེབས་ནས་སྐྱེས་རབས་ཀྱི་བཤད་པ་གནང་།དེ་སྔ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་སྔ་ནས་ཆོས་རྒྱལ་རྗེས་གནང་གསན་སྐབས། བླ་མའི་ཞལ་ནས། ཁྱེད་བསྟན་པའི་བདག་པོ་ཡིན་ཙ་ན། མདོ་སྨད་དུ་ཕེབས་ནས་རོང་བོར་རྒྱུད་པ་གྲྭ་ཚང་ཞིག་འཛུགས་དགོས་རྒྱུ་རེད།ཅེས་དང་པོར་བླ་མས་ལུང་བསྟན་ཏེ་དངོས་སུ་སྐུལ་མ་གནང་བ་དང་གཅིགབར་དུ་སྐྱབས་མགོན་རིན་པོ་ཆེ་རྩེ་གཞུང་ཨུརྒེར་དུ་བཞུགས་སྐབས།མཚན་ལྡན་གྱི་བུ་མོ་གཞོན་ནུ་མ་ཞིག་གློ་བུར་དུ་མདུན་ལ་ལྷགས་ནས་བདེ་གསང་འཇིགས་གསུམ་གྱི་རྩ་རྒྱུད་ཀྱི་གླེགས་བམ་ཡིད་དུ་འོང་བ་ཞིག་ཕུལ་བར། ཁྱོད་སུ་ཡིན་གསུངས་པར། ང་ཕག་མོ་ཡིན།ཞེས་ཞུས་ཏེ་འཕྲལ་དུ་མི་སྣང་བར་གྱུར་བ་སོགས་རྡོ་རྗེ་ཕག་མོས་དངོས་སུ་རྩ་རྒྱུད་རྣམ་གསུམ་གྱི་གླེགས་བམ་གནང་སྟེ་བསྐུལ་བ་དང་གཉིས།ཐ ་མར་མཚན་ལམ་དུ་རྩེ་མོ་དགུང་ལ་རེག་པའི་རི་མཐོན་པོ་ཞིག་གི་རྩར་མི་གོས་ནག་གྱོན་པ་ཅན་ཞིག་གིས་གླང་སྔོན་པོ་རྭ་དམར་ཧང་ངེ་བ་ཞིག་ལ་ཞིང་རྨོ་པ་དང་། བུད་མེད་མཛེས་མ་ཞིག་གི་རྣམ་པས་དེ་ལ་ཞིང་འདེབས་ཤིང་ཟུར་མིག་གིས་མི་དེ་དང་རྗེ་འདིར་རེས་ཀྱིས་བལྟས་ཏེ་ཁྱེད་འདིར་ཤོགརང་རེ་ཚོས་རྒྱུད་པའི་ཞིང་འདེབས་ལ།འུ་ཅག་གིས་ཁྱིམ་ཐབ་བྱེད་ཟེར་པ་ལ།ལན་དང་ཡང་ལན་གྱི་ཚུལ་དུ་སྡེ་འདིའི་འབྱུང་འགྱུར་གྱི་ལུང་བསྟན་མང་པོ་ཞིག་གསུངས་པ་ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་དཔའ་བོ་མཁའ་འགྲོ་མང་བོས་བསྐུལ་བ་གསུམ་གྱིས་རྐྱེན་བྱས་ཏེ་རྒྱུད་གྲྭ་འཛུགས་པར་དགོངས་སོ།། མཁའ་འགྲོ་མ་རྣམས་དང་ཕན་ཚུན་གསུང་ལན་གནང་བ་དག་ཀྱང་སྔར་ཐང་ག་ཞིག་གི་རྒྱབ་ན་ཕྱག་རིས་སུ་བཏབ་ཡོད་པར་གསུངས་ལ། ལུང་བསྟན་ཕལ་ཆེར་དགོན་པ་འདིའི་བསྟན་སྲིད་ཀྱི་དོན་ཡིན་པར་བཞེད་དོ།། དེ་ནས་རེ་ཞིག་རྒྱུད་གྲྭ་འདེབས་རྒྱུ་མ་བྱུང་བར་ཅུང་འགོར་བའི་སྐབས་ཤིག་མཚན་ལམ་དུ་སྐྱེས་པ་དང་བུད་མེད་ཆ་བྱད་མི་འདྲ་བ་མང་པོ་རོང་བོར་འདུས་པ་ལ། ཁྱེད་ཚོ་ཅི་ལ་འོངས་གསུངས་པར། ཁྱེད་ཀྱིས་རྒྱུད་གྲྭ་བཙུགས་ནས་ཚོགས་དང་གཏོར་མ་སྦྱིན་དུ་རེ་ནས་འོངས་པ་ཡིན་ཞིང་། ཧ་ཅང་འགྱངས་འགྲོ་བ་ཅི་ཡིན་ཅེས་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ནན་ཞུ་མཛད་པ་བཅས་ཀྱི་རྐྱེན་ལ་བརྟེན་ནས། སྤྱི་ལོ་1734ལོར་འཇའ་མོའི་དཔོན་སློབ་ངག་དབང་གྲགས་པ་ལ། ཞྭ་ལུ་པ་ལེགས་པ་རྒྱལ་མཚན་ཀྱི་ཞུན་ཐིག་ལས་གྲུབ་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་། སྔར་བཅོམ་ལྡན་འདས་རྡོ་རྗེ་ཕག་མོས་དངོས་སུ་གནང་བའི་རྒྱུད་ཀྱི་གླེགས་བམ་དང་བཀའ་ཁྱབ་བཅས་པ་བསྩལ་ཏེ་སྒྲུབ་སྡེ་སོ་སོ་ནས་དགེ་འདུན་པ་དཔལ་གསང་བ་འདུས་པའི་ལྷ་གྲངས་དུ་བསྡུས་ཏེ་རོང་བོའི་གདན་ས་གསུམ་གྱི་ཡ་གྱལ་དཔལ་ལྡན་རྒྱུད་པ་གྲྭ་ཚང་གསང་ཆེན་ཆོས་ཀྱི་བང་མཛོད་གསར་དུ་བཙུགས། ཁོང་རྒྱུད་གྲྭའི་ཁྲིར་བཞུགས་ནས་ལུགས་གཉིས་ཀྱི་སྒོ་ནས་གྲྭ་ཚང་ལེགས་པར་བསྐྱངས། དགུང་ལོ་རེ་གཉིས་པར་གཉན་ཐོག་དཔོན་པོ་ཐོའུ་པ་ཙོང་བློ་བཟང་ལ་བརྩེ་བའི་ཐུགས་ཀྱིས་མཇལ་དར་སྤུངས་པའི་ཁྲོད་ནས་ལག་ཏུ་གང་ཟིན་པ་ཞིག་ལོངས་ཤིག་གསུངས་པ་ལྟར་གུས་པས་བླངས་པར་དབང་ལྡན་མ་དང་ཉིན་བདེ་མ་གཉིས་ཐོན་བྱུང་བར་འཛུམ་པ་དང་བཅས།འོ་རྟེན་འབྲེལ་ལེགས་པར་འགྲིག་བྱུང་ཞེས་དགྱེས་པ་མཛད། སྤྱི་ལོ་1739ལོར་སྐུའི་དགོངས་པ་རྫོགས་སོ།། གསུང་རྩོམ་པོད་གཅིག་བཞུགས།
      དེ་ལྟར་སྐྱབས་མགོན་སྐུ་ཕྲེང་གཉིས་པས་རྒྱུད་པ་གྲྭ་ཚང་བཏབ་རྗེས་ཁོང་གིས་བཀའ་ལྟར་འཇའ་མོ་ངག་དབང་གྲགས་པ་རྒྱུད་པ་གྲྭ་ཚང་གི་ཁྲི་བར་བཞུགས། རང་ལ་ཡོད་པའི་རྒྱུ་ནོར་ཚང་མ་རྒྱུད་པ་གྲྭ་ཚང་གི་ཕྱོགས་སུ་བསྔོས་ཏེ་ཆོས་སྲིད་ཟུང་གིས་ལེགས་པར་བསྐྱངས། དེ་ནས་ཤར་སྐྱབས་མགོན་རིན་པོ་ཆེའི་བཀའ་ལྟར་གླིང་རྒྱའི་རྒྱུད་ཆེན་བློ་བཟང་བཀྲ་ཤིས་དང་བཀའ་བགྲོས་ཏེ་སྒྲིག་ལམ་དང་།ཚོགས་འདོན་གྱི་རིམ་པ། འདོན་རྟ་དབྱངས་གསུམ་སོགས་ལྷ་སའི་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་གསར་འཛུགས་གནང་བར་མ་ཟད། སྨད་རྒྱུད་གྲྭ་ཚང་དུ་དཔལ་གསང་བ་འདུས་པའི་འཆད་ཉན་སོགས་ཆོས་ཐོག་གི་སྲོལ་ལ།ཞོག་གུར་སྨོན། ཆུ་མིག་ལུང་།དགའ་ལྡན་དགུན་ཆོས་ཆེན་མོ་བཅས་ལ་འཇུག་སྒོ་གསུམ་དུ་བྱེད་པ་ཡིན་ལ།དེ་དང་མཐུན་པར་གྲྭ་ཚང་འདིར་ཡང་དཔྱིད་ཆོས་དང་། དབྱར་ཆོས། དགུན་ཆོས་གསུམ་ལ་འཇུག་སྒོ་གསུམ་དུ་ཕྱེས་ཏེ་གསར་འཛུགས་གནང་། གྲྭ་ཚང་འདིའི་མཁན་རབས་དང་བླ་མ་དཔོན་སློབ་མ་གཏོགས། གྲྭ་བ་གསར་བ་དྲག་ཞན་སུ་ཡིན་རུང་ཆོས་ཐོག་འདི་གསུམ་གང་རུང་ལ་ངེས་པར་ཞུགས་དགོས་པ་ཡིན།
      དེ་ནས་རིམ་བཞིན་མཁན་རབས་རིམ་བྱོན་དང་བླ་མ་དགེ་བཤེས་རྣམས་ཀྱི་བཀའ་དྲིན་ལས།ལམ་རིམ་པ་དང་། བསྐྱེད་རིམ་པ། ཊཱིཀྐ་ཆེན་པ། ཊཱིཀྐ་ཆུང་བ་བཅས་འཛིན་གྲྭ་བཞི་ཡོད་པ་དེ་དག་གིས། ཐུན་མོང་རིག་གནས་ཀྱི་རྨང་གཞིའི་སྟེང་། ལམ་རིམ་ཆེ་ཆུང་དང་།རྒྱུ ད་སྡེ་སྤྱི་རྣམ། ཁྱད་པར་དུ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་བཅས་ལ་འཆད་ཉན་བྱེད་པའི་ཕྱག་སྲོལ་བཟང་བོ་གཏན་ཆགས་སུ་གྱུར་བ་མ་ཟད། དེ་དག་གི་འབྲས་བུ་མངོན་དུ་གྱུར་བའི་སྐྱེས་བུ་དམ་པ་མང་པོ་བྱུང་། སྤྱི་ལོ་1958ལོའི་ཡར་སྔོན་དུ་གྲྭ་ཚང་འདིར་འདུ་ཁང་ཆེན་མོ་དང་། རྗེ་ལྷ་ཁང་། མགོན་ཁང་། རུང་ཁང་། གཉེར་ཁང་། གྲྭ་ཤག་བརྒྱ་དང་ཉི་ཤུ་ལྷག དགེ་འདུན་པ་སུམ་བརྒྱ་ཙམ་བཞུགས། སྤྱི་ལོ་1958ལོའི་དུས་གཟིར་དང་རིག་གསར་སྐབས་སུ་གྲྭ་ཚང་འདིའི་འདུ་ཁང་དང་། རྗེ་ལྷ་ཁང་། མགོན་ཁང་སོགས་རྟེན་དང་བརྟེན་པ་ཐམས་ཅད་ཤུལ་མེད་དུ་འཇིག་ཟིན། དགོན་ཤུལ་ས་དཀྱིལ་སྡེ་བའི་ཞིང་སར་བསྒྱུར།
       སྤྱི་ལོ་1980ལོར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་སྒོ་ཡང་སྐྱར་ཕྱེས་པ་ནས་བཟུང་རིམ་བཞིན་རྒྱུད་པ་གྲྭ་ཚང་རང་གི་སྔོན་ཆད་ཀྱི་གྲྭ་པ་རྒན་པ་འགས་འདོན་ཆོས་སྤྱོད་དང་། ཆོ་ག་ཕྱག་ལེན་རྣམས་ཉམས་པ་སླར་གསོ་དང་མི་ཉམས་པ་གོང་འཕེལ་དུ་བཏང་སྟེ། ཆོས་ཐོག་རྣམས་ཚོགས་ཆེན་འདུ་ཁང་དང་བཀྲ་ཤིས་སྒོ་མང་ནང་གང་རུང་དུ་འཚོགས་ནས་སྔོན་མའི་ཕྱག་སྲོལ་བཟང་བོ་རྒྱུན་འཁྱོངས་བྱས་པར་མ་ཟད། གྲྭ་ཚང་རང་གི་དགོན་ཤུལ་བདག་གཉེར་བྱས། སྤྱི་ལོ་1984ལོར་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དབུ་བཞུགས་ཀྱིས་གྲྭ་ཚང་རང་གི་རྒན་པ་རེ་ཟུང་གི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཏེ། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་ཞལ་འདེབས་དང་ངལ་རྩོལ་གནང་བའི་རོགས་རམ་བཅས་ལ་བརྟེན་ནས་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་བསྐྱར་བཞེངས་མཛད། སྤྱི་ལོ་1988ལོར་འདུ་ཁང་ཆེན་མོའི་གྲུབ་སྟོན་དང་འབྲེལ་ཆོས་སྒོ་གསར་དུ་ཕྱེས།དེ་ནས་བཟུང་རྒྱུད་པ་གྲྭ་ཚང་གསང་འཛིན་ཆོས་ཀྱི་བང་མཛོད་གླིང་ནས་འདོན་ཆོས་སྤྱོད་དང་། ཆོ་ག་ཕྱག་ལེན། ཐིག་ས་ཆོག གར་ཕྱག་རྒྱ། དབྱངས་རྟ་འདུར་གསུམ། འབུད་རྡུང་དཀྲོལ་གསུམ་སྤྱི་དང་། བྱེ་བྲག་ཏུ་དཔལ་གསང་བ་འདུས་པའི་འཆད་ཉན་སོགས་མཛད་པའི་སྐལ་བཟང་མངོན་དུ་གྱུར། དེ་ནས་རིམ་བཞིན་རྫོང་ཆུང་སྐུ་ཕྲེང་དྲུག་པའི་གཙོས་བླ་མ་དགེ་བཤེས་རྣམས་ཀྱི་ཐུགས་རྗེ་དང་། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་རོགས་རམ་བཅས་ལ་བརྟེན་ནས། ད་ལྟ་འདུ་ཁང་ཆེན་མོ་དང་། རྗེ་ལྷ་ཁང་། མགོན་ཁང་སོགས་ལེགས་གྲུབ་བྱུང་ཡོད་པར་མ་ཟད། གྲྭ་ཤག་ལྔ་བཅུ་ཡས་མས་དང་། དགེ་འདུན་པ་བདུན་ཅུ་ཙམ་བཞུགས།
      རྒྱུད་པ་གྲྭ་ཚང་གི་མཁན་རབས་ནི། མཁན་རབས་དང་པོ་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ་ནས་རོང་བོ་ཁྲི་རྒན་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོ་བར་ཁྲི་རབས་སོ་གཅིག་སོང་ཡོད།
      རྒྱུད་པ་གྲྭ་ཚང་གི་ནང་རྟེན་སྐོར། དེ་ཡང་འདུ་ཁང་ཆེན་མོ་ནི། སྤྱི་ལོ་1984ལོར་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོའི་སྐུ་དྲིན་ལ་བརྟེན་ནས་གྲྭ་ཚང་རང་གིས་བསྐྱར་དུ་བཞེངས། འདུ་ཁང་ཆེན་མོའི་ནང་རྒྱལ་བ་རྡོ་རྗེ་འཆང་དང་། འཇམ་དབྱངས་དམར་སེར། རྒྱལ་བ་བྱམས་པ། འཕགས་པ་ཀླུ་སྒྲུབ། སྒྲོལ་ལྗང་། ཇོ་བོ། རྗེ་ཤེས་རབ་སེང་གེ རྗེ་ཙོང་ཁ་པ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ།སྐྱབས་མགོན་སྐུ་ཕྲེང་བདུན་པ་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ། རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་བཅས་ཀྱི་སྨན་སྐུ་མི་ཚད་ཅན།འ ཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བའི་རྗེ་ཡབ་སྲས་གསུམ་དང་། གསང་འདུས། འཇིགས་བྱེད་ལྷ་བཅུ་གསུམ། བདེ་མཆོགའཇམ་དབྱངས་དམར་སེར། སྒྲོལ་མ་ཉེར་གཅིག་སོགས་མང་དུ་བཞུགས། འདུ་ཁང་སྟེང་གི་བློས་བསླངས་ཁང་ནང་དུ། ཤུག་པ་དང་གསོམ་པ་ཟུང་གི་རྒྱུ་ཆ་ལས་བཞེངས་པའི་བདེ་གསང་འཇིགས་གསུམ་གྱི་བློས་བསླངས་དང་། ཐུགས་རྗེ་ཆེན་པོ། ཚེ་དཔག་མེད་ཀྱི་གྱན་ཐང་། རྒྱན་དྲུག་མཆོག་གཉིས་ཀྱི་ཐང་གབཀའ་བསྟན་ཚར་འགའ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཡབ་རྗེ་གསུང་འབུམ་སོགས་ཆོས་དཔེ་མང་པོ་བཞུགས།
      མགོན་ཁང་ནང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ།དམ་ཅན་རྡོ་རྗེ་ལེགས་པ་བཅས་ཀྱི་སྨན་སྐུ་མི་ཚད་ཅན་སོགས་བཞུགས། རྗེ་ལྷ་ཁང་ནི། སྤྱི་ལོ་2004ལོར་ཁྲི་རྒན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་འཕྲིན་ལས་དབང་པོ་དང་ཁོང་གི་ཚ་བོ་མ་ཎི་པ་ཐུབ་བསྟན་བསྟན་འཕེལ་གཉིས་ཀྱིས་བསྐྱར་བཞེངས་མཛད། ནང་རྟེན་ལ།རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་དྲུག་ཡས་མས་ཅན་དང་། མཐའ་བསྐོར་གྱི་ཀུན་དགའ་ར་བའི་ནང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་སྐུ་ཆུང་བ་ཆིག་སྟོང་ལྷག་བཞུགས། རྒྱ་མཐོངས་ཁར། གྱན་ཐང་དང་ཐང་ག་སྣ་ཚོགས་དང་། བཀའ་བསྟན་ཚར་གཉིས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་སོགས་ཆོས་དཔེ་མང་པོ་བཞུགས།
      ཆོས་ཐོག་ནི་བོད་ཟླ་དང་པོའི་ཚེས་བཅུ་ནས་བོད་ཟླ་གཉིས་པའི་ཚེས་གཅིག་བར་དཔྱིད་ཆོས་ཡིན།ཆོས་ཐོག་འདིར་གཙོ་བོ་དཔལ་འཁོར་ལོ་སྡོམ་པའི་འཆད་ཉན་དང་།སྒོམ་སྒྲུབ་ཚོགས་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་བདེ་མཆོག་གི་སྒྲུབ་མཆོད། ཁ་སྐོང་སྦྱིན་སྲེག་རྡུལ་ཚོན་ཆབ་འདྲེན་གྱི་ཆོ་ག་དང་བཅས་པ་ཡོད། བོད་ཟླ་གསུམ་པའི་ཚེས་གཅིག་ནས་བརྒྱད་བར་ཉིན་གྲངས་བརྒྱད་ལ་ཡ་མ་ར་ཛའི་བསྙེན་སྒྲུབ་དང་། མཇུག་ཏུ་ཞི་རྒྱས་གཉིས་ཀྱི་སྦྱིན་སྲེགཚེས་ཉེར་བདུན་ནས་ཉེར་དགུ་བར་གཏོར་ཆེན། སྤྱིར་གཏོར་སྒྲུབ་དང་གཏོར་ཆེན་གཉིས་ཀྱི་ཁྱད་པར་ནི། མགོན་པོ་ལྟ་བུ་ལ་མཚོན་ན། སྒྲུབ་པ་གཙོ་བོ་དངོས་གྲུབ་སྒྲུབ་པ་དང་བར་ཆད་སེལ་བའི་ཆེད་དུ་བྱེད་པ་ནི་གཏོར་སྒྲུབ་དང་། གཙོ་བོ་དགྲ་བགེགས་ལ་དྲག་ལས་དང་རྦོད་གཏོང་། བྱད་ཁ་ཟློག་པ་དང་ནད་ཡམས་དྲག་པོ་གཅོད་པ་ལ་སོགས་པའི་ཆེད་དུ་བྱེད་པ་ནི་གཏོར་ཆེན་ཡིན། བོད་ཟླ་བཞི་བའི་ཚེས་གཅིག་ནས་བཅུའི་བར་གླིང་རྒྱའི་ཆོས་ཐོགཆོས་ཐོག་འདིར་གཙོ་བོ་དཔལ་གསང་པ་འདུས་པའི་སྒོམ་སྒྲུབ་དང་། བླ་མ་དབུ་མཛད་ན་རིམ་གྱིས་འགྲེལ་བ་བཞི་སྦྲགས་གསར་དུ་འཆད་པའི་དབུ་འཛུགས་དགོས།ཚེས་བཅོ་ལྔ་ནས་བོད་ཟླ་ལྔ་བའི་ཚེས་ཉེར་གཅིག་བར་ཆུ་མིག་ལུང་ངམ་དབྱར་ཆོས་ཆེན་མོ་ཡིན། ཆོས་ཐོག་འདིར་དཔལ་གསང་པ་འདུས་པའི་འཆད་ཉན་དང་སྒོམ་སྒྲུབ།བསླབ་གྲལ་ལྷུང་བཟེད་མཆོད་པ།འགྲེལ་བ་བཞི་སྦྲགས་ཀྱི་འཆད་ཉན། དབྱངས་ར་ཆེན་མོ། གཏོར་ཆེན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་གསང་འདུས་སྒྲུབ་མཆོད །ཁ་སྐོང་སྦྱིན་སྲེག ཀླུའི་ཆོ་ག་དང་བཅས་པ། བོད་ཟླ་དྲུག་པའི་ཚེས་བཞི་ལ་གནས་བཅུའི་ཕྱག་མཆོད། བོད་ཟླ་བདུན་པའི་ཚེས་བཅུ་བཞི་ནས་བཅུ་དྲུག་བར་རབ་གནས་ཆེན་མོ། སྤྱིར་རབ་གནས་ཆོ་ག་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་འདི་ནི་རྒྱས་པ་དང་། དེ་ལའང་གསུང་རྟེན་དང་། གཙུག་ལག་ཁང་། མཆོད་རྟེན། སྐུ་གཟུགས་བཅས་ལ་རིགས་ལྔར་བསྐྱེད་སྟངས་མི་འདྲ་བ་སོ་སོ་ཡོད་ཀྱང་། གྲྭ་ཚང་འདིའི་ཕྱག་སྲོལ་ནི། འཇམ་དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་ཆོ་ག་རྒྱས་པ་དགེ་ལེགས་རྒྱ་མཚོའི་ཆར་འབེབས་སྦྱོར་དངོས་མཇུག་གསུམ་དང་བཅས་པ་ཡིན། བོད་ཟླ་བརྒྱད་པའི་ནང་གཡང་སྐར་ཆེན་མོ་ནམ་ཡོད་དང་བསྟུན་ཏེ་ཛམ་དམར་གཏེར་སྒྲུབ། བོད་ཟླ་དགུ་བའི་ནང་སྟོན་ཆོས་ཉིན་བདུན་ཡིན་ལ། ཆོས་ཐོག་འདིར་གསང་འདུས་སྒོམ་སྒྲུབ་གཙོ་བོ་ཡིན། བོད་ཟླ་བཅུ་བའི་ཚེས་ཉེར་བཞི་ནས་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་བར་དགུན་ཆོས་ཆེན་མོ་ཡིན་པ་དང་། ཆོས་ཐོག་འདིར་གཙོ་བོ་གསང་འདུས་སྒོམ་སྒྲུབ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་ཁ་སྐོང་གི་སྦྱིན་སྲེག་རྡུལ་ཚོན་ཆབ་འདྲེན་དང་བཅས་པ། ཁྲོ་བཅུའི་གཏོར་ཟློག་དང་དེའི་སྦྱིན་སྲེག་དང་བཅས་པ་ཡོད། བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ནས་བཅོ་ལྔ་བར་གདན་ས་སྤྱིའི་ཞབས་རིམ་དུ་མགོན་པོའི་ཞི་བའི་གཏོར་སྒྲུབ་ཚོགས་འཁོར་སྦྱིན་སྲེག་གཤེགས་གཏོར་དང་བཅས་པ།ཞབས་བརྟན་གྱི་བབ་ཆེ་ཆུང་གིས་ཆོས་རྒྱལ་གཏོར་ཆེན་དང་ལྕགས་མཁར་ཟུར་དགུ་བ་རྣམས་ཀྱང་འཛུགས་དགོས། གཞན་ཟླ་བ་ཡར་ངོ་མར་ངོའི་གསོ་སྦྱོང་དང་།ཚོ གས་ཆེན་གྱི་ཆོས་ཐོག་བརྒྱུད་ལོ་གཅིག་རིང་གི་ཆོས་ཐོག་ཡོངས་སུ་མཇུག་རྫོགས་སོ།།
      བཅའ་ཡིག་ནི་ལྷ་སའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བཅའ་ཡིག་རིན་ཆེན་འདྲེན་པའི་ཤིང་རྟ་གཞིར་བྱས་ཏེ་གཏན་འཁེལ་བྱས་ཡོད། ཞིབ་ཏུ་དེ་ལས་ཤེས་པར་བྱའོ།། སྤྱི་ལོ་2006གྲྭ་ཚང་རང་གི་གྲྭ་བ་རྒན་གཞོན་ཡོངས་ཀྱིས་གཅིག་མཐུན་སྒོས་ད་ནས་བཟུང་འདུ་ཁང་ནང་དང་། གཞུང་ཐོག་ནས་དགེ་འདུན་པ་རྣམས་དཀྱུས་གཅིག་ཏུ་ཚོགས་པའི་དབུས་སུ་དམར་ཟས་མི་བཞེས་པའི་དམ་བཅའ་བཞག་པ་མ་ཟད། མེ་མདའ་དང་། རལ་གྲི། མིག་མང་རྩེ་བ། ཕྱོགས་རིས་སུ་བཅད་ནས་འཐེན་ཁྱེར་བྱེད་པ་སོགས་ཁྱིམ་པ་སུན་འབྱིན་གྱི་རིགས་གཏན་ནས་མི་བྱེད་པའི་སྔར་སྲོལ་གྱི་དམ་བཅའ་རྟིང་གནོན་བྱས། འཆད་ཉན་གྱི་སྐོར་ལ། གྲྭ་པ་རྒན་གཞོན་ཡོངས་ཀྱིས་ཐུན་མོང་རིག་གནས་ཀྱི་རྨང་གཞིའི་སྟེང་།བྱང་ཆུབ་ལམ་གྱི་རིམ་པའི་གཞུང་ལ་གོ་བ་ཆགས་ངེས་སུ་བྱས་ཏེ་ཐུན་མོང་ལམ་སྦྱངས་སྔོན་དུ་སོང་ཟིན་ནས། སྔགས་རིམ་ཆེན་མོ་དང་རྒྱུད་སྡེ་སྤྱི་རྣམ་ལྟ་བུའི་གཞུང་ལ་སློབ་དགོས། འགྲེལ་བའི་བསྡུས་དོན་ལས། སྔོན་དུ་རིམ་ལྔ་བསླབས་ནས་ཕྱིས་རྒྱུད་དུ་འཇུག་པར་བྱའོ།ཞེས་གསུངས་པ་ལྟར། སྔོན་དུ་རིམ་གཉིས་ལ་གོ་བ་ཆགས་ནས་དེའི་རྗེས་རྒྱུད་ལ་སྦྱོང་དགོས། དེའི་རྒྱུ་མཚན་ཡང་རིམ་པ་གཉིས་ཀ་དང་། ཁྱད་པར་དུ་རྫོགས་རིམ་ལ་གོ་བ་མ་ཆགས་ན་རྒྱུད་དོན་མཐའ་དྲུག་ཚུལ་བཞིའི་བཤད་པ་སོ་སོའི་སྐབས་སུ་ཟབ་གནད་ཐམས་ཅད་བསྐྱེད་རྫོགས་དང་ལྷག་པར་རྫོགས་རིམ་རིམ་ལྔའི་སྟེང་དུ་བསྐོར་འོང་བས་རྒྱུད་དོན་མི་ཤེས། དེ་བས་དྭགས་པོ་ནམ་མཁའ་གྲགས་ཀྱི་བསྐྱེད་རིམ་རྡོ་ལག་བརྒྱུད་མ་འཛིན་ཆོས་སུ་བཏང་སྟེ་བསྐྱེད་རྫོགས་ཀྱི་ཁྲིད་དང་། བསྐྱེད་རིམ་ཆེན་མོ་དང་།རིམ་ལྔ་གསལ་སྒྲོན་གྱི་ཞལ་ལུང་རྣམས་ཞིབ་ཏུ་སྦྱོང་དགོས།
      དེ་ནས་རྒྱུད་ལ་འཇུག་དགོས་པས། བསྡུས་དོན་བློ་འཛིན་གྱི་ངོས་རྒྱུད་ཆེན་རེའི་ཞབས་པད་བསྟེན་ཏེ། རྟགས་ལ་ལྟོས་པ་མེད་པར་ས་ཁུངས་ཐམས་ཅད་ཤ་ར་ར་འགྲོ་བ་རེ་དང་།དེའི་སྟེང་རྒྱུད་ཚིག་གང་དང་གང་ལ་བཤད་པ་གང་དང་གང་ལ་འཇུག་པ་དང་། ལེའུ་སོ་སོར་སྤྱིར་རྒྱུད་དུ་ཡོད། གྱེས་པའི་བསྡུས་དོན་དུ་ཡོད། ཁ་སྐོང་མཐའ་དཔྱོད་དུ་ཡོད། ས་ཁུངས་མཐའ་དཔྱོད་དུ་ཡོད་སོགས་ངེས་ཆ་སོང་བའི་སྟེང་། བློ་ཐོག་ནས་རྒྱུད་ལ་ཚིག་ཊཱིཀྐ་ཨེ་ཐོན་བལྟ་དགོས་པར་མ་ཟད། རྩ་བཤད་རྒྱུད་དང་བཅས་པའི་གསང་བ་མཐའ་དག་ནང་བྱན་ཆུད་པར་སྦྱངས་དགོས་སོ།དེ་དག་གི་ཞོར་ལ།ཐིག་ས་ཆོག་དང་། གར་ཕྱག་རྒྱ།དབྱངས་རྟ་འདུར་གསུམ། འབུད་རྡུང་དཀྲོལ་གསུམ་སོགས་ལ་སློབ་དགོས་པ་ལགས་སོ།། ཆོས་ཐོག་ཐེབས་རྩ་ལ། ཁྲི་རབས་སོ་གཅིག་པ་རོང་རྒན་དགེ་འདུན་དར་རྒྱས་རྒྱ་མཚོས་གནང་བའི་དམངས་སྒོར་ཁྲི་བཅུ་ལྷག་དང་། གྲྭ་ཚང་རང་གི་གྲྭ་པ་རྒན་གཞོན་རེ་ཟུང་གིས་གནང་བའི་དམངས་སྒོར་ཁྲི་བཅུ་ཕྲག་ཙམ་གྱི་རྨང་གཞི་ལ་བརྟེན་ནས་ད་ལྟ་བསང་རྫས་བཟོ་གྲྭ་དང་། ཚོང་ཁང་། སྡོང་ར་བཅས་གསར་འཛུགས་གནང་ཡོད་པ་དང་། དེ་དག་གི་ཡོང་སྒོ་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཕུལ་བའི་རྒྱུ་འབྱོར་གྱིས། དཔྱིད་ཆོས་དང་། གླིང་རྒྱའི་ཆོས་ཐོག དབྱར་ཆོས། སྟོན་ཆོས། དགུན་ཆོས་རྣམས་ཀྱི་འཚོ་བ་དང་ལོ་གཅིག་གི་ལོ་ཕོག་བསྐྲུན་དགོས་སོ།།

      བཞི་པ། དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་བཏབ་ཚུལ།

      དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་ནི།སྤྱི་ལོ་1773བོད་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ལོར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་སྔོན་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། ཤམྦྷལའི་རྒྱལ་པོ་ཆོས་རྒྱལ་ཟླ་བ་བཟང་བོས་གསོལ་བ་བཏབ་པ་བཞིན། དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ཏེ། ནག་པ་ཟླ་བའི་ཚེས་བཅོ་ལྔ་ཉིན་ཕྱག་འདེབས་མཛད། སྐྱབས་མགོན་རིན་པོ་ཆེའི་བཀའ་ལྟར་མཁར་གོང་སངས་རྒྱས་རྒྱ་མཚོའི་སྐུ་སྐྱེས་གྲུབ་དབང་བསྟན་པ་རབ་རྒྱས་སློབ་དཔོན་དུ་བཞུགས། ཁོང་གི་ཕྱག་རྫས་གང་ཡོད་བཏོན་ཏེ་འདུ་ཁང་དང་། དངུལ་དཀར་འབའ་ཞིག་གིས་བྲིས་པའི་བཀའ་འགྱུར་ཆ་ཚང་སོགས་སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་གནང་།ཚོགས་མང་ལ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་དང་། ནག་པ་ཟླ་བའི་ནང་རྩེ་རྣམ་རྒྱལ་གྲྭ་ཚང་གི་ཕྱག་སྲོལ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད་ཆེན་མོ་དང་། འཇམ་དཔལ་མཚན་བརྗོད་ཀྱི་གསུང་གདངས་བློ་གསལ་གླིང་བ་དང་། གྲོ་མོ་ལུང་བའི་ཕྱག་སྲོལ་ལྟར་ཀུན་རིག་སྒྲུབ་མཆོད་སོགས་གསར་འཛུགས་གནང་།
དེ་ནས་བཟུང་ཁྲི་པ་རིམ་བྱོན་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས། རྫོགས་རིམ་པ་དང་། བསྐྱེད་རིམ་པ། ལམ་རིམ་པ། མཚན་བརྗོད་པ་བཅས་འཛིན་གྲྭ་བཞིས།ལམ་རིམ་ཆེ་ཆུང་དང་། ཕྱི་སྐར་རྩིས་ཀྱི་རི་མོའི་ལག་ལེན། ནང་རྩ་རླུང་གི་རྣམ་བཞགགཞན་བསྐྱེད་རྫོགས་ཀྱི་ལམ་དང་འབྲས་བུ། རྒྱུད་འགྲེལ་བ་དང་བཅས་པ་ལ་འཆད་ཉན་བྱེད་པའི་ཕྱག་སྲོལ་བཟང་བོ་ཚུགས་པར་མ་ཟད། དེ་དག་གི་འབྲས་བུ་མངོན་དུ་གྱུར་བའི་སྐྱེས་ཆེན་དམ་པ་མང་པོ་བྱོན། སྤྱི་ལོ་1958ལོའི་ཡར་སྔོན་དུ་གྲྭ་ཚང་འདི་ལ་འདུ་ཁང་དང་། མགོན་ཁང་། སྦྱིན་སྲེག་ཁང་། ཆོས་གྲྭའི་ཁྲི་དབང་། ཕྱག་མཛོད་ཁང་། རུང་ཁང་། གྲྭ་ཤག་བརྒྱད་ཅུ་ཙམ། དགེ་འདུན་པ་བརྒྱ་ཕྲག་ལྷག ཁྱད་པར་དུ་གནའ་རབས་ཀྱི་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བཞུགས། སྤྱི་ལོ་1958ལོའི་གོད་ཆག་དང་རིག་གནས་གསར་བརྗེ་སྐབས། གྲྭ་ཚང་འདིའི་འདུ་ཁང་དང་མགོན་ཁང་སོགས་ཀྱིས་མཚོན་པའི་སྐུ་གསུང་ཐུགས་རྟེན་ཐམས་ཅད་རྨང་ནས་འཇིག་ཟིན། དགོན་ཤུལ་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་བསྒྱུར། སྤྱི་ལོ་1980ལོར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་སྒོ་སླར་ཡང་ཕྱེས་པ་ནས་བཟུང་། སྔོན་ཆད་ཀྱི་གྲྭ་པ་རྒན་པ་འགས་གྲྭ་ཚང་རང་གི་འདོན་ཆོས་སྤྱོད་དང་། ཆོ་ག་ཕྱག་ལེན་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་པ་གོང་འཕེལ་དུ་བཏང་སྟེ། ཆོས་ཐོག་རྣམས་ལྷ་ཁང་སོ་མ་དང་ཚོགས་ཆེན་འདུ་ཁང་གང་རུང་དུ་འཚོགས་ནས་སྔོན་མའི་ཕྱག་སྲོལ་བཟང་པོ་རྒྱུན་འཛིན་བྱས།སྤྱི་ལོ་1989ལོར་བསེ་སྐུ་ཕྲེང་དྲུག་པ་དང་གྲྭ་ཚང་རང་གི་གྲྭ་པ་རྒན་གཞོན་རྣམས་ཀྱིས་ལས་འགན་ཕྲག་ཏུ་བཞེས་ཏེ། དད་ལྡན་མང་ཚོགས་རྣམས་ཀྱིས་རྒྱུ་ནོར་གྱི་ཞལ་འདེབས་དང་ལུས་ཀྱི་ངལ་རྩོལ་བཅས་ཀྱི་རོགས་རམ་ལ་བརྟེན་ནས།སྔོན་ཆད་ཀྱི་བསེ་ནང་ཆེན་གྱི་ཤུལ་དུ་ད་ལྟའི་འདུ་ཁང་རྟེན་དང་བརྟེན་པ་བསྐྱར་བཞེངས་མཛད། དེ་ནས་རིམ་གྱིས་དུས་འཁོར་བློས་བསླངས་དང་འབྲེལ་བའི་སྦྱིན་སྲེག་ཁང་དང་། མགོན་ཁང་སོགས་རྟེན་བཞེངས་ཀྱི་སྐོར་རྒྱ་ཆེན་པོ་ལེགས་གྲུབ་བྱུང་། ད་ལྟ་གྲྭ་ཚང་འདིར་འདུ་ཁང་དང་། དུས་འཁོར་བློས་བསླངས་དང་འབྲེལ་བའི་སྦྱིན་སྲེག་ཁང་། མགོན་ཁང་། རུང་ཁང་། གྲྭ་ཤག་ཉེར་གཅིགདགེ་འདུན་པ་བཞི་བཅུ་ལྷག་བཅས་བཞུགས།
      དེ་ལྟར་ཁྲི་རབས་དང་པོ་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ནས་རོང་རྒན་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོའི་བར་ཁྲི་རབས་ཉེར་གཅིག་སོང་ཡོད། སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ནི། སྤྱི་ལོ་1740ལོར་གཉན་ཐོག་སྡེ་བར་སྐུ་འཁྲུངས།ཆུང་དུས་ནས་གཉན་ཐོག་དགེ་སློང་བློ་བཟང་ཤེས་རབ་ཀྱི་མདུན་ནས་འཕྲལ་སྦྱོར་གྱི་ཀློག་དང་། བཀྲ་ཤིས་འཁྱིལ་འགའ་དྭགས་དབུ་མཛད་ངག་དབང་རྒྱ་མཚོས་ཆོས་སྤྱོད་རྣམས་བློ་འཛིན་པར་བཅུག དགུང་ལོ་བདུན་པར་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་། དགུང་ལོ་དགུ་བར་གདན་སར་བཀོད། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དང་། དཔལ་ཆོས་མཁན་པོ། བྱམས་ཆེན་མཁན་པོ་བློ་བཟང་འཕྲིན་ལས། མཁས་དབང་བློ་བཟང་དར་རྒྱས། དྲུང་ཡིག་བློ་བཟང་རྒྱ་མཚོ། ལྕང་སྐྱ་རོལ་བའི་རྡོ་རྗེ། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་སོགས་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་དང་། དབང་ལུང་རྗེས་གནང་དང་ཁྲིད་མན་ངག་སོགས་ཉམས་སུ་བཞེས། གསན་སྦྱོང་ཤུགས་ཆེར་གནང་སྐབས་རྡོ་རྗེ་གུར་རྒྱ་མིའི་རྣམ་པ་ཅན་དང་། རྨ་རྒྱལ་སྦོམ་ར་སོགས་མིའི་རྣམ་པར་བྱོན་ཏེ་ལེགས་སོ་ཕུལ། མཚན་ལམ་དུ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ལས་འཇམ་དབྱངས་དཀར་བོའི་རྗེས་གནང་གསན། རྡོར་ཕྲེང་དང་ཀྲྀ་ཡའི་དབང་གི་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཐོད་ཆང་ལན་གསུམ་དྲངས་པ་སོགས་ཀྱི་གསང་བའི་རྣམ་ཐར་མང་། དགུང་ལོ་བཅུ་དྲུག་པར་རྒྱལ་དབང་སྐལ་བཟང་རྒྱ་མཚོས་སྐུ་གོང་མའི་དུས་ལྟར་དགའ་ལྡན་ཨ་ཆི་ཐུ་ཨེར་ཏེ་ནི་ནོ་མོན་ཧན་ཞེས་བསྔགས་པའི་བཀའ་ཐམ་བྱུང་། དགུང་ལོ་བཅུ་བདུན་པར་རྒྱུད་པའི་ཁྲི་བ་དང་། དགུང་ལོ་ཉི་ཤུའི་སྟེང་གྲྭ་ཚང་གི་གསེར་ཁྲིར་བཞུགས།
      དགུང་ལོ་ཉེར་བརྒྱད་པར་གོང་མ་ཆན་ལུང་དགུང་ལོ་སོ་གཉིས་ཀྱི་སྟེང་རོང་བོ་ཧོ་ཐོག་ཐུ་པཎྜི་ཏ་ཞེས་པའི་ཆོ་ལོ་དང་ཐམ་ག་བཀའ་ཤོག་བཅས་འབྱོར། དགུང་ལོ་སུམ་ཅུ་བར་སླར་ཡང་གསེར་ཁྲིའི་འགན་ལོ་ཤས་བཞེས་པ་དང་། དགུང་ལོ་སོ་བཞི་བར་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་ཕྱག་འདེབས་གནང་། མཛོད་དགེ་དང་། དབལ་ཤུལ། ཐེ་བོ། མདའ་ཚན། ཐོར་གོད། ཨ་རིག་སྦྲ་ནག རྡོ་སྦིས། མཚོ་སྔོན་པོ་སོགས་སུ་ལན་སྔ་ཕྱིར་ཕེབས་ནས་གདུལ་བྱ་རྣམས་རྗེས་སུ་བཟུང་། ལོ་ཀྱ་ཏུན་དང་ཨ་འགང་སོགས་སུ་ཕེབས་སྐབས་དར་ལམ་མེད་པར་རྫུ་འཕྲུལ་གྱིས་ཕེབས་པར་གྲགས། དགུང་ལོ་སོ་དགུ་བར་རྫོང་དམར་སྒྲུབ་སྡེ་བཀྲ་ཤིས་ཆོས་གླིང་ཕྱག་འདེབས་མཛད་པས། རྫོང་དཀར་སེར་དམར་སྔོ་བཞི་ནི། ཡབ་རྗེ་བླ་མའི་འཕྲིན་ལས་རྣམ་བཞིའི་དགོན་པར་གྲགས། དགུང་ལོ་བཞི་བཅུ་བར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཁྲི་འབུལ་བཏེག་སྟེ་སེམས་བསྐྱེད་མཆོད་པ་གསན། དགུང་ལོ་ཞེ་བདུན་པར་རོང་རྒན་དགེ་འདུན་མཁྱེན་རབ་རྒྱལ་ཚབ་ཏུ་བསྐོས་ཏེ་དབུས་གཙང་དུ་ཆས་པར་ཟི་ལིང་ཨམ་བན་གྱིས་ལམ་ཡིག་མ་བྱིན་ཀྱང་། གུར་མགོན་གྱི་སྙན་དུ་སྒྲོན་ཏེ་ཕེབས་པས་ཨམ་བན་གྱིས་གོང་མར་ཕྲ་མ་ཞུས་ཏེ་ངན་སེམས་བཅངས་ཀྱང་མ་ཐུབ་པའི་སྐབས། མི་ཚོས་ཁ་དཔེར་ཡང་། རོང་བོ་བླ་མ་ནོ་མོ་ཧན་དབུས་ལ་ཕེབས་སོང་། ཆོས་སྐྱོང་གུར་མགོན་རྒྱ་ནག་ཏུ་ཕེབས་འདུག་ཅེས་གླེང་ངོ་།། དབུས་ནས་ཡོངས་འཛིན་རིན་པོ་ཆེ་དང་། སྙེ་ཐང་བ་ངག་དབང་ཀུན་དགའ་བཀྲ་ཤིས་སོགས་ལས་བཀའ་ཆོས་ཅི་རིགས་གསན། ཨེར་ཏི་ནི་ནོ་མོན་ཧན་གྱི་ཆོ་ལོ་བཀའ་ཤོག་ཐམ་ག་ཆེ་ཆུང་། གདུགས་རྟ་དར། ཆིབས་སྒ་སྲབ་རིན་ཆེན་རྒྱན་ལྡན། མཁན་ཆས་ཆ་ཚང་། རོང་བོའི་ཕྱག་མཛོད་ལ་ཇུ་རིག་ཐུ་ནང་སོའི་ཆོ་ལོ་ཐམ་ག་བཅས་བསྩལ། རྒྱལ་དབང་ཚོགས་དབུར་ཞུས་ཏེ་ཁྲི་འབུལ་བཏེགས་ཤིང་ཚེ་དབང་ཞུས། གདན་ས་གསུམ་ལ་ཚོགས་དང་ཌཾ་འགྱེད་སོགས་བློས་མི་དཔོག་པ་གནང་སྟེ་ཕྱིར་ཕ་ཡུལ་རེབ་གོང་དུ་ཕེབས། རོང་བོའི་ཚོགས་ཆེན་འདུ་ཁང་ནས་ཀུན་རིག་གི་དབང་དང་ཡབ་རྗེའི་བཀའ་འབུམ་སོགས་ཀྱི་ལུང་གནང་། སྤྱི་ལོ་1795ལོར་སྐུ་མྱ་ངན་ལས་འདས་སོ། གསུང་རྩོམ་པོད་འགའ་ཡོད་པར་གྲགས། རྣམ་ཐར་རྒྱས་པ་བིས་པ་མི་ཕམ་ཟླ་བས་མཛད་པ་དེར་གཟིགས་པར་ཞུ།
       དུས་འཁོར་འདུ་ཁང་ཆེན་མོ་ནི་སྤྱི་ལོ་1989ལོར་གྲྭ་ཚང་རང་གིས་བསྐྱར་དུ་བཞེངས།འདུ་ཁང་ཆེན་མོའི་ནང་རྟེན་གྱི་སྐོར་ལ།གྲལ་མགོའི་དབུས་སུ།འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བའི་རྗེ་ཡབ་སྲས་གསུམ་གྱི་གྱན་ཐང་།མདུན་དུ་ཁྲི་བ་རིམ་བྱོན་གྱི་བཞུགས་ཁྲི།འོད་དཔག་མེད་ཀྱི་ཞིང་བཀོད་དང་།སྐྱབས་འགྲོ་ཚོགས་ཞིང་གཉིས་ཀྱི་གྱན་ཐང་།རྗེ་ཡབ་སྲས་གསུམ་དང་།རྒྱལ་བ་བྱམས་པ།འཇམ་དབྱངས་དམར་སེར།ཡབ་རྗེ་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་བཅས་ཀྱི་སྨན་སྐུ་མི་ཚད་ཅན།བླ་མཆོད་ཚོགས་ཞིང་དང་།ཀུན་རིག་ལྷ་སོ་བདུན་བཅས་ཀྱི་གྱན་ཐང་།མདུན་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་།ཐུགས་རྗེ་ཆེན་པོ་ཕྱག་བཞི་པ།རིགས་ལྡན་དྲག་པོ།སྒྲོལ་ལྗང་བཅས་ཀྱི་སྨན་སྐུ་མི་ཚད་ཅན།དཔལ་དུས་ཀྱི་འཁོར་ལོ་ལ་ཆོས་རྒྱལ་བདུན་གྱིས་བསྐོར་བ་དང་།བདེ་མཆོགསྒྲོལ་མ་ཉེར་གཅིགབྱམས་པའི་ཞིང་བཀོད།རིགས་ལྡན་དྲག་པོ་བཅས་ཀྱི་གྱན་ཐང་།གསང་འདུས་དང་།འཇིགས་བྱེད་ལྷ་བཅུ་གསུམ་མ།སྨན་བླ་བདེ་གཤེགས་བརྒྱད།སེངྒེ་སྒྲ།ཚེ་ལྷ་རྣམ་གསུམ་བཅས་ཀྱི་གྱན་ཐང་།མགོན་པོ་ཕྱག་དྲུག་པ་དང་།ཆོས་རྒྱལ།དཔལ་ལྡན་ལྷ་མོ་དམག་ཟོར་མ་བཅས་ཀྱི་གྱན་ཐང་སོགས་བཞུགས།རྒྱང་མཐོངས་ཁར་རྗེ་ཙོང་ཁ་བའི་སྨན་སྐུ་མི་ཚད་ཅན་དང་།མཐའ་བསྐོར་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།འཇམ་དབྱངས།མཁའ་སྤྱོད་མ།དུས་འཁོར་གྱི་དཀྱིལ་འཁོར།ཀུན་རིག་དཀྱིལ་འཁོར་སོགས་ཀྱི་ཐང་རྙིང་མང་པོ་དང་།མཁར་གོང་སངས་རྒྱས་རྒྱ་མཚོའི་དབུ་ཞྭ་གཉིས།རྒྱལ་དབང་ཐམས་ཅད་མཁྱེན་པས་གནང་བའི་སྒྲོལ་མ་དང་སྟོན་པ་གཉིས་གཙོས་གནའ་དེང་གི་རྟེན་བྱིན་ཅན་མང་པོ་བཞུགས།འཇམ་དབྱངས་ཀྱི་ཐང་གའི་རྒྱབ་ཏུ་སྐྱེས་བུ་དམ་པ་མང་པོའི་ཕྱག་ཐེལ་དང་།ཞལ་ཁེབས་ལ་པཎྜི་ཏ་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་སྐུ་གཟན་གྱིས་བརྒྱན་ཡོད།
      བཀྲ་ཤིས་སྒོ་མང་ནང་དུ།སྨན་འདམ་ལས་གྲུབ་པའི་རིགས་ལྡན་ཉེར་ལྔ་དང་།སྨན་བླ་བདེ་གཤེགས་བརྒྱད།རྗེ་ཡབ་སྲས་གསུམ།ཚེ་ལྷ་རྣམ་གསུམ།དུས་འཁོར།ཀུན་རིག་སོགས་ཀྱི་སྐུ་འདྲ་ཆུང་བ་དང་།བཀའ་འགྱུར་དང་བསྟན་འགྱུར་ཚར་གསུམ་རེ།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཚར་གསུམ།ཡབ་རྗེ་གསུང་འབུམ་ཚར་གཅིག་བཅས་བཞུགས།སྒོ་འཕྱོར་དུ།རྒྱལ་ཆེན་བཞི་དང་།སྲིད་པའི་འཁོར་ལོ།ཨ་མྱེས་རྨ་ཆེན།རེབ་གོང་གི་གཞི་བདག་གྲགས་ཅན་རྣམས་ཀྱིས་བསྐོར་བའི་ཨ་མྱེས་བྱ་ཁྱུང་བཅས་ཀྱི་གྱན་ཐང་བཞུགས།སྦྱིན་སྲེག་ཁང་ནི་འོག་ཤོད་སྦྱིན་སྲེག་ཁང་དང་སྟེང་དུ་དུས་འཁོར་བློས་བསླངས་ཡོད།དུས་འཁོར་བློས་བསླངས་ཁང་གི་ནང་རྟེན་གཙོ་བོ་ལ།རྒྱུ་ཤིང་ལས་གྲུབ་པའི་དུས་འཁོར་བློས་བསླངས་ངོ་མཚར་ཅན་དང་།འོག་ཤོད་དུ།རྡོ་རྗེ་སློབ་དཔོན་གྱི་བཞུགས་ཁྲི་དང་།སྦྱིན་སྲེག་སྐབས་ཀྱི་ཡོ་བྱད་རྣམས་ཡོད།
      མགོན་ཁང་ནི།སྤྱི་ལོ་2004ལོར་ཁྲི་རྒན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་འཕྲིན་ལས་དབང་བོ་དང་ཁོང་གི་ཚ་བོ་མ་ཎི་པ་ཐུབ་བསྟན་བསྟན་འཕེལ་གཉིས་ཀྱིས་བསྐྱར་དུ་བཞེངས།ནང་རྟེན་གྱི་སྐོར་ལ།སྨན་འདམ་ལས་གྲུབ་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་།མགོན་པོ་ཕྱག་དྲུག་པ།རྡོ་རྗེ་གུར།ལྷ་མོ་དམག་ཟོར་མ།ཆོས་རྒྱལ།རྣམ་སྲས།གཟའ་མཆོག་རཱ་ཧུ་ལ།དམ་ཅན་རྡོ་རྗེ་ལེགས་པ་རྭ་ཞོན་རྣམས་ཀྱི་སྐུ་འདྲ་མི་ཚད་ཅན།གཞན་ཆོས་སྐྱོང་དེ་དག་གི་ཞལ་འབག་དང་།བན་ངོས་རྣམས་སུ་སྤྱན་གཟིགས་དང་འདོད་ཡོན་སྣ་ལྔའི་མཆོད་པ་སོགས་ཡོད།རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ནི་དུས་འཁོར་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་ཁྱད་པར་བ་ཡིན་ནོ།།
      ཆོས་ཐོག་གི་སྐོར་ལ།བོད་ཟླ་དང་པོའི་ཚེས་བཅུ་ཉིན་གྲལ་འཛིན།ཚེས་བཅུ་གཅིག་ནས་བཅུ་དྲུག་བར་ཚོགས་ཆེན་དུ་ཆོ་འཕྲུལ་སྨོན་ལམ།ཚེས་བཅུ་བདུན་ཉིན་ལས་སྣེ་བསྐོ་བཞགཚེས་བཅུ་དགུ་ཉིན་རྒྱུན་ཚོགས།ཚེས་ཉི་ཤུ་ཉིན་ལས་སྣེ་གསར་བཞེངས།ཚེས་ཉེར་གཅིག་ནས་ཉེར་གསུམ་བར་དུས་འཁོར་ཆོ་ག་ངག་འདོན།ཚེས་ཉེར་ལྔ་ཉིན་ཀླུད་རྫོང་།ཚེས་ཉེར་དྲུག་ཉིན་ཆོས་སྤྱོད།ཚེས་ཉེར་བདུན་ཉིན་དབྱངས་ཆོགཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ལ་མགོན་ཆོས་ལྔའི་བསྐང་གསོལ།བོད་ཟླ་གཉིས་པའི་ཚེས་གཅིག་ཉིན་གུར་གྱི་གཤེགས་གཏོར་བཏང་སྟེ་དཔྱིད་ཆོས་གྲོལ་བ་ཡིན།བོད་ཟླ་གསུམ་པའི་ཚེས་བདུན་ནས་བཅུ་དྲུག་པར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད་ཆེན་མོ་ཡོད།དབྱར་ཆོས་ནི།བོད་ཟླ་གསུམ་པའི་ཚེས་གནམ་གང་ཡོད་ན་གནམ་གང་དང་མེད་ན་སུམ་ཅུ་ཉིན་གྲལ་འཛིན་ཡིན།བོད་ཟླ་བཞི་བའི་ཚེས་གཅིག་ནས་གསུམ་བར་དུས་འཁོར་གྱི་ཆོ་ག་ངག་འདོན་དང་།ཚེས་བཞི་ནས་བཅོ་ལྔ་བར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཀུན་རིག་སྒྲུབ་མཆོད།ཟུར་དུ་བླ་མ་དཔོན་སློབ་དང་རྡུལ་ཚོན་པ་རྣམས་ཀྱིས་ཚེས་གཅིག་ནས་དགུ་བར་རྡུལ་ཚོན་གྱི་སྒོ་ནས་ཀུན་རིག་གི་དཀྱིལ་འཁོར་བཞེངས་པ་དང་།ཚེས་བཅུ་གཅིག་ཉིན་ཀུན་རིག་སྒྲུབ་མཆོད་ཀྱི་དངོས་གཞིའི་ཉིན་དང་པོ་ཡིན་པ་དང་།ཚེས་བཅུ་གཉིས་ནས་བཅུ་བཞི་བར་ཀུན་རིག་གི་བདག་འཇུགཚེས་བཅོ་ལྔ་ཉིན་ཀུན་རིག་གི་སྦྱིན་སྲེག་དང་།རྡུལ་ཚོན་གཤེགས་གསོལ།རྡུལ་ཚོན་ཆབ་འདྲེན་དང་བཅས་པ་ཡིན་ལ།དེ་ནི་གྲོ་མོ་ལུང་བའི་ཕྱག་སྲོལ་ཡིན་པར་གྲགས།ཚེས་བཅུ་དྲུག་ཉིན་ཆོས་སྤྱོད།ཚེས་བཅུ་བདུན་ཉིན་དབྱངས་ཆོགཚེས་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་མགོན་ཆོས་ལྔའི་བསྐང་གསོལ།ཚེས་ཉི་ཤུ་ཉིན་རྒྱུན་ཚོགས།ཚེས་ཉེར་གཅིག་ཉིན་གུར་གྱི་གཤེགས་གཏོར་དང་བཅས་དབྱར་ཆོས་གྲོལ་བ་ཡིན།དབྱར་གནས་ནི།གྲྭ་ཚང་ཐོས་བསམ་གླིང་དང་མཉམ་འཚོགས་བྱེད་དགོས་པ་ཡིན།
      སྟོན་ཆོས་ནི།བོད་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་གྲལ་འཛིན།ཚེས་བཅོ་བརྒྱད་ནས་ཉེར་གཅིག་བར་བདེ་མཆོག་སྒྲུབ་ཐབས་རྐྱང་བ།ཚེས་ཉེར་གཉིས་ཉིན་བདེ་མཆོག་ཚོགས་མཆོད།ཚེས་ཉེར་གསུམ་ཉིན་སྟོན་ཆོས་གྲོལ་བ་ཡིན།ཚེས་གྲངས་ངེས་པ་མེད་པའི་བོད་ཟླ་དགུ་བའི་ནང་རྣམ་སྲས་གཏེར་སྒྲུབ་དང་གཡང་འབོད་ཡོད།དགུན་ཆོས་ནི།བོད་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྲལ་འཛིན།ཚེས་ཉེར་ལྔ་ནས་ཉེར་དགུ་བར་ཚོགས་ཆེན་དུ་དགེ་ལྡན་ལྔ་མཆོད་ཆེན་མོ་ལ་ཕེབས།བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་ལྔ་བར་དུས་འཁོར་གྱི་ཆོ་ག་ངག་འདོན།ཚེས་དྲུག་ནས་བཅོ་ལྔ་བར་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་ཡ་མ་ར་ཛའི་སྒྲུབ་ཐབས་དང་།ཚེས་བཅོ་ལྔའི་ཉིན་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་ཞི་བའི་སྦྱིན་སྲེགཚེས་བཅུ་དྲུག་དང་བཅུ་བདུན་གཉིས་ལ་མགོན་ཆོས་ལྔའི་བསྐང་གསོལ་བསྡུས་པ།ཚེས་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་མགོན་ཆོས་ལྔའི་བསྐང་གསོལ་རྒྱས་པ།ཚེས་ཉི་ཤུ་ཉིན་བསྐང་གསོལ་བསྡུས་པ།ཚེས་ཉེར་གཅིག་ཉིན་གུར་གྱི་གཤེགས་གཏོར་དང་བཅས་དགུན་ཆོས་གྲོལ་བ་དང་།བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ནས་བཅོ་ལྔ་བར་རྣམ་སྲས་གཏོར་སྒྲུབ་དང་བཅས་ལོ་གཅིག་རིང་གི་ཆོས་ཐོག་ཡོངས་སུ་མཇུག་རྫོགས་སོ།།ཟླ་བ་ཡར་ངོ་མར་ངོའི་གསོ་སྦྱོང་དང་ཚོགས་ཆེན་གྱི་ཆོས་ཐོག་རྣམས་གདན་ས་གསུམ་དང་མཉམ་འཚོགས་བྱེད་དགོས་པ་ཡིན།
       བཅའ་ཡིག་ནི་གྲུབ་དབང་བསྟན་པ་རབ་རྒྱས་ཀྱིས་མཛད་པར་གྲགས་པའི་བཅའ་ཡིག་རྒྱས་པ་ཞིག་ཡོད་ལ།དེ་ནི་རིག་གསར་སྐབས་མེད་བརླགས་སུ་སོང་།ཡིན་ནའང་སྔོན་ཆད་ཀྱི་གྲྭ་པ་རྒན་པ་རེ་ཟུང་གི་གསུང་ལས་ཐོན་པའི་ཆོ་ག་ཕྱག་ལེན་དང་།འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་སོགས་སྔོན་ཆད་ཀྱི་བཅའ་ཡིག་ནང་བཞིན་གཏན་འཁེལ་བྱས་ཡོད།གྲྭ་ཚང་འདིར་གསར་དུ་ཞུགས་མཁན་ལ།ལྟ་གྲུབ་མི་གཙང་བ་དང་།དགོན་སྡེ་གཞན་ནས་གནས་དབྱུང་བྱས་པ་མ་ཡིན་པ།དགེ་ཚུལ་སློང་སོགས་རྩ་བཞི་ཆང་དང་བཅས་པའི་མཐོང་ཐོས་དོགས་གསུམ་མེད་པ།གསར་དུ་རབ་བྱུང་གནང་དགོས་པ་ལ་སྡོམ་པ་གནས་པ་དང་།གོང་འཕེལ་དུ་འགྱུར་བའི་བར་ཆད་ལྡན་མི་ལྡན་ལེགས་པར་བརྟགས་ཏེ་རབ་ཏུ་བྱུང་ནས།ཐོག་མར་ཁྲི་བ་དང་དགེ་བསྐོས་ལ་སྙན་ཞུ་འབུལ་བ་དང་།ཆོས་སྐྱོང་ལ་མཆོད་མེ་སྙན་དར་སོགས་ཕུལ་ནས་ཚོགས་སུ་ཞུགས་དགོས།དེ་ནས་དགེ་རྒན་ལེགས་པར་བསྟེན་ཏེ་དུས་འཁོར་དང་།བདེ་མཆོགཀུན་རིགའཇིགས་བྱེད་རྣམས་ཀྱི་བདག་འཇུག་ས་ཆོག་དང་བཅས་པ།མགོན་ཆོས་དང་ཆོས་སྤྱོད་སོགས་གྲྭ་ཚང་རང་གི་འདོན་ཆོས་རྣམས་བློ་འཛིན་དང་།འདོན་རྟ་དབྱངས་གསུམ་དང་།གར་ཐིག་ཕྱག་རྒྱ།འབུད་བརྡུང་བཀྲོལ་གསུམ་སོགས་ལ་ནང་བྱན་ཆུད་དགོས་པ།ཁྱད་པར་དུ་ལམ་རིམ་ཆེ་ཆུང་དང་།ཕྱི་སྐར་རྩིས་ཀྱི་རི་མོའི་ལག་ལེན།ནང་རྩ་རླུང་གི་རྣམ་བཞགགཞན་བསྐྱེད་རྫོགས་ཀྱི་ལམ་དང་འབྲས་བུ།རྒྱུད་འགྲེལ་བ་དང་བཅས་པ་ལ་འཆད་ཉན་གནང་དགོས།གཞན་ཡང་རབ་བྱུང་དགེ་ཚུལ་གྱི་ཡོ་བྱད་སྤྱི་དང་།གདིང་བ།ཆུ་བཙགས།ཞྭ་མོ།ཟླ་གམ།ཤིང་ཕོར།ཆབ་རིལ།ཕྲེང་སེར་སོགས་དང་།དགེ་སློང་ལ་དེའི་སྟེང་ཆོས་གོས་དང་།རྣམ་སྦྱར།ཤམ་ཐབས།ལྷུང་བཟེད།ས་གཤོང་།ཤོ་ཀ་ལུ་སོགས་འཚོ་བའི་ཡོ་བྱད་རྣམས་ངེས་པར་ཚང་དགོས།ཁྱིམ་པའི་རྟགས་ཅན་གྱི་ཞྭ་གོས་ལྷམ་གསུམ་དང་།པགས་རིགས་སོགས་གྱོན་མི་ཆོགཤོ་དང་མིག་མང་རྩེ་བ།མཚོན་ཆ་ཐོགས་པ།སྐྲ་ཚད་ལས་འདས་པ་འཇོག་པ།མཚན་མོར་ཁྱིམ་པ་ཕོ་མོ་དང་ལྷན་དུ་རྩེད་མོ་དང་ལྟད་མོ་བལྟ་བ།གཟན་ཤམ་དང་བྲལ་བར་གླིང་བར་དུ་འགྲོ་བ།དོན་མེད་དུ་ཁྲིམས་གྲོགས་མེད་པར་གྲོང་དུ་རྒྱུ་བ་སོགས་ཁྱིམ་པ་སུན་འབྱིན་གྱི་རིགས་གཏན་ནས་བྱེད་མི་ཆོགམདོར་ན་གྲྭ་ཚང་ནང་དུ་ཕྱོགས་རིས་འཐེན་ཁྱེར་མི་བྱེད་པར་ཐུགས་མཐུན་ཁྲིམས་གཙང་གི་ངོས་ནས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།བསླབ་པ་གསུམ་གྱི་ཉམས་ལེན་ལ་འབད་བརྩོན་གནང་དགོས།སྤྱི་ལོ་2006ལོར་ཤར་སྐྱབས་མགོན་དབུར་བཞུགས་ནས།གྲྭ་ཚང་གི་གྲྭ་བ་རྒན་གཞོན་ཐུན་མོང་གིས་མ་བསྐུལ་རང་འགུལ་གྱི་སྒོ་ནས་འདུ་ཁང་ནང་དང་།གྲྭ་ཚང་གི་མིང་ཐོག་ནས་དཀྱུས་གཅིག་ཏུ་ཚོགས་པའི་གནས་གང་ཡིན་ཡང་དམར་ཟས་མི་བཞེས་པའི་དམ་བཅའ་གནང་བ་སོགས་སྒྲིག་སྲོལ་གཏན་ཆགས་བྱས་ཡོད།།
      ཆོས་འཆད་ཉན་གྱི་བསྐོར་ལ།གྲྭ་ཚང་འདིར་རྫོགས་རིམ་པ་དང་།བསྐྱེད་རིམ་པ།ལམ་རིམ་པ།མཚན་བརྗོད་པ་བཅས་འཛིན་གྲྭ་བཞི་ཡོད་པ་དང་།དེ་དག་གི་སྦྱང་བྱ་གཙོ་བོ་ནི།ཐུན་མོང་རིག་གནས་སྤྱི་དང་།ནང་སྒོས་ལམ་རིམ་བློ་སྦྱོང་དང་།ཕྱི་སྐར་རྩིས་ཀྱི་རི་མོའི་ལག་ལེན།ནང་རྩ་རླུང་གི་རྣམ་བཞགཁྱད་པར་དུ་འགྲེལ་ཆེན་དྲི་མེད་འོད་ཀྱི་གཙོས་དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་བ་གཞན་དག་དང་།གར་ཐིག་ཕྱག་རྒྱ།འདོན་རྟ་དབྱངས་གསུམ་སོགས་ཡིན།ཁྱད་པར་དུ་དུས་འཁོར་གྲྭ་ཚང་གི་ནག་པ་ཟླ་བའི་དུས་འཁོར་སྒྲུབ་མཆོད་ཆེན་མོའི་སྐབས་སུ་ཆོས་ཐོག་གཞན་དང་མི་འདྲ་བར་འཆད་ཉན་གནང་སྲོལ་ཡོད་དེ།བོད་ཟླ་གསུམ་པའི་ཚེས་བརྒྱད་ནས་བཅུའི་ཚོགས་ཀྱི་བར་གསེང་སྐབས།རྫོགས་རིམ་པ་དང་།བསྐྱེད་རིམ་པ།ལམ་རིམ་པ།མཚན་བརྗོད་པ་རྣམས་ཀྱིས་རང་རང་གི་སྐབས་བབས་ཀྱི་གཞུང་ལ་སྦྱང་དགོས་པ་མ་ཟད།དུས་འཁོར་བདག་འཇུག་གི་ཆོ་ག་མགོ་ནས་མཇུག་སྦྱིན་སྲེག་དང་།བར་གྱི་འདོན་རྟ་དབྱངས་གསུམ་ལ་ཞིབ་སྦྱང་གནང་དགོས།ཚེས་བཅུ་གཉིས་ནས་བཅུ་བཞིའི་ཚོགས་ཀྱི་བར་གསེང་སྐབས།ཆོས་གྲྭའི་ཁྲི་དབང་ནང་དུ་ཁྲི་བའི་མདུན་ནས་འགྲེལ་ཆེན་དྲི་མེད་འོད་ཀྱི་གཙོས།འགྲེལ་བ་གཞན་དག་གི་བཤད་པ་གནང་བ་ལ་ཐོས་བསམ་གནང་དགོས་པ་དང་།ཁྲི་བས་བརྩི་བཞག་གནང་བ་ལྟར།འཛིན་གྲྭ་རྒན་རིམ་ནས་སྐབས་བབས་ཀྱི་བརྩི་བཞག་སྐྱོར་དགོས།བོད་ཟླ་ལྔ་བའི་ནང་སྐར་རྩིས་པ་རྣམས་ཀྱིས་སྐར་རྩིས་གཤར་སྦྱང་བྱེད་པ་དང་།སྐར་རྩིས་གསར་སློབ་པ་རྣམས་ཀྱིས་གྲངས་རྩིས་སྦྱང་དགོས།སྐར་རྩིས་རྒན་པ་རྣམས་ཀྱིས་ཉིན་མང་པོར་སྐར་རྩིས་བྱས་ཏེ་ལོ་གཅིག་གི་སྐར་རྩིས་གཏན་ལ་འབེབ་དགོས་པ་དང་།གཏན་ལ་ཕབས་པའི་སྐར་རྩིས་རེའུ་མིག་དེ་སྐར་རྩིས་པ་རྣམས་ཀྱི་ནང་ནས་འབྱོར་བ་ཞན་པ་གཉིས་ལ་སྟེར་དགོས།སྔོན་ཆད་རེབ་གོང་ཡུལ་དུ་སྐར་རྩིས་ཀྱི་སྒོ་ནས་དོན་བྱ་དང་སྐར་མ་བརྟག་མཁན་ནི་རོང་བོ་དུས་འཁོར་གྲྭ་ཚང་ཡིན་པས།དོན་བྱ་དང་ཉིན་སྐར་ལ་བརྟག་དགོས་ན་ངེས་པར་དུ་གྲྭ་ཚང་འདིར་ཡོང་ནས་བལྟ་དགོས་ལ།དེའི་སྐབས་གོ་རེ་དང་འོ་མ་སོགས་ཀྱི་ལེགས་སྐྱེས་ཤིག་སྐར་མ་བལྟ་མཁན་ལ་སྤྲོད་དགོས་པའི་གོམས་སྲོལ་ཆགས་ཡོད།དེས་གྲྭ་བ་དེ་གཉིས་ཀྱི་འཚོ་བའི་ཕྱོགས་ལ་ཕན་ནུས་ངེས་ཅན་ཞིག་ཐོན་པའི་བཤད་རྒྱུན་ཡོད།ཆོས་ཐོག་ཐེབས་རྩ་ལ།གྲྭ་ཚང་རང་གིས་གསར་དུ་བསྐྲུན་པའི་སྨན་ཁང་དང་།བསང་རྫས་བཟོ་གྲྭ་གཉིས་ཀྱི་ཡོང་སྒོ་དང་།ཁྲི་པ་རིམ་བྱོན་དང་།སྦྱིན་བདག་ཁག་གིས་གནང་བའི་སྤྱི་འཇོག་གི་སྒོར་མོ་བཅས་ཡོད།དེས་ལོ་གཅིག་གི་ཆོས་ཐོག་དང་དགེ་འདུན་པ་རྣམས་ཀྱི་འཚོ་བའི་ཕྱོགས་ལ་མཐུན་རྐྱེན་སྦྱོར་དགོས་སོ།།

      ལྔ་པ། ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་སོགས་ལྷ་ཁང་སོ་སོའི་སྐོར།

      ཚོགས་ཆེན་འདུ་ཁང་ཆེན་མོ་ཀ་བརྒྱ་མ་ནི།ཐོག་མར་སྐྱབས་མགོན་སྐུ་ཕྲེང་གཉིས་པས་སྤྱི་ལོ་1732ལོར་བཞེངས་པའི་རྨང་གཞིའི་སྟེང་སྐྱབས་མགོན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོས་གསར་དུ་བཞེངས།སྤྱི་ལོ་1957ལོར་སྐྱབས་མགོན་སྐུ་ཕྲེང་བདུན་པས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་བཟོ་བཀོད་ཇེ་ལེགས་དང་རྣམ་པ་རྒྱ་བསྐྱེད་དེ་དགེ་འདུན་སུམ་སྟོང་ལྷག་ཤོང་བའི་ད་ལྟའི་འདུ་ཁང་ཆེན་མོ་འདི་ཉིད་གསར་བཞེངས་མཛད།སྤྱི་ལོ་1980ལོར་དགོན་པ་རང་གིས་སྔོན་དུས་གཟར་དང་རིག་གསར་སྐབས་ཉམས་རྒུད་དུ་སོང་ཡོད་པ་རྣམས་ལ་ཞིག་གསོ་དང་།ནང་རྟེན་རྙིང་བ་སླར་བསྡུ་དང་མེད་པ་རྣམས་བསྐྱར་བཞེངས་མཛད།སྤྱི་ལོ་2000ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་གནད་ཆེ་སའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་ངོས་ནས་ཉམས་གསོ་བྱས།དེ་ལྟར་རྒྱལ་ཁབ་དང་རེབ་གོང་སྐྱ་སེར་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་བརྗིད་ཆགས་བལྟ་ན་སྡུག་པའི་གཙུག་ལག་ཁང་ཆེན་པོ་འདི་ཉིད་སླར་ཡང་ལེགས་གྲུབ་བྱུང་བ་ཡིན།
      ནང་རྟེན་གྱི་སྐོར་ལ།འདུ་ཁང་ཆེན་མོའི་སྦུག་གི་མར་འཁོར་དབུས་སུ།སྤྱི་ལོ་1981ལོར་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་།ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་ཀྱིས་གཙོས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་།དད་ལྡན་སེར་སྐྱ་ཡོངས་ཀྱི་རོགས་རམ་བཅས་ལ་བརྟེན་ནས།རེབ་གོང་སེང་གེ་གཤོང་ཡ་མགོ་དགོན་པའི་དགེ་སློང་ཨ་ཁུ་བློ་བཟང་ཉི་མས་ལྷ་དཔོན་བྱས་ཏེ་ལྷ་རིས་པ་ཉི་ཤུ་ལྷག་གིས་ལོ་ངོ་གཉིས་རིང་ལ་རྒྱུ་སྨན་འདམ་ལས་གསར་དུ་བཞེངས་པའི་རྗེ་ཙོང་ཁ་བ་ཆེན་པོའི་སྐུ་བརྙན་མཐོང་བ་དོན་ལྡན།མཐོ་ཚད་ལ་སྤྱི་ཁྲི་བཅུ་བདུན་ཅན་དང་།རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཀྱི་སྐུ་འདྲ།མཐོ་ཚད་ལ་སྤྱི་ཁྲི་བརྒྱད་ཅན།རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་འདིའི་གཟུངས་གཞུག་ལ་འཇིག་རྟེན་ན་རྙེད་པར་དཀའ་བའི་རྟེན་སྣ་བྱིན་ཅན་གྱི་རིགས་མང་པོ་བཞུགས།
      རྗེ་སྐུ་ཆེན་མོའི་གཡས་གཡོན་གྱི་ཀུན་དགའ་ར་བའི་ནང་དུ་སྨན་འདམ་ལས་གྲུབ་པའི་རྗེ་སྟོང་སྐུ།འདབས་ངོས་གཡས་སུ།རྒྱལ་དབང་ཐམས་ཅད་མཁྱེན་པའི་འཁྲུངས་རབས་དང་།སྐྱབས་འགྲོ་ཚོགས་ཞིང་།གནས་བརྟན་བཅུ་དྲུགགསང་འདུས།གསང་བདག་འཁོར་ཆེན་བཅས་ཀྱི་གྱན་ཐང་།དེའི་མདུན་དུ་རྒྱལ་བ་མི་འཁྲུགས་པ་དང་།སྟོན་པ་ཤཱཀྱ་ཐུབ་པ།འཇམ་དབྱངས་དམར་སེར།ཐུགས་རྗེ་ཆེན་པོ་ཕྱག་བཞི་བ།གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན།ཡབ་རྗེ་སྐལ་ལྡན་རྒྱ་མཚོ།སྐྱབས་མགོན་སྐུ་ཕྲེང་བདུན་པ།སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་བཅས་ཀྱི་སྨན་སྐུ་མི་ཚད་ཅན།གཡོན་དུ།པཎ་ཆེན་ཐམས་ཅད་མཁྱེན་པའི་འཁྲུངས་རབས་དང་།བླ་མཆོད་ཚོགས་ཞིང་།བདེ་མཆོགདུས་འཁོར།རིག་བྱེད་མ་བཅས་ཀྱི་གྱན་ཐང་།དེའི་མདུན་དུ་རྗེ་སྐུ་དང་།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ།རྒྱལ་བ་བྱམས་པ་མགོན་པོ།སྨན་བླ།སྒྲོལ་ལྗང་བཅས་ཀྱི་སྨན་སྐུ་མི་ཚད་ཅན།གཞན་ཇོ་བོ་ཡིད་བཞིན་ནོར་བུ་དང་རྗེ་བདུད་འདུལ་མ་གཉིས་ཀྱི་སྨན་སྐུ་མི་ཚད་ཅན་དང་།ཆོ་འཕྲུལ་སྨོན་ལམ་སྐབས་བྱམས་པ་གླིང་བསྐོར་དུ་གདན་འདྲེན་པའི་བྱམས་སྐུ་བྱིན་ཅན་རྒྱུ་ཙན་དན་ལས་གྲུབ་པའི་སྐུ་འོད་འབར་མར་གྲགས་པ་དང་།རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་མཐོ་ཚད་ལ་སྤྱི་ཁྲི་གཉིས་ཅན་དང་།བཀའ་བསྟན་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཆོས་དཔེ་མང་པོ་བཞུགས།གདོང་གྲལ་གྱི་མགོར་ཤར་སྐྱབས་མགོན་དང་ཚོགས་ཆེན་ཁྲི་བའི་བཞུགས་ཁྲི།གྲལ་མཐའི་གཡས་སུ།སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་བརྒྱད་དང་།བྱམས་པའི་ཞིང་བཀོད།མི་འཁྲུགས་པའི་ཞིང་བཀོད།འོད་དཔག་མེད་ཀྱི་ཞིང་བཀོད།རིགས་གསུམ་མགོན་པོ་བཅས་ཀྱི་གྱན་ཐང་དང་།གོས་སྐུ་ཆེན་མོ་རྣམས་བཞུགས།གྲལ་མཐའི་གཡོན་དུ།སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་བརྒྱད་དང་།གདུགས་དཀར།ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་།རྟ་མགྲིན་ཡང་གསང་།སྒྲོལ་ལྗང་བཅས་ཀྱི་གྱན་ཐང་བཞུགས།
     སྒོ་ཆེན་ནང་ལོགས་གཡས་གཡོན་དུ།མགོན་པོ་ཕྱག་དྲུག་པ་དང་།ལྷ་མོ་དམག་ཟོར་མ།ཆོས་རྒྱལ།རྣམ་སྲས།ཥཱ་ཏྲ་པ་ལ།ལྕམ་སྲིང་།བསྟན་མ་བཅུ་གཉིས་བཅས་ཀྱི་གྱན་ཐང་བཞུགས།རྒྱ་མཐོངས་དབུས་སུ།ཡབ་རྗེ་བླ་མའི་འཁྲུངས་རབས་ཀྱི་ཐང་ག་ཆེན་པོ་རྣམས་དང་།གཡས་གཡོན་དུ།རྗེ་འཁྲུངས་རབས་ཙོང་ཁ་བརྒྱད་ཅུའི་གྱན་ཐང་བཞུགས།རྒྱ་མཐོངས་ཁར།གཉན་ཐོག་ལྷ་རིས་པ་དཔལ་འབྱོར་གཙོས་གཉན་ཐོག་ལྷ་རིས་པ་རྣམས་ཀྱིས་གོས་དྲུབས་ལས་བཞེངས་པའི་གནས་བརྟན་བཅུ་དྲུག་དང་།སྟོན་པ་གཙོ་འཁོར་གསུམ་པ།བྱམས་འཇམ་དབྱངས།ཚེ་ལྷ་རྣམ་གསུམ།རིགས་གསུམ་མགོན་པོ།གྲུབ་ཆེན་ཆོས་པ་ཡབ་སྲས་གཙོས་བླ་སྐུ་སྣ་ཚོགས།མགོན་པོ་ཕྱག་དྲུག་པ།དམ་ཅན་ཆོས་རྒྱལ།རྡོ་རྗེ་གུར་མགོན།ལྷ་མོ་དམག་ཟོར་མ།རྣམ་སྲས་བཅས་ཀྱི་སྐུ་འདྲ་བཞུགས་པའི་ནོར་བུའི་མཐོངས་བསྐོར་ཕུལ་བྱུང་ཅན།རྒྱ་མཐོངས་ཁ་དང་ཀ་ཐུང་གི་མགོ་རྣམས་སུ་གནའ་དེང་གི་ཐང་ག་མང་པོ་བཞུགས།དེའི་ནང་གི་སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་རྣམས་སེང་གེ་གཤོང་ཡ་མགོ་སྡེ་བའི་ལྷ་རིས་པ་ཤ་བོ་ཐར་གཙོས་སེང་གེ་གཤོང་ཡ་མགོ་སྡེ་བའི་ལྷ་རིས་པ་རྣམས་ཀྱིས་གསར་དུ་བཞེངས།རྗེ་འཁྲུངས་རབས་ཙོང་ཁ་བརྒྱད་ཅུ་དང་བྱམས་པའི་ཞིང་བཀོད་གཉིས་ཀྱི་གྱན་ཐང་རྣམས་སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་རིས་པ་སྐལ་བཟང་གཙོས་སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་རིས་པ་རྣམས་ཀྱིས་བཞེངས།བདེ་གསང་འཇིགས་གསུམ་དང་།དུས་འཁོར།གསང་བདག་འཁོར་ཆེན་བཅས་ཀྱི་གྱན་ཐང་རྣམས་ཚོ་འདུ་སྡེ་བ་བཞིས་སྦྱིན་བདག་བྱས་ཏེ།སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་དཔོན་ཆེན་མོ་ཨ་ཁུ་རྒྱ་མཚོས་ལྷ་དཔོན་མཛད་དེ་སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་རིས་པ་འགས་བཞེངས།སྨན་སྐུ་ཆེ་ཆུང་མང་ཆེ་བ་སེང་གེ་གཤོང་ཡ་མགོ་དགོན་པའི་དགེ་སློང་ཨ་ཁུ་བློ་བཟང་ཉི་མ་དང་།གནས་བརྟན་ཚེ་རིང་རྡོ་རྗེ།འདུལ་བ་འཛིན་པ་ཡུམ་སྐྱབས་རྒྱལ།ཕྱག་འཚལ་པ་སངས་རྒྱས།བཀྲ་ཤིས་རབ་བརྟན་སོགས་ཀྱིས་བཞེངས།བླ་མཆོད་ཚོགས་ཞིང་དང་ལྕམ་སྲིང་གཉིས་ཀྱི་གྱན་ཐང་སེང་གེ་གཤོང་ཡ་མགོ་དགོན་པའི་གནས་བརྟན་ཨ་ཁུ་ཚེ་རིང་རྡོ་རྗེ་སོགས་ཀྱིས་བཞེངས།རྒྱ་མཐོངས་དབུས་ཀྱི་ཡབ་རྗེ་འཁྲུངས་རབས་ཀྱི་ཐང་ག་ཆེན་པོ་རྣམས་གཉན་ཐོག་འཇིགས་མེད་སྐར་མདའ་གཙོས་གཉན་ཐོག་ལྷ་རིས་པ་རྣམས་ཀྱིས་བཞེངས།
     འདུ་ཁང་ཞོལ་གྱི་མགོན་ཁང་དུ།ནང་རྟེན་གཙོ་བོ།གསེར་ཟངས་ལས་གྲུབ་པའི་རྡོ་རྗེ་གུར་གྱི་སྐུ་བརྙན་ངོ་མཚར་ཅན་དང་།སྟོན་པ་ཤཱཀྱ་ཐུབ་པ་དང་འཇིགས་བྱེད་སོགས་ཀྱི་ལི་སྐུ་ཆེ་ཆུང་མང་པོ།ཡི་དམ་རྡོ་རྗེ་འཇིགས་བྱེད་སོགས་ཀྱི་གྱན་ཐང་བཅས་བཞུགས།རྡོ་རྗེ་གུར་གྱི་མགོན་པོ་ནི་རོང་བོ་དགོན་པ་སྤྱིའི་ཐུན་མོང་མ་ཡིན་པའི་སྲུང་མ་ཁྱད་པར་བ་ཡིན་ནོ།།འདུ་ཁང་སྟེང་གི་བཀྲ་ཤིས་སྒོ་མང་ནང་དུ།སྨན་འདམ་ལས་བཞེངས་པའི་སྟོན་པ་དང་།བྱམས་པ།འཇམ་དབྱངས་།རྗེ་སྐུ།སྒྲོལ་ལྗང་རྣམས་གཙོ་སྐུ་བྱས་པའི་མཐའ་བསྐོར་དུ་རྒྱན་དྲུག་མཆོག་གཉིས་དང་།ལམ་རིམ་བླ་བརྒྱུད་བཅས་ཀྱི་སྐུ་འདྲ།བཀའ་བསྟན་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་སོགས་ཆོས་དཔེ་མང་པོ་བཞུགས།སྒོ་འཕྱོར་དུ།སྤྱི་ལོ་1983ལོར་གཉན་ཐོག་ལྷ་རིས་པ་འཇིགས་མེད་སྐར་མདས་བཞེངས་པའི་རྒྱལ་ཆེན་བཞི་དང་།འདུལ་བའི་དཔེ་རིས་དང་།སྲིད་པའི་འཁོར་ལོ།ཨ་མྱེས་བྱ་ཁྱུང་།ཨ་མྱེས་རྨ་ཆེན་གཙོས་རེབ་གོང་གི་གཞི་བདག་གྲགས་ཅན་རྣམས་དཀྱུས་གཅིག་ཏུ་ཡོད་པའི་གྱན་ཐང་བཞུགས།
     ལྷ་ཁང་སོ་མ་ནི།ཐོག་མར་སྤྱི་ལོ་1885ལོར་ཨ་རོལ་སྐུ་ཕྲེང་གཉིས་པ་བློ་བཟང་ལུང་རིགས་རྒྱ་མཚོས་གྲྭ་ཚང་རྒན་མང་གི་རེ་འདོད་ལྟར་གསར་དུ་བཞེངས་ལ།རྗེས་སོར་རྗེ་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་གཏད་པ་ན།ཉེ་གནས་འཇམ་དབྱངས་དཔལ་ལྡན་གྱིས་འགན་བླངས་ཏེ་དངུལ་སྲང་བཞི་སྟོང་ལྔ་བརྒྱས་བྱང་ཆུབ་མཆོད་རྟེན་ཐོག་ཚད་ལས་ལྷག་པ་བཞེངས་པ་ལ་མདུན་རྒྱབ་མེད་པར་རིན་པོ་ཆེའི་ཕྲ་རྒྱན་སྣ་ཚོགས་དང་སྒོ་རྒྱན་གསེར་རྩིས་བརྒྱན་པ་ལེགས་གྲུབ་བྱུང་བ་དང་།ལོ་དེའི་ཟླ་དང་བོའི་ཚེས་བཅོ་ལྔ་ཉིན་དགེ་འདུན་སྟོང་ཕྲག་མང་པོས་སེར་སྦྲེངས་ཀྱིས་མདུན་བདར་ཏེ་སྐུ་གདུང་ལྷ་ཁང་གསར་བཞེངས་འདིའི་རྟེན་གཙོར་བཞུགས་སུ་གསོལ།སྐྱབས་མགོན་རིན་པོ་ཆེས་དུས་མཆོད་ཀྱི་ཐེབ་རྩ་གནང་ཞིང་།ཉིན་དེ་ནས་བཟུང་གོང་སའི་བཀའ་གསུང་ལྟར་དཀོར་གཉེར་བཞིས་མཆོད་པ་ཆོས་སྤྱོད་ཀྱི་རིམ་པ་རྣམས་བཅའ་ཡིག་ནང་བཞིན་ཆག་མེད་དུ་འབུལ་དགོས་པའི་སྲོལ་བཙུགས།རིག་གསར་སྐབས་ལྷ་ཁང་རྟེན་དང་བརྟེན་པ་རྨང་ནས་འཇིག་ཟིན།སྤྱི་ལོ1982ལོར་ཡང་བསྐྱར་བཞེངས་འགོ་བརྩམས་ནས་སྤྱི་ལོ་1985ལོར་ལྷ་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བ་དང་།སྤྱི་ལོ་2005ལོར་སྐབས་དེའི་མཛོད་པ་འཛིན་གྲྭས་ལྷ་ཁང་སྟེང་རྒྱ་ཕིབས་གསར་བཞེངས་མཛད།ནང་རྟེན་གྱི་སྐོར་ལ།ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པའི་སྐུ་གདུང་བཞུགས་པའི་དངུལ་གྱི་མཆོད་རྟེན་རིན་པོ་ཆེའི་ཕྲ་རྒྱན་ཅན།མཐོ་ཚད་ལ་སྤྱི་ཁྲི་དྲུག་ཡས་མས་དང་།མཆོད་རྟེན་གྱི་ཁྲིའི་སྟེང་དུ་རྗེ་ཆར་འབེབས་མའི་ལི་སྐུ་བྱིན་ཅན་དང་(ལི་སྐུ་བྱིན་ཅན་དེ་ནི་སྐུ་རྒྱུ་རིན་པོ་ཆེ་ཛྷཻ་ཀྵྀམ་ལས་བཞེངས་པ་ཞིག་ཡིན་པ་དང་།སྤྱི་ལོ་1994ལོའི་ཟླ་2པའི་ཚེས་30ཉིན་ལྷ་ཁང་ནང་དུ་རྐུན་མ་འཛུལ་ནས་ལི་སྐུ་བྱིན་ཅན་དེ་དང་མཆོད་རྟེན་གྱི་ཕྲ་བརྒྱན་བྱི་རུ་ཆེ་བ་བཅུ་གཉིས་སོགས་རྐུན་མས་ཁྱེར་བས་ད་ལྟའི་བར་བརྩད་མ་ཆོད)།ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་།ལྟུང་བཤགས་ལྷ་སོ་ལྔ།སྨན་བླ་བདེ་གཤེགས་བརྒྱད་བཅས་ཀྱི་སྨན་སྐུ་ཆུང་བ།མི་འཁྲུགས་པའི་སྨན་སྐུ་ཆུང་བ་ཆིག་སྟོང་ལྷགབཀའ་བསྟན་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས།
      ཆོས་པ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་ནི།སྤྱི་ལོ་1660ཡས་མས་ཤིག་ལ་ནང་སོ་བསོད་ནམས་རྒྱ་མཚོས་གསར་དུ་བཞེངས་པ་དང་།རིག་གསར་སྐབས་ལྷ་ཁང་རྟེན་དང་བརྟེན་པ་རྨང་ནས་འཇིག་ཟིན།སྤྱི་ལོ་1987ལོར་རོང་བོ་ཁྲི་ཆེན་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོས་སྔོན་ཆད་ཀྱི་སྟོང་སྐུའི་ལྷ་ཁང་གི་ཤུལ་དུ་བསྐྱར་བཞེངས་མཛད།ནང་རྟེན་གྱི་སྐོར་ལ།ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་གདུང་དངུལ་གྱི་མཆོད་རྟེན་མཐོ་ཚད་ལ་སྤྱི་ཁྲི་ལྔ་ཅན་དང་།དེའི་གཡས་གཡོན་དུ།སྟོན་པ་ཤཱཀྱ་ཐུབ་པ་དང་།བྱམས་པ་མགོན་པོ།རྗེ་ཙོང་ཁ་པ།ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་བཅས་ཀྱི་སྨན་སྐུ་མི་ཚད་ཅན།རྒྱན་དྲུག་མཆོག་གཉིས་དང་།སྟོན་པའི་འཁྲུངས་རབས་མཛད་པ་བཅུ་གཉིས།བཀའ་བསྟན་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས།
       འཇམ་དབྱངས་ཀུན་གཟིགས་ལྷ་ཁང་ནི།སྤྱི་ལོ་1995ལོར་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་འཇམ་དབྱངས་དགེ་འདུན་རྒྱ་མཚོས་གསར་དུ་བཞེངས།ནང་རྟེན་གྱི་སྐོར་ལ།སྨན་འདམ་ལས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་མཐོ་ཚད་ལ་སྤྱི་ཁྲི་བཅུ་གསུམ་ཅན་དང་།གཡས་གཡོན་དུ་ཐུགས་རྗེ་ཆེན་པོ་དང་གསང་བདག་ཕྱག་ན་རྡོ་རྗེ་གཉིས་ཀྱི་སྨན་སྐུ་མཐོ་ཚད་ལ་སྤྱི་ཁྲི་བཞི་དང་ཕྱེད་ཅན།དེའི་གཡས་གཡོན་དུ།ཆོས་པ་རིན་པོ་ཆེ་དང་།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་གཉིས་ཀྱི་སྨན་སྐུ་མི་ཚད་ཅན།མདུན་དཀྱིལ་དུ།ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་སྐུ་གདུང་དངུལ་གྱི་མཆོད་རྟེན།དེའི་གཡས་གཡོན་དུ།ཆོས་པ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ནས་བདུན་པའི་བར་གྱི་སྨན་སྐུ་མི་ཚད་ཅན།དེ་དག་གི་རྒྱབ་ངོས་སུ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་གྱན་ཐང་གཉིས་དང་།གཡས་གཡོན་གྱི་ཀུན་དགའ་ར་བའི་ནང་དུ་སྨན་འདམ་ལས་གྲུབ་པའི་རྗེ་སྐུ་ཆིག་སྟོང་ལྷག་དང་།བཀའ་བསྟན་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཆོས་དཔེ་མང་པོ།སྐུ་གདུང་མཆོད་རྟེན་གྱི་གཡས་འགྲམ་དུ།འཕགས་པ་བརྒྱད་སྟོང་པ་གསེར་བྲིས་མ་ཁང་བཟང་དང་བཅས་པ་བཞུགས།བརྒྱད་སྟོང་གསེར་བྲིས་མ་འདི་ནི།ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པས་རང་གི་ཡང་སྲིད་སྔོན་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པར་གསུང་རྟེན་རྒྱལ་བའི་ཡུམ་འཕགས་པ་བརྒྱད་སྟོང་གསེར་བྲིས་ཀྱི་གླེགས་བམ་ཁྱད་དུ་འཕགས་པ་གསར་བཞེངས་མཛད།རྒྱུ་ཤོག་ནག་ཆེད་བཟོས་ཀྱི་ངོས་སུ།གསེར་དམར་གྱི་རྒྱུ་ལས་བྲིས་པའི་ལཉྫཱ་དང་ཝརྟི།བོད་ཡིག་བཅས་ཀྱི་སུམ་རྐང་ཐིག་ཕྲེང་བཞི་ཅན་དང་།ཤོག་གྲངས་ལྔ་བརྒྱ་ལྔ་བཅུ་ཡོད་པའི་ཤོག་ངོས་ཡོངས་སུ་བརྒྱད་སྟོང་བ་གཙོས་འཇམ་དཔལ་མཚན་བརྗོད་དང་།བསྟན་པ་རྒྱས་པའི་སྨོན་ལམ་སོགས་བཞུགས་ལ།བརྒྱད་སྟོང་བའི་ལེའུ་དང་བམ་པོ་རེ་རེའི་མཚམས་སུ་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་ནང་གི་སྐུ་འདྲ་གཉིས་རེ་དང་།རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དང་པཎ་ཆེན་སྐུ་ཕྲེང་བཅུ་བ།མགོན་པོ་ཕྱག་དྲུག་པ།རྡོ་རྗེ་གུར།དཔལ་ལྡན་ལྷ་མོ།དམ་ཅན་ཆོས་རྒྱལ།ལྕམ་སྲིང་སོགས་ཀྱི་སྐུ་བརྙན་བཞུགས་པ་མ་ཟད།ཡི་གེ་ཚེག་པར་དམ་ལ་ཡི་གེ་ཆེ་ཆུང་མེད་པས་ཡི་གེ་བྲིས་ལེགས་པ་དང་།ལྷ་སྐུ་རྣམས་གནའ་དེང་གི་བཟོ་རིག་སྒྱུ་རྩལ་གྱི་ལམ་ནས་བཞེངས་ཡོད་སྟབས་བྱོན་ལེགས་པ་སོགས་ཀྱི་ཁྱད་ཆོས་འདུགཡི་གེ་བ་ནི་སྒོ་དམར་དགོན་པའི་གྲྭ་བ་བསྟན་པ་རབ་རྒྱས་དང་ལྷ་རིས་པ་ཀུན་བཟང་རྒྱལ་ཡིན།འདི་ནི་རེབ་གོང་སྤྱི་དང་།ནང་སྒོས་རོང་བོ་དགོན་ཆེན་གྱི་སྤྱི་ནོར་དུ་གྱུར་ཡོད།ལྷ་ཁང་སྟེང་དུ།གསོམ་ཤིང་དང་ཤུག་ཤིང་ཟུང་ལས་བཞེངས་པའི་འཇིགས་བྱེད་ཀྱི་བློས་བསླངས་བཞུགས།སྒོ་འཕྱོར་དུ།འོད་དཔག་མེད་ཀྱི་ཞིང་བཀོད་དང་།བྱམས་པའི་ཞིང་བཀོད།མི་འཁྲུགས་པའི་ཞིང་བཀོད།ཐུགས་རྗེ་ཆེན་པོའི་ཞིང་བཀོད།རྒྱལ་བ་ཀུན་གཟིགས་ཀྱི་ཞིང་བཀོད།རྒྱལ་བ་སེང་གེ་ང་རོའི་ཞིང་བཀོད།འཇམ་དབྱངས་རིགས་ལྔ།སྒྲོལ་མ་ཉེར་གཅིག་བཅས་ཀྱི་གྱན་ཐང་སོགས་མང་དུ་བཞུགས།
དོན་ཡོད་ཞགས་པའི་ལྷ་ཁང་ནི།སྤྱི་ལོ་1987ལོར་བྲག་དཀར་སྔགས་རམས་པ་སྐུ་ཕྲེང་བདུན་པས་བསྐྱར་དུ་བཞེངས།ནང་རྟེན་གྱི་སྐོར་ལ།སྨན་འདམ་ལས་བཞེངས་པའི་དོན་ཡོད་ཞགས་པའི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་གསུམ་ཅན་དང་།རྒྱབ་ཡོལ་གྱི་པད་སྡོང་སྟེང་ལྟུང་བཤགས་ལྷ་སོ་ལྔའི་སྨན་སྐུ་ཆུང་བ་དང་།དེའི་རྒྱབ་རོལ་དུ་དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་གྱན་ཐང་།རྒྱབ་ངོས་ཀྱི་ཀུན་དགའ་ར་བའི་ནང་དུ་ཀུན་རིག་དང་།གསང་བདགསེངྒེ་སྒྲ།མགོན་པོ་ཀླུ་སྒྲུབ།རྟ་མགྲིན།སྨན་བླ་བཅས་ཀྱི་སྨན་སྐུ་ཆུང་བ་དང་།བཀའ་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།གཡས་གཡོན་དུ།འོད་དཔག་མེད་ཀྱི་ཞིང་བཀོད་དང་།མི་འཁྲུགས་པའི་ཞིང་བཀོད།སྨན་བླའི་ཞིང་བཀོད།སྒྲོལ་མའི་ཞིང་བཀོད་ཀྱི་གྱན་ཐང་སོགས་མང་དུ་བཞུགས།ས་འཛིན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་ནི།སྤྱི་ལོ་1621ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གསར་དུ་བཞེངས་ལ།རིག་གསར་སྐབས་རྨང་ནས་འཇིག་ཟིན།སྤྱི་ལོ་1983ལོར་སྔགས་འཆང་བློ་བཟང་མཁྱེན་རབ་(རྒྱུད་པའི་བློ་བཟང་བླ་ཡེ)ཀྱིས་སྔོན་མའི་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གི་གནས་ཤུལ་བདག་གཉེར་བྱས་ཏེ།ལྷ་ཁང་གི་རྨང་བརྟིང་ནས་བསྐྱར་བཞེངས་མཛད་པ་དང་།རྗེས་སུ་དམ་པ་ཁོང་གི་བུ་སློབ་རྣམས་ཀྱིས་ཕུལ་བའི་དངོས་རྫས་ལ་བརྟེན་ནས་ལྷ་ཁང་བསྐྱར་བཞེངས་མཛད་པར་མ་ཟད།སྔགས་འཆང་བློ་བཟང་མཁྱེན་རབ་ལ་ཡོད་པའི་དམངས་སྒོར་བདུན་སྟོང་དང་།གསེར་ཤོག་བཟང་བོ་བརྒྱ་ཕྲག་ལྷགསྔོན་མའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་ས་སོགས་ཁྲི་རྒན་རིན་པོ་ཆེ་ལ་ཕུལ།
      སྤྱི་ལོ་2002ལོར་ཁྲི་རྒན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་འཕྲིན་ལས་དབང་བོ་དང་ཁོང་གི་ཚ་བོ་མ་ཎི་པ་ཐུབ་བསྟན་བསྟན་འཕེལ་གཉིས་ཀྱིས་དམངས་སྒོར་ཁྲི་ལྔ་བརྒྱ་ལྷག་གི་འགྲོ་སོང་བཏང་སྟེ་བརྩིགས་མཁར་གྱི་རྨང་གཞིའི་སྟེང་ལྷ་ཁང་རྟེན་དང་བརྟེན་པ་བསྐྱར་བཞེངས་མཛད་དེ།ཁོང་རྣམ་གཉིས་ཀྱི་སྐུ་དྲིན་ལས་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་བྱོན་ལེགས་མ་མཐོ་ཚད་ལ་སྤྱི་ཁྲི་བརྒྱད་ལྷག་ཅན་འདི་ཉིད་ལེགས་གྲུབ་བྱུང་། གཟུངས་གཞུག་གི་སྐོར་ལ།ཆུ་ཤེལ་ལས་གྲུབ་པའི་མེ་ཏོག་པདྨའི་སྟེང་གསེར་གྱིས་གཡོགས་པའི་སངས་རྒྱས་ཀྱི་འཕེལ་གདུང་རིལ་བུ་གསུམ་བཞུགས་པ་དང་།རྒྱལ་དབང་ཐམས་ཅད་མཁྱེན་པས་གནང་བའི་འཇམ་དབྱངས་ཀྱི་ལི་སྐུ་བྱིན་ཅན།ས་སྐྱ་གོང་མ་རིན་པོ་ཆེས་གནང་བའི་གུར་གྱི་ལི་སྐུ་ངོ་མཚར་ཅན།གྲོ་མོ་རིན་པོ་ཆེའི་སྐུ་མདུན་ནས་ཐོན་པའི་རྗེ་ཙོང་ཁ་བའི་སྨན་སྐུ་གཙོས་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བཞུགས།རྒྱབ་ཕྱོགས་སུ།རྒྱུ་ཤིང་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་།གསང་བདག་ཕྱག་ན་རྡོ་རྗེ་གཉིས་ཀྱི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་གསུམ་ཅན་དང་།ཡབ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་འདྲ་ཆུང་བ།དེ་དག་གི་མཐའ་བསྐོར་གྱི་ཀུན་དགའ་ར་བའི་ནང་དུ་བཀའ་བསྟན་གཉིས་དང་།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ།ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་སོགས་གསུང་པོད་མང་པོ།འགྲམ་ངོས་གཡས་གཡོན་གྱི་ཀུན་དགའ་ར་བའི་ནང་དུ།གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་འདྲ་ཆུང་བ་ཆིག་སྟོང་ལྷག་དང་།རྒྱུ་ཤིང་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་ཁྲི་གང་ཅན།སྒོ་འགྲམ་ནང་ལོགས་སུ།སྒྲོལ་མའི་ཞིང་བཀོད་དང་།འཇམ་དབྱངས་ཞིང་བཀོད།རྣམ་སྣང་མངོན་བྱང་།མི་འཁྲུགས་པའི་ཞིང་བཀོད།ཕུར་བ།རྣམ་སྣང་མངོན་བྱང་གི་གྱན་ཐང་།རྒྱ་མཐོངས་སྟེང་གི་དབུས་སུ།རྗེ་རིན་པོ་ཆེ་ལ་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བའི་གྱན་ཐང་གཅིག་དང་།གྲུབ་ཆེན་ཆོས་པ་རིན་པོ་ཆེའི་འཁྲུངས་རབས།ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་འཁྲུངས་རབས།གཡས་གཡོན་གཉིས་སུ།གསང་འདུས།བདེ་མཆོགདུས་འཁོར།འཇིགས་བྱེད་ལྷ་བཅུ་གསུམ་མ།སྨན་བླའི་ཞིང་བཀོད།ལྷ་མོ་རིག་བྱེད་མའི་གྱན་ཐང་།རྒྱ་མཐོངས་ཁར།གོས་དྲུབས་ལས་བཞེངས་པའི་གནས་བརྟན་བཅུ་དྲུག་དང་།རྒྱན་དྲུག་མཆོག་གཉིས།མགོན་ཆོས་ལྔ།རྒྱལ་ཆེན་བཞི་སོགས་ཀྱི་སྐུ་བརྙན་བཞུགས་པའི་ནོར་བུའི་མཐོངས་བསྐོར་དང་།སྒོ་འཕྱོར་དུ།བྱམས་པའི་ཞིང་བཀོད་དང་།ཐུགས་རྗེ་ཆེན་པོའི་ཞིང་བཀོད།དེ་གཉིས་ཀྱི་སྟེང་རྒྱལ་ཆེན་བཞི་ཡང་བཞུགས།འོད་དཔག་མེད་ཀྱི་ཞིང་བཀོད།སྲིད་པའི་འཁོར་ལོ།ཨ་མྱེས་རྨ་ཆེན་གྱི་གྱན་ཐང་རྣམས་བཞུགས་སོ།།
      ལྷ་མོའི་མགོན་ཁང་ནི།སྤྱི་ལོ་1985ལོར་གྲྭ་ཚང་གཞུང་གིས་བསྐྱར་དུ་བཞེངས།ནང་རྟེན་གྱི་སྐོར་ལ།རྒྱུ་སྨན་འདམ་ལས་གྲུབ་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་གསུམ་ཅན་དང་།མགོན་པོ་ཕྱག་དྲུག་པ།རྣམ་སྲས།གུར།ལྷ་མོ་དམག་ཟོར་མའི་སྐུ་གཉིས།ཆོས་རྒྱལ་བཅས་ཀྱི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་གཉིས་ཅན་དང་།དེ་དག་གི་སྤྱན་གཟིགས་ཀྱི་ཚོན་ཐང་རེ་རེ།སྨད་པ་གཡང་འབུམ་རྒྱལ་དང་སྣང་ར་མཁའ་འབུམ་གཉིས་ཀྱིས་ཕུལ་བའི་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔལ་ལྡན་ལྷ་མོ་གཉིས་ཀྱི་ཐང་ག་བྱོན་ལེགས།འགྲམ་ངོས་གཡས་གཡོན་དུ་དུས་བཞིའི་ལྷ་མོ་དང་།ཚེ་རིང་མཆེད་ལྔ།བསྟན་མ་བཅུ་གཉིས།རུ་འདྲེན་སྡེ་བཞི།དྲེགས་པ་སྡེ་བརྒྱད།དམ་ཅན་རྒྱ་མཚོའི་དམག་ཚོགས་བཅས་ཀྱི་ལྡེབས་རིས་སོགས་མང་དུ་བཞུགས།
      པར་ཁང་ཆེན་མོ་ནི།སྤྱི་ལོ་1943ལོར་སྐབས་དེའི་ཕར་ཕྱིན་སྐབས་དང་པོའི་འཛིན་གྲྭས་གསར་དུ་བཞེངས།ནང་རྟེན་ལ།གཞུང་ཆེན་བཀའ་པོད་ལྔའི་རྩ་བའི་པར་ཤིང་དང་།རྗེ་བཙུན་ཡིག་ཆའི་སྐོར་གྱི་པར་ཤིང་།ཡབ་རྗེ་གསུང་འབུམ།ལམ་རིམ་ཆེན་མོ།ལམ་སྔགས་ཚིགས་བཅད་མ།དགོན་པའི་བཅའ་ཡིག་སོགས་ཀྱི་པར་ཤིང་མང་པོ་བཞུགས་པར་གྲགས་ལ།རིག་གསར་སྐབས་པར་ཤིང་ཚང་མ་མེར་བསྲེགས་ཏེ་འཇིག་ཟིན།ཁང་བ་རྣམས་སྐབས་དེའི་རྒྱའི་ལས་བྱེད་རྣམས་ཀྱི་སྡོད་གནས་སུ་བསྒྱུར།སྤྱི་ལོ་1980ལོར་པར་ཁང་དགོན་པར་ཕྱིར་སྤྲད་པ་དང་།ད་ལྟ་ཐོག་ཤོད་དུ་པར་ཁང་ཡོད་ལ།འོག་ཤོད་དུ་ས་ཐག་རིང་གི་དགེ་འདུན་པ་རྣམས་ཀྱི་བཞུགས་ས་བྱས་ཡོད།པར་ཁང་ནང་དུ་གཞུང་ཆེན་བཀའ་པོད་ལྔའི་རྩ་བའི་པར་ཤིང་དང་།ལམ་རིམ་ཆེན་མོ།ལམ་སྔགས་ཚིག་བཅད་མ་སོགས་ཀྱི་པར་ཤིང་མང་པོ་དང་།སྐུ་འདྲ་སྣ་ཚོགས་ཀྱི་པར་ཤིང་སོགས་བཞུགས་པར་མ་ཟད།ད་དུང་བཀའ་བསྟན་གཉིས་དང་།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ།རྗེ་བཙུན་ཡིག་ཆའི་སྐོར་གྱི་དཔེ་ཆ།སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་འབུམ་སོགས་གསུང་རབ་ཀྱི་པོད་ཏི་མང་པོ་བཞུགས།
རྟ་མགྲིན་ལྷ་ཁང་ནི།སྤྱི་ལོ་1989ལོར་སྨན་འཚོང་སྐུ་ཕྲེང་བཞི་བས་བསྐྱར་དུ་བཞེངས།ནང་རྟེན་གྱི་སྐོར་ལ།སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་རིས་པ་སངས་རྒྱས་རབ་བརྟན་གྱིས་ལྷ་དཔོན་དང་སེང་གེ་གཤོང་མ་མགོ་དགོན་པའི་གྲྭ་པ་འབྲུག་ལོ་དང་རྟ་མགྲིན་མཁར་སོགས་ཀྱི་བཞེངས་པའི་རྟ་མགྲིན་ལྕགས་རལ་གྱི་སྨན་སྐུ།མཐོ་ཚད་ལ་སྤྱི་ཁྲི་བཅུ་གསུམ་ཅན་དང་།གཡས་གཡོན་གྱི་ཀུན་དགའ་ར་བའི་ནང་དུ་སྨན་འདམ་ལས་གྲུབ་པའི་རྟ་མགྲིན་ལྕགས་རལ་གྱི་སྐུ་འདྲ་ཆུང་བ་ཆིག་སྟོང་།སྒོ་འཕྱོར་དུ།རྒྱལ་ཆེན་བཞི་དང་།སྲིད་པའི་འཁོར་ལོ།ཨ་མྱེས་བྱ་ཁྱུང་།ཨ་མྱེས་སྟག་ལུང་གི་གྱན་ཐང་བཅས་བཞུགས།
      མཁན་ཆེན་བྱམས་ཁང་ནི།ཐོག་མ་སྤྱི་ལོ་1742ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་རོང་བོ་ནང་སོ་ངག་དབང་བློ་བཟང་ལ་དགོན་ཆེན་འདིར་རྒྱལ་བ་བྱམས་པའི་སྐུ་བརྙན་ཞིག་བཞེངས་ན་ལེགས་ཚུལ་སོགས་ཞུས་པ་དང་།དེ་ནས་ནང་སོ་ངག་དབང་བློ་བཟང་གིས་སྤྱི་བའི་འདུ་ཁང་རྙིང་བ་དེ་བྱམས་ཁང་ལ་ཕུལ་བར་བརྟེན།མཁན་ཆེན་དགེ་འདུན་རྒྱ་མཚོས་འདུ་ཁང་རྙིང་བའི་རྨང་གཞིའི་སྟེང་སྒུར་ཁང་བརྒྱབ་སྟེ་བྱམས་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད།དེ་ནི་ད་ལྟའི་སྤྱི་བའི་མགོན་ཁང་གི་གཡས་སུ་ཡོད་ལ།རིག་གསར་སྐབས་འཇིག་ཟིན།སྤྱི་ལོ་1998ལོར་མཁན་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་ཡོན་ཏན་གྱིས་ད་ལྟའི་གནས་འདིར་བྱམས་ཁང་རྟེན་བརྟེན་པ་བསྐྱར་བཞེངས་མཛད།ནང་རྟེན་གྱི་སྐོར་ལ།གཉན་ཐོག་ལྷ་རིས་པ་ཥཱ་རིས་ལྷ་དཔོན་བྱས་ཏེ་གཉན་ཐོག་ལྷ་རིས་པ་བཅུ་གསུམ་གྱིས་ཟླ་གསུམ་ལྷག་རིང་བཞེངས་པའི་མི་ཕམ་བྱམས་པ་མགོན་པོའི་སྨན་སྐུ།མཐོ་ཚད་ལ་སྤྱི་ཁྲི་བཅུ་བཞི་ཅན་དང་།གཡས་སུ་འཇམ་དབྱངས།གཡོན་དུ་གསང་བདག་ཕྱག་ན་རྡོ་རྗེའི་སྨན་སྐུ་མཐོ་ཚད་ལ་སྤྱི་ཁྲི་ལྔ་ཅན་དང་།བྱམས་ཁྲིའི་གཡས་གཡོན་དུ།སྨན་འདམ་ལས་བཞེངས་པའི་རྗེ་ཙོང་ཁ་པ་དང་ཇོ་བོ་རྗེ་ཨ་ཏི་ཤ་གཉིས་ཀྱི་སྐུ་འདྲ་མི་ཚད་ཅན།མཁན་ཆེན་དགེ་འདུན་རྒྱ་མཚོ་དང་མཁན་ཆེན་སྐུ་ཕྲེང་ལྔ་བ་གཉིས་ཀྱི་སྐུ་གདུང་མཆོད་རྟེན།རྒྱབ་ངོས་སུ།སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་གསུམ་དང་།གསང་འདུས།འཇིགས་བྱེད་བཅས་ཀྱི་གྱན་ཐང་།གཡས་འགྲམ་དུ།སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་གསུམ་དང་།བདེ་མཆོགརྣམ་སྲས་བཅས་ཀྱི་གྱན་ཐང་།གཡོན་འགྲམ་དུ།སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་གསུམ་དང་།དུས་འཁོར།ལྕམ་སྲིང་བཅས་ཀྱི་གྱན་ཐང་།སྒོ་འགྲམ་ནང་དུ་མགོན་པོ་ཕྱག་དྲུག་པ་དང་།གུར་གྱི་མགོན་པོ།ལྷ་མོ་དམག་ཟོར་མ།ཆོས་རྒྱལ་བཅས་ཀྱི་གྱན་ཐང་།རྒྱ་མཐོངས་སྟེང་།བཀའ་གདམས་ལྷ་བཞི་དང་།དོན་ཡོད་ཞགས་པ།ཐུགས་རྗེ་ཆེན་པོའི་ཞིང་བཀོད།འོད་དཔག་མེད་ཞིང་ལྔ་ལྡན།དགའ་ལྡན་ལྷ་བརྒྱ་མ།འཇམ་དབྱངས་རིགས་ལྔ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན།རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན།པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན།མཁན་ཆེན་སྐུ་ཕྲེང་རིམ་བྱོན་བཅས་ཀྱི་གྱན་ཐང་།རྒྱ་མཐོངས་ཁར།གོས་དྲུབས་ལས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་ཐང་ག་བཅུ་དྲུགགནམ་རྒྱན་ངོས་སུ།དཀྱིལ་འཁོར་སྣ་ཚོགས་དང་བླ་སྐུ་མང་པོ།བན་ངོས་རྣམས་སུ་ལྟུང་བཤགས་ལྷ་སོ་ལྔའི་སྐུ་བརྙན།སྒོ་འཕྱོར་དུ།རྒྱལ་ཆེན་བཞི་དང་།ཨ་མྱེས་རྨ་ཆེན།ཨ་མྱེས་བྱ་ཁྱུང་གི་གྱན་ཐང་བཅས་བཞུགས།མདོར་ན་བྱམས་ཁང་ནང་གི་འབག་བཟོ་དང་ཚོན་བྲིས་པའི་ལྷ་བཟོ་མང་ཆེ་བ་གཉན་ཐོག་ཁོ་ནའི་མི་ཡིན་པ་དང་།དེའི་ཁྲོད་ཀྱི་དཔག་བསམ་འཁྲི་ཤིང་དང་རྒྱལ་ཆེན་བཞིའི་གྱན་ཐང་།ཡབ་རྗེ་འཁྲུངས་རབས་ཀྱི་གྱན་ཐང་རྣམས་གཉན་ཐོག་ལྷ་རིས་པ་གྲགས་ཅན་དཔལ་མགོན་གྱིས་བཞེངས།
       སྒྲོལ་མའི་ལྷ་ཁང་ནི།སྤྱི་ལོ་2000ལོར་ཁྲི་རྒན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་འཕྲིན་ལས་དབང་བོ་དང་ཁོང་གི་ཚ་བོ་མ་ཎི་པ་ཐུབ་བསྟན་བསྟན་འཕེལ་གཉིས་ཀྱིས་གསར་བཞེངས་མཛད།ནང་རྟེན་གྱི་སྐོར་ལ།གཙོ་སྐུ་གསེར་ཟངས་ལས་གྲུབ་པའི་སྒྲོལ་ལྗང་གི་སྐུ་བརྙན་མཐོ་ཚད་ལ་སྤྱི་ཁྲི་བདུན་ལྷག་ཅན་དང་།གཡས་གཡོན་དུ་ལྷ་མོ་འོད་ཟེར་ཅན་མ་དང་ལྷ་མོ་རལ་གཅིག་མ་གཉིས་ཀྱི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་གསུམ་ཅན་བཞུགས།གཙོ་སྐུའི་གཟུངས་གཞུག་ལ།ཆུ་ཤེལ་ལས་གྲུབ་པའི་མེ་ཏོག་པདྨའི་སྟེང་གསེར་གྱིས་གཡོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་འཕེལ་གདུང་རིལ་བུ་གཅིག་བཞུགས་པ་གཙོས་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བཞུགས།གཡས་གཡོན་གྱི་ཀུན་དགའ་ར་བའི་ནང་དུ།གསེར་ཟངས་ལས་གྲུབ་པའི་སྒྲོལ་ལྗང་གི་སྐུ་འདྲ་ཆུང་བ་ཆིག་སྟོང་ལྷག་དང་།རྒྱབ་ངོས་སུ།བཀའ་བསྟན་གཉིས་དང་།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ།ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་སོགས་ཆོས་དཔེ་མང་པོ།སྒོ་ཆེན་ནང་ལོགས་སུ།འཇམ་དབྱངས་ཞིང་བཀོད་དང་།མི་འཁྲུགས་པའི་ཞིང་བཀོད།རྣམ་སྣང་མངོན་བྱང་གི་ཞིང་བཀོད་རིགས་མི་འདྲ་བ་གཉིས་བཅས་ཀྱི་གྱན་ཐང་།རྒྱ་མཐོངས་སྟེང་།འོད་དཔག་མེད་ཀྱི་ཞིང་བཀོད་དང་།སྐྱབས་འགྲོ་ཚོགས་ཞིང་།བླ་མཆོད་ཚོགས་ཞིང་།གསང་འདུས་ལྷ་གྲངས།རིགས་ལྡན་ཉེར་ལྔ།སྨན་བླའི་ཞིང་བཀོད།སྒྲོལ་མའི་ཞིང་བཀོད།འཇིགས་བྱེད་ལྷ་བཅུ་གསུམ་མ།སེང་གེ་སྒྲ་བཅས་ཀྱི་གྱན་ཐང་དང་།རྒྱ་མཐོངས་ཁར།གོས་དྲུབས་ལས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་གཙོས་ལྷ་སྐུ་མང་པོ་བཞུགས་པའི་ནོར་བུའི་མཐོངས་བསྐོར།སྟེང་གི་མགོན་ཁང་ནང་དུ།མགོན་ཆོས་ལྔའི་ཞལ་འབག་དང་།དཔལ་ལྡན་ལྷ་མོ།ཆོས་རྒྱལ་གཉིས་ཀྱི་སྨན་སྐུ་ཆུང་བ།འཇིགས་བྱེད་དང་།མགོན་པོ་ཕྱག་དྲུག་པ།དཔལ་ལྡན་ལྷ་མོ།ཆོས་རྒྱལ།རྣམ་སྲས་བཅས་གྱི་ཐང་གསྒོ་འཕྱོར་དུ།བྱམས་པའི་ཞིང་བཀོད་དང་།ཐུགས་རྗེ་ཆེན་པོའི་ཞིང་བཀོད།དེ་གཉིས་ཀྱི་སྟེང་རྒྱལ་ཆེན་བཞི་ཡང་ཡོད།རྨ་ཆེན།སྲིད་པའི་འཁོར་ལོའི་གྱན་ཐང་བཅས་བཞུགས།ལྷ་ཁང་འདིའི་ཤིང་བཟོ་པ་དང་འབག་བཟོ་པ་ནི་སྐུ་འབུམ་ཕྱོགས་ཀྱི་རྒྱའི་ལག་རྩལ་པ་ཡིན་པ་དང་།གྱན་ཐང་ཚང་མ་ནི་སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་རིས་པ་གསང་བདག་གིས་བཞེངས་པ་ཡིན་ནོ།།

       དྲུག་པ། ཤར་བླ་བྲང་ཕོ་བྲང་ནོར་བུ་གྲུ་འཛིན།

      ཤར་བླ་བྲང་ཕོ་བྲང་ནོར་བུ་གྲུ་འཛིན་ནི།སྤྱི་ལོ་1890ལོར་སྐྱབས་མགོན་སྐུ་ཕྲེང་དྲུག་པ་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་བཞེངས།ནང་བསྟན་གྱི་སྐོར་ལ།གཙོ་སྐུ་རྒྱལ་བ་བྱམས་པའི་སྨན་སྐུ་ཐོག་ཚད་ལས་བརྒལ་བ་ཅན་དང་།ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དང་པོ་ནས་དྲུག་པའི་བར་ཀྱི་སྐུ་གདུང་བཞུགས་པའི་དངུལ་གྱི་མཆོད་རྟེན་གཡུ་བྱུར་གྱི་ཕྲ་རྒྱན་ཅན་དྲུག་དང་།གཡུ་རྔོག་བསམ་གཏན་རྒྱ་མཚོའི་སྐུ་གདུང་བཞུགས་པའི་དངུལ་གྱི་མཆོད་རྟེན་གཡུ་བྱུར་གྱི་ཕྲ་རྒྱན་ཅན།འཇིགས་བྱེད་དང་།རྗེ་སྐུ།མཁའ་སྤྱོད་མ།བདེ་མཆོགཚེ་ལྷ་རྣམ་གསུམ་སོགས་ཀྱི་ལི་སྐུ་ཆེ་ཆུང་བཞི་བརྒྱ་ལྷག་དང་།རྒྱུ་གསེར་ཟངས་དང་བ་སོ་གཉིས་ཀྱིས་བཞེངས་པའི་བདེ་མཆོག་བློས་བསླངས་གཉིས།རྒྱུ་ཙན་དན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་མི་ཚད་ཅན།རྒྱུ་བ་སོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་མི་ཚད་ཅན།གསེར་ཟངས་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་བཞི།གསེར་བྲིས་ཀྱི་ཡུམ་དུམ་པ་བཅུ་གཉིས།བཀའ་བསྟན་སོགས་ཆོས་དཔེ་པོད་ཉིས་སྟོང་ལྷག་བཞུགས།སྤྱི་ལོ་1958ལོར་སྐུ་གསུང་ཐུགས་རྟེན་ཐམས་ཅད་རྨང་ནས་འཇིག་ཟིན།
      ད་ལྟ་གསར་བཞེངས་ཀྱི་སྐོར་ལ།སྤྱི་ལོ་1997ལོར་སྐྱབས་མགོན་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་གྲྭ་ཚང་ཐོས་བསམ་གླིང་གི་དགེ་བའི་བཤེས་གཉེན་ལྷ་སྡེ་དགེ་འདུན་བསྟན་འཛིན་ཚང་གིས་སྐྱབས་མགོན་རིན་པོ་ཆེ་ལ།ལྗོངས་འདིར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་འདྲ་ཞིག་བཞེངས་ན་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་ཡོད་པའི་བཀའ་སློབ་གནང་བ་ལྟར།སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་གིས་སྟོན་པའི་ལྷ་ཁང་རྟེན་དང་བརྟེན་པ་བསྐྱར་བཞེངས་མཛད།ནང་རྟེན་གྱི་སྐོར་ལ།འོག་ཤོད་དུ།རྒྱུ་སྨན་འདམ་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་བཅོ་ལྔ་ཅན་དང་།འཁོར་ཤཱ་རིའི་བུ་དང་མོངྒལ་གྱི་བུ་གཉིས་ཀྱི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་ལྔ་ཅན།གཤམ་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་འདྲ་མི་ཚད་ཅན།དེ་རྣམས་ནི་སེང་གཤོང་ཡ་མགོ་དགོན་པའི་གྲྭ་པ་ལྷ་རིས་པ་ཨ་ཁུ་ཡུམ་སྐྱབས་རྒྱལ་གཙོས་དགོན་པ་དེའི་གྲྭ་པ་ལྷ་རིས་པ་འགས་བཞེངས།གཡས་སུ་སྨན་འདམ་ལས་གྲུབ་པའི་རྗེ་ཙོང་ཁ་པ་དང་།གཡོན་དུ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐུ་འདྲ་མཐོ་ཚད་ལ་སྤྱི་ཁྲི་དགུ་ཅན།དེ་ནི་སེང་གཤོང་ཡ་མགོ་སྡེ་བའི་ལྷ་རིས་པ་བན་དེ་ཚེ་རིང་གིས་བཞེངས།རྒྱབ་ངོས་ཀྱི་ཀུན་དགའ་ར་བའི་ནང་དུ་བཀའ་བསྟན་གཉིས་དང་།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།འགྲམ་ངོས་གཡས་གཡོན་གྱི་ཀུན་དགའ་ར་བའི་ནང་དུ་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་ཆིག་སྟོང་ལྷག་དང་།འདབས་ངོས་སུ་ཆོས་རྒྱལ་དང་།རྣམ་སྲས་རྟ་བ་བརྒྱད།དཔལ་མགོན་ཞལ།མགོན་པོ་ཕྱག་དྲུག་པ།རྡོ་རྗེ་གུར་མགོན།དཔལ་ལྡན་དམག་ཟོར་རྒྱལ་མོ་བཅས་ཀྱི་གྱན་ཐང་།བར་ཐོག་ཏུ།དབུས་སུ་སྐྱབས་འགྲོ་ཚོགས་ཞིང་དང་།བླ་མཆོད་ཚོགས་ཞིང་།གཡས་གཡོན་དུ་སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་གྱན་ཐང་བཞི།ཡབ་རྗེ་འཁྲུངས་རབས།སྨན་བླ་བདེ་གཤེགས་བརྒྱད་བཅས་ཀྱི་གྱན་ཐང་།གནམ་རྒྱན་ངོས་སུ་གསང་འདུས་དང་།བདེ་མཆོགའཇིགས་བྱེད།དུས་འཁོར།ཀུན་རིགརྣམ་སྣང་མངོན་བྱང་།སྨན་བླ།མི་འཁྲུགས་པ་བཅས་ཀྱི་དཀྱིལ་འཁོར་དང་།གཞན་ཐུབ་པ་དམ་ཚིག་གསུམ་བཀོད་དང་།རྡོར་དབྱིངས།རྒྱལ་བ་རྡོ་རྗེ་འཆང་།གསང་བདག་འཁོར་ཆེན།རྟ་མགྲིན་ལྕགས་རལ།རྒྱལ་བ་བསྟན་འཛིན་རྒྱ་མཚོ།བསེ་ཚང་བློ་བཟང་དཔལ་ལྡན།ལམ་རིམ་བླ་བརྒྱུད།གྲུབ་ཆེན་བརྒྱད་ཅུ་རྩ་བཞི།རིགས་གསུམ་མགོན་པོ།ཚེ་ལྷ་རྣམ་གསུམ།སྨན་བླ་བདེ་གཤེགས་བརྒྱད།ལྟུང་བཤགས་ལྷ་སོ་ལྔ།སྒྲོལ་མ་ཉེར་གཅིགའོད་ཟེར་ཅན་མ།ནོར་རྒྱུན་མ།ཕོངས་སེལ་སྒྲོལ་མ།ཛམ་དཀར།ལོ་གྱོན་མ།རང་རྒྱལ་བཅུ་གཉིས་བཅས་ཀྱི་སྐུ་བརྙན།བཀྲ་ཤིས་སྒོ་མང་ནང་དུ་བཀའ་བསྟན་གཉིས་དང་།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཆོས་དཔེ་པོད་ཆིག་སྟོང་ལྷགགོས་དྲུབས་དང་ཚོན་བྲིས་ཀྱི་གནའ་དེང་གི་ཐང་ག་མང་པོ།
      སུམ་ཐོག་ཏུ།ཤར་སྐྱབས་མགོན་རིན་པོ་ཆེའི་གཟིམ་ཆུང་དང་མཆོད་ཁང་བཅས་ཡོད།སྒོ་འཕྱོར་དུ།རྒྱལ་ཆེན་བཞིའི་གྱན་ཐང་བྱོན་ལེགས་དང་།བན་ངོས་རྣམས་སུ་སྟག་སེང་ཁྱུང་འབྲུག་དང་།པདྨ་རྩ་འཁོར་སོགས་ཀྱིས་མཚོན་པའི་མཛེས་པའི་རི་མོ་སྣ་ཚོགས་ཡོད།ལྷ་ཁང་འདིའི་ཤིང་རིས་ནི་སྤྱི་ལོ་2003ལོར་སེང་གེ་གཤོང་ཡ་མགོ་དང་རྒྱ་ཚང་མ་སྡེ་བའི་ལྷ་རིས་པ་རྣམས་ཀྱིས་བཞེངས་པ་དང་།རྒྱ་ཚང་མའི་ཤ་བོ་ཐར་གྱིས་རི་མོའི་སྐྱ་ཐིག་གི་འགན་གཙོ་བོ་བླངས།སེང་གེ་གཤོང་མ་མགོ་སྡེ་བའི་ལྷ་རིས་པ་གསང་བདག་གིས་རྒྱལ་ཆེན་ཡུལ་འཁོར་སྲུང་དང་།བཀྲ་ཤིས་རྒྱ་མཚོ་དང་ཆོས་གྲགས་གཉིས་ཀྱིས་སྤྱན་མི་བཟང་།སངས་རྒྱས་འབུམ་སྤུན་རྣམས་ཀྱིས་རྣམ་སྲས།ཤ་བོ་ཐར་གྱིས་འཕགས་སྐྱེས་པོའི་གྱན་ཐང་བཞེངས།མདོར་ན་ཤར་བླ་བྲང་ཕོ་བྲང་ནོར་བུ་གྲུ་འཛིན་འདིའི་སྟེང་འོག་བར་མཚམས་ཀུན་དུ་གསེར་བཙོ་མའི་རང་མདངས་མངོན་པར་གསལ་བའི་ཡིག་གཟུགས།ལཉྫ་དང་ཝརྟི།བོད་ཡིགསོག་ཡིག་སོགས་ཀྱིས་བྲིས་པའི་གཟུངས་སྔགས་ཟབ་མོ་དང་།མཛེས་ཚོན་སྣ་ཚོགས་ཀྱི་བཟོ་རྩལ་ལས་བྱུང་བའི་བཀྲ་ཤིས་རྟགས་བརྒྱད་དང་།རྒྱལ་སྲིད་སྣ་བདུན།རིན་ཆེན་རྫས་བརྒྱད།འདོད་ཡོན་སྣ་ལྔ།པ་ཏྲ་མི་འདྲ་བ་སྣ་ཚོགས།མེ་སྲུང་འཁོར་ལོ།སྡོམ་བརྩོན་དམ་པ།ཚེ་རིང་རྣམ་དྲུགམཐུན་པ་སྤུན་བཞི།སྟག་སེང་ཁྱུང་འབྲུག་སོགས་ཀྱི་རི་མོ་ངོ་མཚར་ཅན་མང་པོ་ཡོད་པ་དང་།ཁྱད་པར་དུ་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས་པ་སོགས་ལ་གནའ་དེང་གི་བོད་ཀྱི་བཟོ་རིག་སྒྱུ་རྩལ་སྤྱི་དང་།ནང་སྒོས་རེབ་གོང་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་ཕྱི་གླིང་བའི་རི་མོ་དང་།རྒྱ་ནག་གི་སྣུམ་ཚོན་རི་མོ་སོགས་ཀྱི་འབྲི་ཐབས་མང་པོའི་ལེགས་ཆ་བླངས་ཡོད་པ་དང་།རྒྱུའི་རིན་ཐང་ཆ་ནས་གསེར་དམར་དང་གསེར་སྐྱ་གཙོས་ཚོན་བཟང་བོ་བཀོལ་ཡོད་པ།ལྷ་རིས་པའང་མདོ་སྨད་ན་སྐད་གྲགས་ཆེ་བའི་སེང་གཤོང་ལྷ་རིས་པ་ཕུལ་བྱུང་ཅན་རྣམས་ཡིན་པས།ཤར་བླ་བྲང་ཕོ་བྲང་ནོར་བུ་གྲུ་འཛིན་འདི་ནི་བོད་ཡུལ་སྤྱི་དང་།བྱེ་བྲག་ཏུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་མཛེས་རྒྱན་དམ་པར་གྱུར་ཡོད་ལ།ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཡུལ་བསྐོར་བ་དང་བཟོ་རིག་ཞིབ་འཇུག་པ་མི་ཉུང་བ་ཞིག་གིས་ཤར་བླ་བྲང་ཕོ་བྲང་ནོར་བུ་གྲུ་འཛིན་ཞེས་པའི་ལྷ་ཁང་རྟེན་དང་བརྟེན་པ་འདིས།འཛམ་གླིང་ན་སྐད་གྲགས་ཆེ་བའི་རེབ་གོང་སྒྱུ་རྩལ་ཞེས་པ་མངོན་སུམ་དུ་བདེན་པ་ར་སྤྲོད་བྱས་ཡོད་ཅེས་གདེང་འཇོག་ཚད་མཐོན་པོར་གནང་བཞིན་འདུག
      ཤར་འཇམ་དབྱངས་ལྷ་ཁང་ནི།ཐོག་མར་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་སྒོམ་སྒྲུབ་ཀྱི་ཉམས་ལེན་གནང་སའི་རོང་བོའི་ཤར་ཀྱི་མཚམས་ཁང་གཅིག་པུ་ཡིན་པ་དང་།སྤྱི་ལོ་1644ལོར་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོས་གསར་དུ་བཞེངས།ནང་རྟེན་ལ།གྲུབ་ཆེན་ཆོས་པ་རིན་པོ་ཆེའི་དགོངས་རྫོགས་སུ་རྫོང་དཀར་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་ཕྱག་བཟོ་གནང་བ།ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་དང་།གསེར་མགོན་(རྡོ་རྗེ་གུར)གསུང་འབྱོན་མ་གཙོ་བྱས་པའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བཞུགས།རིག་གསར་སྐབས་ལྷ་ཁང་རྟེན་དང་བརྟེན་པ་རྨང་ནས་འཇིག་ཟིན།སྤྱི་ལོ་1982ལོར་སྔགས་འཆང་བློ་བཟང་མཁྱེན་རབ་མཆོག་གིས་སྔོན་ཆད་ཀྱི་གནས་ཤུལ་བདག་གཉེར་བྱས་ཏེ།རང་གི་རྒྱུ་ནོར་གྱི་རྨང་གཞིའི་སྟེང་།ད་ལྟའི་མཚོ་ལྷོ་ཁུལ་རིག་མོ་ཞང་གི་ཁོངས་གཏོགས་འཁྱམས་རུའི་འབྲོག་སྡེ་རྣམས་ཀྱི་སྦྱིན་བདག་ཁག་དང་།ཐོས་བསམ་གླིང་གི་དགེ་སློང་ས་དཀྱིལ་ཤ་བོ་ཐར་གཙོས་ས་དཀྱིལ་མང་ཚོགས་རྣམས་ཀྱི་རོགས་རམ་ལ་བརྟེན་ནས་ད་ལྟའི་འཇམ་དབྱངས་ལྷ་ཁང་འདི་ཉིད་བསྐྱར་བཞེངས་མཛད།
      ནང་རྟེན་གྱི་སྐོར་ལ།སྐུ་རྒྱུ་རིན་པོ་ཆེ་སྣ་ཚོགས་དང་།སྔོན་མའི་འཇམ་དབྱངས་སྨན་སྐུའི་ཆ་ཤས།རྟེན་འདུས་རིལ་བུ་རྣམས་དཀྱུས་གཅིག་ཏུ་སྨན་འདམ་དང་བསྲེས་ཏེ།རེབ་གོང་ལྷ་རིས་པ་སེང་གཤོང་མ་མགོ་སྡེ་བའི་རྒྱ་མཚོས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་འདྲ་བྱོན་ལེགས་ཅན།མཐོ་ཚད་ལ་སྤྱི་ཁྲི་གསུམ་ཅན་དང་།གཡས་སུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་།གཡོན་དུ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྨན་སྐུ་མི་ཚད་ཅན།སྟོན་པ་དང་རྣམ་སྲས་གཉིས་ཀྱི་སྨན་སྐུ་ཆུང་བ།བོད་རྒྱལ་སྲོང་བཙན་སྒམ་པོའི་སྨན་སྐུ་མི་ཚད་ཅན།ཐོན་མི་སམ་བྷོ་ཊ་དང་བློན་པོ་མགར་གཉིས་ཀྱི་སྨན་སྐུ་ཆུང་བ།རྩིག་ངོས་སུ་རྒྱལ་པོ་དཀོན་མཆོག་འབངས་ཀྱི་རྣམ་ཐར་དང་།ཡབ་རྗེ་འཁྲུངས་རབས་སོགས་ཀྱི་ལྡེབས་རིས།བཀའ་བསྟན་ཚར་གཉིས་དང་།ལམ་སྔགས་ཚར་ལྔ་བརྒྱ་རེ།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་སྐུ་ཕྲེང་གཉིས་པའི་གསུང་འབུམ།གྲུབ་དབང་འཇིགས་མེད་བསམ་གཏན་གྱི་གསུང་འབུམ་སོགས་ཆོས་དཔེ་མང་པོ་བཞུགས།ལྷ་ཁང་གི་གཡོན་ཕྱོགས་སུ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཆུང་བདུད་རྩི་ཁང་ཞེས་གྲགས་པའི་ནང་དུ།ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དང་པོ་ནས་བརྒྱད་པའི་བར་གྱི་སྐུ་གསུང་ཐུགས་རྟེན་བྱིན་ཅན་དང་།མཆོད་རྫས་སོགས་གནའ་རབས་ཀྱི་རིག་དངོས་མང་པོ་བཞུགས།ཨ་ཁུ་བློ་བཟང་མཁྱེན་རབ་ཁོང་གིས་སྤྱི་ལོ་1980ལོ་ནས་བཟུང་ཤར་བླ་བྲང་ཆེན་པོའི་ཁོར་ཡུག་ཡོངས་ལ་བདག་སྐྱོང་གནང་བར་མ་ཟད།ཤར་འཇམ་དབྱངས་ལྷ་ཁང་རྟེན་དང་བརྟེན་པ་དང་།གཟིམ་ཁང་བདུད་རྩི་ཁང་བསྐྱར་བཞེངས་གནང་།སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་གདན་སར་བཀོད་སྐབས་དམ་པ་ཁོང་གིས་སྐྱབས་མགོན་སྤྲུལ་སྐུ་རིན་པོ་ཆེ་ལ་ཐུབ་དབང་གི་གསེར་སྐུ་དང་རྗེ་ལམ་རིམ་ཆེན་མོ་གཙོས་རྟེན་གསུམ་གྱི་སྐོར་མང་པོ་ཕུལ།དེ་ནས་ཉིན་འགའ་ཤས་ཀྱི་རྗེས་སུ་ཤར་ཡོངས་འཛིན་དང་ཕྱག་མཛོད་སོགས་ལ།འཇམ་དབྱངས་ལྷ་ཁང་དང་།གཟིམ་ཁང་བདུད་རྩི་ཁང་གི་ནང་རྟེན་རྣམས་རྩིས་ལེགས་པར་སྤྲད་དེ་ཕུལ་བས་དམ་པ་ཁོང་མཚམས་ཁང་ཞིག་ཏུ་བཞུགས།
      མགོན་ཁང་རྔམས་བརྗིད་རོལ་བ་ནི།སྤྱི་ལོ་1823ལོར་སྐྱབས་མགོན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་གྲགས་རྒྱ་མཚོས་གསར་དུ་བཞེངས།རིག་གསར་སྐབས་འཇིག་ཟིན།ད་ལྟའི་མགོན་ཁང་འདི་ནི་སྤྱི་ལོ་2000ལོར་སྐྱབས་མགོན་སྐུ་ཕྲེང་བརྒྱད་པས་བསྐྱར་དུ་བཞེངས།ནང་རྟེན་ལ།རྒྱུ་སྨན་འདམ་ལས་གྲུབ་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་།མགོན་པོ་ཕྱག་དྲུག་པ།ཆོས་རྒྱལ།ལྷ་མོ།རྣམ་སྲས།དཔལ་མགོན་ཞལ་བཅས་ཀྱི་སྐུ་འདྲ་མི་ཚད་ཅན་དང་།ཆོས་སྐྱོང་དེ་དག་གི་སྤྱན་གཟིགས་སོགས་རྟེན་གསུམ་གྱི་སྐོར་མང་པོ་བཞུགས།
      དུས་གསུམ་སངས་རྒྱས་ཀྱི་མཆོད་ཁང་དང་འབྲེལ་བའི་སྤྱི་བའི་མགོན་ཁང་ཆེན་མོ་ནི།སྤྱི་ལོ་1998ལོར་ཕ་རོང་བོ་ཚང་དང་རོང་བོ་བློན་ཆོས་སྡེ་གཉིས་ཀྱིས་བསྐྱར་དུ་བཞེངས།ནང་རྟེན་གྱི་སྐོར་ལ།དུས་གསུམ་སངས་རྒྱས་ཀྱི་མཆོད་ཁང་ནང་དུ།སྨན་འདམ་ལས་བཞེངས་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་མི་ཚད་ཅན་དང་།ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་འདྲ་ཆུང་བ།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་བཞུགས།མགོན་ཁང་ནང་དུ།འཇིགས་བྱེད་ལྷ་བཅུ་གསུམ་མ་དང་།མགོན་པོ་ཕྱག་དྲུག་པ།རྡོ་རྗེ་གུར་གྱི་མགོན་པོ།ལྷ་མོ་དམག་ཟོར་མ་བཅས་ཀྱི་སྨན་སྐུ་མི་ཚད་ཅན།ཆོས་སྐྱོང་དེ་དག་གི་སྤྱན་གཟིགས།འཆམ་རྩེད་སྐབས་ཀྱི་ཆོས་སྐྱོང་འཁོར་བཅས་ཀྱི་ཞལ་འབག་བཞུགས།ཁྱམས་གཡས་གཡོན་དུ།ཨ་མྱེས་རྨ་ཆེན་དང་ཨ་མྱེས་བྱ་ཁྱུང་གཉིས་ཀྱི་ལྡེབས་རིས།སྒོ་ཆེན་ནང་འགྲམ་གཡས་གཡོན་དུ།སྨན་འདམ་ལས་བཞེངས་པའི་རྒྱལ་ཆེན་བཞིའི་སྐུ་འདྲ་ཐོག་ཚད་རྔམ་བརྗིད་ཅན་བཞུགས།
      དེ་ལྟར་རོང་བོ་དགོན་ཆེན་གྱི་གདན་ས་གསུམ་འདི་ནི་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་།གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན།རོང་བོ་ཁྲི་ཆེན་སྐུ་ཕྲེང་རིམ་བྱོན།མཁན་ཆེན་སྐུ་ཕྲེང་རིམ་བྱོན།རྫོང་དཀར་ཆེ་ཆུང་སྐུ་ཕྲེང་རིམ་བྱོན།རྒྱལ་མཁན་ཆེན་སྐུ་ཕྲེང་རིམ་བྱོན།བྱང་རྩེ་མཁན་པོ་སྐུ་ཕྲེང་རིམ་བྱོན།ཨ་རོལ་སྐུ་ཕྲེང་རིམ་བྱོན།ཁྲི་རྒན་སྐུ་ཕྲེང་རིམ་བྱོན་སོགས་ཀྱིས་དགོན་པ་འདི་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་པས།ཆོས་སྡེ་འདིར་སྔ་གཞུག་ཏུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱོན་པ་དང་།ལྷ་རྟེན་ཆོས་གསུམ་གྱི་སྐོར་ཡང་མང་པོ་ཞིག་བཞུགས།སྤྱི་ལོ་1958ལོའི་ཡར་སྔོན་དུ་ཆོས་སྡེ་ཆེན་པོ་འདིར་མཚན་ཉིད་གྲྭ་ཚང་།རྒྱུད་པ་གྲྭ་ཚང་།དུས་འཁོར་གྲྭ་ཚང་།ཤར་བླ་བྲང་ནོར་བུ་གྲུ་འཛིན།ཤར་འཇམ་དབྱངས་ལྷ་ཁང་དང་།ཚོམས་ཆེན་འཛམ་གླིང་རྣམ་རྒྱལ།ལྷོ་ལྟའི་ལྷ་ཁང་།མགོན་ཁང་རྔམ་བརྗིད་རོལ་བ་སོགས་དང་།སྤྱི་བའི་ཚོགས་ཆེན་འདུ་ཁང་ཆེན་མོ་ཀ་བརྒྱ་མ།ས་འཛིན་ལྷ་ཁང་།ཏཱ་ཀཽ་ཤྲཱི་བློ་གྲོས་སེང་གེའི་སྐུ་གདུང་ལྷ་ཁང་།མགོན་པོ་རྭ་སྐྱེས་ལྷ་ཁང་།གྲུབ་ཆེན་ཆོས་པ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་།རོང་བོ་ཁྲི་ཆེན་ཚང་གི་དུས་གསུམ་སངས་རྒྱས་ལྷ་ཁང་།བྱང་ལྟའི་ལྷ་ཁང་།མགོན་ཁང་བཙན་པོ་མ།གཞུང་གི་མགོན་ཁང་།མཚན་ཉིད་གྲྭ་ཚང་གི་འདུ་ཁང་།བླ་བརྒྱུད་ལྷ་ཁང་།དྲི་གཙང་ཁང་།ལྷ་མོ་ཁང་།པར་ཁང་ཆེན་མོ།འཇམ་དབྱངས་ཀུན་གཟིགས་ལྷ་ཁང་།སྟོང་སྐུའི་ལྷ་ཁང་།དོན་ཡོད་ཞགས་པའི་ལྷ་ཁང་།བློ་བཟང་ལུང་རིགས་རྒྱ་མཚོའི་སྐུ་གདུང་ལྷ་ཁང་།རྒྱུད་པ་གྲྭ་ཚང་གི་འདུ་ཁང་།དྲི་གཙང་ཁང་།རྗེའི་ལྷ་ཁང་།མགོན་ཁང་།དུས་འཁོར་གྲྭ་ཚང་གི་འདུ་ཁང་།དུས་འཁོར་བློས་བསླངས་ཁང་།རྣམ་སྲས་མགོན་ཁང་།སྦྱིན་སྲེག་ཁང་།གཞན་ཡང་མཁན་ཆེན་བྱམས་ཁང་།སྨན་འཚོང་ཇོ་ཁང་།མཁར་སྒོའི་ཇོ་ཁང་།བྲག་དཀར་སྒོམ་ཁང་།བསྐོར་མཐའི་བདེ་གཤེགས་མཆོད་རྟེན་རྣམ་བརྒྱད།མཆོད་རྟེན་སྒོ་བཞི་མ།ཆོས་སྲིད་ཀྱི་ཁྲིམས་འཛིན་གཞུང་ཁང་གཅིག་བཅས་དང་། བླ་བྲང་ནི་ཤར་བླ་བྲང་དང་།རོང་བོ་ཁྲི་རྒན་བླ་བྲང་།རྫོང་དཀར་བླ་བྲང་།གཡེར་གཤོང་བླ་བྲང་།གཙོས་དགའ་ལྡན་གསེར་ཁྲིའི་བླ་བྲང་།རྒྱལ་མཁན་ཆེན་བླ་བྲང་།བསེ་ཁྲི་རྒན་བླ་བྲང་།མཚན་སྒྲོགས་བླ་བྲང་།ཤིང་བཟའ་བླ་བྲང་བཅས་དགུ་ཡོད་པ་དང་།ནང་ཆེན་ནི་ཨ་རོལ་ནང་ཆེན།མཁན་ཆེན་ནང་ཆེན།བྲག་དཀར་སྔགས་རམས་པའི་ནང་ཆེན།ཁྲི་རྒན་ནང་ཆེན།ཚོ་འདུ་མཁན་པོའི་ནང་ཆེན།བྱང་རྩེ་ནང་ཆེན།བདེ་ཆེན་ལྷོ་བྲག་ནང་ཆེན།སྨན་འཚོང་ནང་ཆེན།ཆུ་ཅའི་ནང་ཆེན།བདེ་ཆེན་བཙན་པོ་མའི་ནང་ཆེན།འདན་ཚང་གི་ནང་ཆེན།ཐིག་མོ་ནང་ཆེན།བྲག་དཀར་ཆུང་བའི་ནང་ཆེན།རྫོང་སྔོན་ནང་ཆེན།སྟག་གེ་ནང་ཆེན།ཨ་ལགས་འཇིགས་མེད་ཚང་གི་ནང་ཆེན།སྒོ་དམར་ནང་ཆེན།བིས་པ་ཚང་གི་ནང་ཆེན།ནང་སོ་སྐུ་སྐྱེས་ནང་ཆེན།ཚོ་འདུ་གྲུབ་ཆེན་ཚང་གི་ནང་ཆེན།ཨ་ལགས་མགོན་པོ་དོན་གྲུབ་ཀྱི་ནང་ཆེན་བཅས་ཉེར་གཉིས་ཡོད།གྲྭ་ཤག་སུམ་བརྒྱ་ལྷག་དང་རྟེན་བཞེངས་ཀྱི་སྐོར་མང་པོ་ཡོད།རྒྱུན་བཞུགས་ཀྱི་བླ་སྤྲུལ་ཆེ་ཆུང་བཞི་ཅུ་ལྷག་དང་།དགེ་འདུན་པ་ཆིག་སྟོང་ལྷག་བཞུགས།དགོན་པའི་མདུན་གྱི་ཅོག་ཙེ་བར་མའི་སྟེང་རྨ་རྒྱལ་སྦོམ་རའི་ལྷ་ཐོ་དང་།ཅོག་ཙེ་གོང་མའི་སྟེང་བདུད་འདུལ་མཆོད་རྟེན་མཐོ་ཚད་ལ་ཁང་བརྩེགས་གཉིས་ཙམ་ཡོད་པ་བཅས་བཞུགས།སྐབས་དེར་ལྷ་ཁང་དང་འདུ་ཁང་རྣམས་ཀྱི་ས་ཁྱོན་ལ་ཁང་བ་གྱན་ཆིག་སྟོང་བདུན་བརྒྱ་ལྷག་དང་།ནང་ཆེན་དང་གཞུང་ཁང་རྣམས་ཀྱི་ས་ཁྱོན་ལ་ཁང་བ་གྱན་བཞི་སྟོང་ཉིས་བརྒྱ་ལྷགགྲྭ་ཤག་རྣམས་ཀྱི་ས་ཁྱོན་ལ་ཁང་བ་གྱན་དགུ་སྟོང་ཆིག་བརྒྱ་དང་སྤྱིའི་ས་ཁྱོན་ལ་སྤྱི་ཁྲི་གྲུ་བཞི་མ་ཆིག་སྟོང་སུམ་བརྒྱ་ལྷག་ཡོད།
      འོན་ཀྱང་སྤྱི་ལོ་1958ལོའི་དུས་ཟིང་དང་རིག་གནས་གསར་བརྗེ་སྐབས་སུ་ཆོས་སྡེ་འདིའི་ཚོགས་ཆེན་འདུ་ཁང་དང་།གྲྭ་ཚང་འདུ་ཁང་།རྒྱལ་མཁན་ཆེན་ཚང་གི་ནང་ཆེན།ཐིག་མོ་ནང་ཆེན།ཆུ་ཅའི་ནང་ཆེན།ཨ་ལགས་མགོན་པོ་དོན་གྲུབ་ཚང་གི་ནང་ཆེན།གྲྭ་ཤག་བཅུ་ཡས་མས་རྣམས་ཀྱི་ཁང་རོ་ཙམ་ལས་ལྷ་རྟེན་ཆོས་གསུམ་ཐམས་ཅད་མེད་བརླགས་སུ་བཏང་བ་མ་ཟད།དགེ་འདུན་པ་རྣམ་དཔྱོད་ཅན་མང་པོ་བཙོན་འཇུག་དང་།ལྷག་མ་རྣམས་གྲོང་ཁྱིམ་དུ་དེད།དེ་ནས་སྤྱི་ལོ་1979ལོའི་སྟོན་ཁར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་པ་དང་སྐབས་བསྟུན་ནས།མཚོ་སྔོན་ཞིང་ཆེན་གྱི་དཔོན་པོ་བཀྲ་ཤིས་དབང་ཕྱུག་ལྗོངས་འདིར་ཆེད་དུ་ཕེབས་ནས་ཀྲུང་དབྱང་གི་སྲིད་ཇུས་གསལ་བསྒྲགས་གནང་།སྐབས་དེར་རོང་བོ་དགོན་ཆེན་གྱི་ཆོས་སྒོ་འབྱེད་རྒྱུའི་རེ་བ་ཞུས་པ་ལ་ཡིད་མཐུན་གྱི་ལན་གནང་བ་ལྟར།ལོ་དེར་རྨ་ལྷོ་ཁུལ་ནས་ཆོས་ལུགས་མི་སྣ་བསྡུས་ཏེ་རོང་བོ་དགོན་ཆེན་སླར་གསོ་བྱེད་རྒྱུའི་གྲ་སྒྲིག་གི་ཚོགས་འདུ་འཚོགས།ཉིན་དེར་ཞིག་རལ་དུ་སོང་བའི་ཚོགས་ཆེན་འདུ་ཁང་ཆེན་མོ་ཕྱིར་སྤྲད།སྤྱི་ལོ་1980ལོའི་བོད་ཟླ་དང་བོའི་ཚེས་དགུ་ཉིན་རེབ་གོང་གི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་རེ་སྨོན་ལྟར།རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས་པ་ན།ནམ་མཁའ་ནས་འཇའ་ཚོན་ཤར་བ་སོགས་བཀྲ་ཤིས་པའི་རྟགས་མཚན་མངོན་པར་གསལ་བ་བྱུང་།
       ཚེས་བཅུ་གཅིག་ཉིན་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་།རྫོང་ཆུང་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་རྫོང་དཀར་འཇིགས་མེད་ལུང་རིགས།མཁན་ཆེན་སྐུ་ཕྲེང་བདུན་པའི་ཡོངས་འཛིན་ཐོས་བསམ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་རོལ་འཇིགས་མེད་རབ་རྒྱས།དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེའི་དགེ་འདུན་བསྟན་འཛིན།ཚལ་དགེ་བཤེས་དགེ་འདུན་དར་རྒྱས།འཇའ་མོའི་དགེ་འདུན་ཆོས་འཕེལ།ཚོགས་ཆེན་དབུ་མཛད་ལས་ཐོགས་པ་སྨད་པའི་དགེ་འདུན་ཕུན་ཚོགས།ཐོས་བསམ་གླིང་གི་དབུ་མཛད་ལྷ་སྡེའི་དགེ་ལེགས་རྒྱ་མཚོ།རྒྱུད་པའི་བླ་མ་དཔོན་སློབ་ཚོ་འདུའི་ཡོན་ཏན་རྒྱ་མཚོ།དུས་འཁོར་གྱི་བླ་མཁྱེན་རྒྱལ་པོ་སྒང་དགེ་འདུན་བསྟན་འཛིན་སོགས་གཙོ་བྱས་པའི་དགེ་འདུན་པ་རྣམས་ཀྱིས་གོས་ངུར་སྨྲིག་གི་ན་བཟའ་ལེགས་པར་བཞེས་ཏེ།བླ་མ་རྡོ་རྗེ་འཆང་རྫོང་ཆུང་སྐུ་ཕྲེང་དྲུག་པས་སོ་ཐར་གྱི་མདོ་གསུངས་ཏེ་བཀྲ་ཤིས་གསོ་སྦྱོང་བླངས་པ་སོགས་ཆོས་ཀྱི་སྒོ་མོ་ཐོག་མར་ཕྱེས།ཚེས་བཅུ་གསུམ་ཉིན་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོས་ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པའི་རྒྱལ་ཚབ་བདག་གིར་བཞེས་པ་དང་།རོང་བོ་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོ་སོགས་ཀྱིས་ལུགས་གཉིས་ཀྱི་བྱ་བའི་འགན་ཁུར་བླངས།མཁན་ཆེན་ཡོངས་འཛིན་ཨ་རོལ་འཇིགས་མེད་རབ་རྒྱས་བརྩི་བཞག་བླ་མར་བཞུགས།དགེ་བའི་བཤེས་གཉེན་དགེ་འདུན་བསྟན་འཛིན་ཚོགས་ཆེན་དགེ་བསྐོས་ལ་བཞེངས།གོང་སྨྲས་བྱིངས་འདྲེན་རྣམ་གཉིས་ཀྱིས་རང་རང་གི་ལས་སྣེ་ཁུར་ཏེ་ཡང་དར་བསྟན་པའི་ཆོས་ཀྱི་དུང་བརྡ་ཐོག་མར་བཏང་ཞིང་།བླ་མ་རྡོ་རྗེ་འཆང་རྫོང་ཆུང་སྐུ་ཕྲེང་དྲུག་པའི་གཙོས་རེབ་གོང་གི་དགེ་འདུན་པ་རྣམས་ཚོགས་ཆེན་འདུ་ཁང་ནང་དུ་ཚོགས་ལ་བཞུགས་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་གསོ་གནང་བ་དང་།གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པའི་ཆོས་གྲྭ་གསར་དུ་བཙུགས།
      སྨོན་ལམ་གསུང་ཆོས་སྐབས་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོས་སྐྱེས་རབས་ཀྱི་བཤད་པའི་དབུ་བཙུགས་ཏེ་དམ་པའི་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་བསྒྲགས།དགེ་འདུན་པ་ཉིས་བརྒྱ་ཡས་མས་བཞུགས་པ་ལ་སེང་གེ་གཤོང་སྡེ་བས་མང་ཇ་སོགས་ཀྱིས་མཚོན་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས།དུས་དེར་དད་ལྡན་གྱི་མཇལ་བ་སྟོང་ཕྲག་མང་བོའི་འདུ་ཚོགས་ཧ་ཅང་ཆེ་བ་མ་ཟད།ཆོས་ལ་དུང་བའི་སྤྲོ་སེམས་ཀྱི་རྣམ་པ་རབ་ཏུ་བརྟན།དེ་ནས་བཟུང་དུས་སྐབས་དང་བསྟུན་ཏེ་ཟླ་རེར་ཚོགས་ཉིན་ལྔ་རེ་དང་ཆོས་གྲྭ་ཉིན་ཉི་ཤུ་རེ་མ་ཆག་པར་མཛད་རྒྱུའི་སྲོལ་བཙུགས་ཏེ།གྲྭ་ས་རང་རང་གི་ཕྱག་སྲོལ་ལྟར་འདོན་ཆོས་སྤྱོད་དང་།ཆོ་ག་ཕྱག་ལེན་སོགས་ཉམས་པ་སླར་གསོ་བྱས་ཏེ་སྔར་སྲོལ་ལྟར་རྒྱུན་འཁྱོངས་བྱས།
      ལོ་དེའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་རེབ་གོང་ལྗོངས་འདིར་ཕེབས་ནས།དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་།སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར།ལམ་མཆོག་སྒོ་འབྱེད།རིགས་གསུམ་མགོན་པོ།ཚེ་ལྷ་རྣམ་གསུམ་སོགས་ཀྱི་བཀའ་ཆོས་གནང་བ་མ་ཟད།འདུ་ཁང་ཆེན་མོའི་ནང་དུ་དད་ལྡན་མཇལ་བ་སྟོང་ཕྲག་མང་པོ་ལ་ཕྱག་དབང་གནང་།ཁྱད་པར་དུ་རེབ་གོང་གི་མང་ཚོགས་ཡོངས་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་།དེ་ནས་བཟུང་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་།ཨ་ལགས་རོང་བོ་ཚང་།ཁ་སོ་ཚང་།ཚོ་འདུ་གྲུབ་ཆེན་ཚང་།གདན་ས་གསུམ་གྱི་དགེ་བའི་བཤེས་གཉེན་དང་གྲྭ་པ་རྒན་གཞོན་རྣམས་ཀྱིས་ཚོགས་ཆེན་འདུ་ཁང་ཆེན་མོ་སླར་གསོ་དང་།སྐུ་གསུང་ཐུགས་རྟེན་རྙིང་བ་ལུས་ཡོད་པ་སླར་བསྡུ་དང་མེད་པ་བསྐྱར་བཞེངས་བྱེད་པའི་ལས་འགོ་བཙུགས།དད་ལྡན་མང་ཚོགས་རྣམས་ཀྱིས་རྒྱུ་ནོར་གྱི་ཞལ་འདེབས་དང་ངལ་རྩོལ་སོགས་ཀྱི་རོགས་རམ་ལ་བརྟེན་ནས་རིམ་བཞིན་ཚོགས་ཆེན་འདུ་ཁང་ཆེན་མོ་ཞིག་གསོ་དང་ནང་རྟེན་རྣམས་ལེགས་གྲུབ་བྱུང་།
      ད་ལྟ་དགོན་པ་འདིར་ཤར་འཇམ་དབྱངས་ལྷ་ཁང་དང་།ཤར་བླ་བྲང་ཕོ་བྲང་ནོར་བུ་གྲུ་འཛིན།ཤར་བླ་བྲང་ཆེན་མོའི་མགོན་ཁང་།ཚོགས་ཆེན་འདུ་ཁང་ཆེན་མོ་ཀ་བརྒྱ་མ་དང་།དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་དང་འབྲེལ་བའི་སྤྱི་བའི་མགོན་ཁང་།མཚན་ཉིད་གྲྭ་ཚང་གི་འདུ་ཁང་།གྲྭ་ཚང་ལྷ་མོའི་མགོན་ཁང་།གྲྭ་ཚང་པར་ཁང་།ས་འཛིན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་།གྲུབ་ཆེན་ཆོས་པ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་།འཇམ་དབྱངས་ཀུན་གཟིགས་ལྷ་ཁང་།བློ་བཟང་ལུང་རིགས་རྒྱ་མཚོའི་སྐུ་གདུང་ལྷ་ཁང་།དོན་ཡོད་ཞགས་པའི་ལྷ་ཁང་།རྒྱུད་པ་གྲྭ་ཚང་གི་འདུ་ཁང་།མགོན་ཁང་།རྗེ་ལྷ་ཁང་།དུས་འཁོར་གྲྭ་ཚང་གི་འདུ་ཁང་།སྦྱིན་སྲེག་ཁང་དང་འབྲེལ་བའི་དུས་འཁོར་བློས་བསླངས་ཁང་།མགོན་ཁང་།མཁན་ཆེན་བྱམས་ཁང་།སྒྲོལ་མའི་ལྷ་ཁང་།རྟ་མགྲིན་ལྷ་ཁང་།ཁ་སོ་ཚང་གི་པར་ཁང་ཆེན་མོ།བྲག་དཀར་སྒོམ་ཁང་།ཤར་བླ་བྲང་གཙོ་བྱས་པའི་ནང་ཆེན་སུམ་ཅུ་ཙམ་དང་།གྲྭ་ཤག་ཉིས་བརྒྱ་ལྷགདགོན་པའི་མདུན་གྱི་ཐང་ཆེན་སྟེང་གསེར་ཟངས་ལས་གྲུབ་པའི་སྒྲོལ་ལྗང་གི་སྐུ་འདྲ།བསྐོར་མཐར་དུ་མ་ཎི་གྲལ་རིང་།བསྐོར་མཐའི་ཤར་སྟོད་སྨད་བར་གསུམ་དུ་ཐར་མདོ་དང་།མ་ཎི།བཀའ་འགྱུར།གསང་བདག་འཁོར་ཆེན་བཅས་ཀྱི་འཁོར་ཆེན་ལྷ་ཁང་དང་བཅས་རྟེན་བཞེངས་ཀྱི་སྐོར་མང་པོ་ལེགས་གྲུབ་བྱུང་ཡོད་པ་མ་ཟད།བླ་སྤྲུལ་ཆེ་ཆུང་སུམ་ཅུ་ལྷགརེབ་གོང་གཙོས་མཚོ་སྔོན་གྱི་མགོ་ལོག་དང་།ཡུལ་ཤུལ་སྐྱེ་དགུ།ཁྲི་ཀཆབ་ཆ།མང་ར།རྐང་ཚ།ཐུན་རྫོང་།ཆུ་ལེན།དཔའ་རིས།གཅན་ཚ།བ་ཡན།རྡོ་སྦིས།གཞན་ཡང་ཀན་སུའུ་དང་།ཟི་ཁྲོན།ཀྲེ་ཅང་།ཐེན་ཅིན།ཏུང་པེ།ཧྲན་ཞིས་སོགས་ཞིང་ཆེན་དང་རྫོང་ཁག་མི་འདྲ་བ་ཉི་ཤུ་ལྷག་གི་ཡུལ་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་ལྔ་བརྒྱ་ལྷག་བཞུགས།དེའི་ནང་གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་པའི་ལྷ་རམས་པ་དང་རབ་འབྱམས་པ་སོགས་ཀྱིས་མཚོན་པའི་དགེ་བའི་བཤེས་གཉེན་དང་།སྒྲུབ་པ་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་རྣལ་འབྱོར་བ་མང་པོ་བཞུགས།
     བྲག་དཀར་སྒོམ་ཁང་ལེགས་ཚོགས་ཀུན་འཕེལ་རི་ཁྲོད་ནི།རོང་བོ་དགོན་ཆེན་གྱི་རྒྱབ་རིའི་སྟེང་ཡོད་ལ།དེ་ནི་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་སྒོམ་སྒྲུབ་གནང་སའི་དབེན་གནས་བྱིན་ཅན་ཞིག་ཡིན།ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པའི་སྐབས་སྒོམ་ཁང་གི་ཉེ་འདབས་སུ་ཤར་སྐྱབས་མགོན་གྱི་གཟིམ་ཁང་དང་།མཆོད་ཁང་སོགས་གསར་བཞེངས་གནང་།རྗེས་སུ་དབེན་གནས་དེ་ཤར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱིས་སྒོམ་སྒྲུབ་དང་ཁམས་གསེང་གནང་སའི་དབེན་གནས་སུ་མཛད།དེར་བརྟེན་ཡབ་རྗེ་གསེར་ཁང་པའི་གཙོས་མདོ་སྨད་ཕྱོགས་ཀྱི་སྐྱེས་བུ་དམ་པ་མང་པོ་དབེན་གནས་དེར་ཡུན་རིང་བཞུགས་ནས་བཀའ་ཆོས་གསུངས།ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མཆོད་ཁང་དང་གཟིམ་ཁང་ཐོག་བརྩེགས་ཅན་དང་།ར་སྐོར་རྒྱ་ཇེ་ཆེར་བཏང་ནས་རུང་ཁང་དང་མཚམས་ཁང་བརྒྱད་དགུ་ཙམ་གསར་བཞེངས་གནང་།གདན་ས་གསུམ་གྱི་དགེ་འདུན་པ་རྣམས་མཚམས་རེས་བསྐོར་ཏེ་ཉིན་རེར་མ་ཎི་ཁྲི་གཅིག་དང་མཆོད་པ་སྟོང་ཕྲག་འབུལ་དགོས་པའི་སྲོལ་བཙུགས།སྔོན་དུས་སྒྲུབ་གནས་དེར་གཟིམ་ཁང་དང་།མཆོད་ཁང་།མཚམས་ཁང་སོགས་རྟེན་སྣ་བྱིན་ཅན་མང་པོ་བཞུགས་པ་སྤྱི་ལོ་1958ལོར་ཐམས་ཅད་འཇིག་ཟིན།སྤྱི་ལོ་1982ལོར་དགོན་གཞུང་གིས་སྔོན་ཆད་ཀྱི་གྱང་སྟོང་ནང་དུ་མཆོད་ཁང་གྱན་གསུམ་དང་ནང་རྟེན་རྣམས་བསྐྱར་བཞེངས་མཛད།མཚམས་ཁང་བཞི་ལྔ་ལྷག་བཞེངས་ཏེ་སྔར་སྲོལ་ལྟར་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་མཚམས་རེས་བསྐོར་ཏེ་མ་ཎི་དང་མཆོད་པའི་རྒྱུན་བཙུགས།
      རོང་བོ་དགོན་ཆེན་གྱི་པར་ཁང་ཆེན་མོ་ཆོས་ཆར་འདོད་འཇོའི་གླིང་ནི།སྤྱི་ལོ་1993ལོར་ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་ཀྱིས་རེབ་གོང་ཡུལ་གྱི་མཁས་པ་གྲགས་ཅན་རྣམས་ཀྱི་གསུང་འབུམ་གང་ཡོད་འཚོལ་བསྡུ་བྱས་ཏེ་རིམ་བཞིན་པར་ཤིང་དུ་བརྐོ་རྒྱུའི་ཆེད་གསར་དུ་བཞེངས་ལ།པར་ཁང་གི་ཐོག་ཤོད་དུ་རྗེ་བཙུན་བླ་མ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གཟིམ་ཁང་དང་རུང་ཁང་ཡོད།འོག་ཤོད་དུ།ཆོས་དཔེ་སྣ་ཚོགས་ཀྱི་པར་ཤིང་རིང་ཐུང་མང་པོ་དང་།རྗེ་ཤར་གདོང་རིན་པོ་ཆེས་བཀའ་ཆོས་གསུངས་སྐབས་ཀྱི་བཞུགས་ཁྲི་བཅས་ཡོད།
      བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་ནི།སྤྱི་ལོ་1996ལོར་སོག་རུའི་རྒན་པོ་ཁོན་ཐར་ཚེ་རིང་དང་ཀུན་བཟང་རྡོ་རྗེ།དཀའ་ཐུབ་རྒྱལ་སྤུན་གསུམ་གྱིས་བསྐྱར་དུ་བཞེངས།ནང་རྟེན་དུ།སྐུ་གསུང་ཐུགས་རྟེན་བྱིན་ཅན་དང་།གཟུངས་གཞུག་རིང་ཐུང་མང་པོ།གནས་ཆེན་གང་མང་གི་ས་སྣ་དང་ཆུ་སྣ།གཡུ་བྱུར་དང་མ་ཎི་སོགས་ཀྱིས་མཚོན་པའི་རིན་པོ་ཆེའི་རིགས་དང་གཏེར་རྫས་སྣ་ཚོགས་བཅས་བཞུགས།རེབ་གོང་རིག་གནས་ཐང་ཆེན་ནི།སྤྱི་ལོ་2005ལོར་རྨ་ལྷོ་ཁུལ་གྱི་དཔོན་པོ་ལིས་ཧྲུའུ་ཅིའི་བཀའ་དྲིན་ལ་བརྟེན་ནས་སྔོན་ཆད་ཀྱི་ཅོག་ཙེ་བར་མའི་ས་ཁྱོན་རྒྱ་ཆེ་བར་བཏང་ནས་གསར་དུ་བཞེངས།དེའི་སྟེང་རེབ་གོང་སྒྱུ་རྩལ་གྱི་མིང་དོན་མཚོན་བྱེད་དུ།རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་བརྙན་གཟི་འོད་འབར་བ་མཐོ་ཚད་ལ་སྤྱི་ཁྲི་དགུ་ཙམ་ཡོད་པའི་སྐུ་འདྲ་གསུམ་དང་།རྒྱུ་རྡོ་དཀར་ལས་གྲུབ་པའི་འཇིགས་པ་བརྒྱད་སྐྱོབ་མའི་སྐུ་འདྲ་བཅས་བཞེངས་ཡོད།དེ་འདྲའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དན་རྟགས་འདི་ལས་ང་ཚོ་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་།ནང་སྒོས་རེབ་གོང་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་བྱས་ཡོད།དགོན་པའི་ཤར་གྱི་བསྐོར་ལམ་དུ།དམེ་ཤུལ་ནོར་མགོ་སྡེ་སྤྱི་ནས་བཞེངས་པའི་མ་ཎི་དུང་ཕྱུར་དགུ་བཅུ་ལྷག་བཞུགས་པའི་འཁོར་ཆེན་ལྷ་ཁང་དང་།སྨན་པ་འཇིགས་བྱེད་ཚེ་རིང་གིས་བཞེངས་པའི་མ་ཎི་དུང་ཕྱུར་ཉེར་གཅིག་བཞུགས་པའི་འཁོར་ཆེན་ལྷ་ཁང་།མགར་རྩེ་ཨ་ལགས་གྲུབ་པ་སྐུ་ཕྲེང་དྲུག་པ་ཤེས་རབ་དོན་གྲུབ་རྒྱ་མཚོས་བཞེངས་པའི་མ་ཎི་དུང་ཕྱུར་ཉིས་བརྒྱ་དང་བརྒྱད་བཞུགས་པའི་འཁོར་ཆེན་ལྷ་ཁང་།དམེ་ཤུལ་དཔོན་སྐོར་དང་།རྒྱ་སྡང་།མགོ་སྤྲ་བཅས་ཀྱིས་བཞེངས་པའི་ཐར་མདོ་དང་མ་ཎི་དུང་ཕྱུར་བརྒྱ་དང་བཅོ་ལྔ་བཞུགས་པའི་འཁོར་ཆེན་ལྷ་ཁང་།བསྐོར་ལམ་གྱི་ལྷོ་ཕྱོགས་སུ་བཀའ་འགྱུར་འཁོར་ཆེན་ལྷ་ཁང་དང་།སྨད་པའི་དགེ་འདུན་ཕུན་ཚོགས་ཀྱིས་བཞེངས་པའི་གསང་བདག་འཁོར་ཆེན་གྱི་ལྷ་ཁང་།ལྷོ་སྨད་དུ་དམེ་ཤུལ་དོམ་ལུང་གི་ཚེ་འདས་ལྷ་རྒྱལ་གྱི་དགེ་རྩར་བཞེངས་པའི་དམིགས་བརྩེ་མའི་འཁོར་ཆེན་ལྷ་ཁང་།བསྐོར་ལམ་གྱི་བྱང་ཕྱོགས་སུ་མ་ཎི་དུང་ཕྱུར་བཅུ་ཕྲག་ལྷག་བཞུགས་པའི་འཁོར་ཆེན་ལྷ་ཁང་།བསྐོར་མཐའ་ཡོངས་སུ་མ་ཎི་དུང་ཕྱུར་ཅན་གྱི་འཁོར་ལོ་སུམ་བརྒྱ་ཡས་མས་ཙམ་བཞུགས་པའི་མ་ཎི་གྲལ་རིང་དང་བཅས་ཡོད།
      སྤྲུལ་སྐུ་འཚོལ་སྟངས་ནི།རེབ་གོང་སྐྱབས་མགོན་ལྟ་བུ་ཡིན་ན།ངེས་པར་དུ་རྒྱལ་པ་དང་པཎ་ཆེན་རྣམ་གཉིས་གང་རུང་གི་ཐག་གཅོད་དགོས་པ་དང་།སྤྲུལ་སྐུ་གཞན་པ་རྣམས་རེབ་གོང་སྐྱབས་མགོན་གྱིས་ཐག་བཅད་ཆོགཐོག་མར་སྤྲུལ་སྐུ་འཚོལ་བའི་གྲ་སྒྲིག་བྱེད་སྐབས་སྐུ་སྔོན་མ་གཤེགས་རྗེས་ཀྱི་ལོ་ཚུགས་མཉམ་པ་གཞིར་བཞག་གི་སྟེང་ནས།སྐུ་སྔོན་མའི་ལུང་བསྟན་ཡོད་མེད་དང་།སྐྱེས་དུས་རྟགས་མཚན་ཡོད་མེད།ནར་སོན་སྐབས་སྐུ་སྔོན་མའི་ཤ་ཉེ་དང་།ཡོ་བྱད་སོགས་ངེས་འཛིན་ཡོད་མེད་བཅས་ཀྱི་གནས་ཚུལ་ཞིབ་མོར་བྲིས་ཏེ་ལོ་ཚོད་མཉམ་པའི་བྱིས་པ་བརྒྱ་ཕྲག་ལྷག་གི་མཚན་ཐོ་ཐུགས་ཐག་གཅོད་མཁན་གྱི་བླ་མ་ལ་ཕུལ་རྗེས།བླ་མས་རྨི་ལམ་བརྟག་པ་དང་མཚན་དཀྲུགས་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་སྤྲུལ་སྐུ་ཐུགས་ཐག་གཅོད་དགོས་པ་ཡིན།དེ་ལས་གཞན་པའི་རང་ཅག་ལ་ཆོས་འབྲེལ་ཡོད་པའི་བླ་མ་གཞན་དག་དང་།ལྷ་མོའི་བླ་མཚོ།བརྡ་ཡིག་སོགས་ལ་བརྟེན་ནས་ཐུགས་ཐག་གཅོད་སྲོལ་ཡང་ཡོད།ཐུགས་ཐག་གཅོད་སྐབས་བླ་མ་རང་གི་དགོན་པ་དང་ལྷ་སྡེ་རྣམས་ཀྱི་མི་སྣ་གལ་ཆེན་རྣམས་ངེས་པར་འཛོམས་དགོས་པར་མ་ཟད།དེ་དག་གིས་ཐུགས་ཐག་གཅོད་མཁན་གྱི་བླ་མ་ལ་སྤྲུལ་སྐུ་འཁྲུལ་མེད་ཞིག་འཚོལ་དགོས་པའི་སྐྱབས་འཇུག་ཞུ་དགོས།དེ་ལྟར་སྤྲུལ་སྐུ་ངོས་འཛིན་བྱུང་ཚེ་དེར་ཡོད་ཀྱི་མི་ཚང་མས་སྐད་གསེང་མཐོན་པོའི་སྒོ་ནས་ཡིན་…ཡིན་ཞེས་པའི་ཡིད་འཐད་བྱུང་བའི་དགའ་སྤྲོའི་རྣམ་པ་ཕྱིར་མངོན་པར་བྱེད།དེ་ནས་སྐུ་རྩ་དང་སྐུ་བདག་གཉིས་ཀྱི་གྲོས་བྱས་ཏེ།ཐོག་མར་ཁ་བཏགས་འབུལ་བ་དང་།བར་དུ་ཁྲི་སྟོན་བྱེད་པ།ཐ་མར་ཚོགས་བཞུགས་གནང་བ་བཅས་ཀྱི་ཉིན་བཟང་སྐར་བཟང་གི་དུས་ཚོད་གཏན་འཁེལ་བྱེད་དགོས།ཁ་བཏགས་འབུལ་བ།ཐུགས་ཐག་བཅད་ཟིན་པའི་སྤྲུལ་སྐུ་དེ་དགོན་པ་གང་རུང་ཞིག་གི་ཚོགས་བཞུགས་ཡིན་ཚེ་གྲྭ་ཤག་དང་ཕ་ཡུལ་གང་རུང་དུ་ཁ་བཏགས་འབུལ་དགོས་པ་དང་།དེ་ལྟར་མིན་ཚེ་ངེས་པར་དུ་ཕ་ཡུལ་ནས་ཁ་བཏགས་འབུལ་དགོས།ཁ་བཏགས་འབུལ་སྐབས་སྐུ་བདག་རྣམས་ཀྱི་ནང་ནས་བླ་གྲྭ་དང་རྒན་པོ་ཤེས་ཡོན་ཅན་ཞིག་གིས་སྐུ་རབས་སྔོན་མའི་ལོ་རྒྱུས་དང་འབྲེལ་ཏེ་གཏམ་བཤད་ཞུ་དགོས་པ་དང་།དེ་ནས་སྐུ་བདག་གཙོ་བྱས་པའི་ཚོགས་པ་སྐྱ་སེར་ཕོ་མོ་རྣམས་ཀྱིས་མཎྜལ་རྟེན་གསུམ་འབུལ་དགོས།མཇུག་ཏུ་དེར་ཡོད་ཀྱི་ཚོགས་པ་རྣམས་ཀྱིས་ཞལ་ཟས་རོ་བརྒྱ་ལྡན་པའི་འདོད་ཡོན་ལ་ལོངས་སྤྱོད་བཞིན་གླུ་ལེན་གར་རྩེ་བྱེད་པ་དང་བཅས་ཁ་བཏགས་ཕུལ་ཏེ་མཇུག་རྫོགས།།
      ཁྲི་སྟོན་བྱེད་པར།རེབ་གོང་སྐྱབས་མགོན་དང་།མཁན་ཆེན་ཚང་།རོང་རྒན་ཚང་།རྒྱལ་ཚང་།མཚན་སྒྲོགས་ཚང་ལྟ་བུ་ཚོགས་ཆེན་གྱི་བླ་མ་ཡིན་ན།ཁྲི་སྟོན་བྱེད་ས་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་ཡིན་དགོས་པ་མ་ཟད།སྐབས་དེའི་ཚོགས་ཆེན་ཁྲི་བ་དང་ཚོགས་ཆེན་དགེ་བསྐོས་གང་རུང་གིས་སྤྲུལ་སྐུ་བཙལ་བའི་གནས་ཚུལ་རྣམས་བརྗོད་བྱ་གཙོ་བོར་བཟུང་ཏེ་མཎྜལ་བཤད་པ་དང་།ཚོགས་ཆེན་གྱི་མི་སྣ་དང་སྐུ་བདག་རྣམས་ཀྱིས་རྟེན་གསུམ་འབུལ་དགོས།ཚོགས་ཆེན་གྱི་བླ་མ་མིན་ན་ནང་ཆེན་ཡོད་ན་ནང་ཆེན་དང་མེད་ན་གྲྭ་ཤག་ཏུ་ཁྲི་སྟོན་བྱེད་དགོས་པར་མ་ཟད།སྤྲུལ་སྐུ་རང་ཉིད་གང་དུ་གཏོགས་པའི་གྲྭ་ཚང་དེའི་ཁྲི་བ་དང་དགེ་བསྐོས་གང་རུང་གིས་སྤྲུལ་སྐུ་བཙལ་བའི་གནས་ཚུལ་རྣམས་བརྗོད་བྱ་གཙོ་བོར་བཟུང་སྟེ་མཎྜལ་བཤད་པ་དང་།གྲྭ་ཚང་དེའི་མི་སྣ་དང་སྐུ་བདག་རྣམས་ཀྱིས་རྟེན་གསུམ་འབུལ་དགོས།དེའི་རྗེས་སུ་ཚོགས་པ་ཡོངས་ཀྱིས་དཀར་གསུམ་མངར་གསུམ་གྱི་འདོད་ཡོན་ལ་ལོངས་སྤྱོད་པ་དང་།གླུ་ལེན་གར་རྩེ་བྱེད་པ་བཅས་ཁྲི་སྟོན་མཇུག་རྫོགས་སོ།།
      རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི།སྤྱི་ལོ་1732ལོར་རེབ་གོང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་ནང་སོ་ངག་དབང་བསོད་ནམས་དང་བཀའ་བགྲོས་གནང་སྟེ།ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་བཅུ་གཅིག་ནས་བཅོ་ལྔའི་བར།སྨོན་ལམ་ཉིན་ལྔའི་རིང་ལ་དགོན་པའི་མཐའ་བསྐོར་གྱི་ཆོས་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཚོགས་ཆེན་ཞལ་ངོ་དང་ཐོས་བསམ་གླིང་གི་དགེ་བསྐོས་གཉིས་ལ་དབང་བ།སྨོན་ལམ་སྟེང་གདན་ས་གསུམ་གྱི་གཙོས་རེབ་གོང་ཕྱོགས་ཀྱི་དགེ་ལུགས་པའི་གྲྭ་པ་རྒན་གཞོན་ཐམས་ཅད་ཞུགས་ཆོག་པ།རེབ་གོང་ཤོག་པ་བཅུ་གཉིས་ཀྱིས་ལོ་རེར་རེ་མོས་བཞིན་མཆོད་འབུལ་གྱིས་མཚོན་པའི་བསྙེན་བཀུར་བྱེད་དགོས་པ་སོགས་གཏན་འཁེལ་བྱས།ཆོས་པ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་སྔགས་འཆང་འཇམ་དབྱངས་བློ་གྲོས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཞུས་པ་ལྟར་ཕེབས་པར་མ་ཟད།སྨོན་ལམ་གྱི་མཆོད་རྫས་དང་བྱམས་པ་གླིང་བསྐོར་གྱི་གདུགས་རྒྱལ་མཚན་སོགས་གནང་བ་དང་།སྨོན་ལམ་ཆེན་མོའི་འགྲིག་ལམ་དང་།ཚོགས་འདོན་གྱི་རིམ་པ།དབྱངས་རྟ་སོགས་ཕྱག་ལེན་མང་ཆེ་བ་ལྷ་སའི་སྨོན་ལམ་ཆེན་མོ་དང་སྒོ་བསྟུན་ཏེ་རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོ་གསར་དུ་བཙུགས།
      ལོ་རེའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་ཚོགས་ཆེན་ཞལ་ངོ་དང་ཐོས་བསམ་གླིང་གི་དགེ་བསྐོས་གཉིས་ནས་དགོན་པའི་མཁར་སྒོ་ཆེན་མོའི་མདུན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཅའ་ཡིག་བཤམས་ཏེ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་སྨོན་ལམ་སྐབས་ཀྱི་འགྲིག་ལམ་དང་།དེ་དང་འགལ་བའི་ཉེས་ཆད་སོགས་དྲིལ་བསྒྲགས་གནང་ནས་ད་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་པའི་དུས་ཆེན་ཁྱད་པར་ཅན་འདི་ཉིད་བཀྲ་ཤིས་བདེ་ལེགས་ངང་ཚོགས་ཐུབ་པའི་དགེ་བསྐུལ་དང་འབྲེལ་བའི་སྨོན་འདུན་ཞུ་བ།གྲྭ་ས་སོ་སོའི་གཞུང་གཉེར་བ་ཚོས་གྲྭ་ཚང་རང་རང་གི་སེར་སྦྲེང་ལ་ཕེབས་དགོས་པའི་དགེ་འདུན་པ་རྣམས་ལ་མཆོད་རྫས་རྩིས་སྤྲོད་གནང་ཞིང་།ཚེས་བཅུ་ཉིན་གྱི་ཕྱི་དྲོར་གྲྭ་ས་སོ་སོར་རང་གི་འདུ་ཁང་ནང་དུ་དཔྱིད་ཆོས་ཀྱི་གྲལ་འཛིན་ཡོད་པ་དང་།ཚོགས་ཆེན་གྱི་དབུ་ཆོས་གཉིས་དང་།ཐོས་བསམ་གླིང་གི་དགེ་བསྐོས་རྣམས་དཀྱུས་གཅིག་ཏུ་ཤར་བླ་བྲང་དུ་ཕེབས་ཏེ་སྐྱབས་མགོན་རིན་པོ་ཆེ་ལ་མཇལ་ཁ་ཞུ་བ་དང་སྨོན་ལམ་གྱི་སྙན་ས་འབུལ་དགོས།ཐོས་བསམ་གླིང་གི་མཆོད་དབྱངས་པ་འཁོར་བཅས་ཀྱིས་སྨོན་ལམ་གསུང་ཆོས་འཚོགས་སའི་ཚོགས་ཆེན་འདུ་ཁང་ཆེན་མོ་དང་།ལྷ་ཁང་སོ་སོའི་མདུན་དུ་ཁྲུས་གསོལ་དང་སྙན་ས་འབུལ་དགོས་པ།འདི་ནི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྔོན་འགྲོའི་སྦྱོར་བ་ཡིན་ནོ།།
      དེ་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དངོས་གཞི་ནི་ཚེས་བཅུ་གཅིག་ནས་བཅོ་ལྔ་བར་ཡིན་ལ།ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་ཚོགས་བརྡ་བཏང་བ་དང་དུས་མཚུངས་སུ་དགེ་འདུན་པ་སྟོང་ཕྲག་མང་པོ་ཚོགས་ཆེན་འདུ་ཁང་ཆེན་མོའི་སྒོ་འཕྱོར་དུ་ཕེབས་ཏེ།དམིགས་བརྩེ་མ་དབྱངས་སུ་གྱེར་ནས་གསུངས་བཞིན་ཚོགས་ལ་འཚོགས་པ་དང་།དེ་ནས་ཚོགས་ཆེན་བྱིངས་འདྲེན་ཆེན་མོས་སྐྱབས་འགྲོའི་དབུ་བསྐུལ་བ་དང་།དགེ་འདུན་པ་རྣམས་ཀྱིས་འབྲུག་སྒྲ་ལྡིར་བ་ནང་བཞིན་ཚོགས་འདོན་གསུངས་པ་དང་།དེ་ནས་ཞལ་ངོ་རྣམ་པ་གཉིས་ནས་སྤོས་འདྲེན་པ།ཞོགས་པའི་ཚོགས་མགོན་དུ་ཚོགས་ཆེན་ཁྲི་བ་དང་གྲྭ་ཚང་གསེར་ཁྲི་གང་རུང་ཞུས་པ་ལྟར་ཕེབས་ནས་བསྔོ་སྨོན་གསུངས་པ།ཇ་ཐོག་ཏུ་ཚོགས་ཆེན་ཞལ་ངོ་མཆོག་ནས་ཆོས་འདུལ་བའི་བཅས་ཁྲིམས་དང་།དགེ་འདུན་གྱི་ནང་ཁྲིམས།བཅའ་ཡིག་ཆེན་མོའི་དགོངས་དོན།ཁྱད་པར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་བརྗོད་བྱ་གཙོ་བོར་བྱས་ཏེ་ཚོགས་གཏམ་གཏོང་སྲོལ་ཡོད།
      དྲོས་ཇའི་སྟེང་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་ཡོད་ལ།དེའི་སྟེང་ཚོགས་མགོན་དུ་སྐྱབས་མགོན་རིན་པོ་ཆེ་དང་།གདོང་གྲལ་གཡས་གཡོན་དུ་ཚོགས་ཆེན་ཁྲི་བ་དང་གྲྭ་ཚང་གསེར་ཁྲི་གསར་རྙིང་།བརྩི་བཞག་གསར་རྙིང་།བླ་སྤྲུལ་ཆེ་ཆུང་དང་དགེ་བཤེས་ཆེ་ཁག་རྣམས་རིམ་པར་བཞུགས་ཡོད་པར་མ་ཟད།དམ་བཅའི་སྟེང་གཟིགས་རྟོག་གལ་ཆེན་གནང་དགོས།གུང་ཚིགས་སྟེང་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་ཡོད།དེའི་སྟེང་སྐྱབས་མགོན་རིན་པོ་ཆེ་ཕེབས་སྲོལ་མེད།དེའི་ཉིན་གྱི་སྨོན་ལམ་གསུང་ཆོས་ཚོགས་ཆེན་འདུ་ཁང་ཆེན་མོའི་སྒོ་འཕྱོར་དང་།སྨོན་ལམ་གསུང་ཆོས་མ་ཚོགས་བར་ཕར་ཕྱིན་དམ་བཅའ་ཡོད།ཚོགས་ཆེན་ཁྲི་བ་ཆོས་གྲྭའི་ཟུར་དུ་ཕེབས་མ་ཐག་རྩོད་མཚམས་བཞག་ནས་སྨོན་ལམ་གསུང་ཆོས་ལ་ཚོགས།ཚོགས་ཆེན་བྱིངས་འདྲེན་ཆེན་མོ་སྒོ་ཆེན་དཀྱིལ་དུ་མར་འཁོར་བ་དང་།མཆོད་དབྱངས་པ་རྣམས་སྒོ་འཕྱོར་གྱི་གདུང་གྲལ་གཡས་གཡོན་དུ་བཞེངས་ནས་དམིགས་བརྩེ་མ་དབྱངས་རྟ་བྱས་ཏེ་ཚོགས་ཆེན་ཁྲི་བ་གསེར་ཁྲིའི་སྟེང་ཞལ་ཡར་བསྒྱུར་ནས་བཞུགས།ཆོས་སྤྱོད་དང་སྤྱན་འདྲེན་ཁྲུས་གསོལ་རྣམས་དབྱངས་རྟ་སྙན་མོའི་སྒོ་ནས་གསུངས་པ་དང་།ཁྱད་པར་དུ་འདོན་པའི་ནང་དོན་ངག་གི་དབྱངས་རྟ་དང་བསྟུན་ནས།ཁྲི་བ་ལ་བཀྲ་ཤིས་རྟགས་བརྒྱད་དང་།རིན་ཆེན་རྫས་བརྒྱད།འདོད་ཡོན་སྣ་ལྔ་སོགས་ཕུལ་བ་དང་།ཁྲི་བས་དེ་ལ་མཐུན་སྦྱོར་གནང་དགོས་པ་མ་ཟད།དད་ལྡན་སེར་སྐྱ་མང་པོས་བསྔོ་རྟེན་ཕུལ་བ་ལྟར་བསྔོ་བ་སྨོན་ལམ་གསུངས་དགོས།མཇུག་ཏུ་བཀྲ་ཤིས་རབ་གནས་མཛད་པ་དང་བཅས་སྨོན་ལམ་གསུང་ཆོས་གྲོལ།ཚེས་བཅུ་གཉིས་ཉིན།ལྷ་ཁང་སོ་སོའི་ནང་དུ་མར་བཟོས་མེ་ཏོག་མཆོད་མཇལ་ཡོད་པ་དང་།སྨོན་ལམ་གསུང་ཆོས་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་གི་མདུན་དུ་ཡོད།གཞན་རྣམས་གོང་ལྟར་ཡིན།ཚེས་བཅུ་གསུམ་ཉིན།དྲོས་ཇ་གྲོལ་རྗེས་སུ་གྲྭ་ཚང་ཆོས་གྲྭའི་ནང་དུ་རྟེན་མཇལ་ཡོད་ལ།རྟེན་མཇལ་སྐབས་ཚོགས་ཆེན་ཁྲི་བ་ཆོས་གྲྭའི་ཁྲི་དབང་སྟེང་བཞུགས་ནས་རྟེན་བཤད་དང་འབྲེལ་བའི་སྒོ་ནས་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་རྟེན་མཇལ་གནང་དགོས།
      རྟེན་རྙིང་རྩལ་ཆེན་གྱི་རྣམ་གྲངས་ནི།སྐུ་རྟེན་ལ།རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་བདུན་པའི་སྐབས་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་སྐབས།པཎ་ཆེན་བྱམས་པ་གླིང་བས་ཉིན་གཅིག་ལ་རྗེ་སྐུ་བདུན་ཕྱག་བཟོ་མཛད་པ་དང་།རྗེ་རང་གིས་ཉིན་དེར་དབུ་སྐྲ་ལན་བདུན་བསིལ་ནས་སྐུ་འདྲ་དེ་དག་གི་གཟུངས་གཞུག་མཛད་ཅིང་རབ་གནས་གནང་བའི་ནང་ཚན་རྗེའི་སྐུ་བརྙན་གཅིགཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་རོང་བོ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་ལ་ཐུགས་དམ་གྱི་རྟེན་དུ་བསྩལ་བའི་ཤར་གྱི་བཀྲ་ཤིས་དོ་ཁ་མ་ཞེས་གྲགས་སྙན་ཆེ་བའི་རྗེ་སྐུ་བྱིན་ཅན།ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པའི་ཐུགས་དམ་གྱི་རྟེན་ཐུབ་པ་རྡོར་ལྡན་མ།སྐྱབས་མགོན་སྐུ་ཕྲེང་བཞི་བའི་དུས་ཤར་བླ་བྲང་མེ་ལ་ཤོར་སྐབས་མེས་མ་ཚུགས་པས་ཐུབ་དབང་མེ་ཐུབ་མ།སྐྱབས་མགོན་སྐུ་ཕྲེང་དྲུག་པ་མཆོག་ལ་རྒྱལ་དབང་བཅུ་གསུམ་པས་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྟེན་ཁྲོད་ནས་གནང་བ་རྒྱལ་དབང་ལྔ་བ་ཆེན་པོའི་ཐུགས་དམ་གྱི་རྟེན་ཐུགས་རྩིས་ཅན་ཐུབ་སྐུ་བྱིན་ཅན།སྤྱི་ལོ་1723ལོར་ཆིན་གོང་མའི་དམག་དཔོན་ཉན་གུན་ཡོའི་དམག་དཔུང་གིས་སྐུ་འབུམ་དགོན་པ་མེར་བསྲེགས་སྐབས་སེང་ཁྲི་ལས་ཆུ་རྒྱུན་བབས་ཏེ་མེ་བསད་པའི་སྐུ་འབུམ་འཇམ་དབྱངས་མེ་ཐུབ་མ།
       གསུང་གི་རྟེན་ལ།གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་མ་ཎི་བུམ་སྒྲུབ་གནང་སྐབས་བུམ་པའི་ཁ་འཆིང་ལ་གསལ་བར་བབས་པ་ཨེ་ཝཾ་རང་བྱོན་མ།ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པའི་ཞལ་འདོན་ཚུལ་ཁྲིམས་དྲི་ངད་ཕྱོགས་ཁྱབ་མ།ཐུགས་ཀྱི་རྟེན་ལ།ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པས་བཀའ་གདམས་རྟེན་རྙིང་གྲས་ནས་གདན་དྲངས་པ་ཁོང་གི་ཐུགས་དམ་གྱི་རྟེན་བཀའ་གདམས་མཆོད་རྟེན།གཞན་པའི་སྐོར་ལ།འབྲི་གུང་འཇིག་རྟེན་མགོན་པོས་གཏེར་ནས་བླངས་པའི་དུང་དཀར་རང་གྲགས་མ།འགྲོ་མགོན་ཆོས་རྒྱལ་འཕགས་པས་ལྷ་རྗེ་བྲག་སྣ་བ་ཀུན་དགའ་དོན་གྲུབ་ལ་གནང་བའི་རྒྱ་ནག་རྟེན་འཁར་འཁྱོག་པོ་བྱིན་ཅན།ཏཱ་མིང་ཟོན་ཏེ་རྒྱལ་པོས་ཏཱ་ཀཽ་ཤྲཱི་ཞེས་ལུང་གིས་བསྔགས་པ་རོང་བོའི་ཏཱ་ཀཽ་ཤྲཱི་བློ་གྲོས་སེང་གེ་དང་།ཀཽ་ཤྲཱི་དོན་གྲུབ་སེང་གེ་གཉིས་ཀྱི་དབུ་ཞྭ་དང་ཞྭ་གཡོགས་འཁྲུལ་མེད།རྗེ་ཙོང་ཁ་པ་ཆེན་པོའི་སྣམ་སྦྱར་འཁྲུལ་མེད།རྒྱལ་ཚབ་དར་མ་རིན་ཆེན་གྱི་དབུ་ཞྭ།མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དབུ་ཞྭ།རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་ཆོས།རྒྱལ་བ་བློ་བཟང་རྒྱ་མཚོའི་སྐུ་གཟན་དང་དབུ་ཞྭ།རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དབུ་ཞྭ།རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་གཟན།རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་འགགཔཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཞུགས་གདིང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་ཆོས།པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་ཆོས་དང་གདིང་བ།པཎ་ཆེན་བསྟན་པའི་ཉི་མའི་དབུ་ཞྭ་དང་སྐུ་ཤམ།སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཞབས་ལྷམ།གྲུབ་ཆེན་ཆོས་པ་རིན་པོ་ཆེའི་དབུ་ཞྭ་དང་ཕྱག་འཁར།གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྐུ་ཆོས་དང་ཕྱག་འཁར།རྒྱལ་སྲས་བློ་བཟང་བསྟན་འཛིན་གྱི་དབུ་ཞྭ།མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་གཟན་དང་དབུ་ཞྭ།སྐྱབས་མགོན་སྐུ་ཕྲེང་གཉིས་པའི་སྐུ་འགགགསུམ་པའི་ཕྱག་ཕྲེང་།བཞི་བའི་སྐུ་འགགདྲུག་པའི་སྐུ་འགག་དང་དབུ་ཞྭ་པདྨ་ཁ་འབུས།ལྕང་སྐྱ་ཡེ་ཤེས་བསྟན་རྒྱན་གྱི་ན་བཟའ།ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེའི་སྐུ་འགགརྗེ་གསེར་ཁང་བ་ཆེན་པོའི་སྐུ་འགགཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་སྐུ་འགགཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་དབུ་ཞྭ།གྲུབ་དབང་འཇིགས་མེད་བསམ་གཏན་གྱི་སྐུ་གཟན།ཤིང་བཟའ་སྤྲུལ་སྐུ་བསྟན་པའི་དབང་ཕྱུག་གི་སྐུ་འགགཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་སྐུ་འགགཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོའི་དབུ་ཞྭ།ཞབས་དཀར་ཚོགས་དྲུག་རང་གྲོལ་ལ་རྨ་ཆེན་སྦོམ་རས་ཕུལ་བའི་དབུ་ཞྭ་ངོ་མཚར་ཅན།ཆབ་མདོ་འཕགས་པ་ལྷའི་ཞབས་ལྷམ།ཕུར་ལྕོག་བྱམས་པ་རིན་པོ་ཆེའི་དབུ་ཞྭ།ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་དབུ་ཞྭ།ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྐུ་ཆོས།ཁྲི་ཆེན་ངག་དབང་སྙན་གྲགས་ཀྱི་དབུ་ཞྭ།སྟོང་སྐོར་མདོ་སྡེ་རྒྱ་མཚོའི་སྐུ་འགགལྕང་སྐྱ་རོལ་བའི་རྡོ་རྗེའི་སྐུ་གཟན།བ་སོ་རྗེ་དྲུང་དཀོན་མཆོག་ཉི་མའི་སྐུ་འགགརྒྱལ་སྲས་སྐལ་བཟང་ཐུབ་བསྟན་གྱི་དབུ་ཞྭ།སློབ་དཔོན་དཔལ་འབྱོར་ལྷུན་གྲུབ་ཀྱི་ཕྱག་དྲིལ་སོགས་བཞུགས།ཉིན་དེར་རེབ་གོང་སེར་སྐྱ་མང་ཚོགས་ཀྱིས་གོང་གསལ་གྱི་རྟེན་གཙོ་བྱས་བླ་སྤྲུལ་ཁག་དང་།འདུ་ཁང་དང་ལྷ་ཁང་རྟེན་བརྟེན་པ་བཅས་ལ་མཇལ་ཕྱག་དང་མཆོད་འབུལ་བྱེད་པའི་མི་ཚོགས་ཧ་ཅང་མང་པོ་ཡོད།ཕྱི་དྲོའི་སྨོན་ལམ་གསུང་ཆོས་མཁན་ཆེན་བྱམས་ཁང་གི་མདུན་དུ་ཡོད།གཞན་རྣམས་གོང་ལྟར་ཡིན།
      ཚེས་བཅུ་བཞི་ཉིན།ཉིན་སྔོན་མ་རྣམས་དང་མི་འདྲ་བར་ཚོགས་སུ་འདོན་ཆོས་དབྱངས་རྟ་རྒྱས་པ་ཡོད་པར་མ་ཟད།དྲོས་ཇའི་ཚོགས་དབུར་སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་པ་དང་།དེའི་སྟེང་ཚོགས་ཆེན་ཞལ་ངོས་སངས་རྒྱས་ཀྱི་མཛད་རྣམ་དང་འབྲེལ་བའི་ཆོ་འཕྲུལ་སྨོན་ལམ་བརྗོད་བྱ་གཙོ་བོར་བྱས་ཏེ་ཚོགས་གཏམ་འབུལ་སྲོལ་ཡོད།དྲོས་ཇ་གྲོལ་རྗེས་གོས་སྐུ་ཞལ་འབྱེད་ཡོད་ལ།དེའི་སྟེང་གདན་ས་གསུམ་གྱི་སེར་སྦྲེང་རྒྱ་ཆེན་པོ་ཡོད།ད་ལྟའི་གོས་སྐུ་ཆེན་མོ་འདི་ནི།སྤྱི་ལོ་1982ལོར་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་གཙོས་དད་ལྡན་སེར་སྐྱ་རྣམས་ཀྱིས་སྦྱིན་བདག་བྱས་ཏེ།རེབ་གོང་ལྷ་རིས་པ་ཆེན་པོ་འཇིགས་མེད་སྐར་མདས་ལྷ་དཔོན་བྱས་ཏེ་གཉན་ཐོག་ལྷ་རིས་པ་ཉི་ཤུ་ལྷག་གིས་ཟླ་གཅིག་རིང་ལ་གསར་དུ་བཞེངས།གཙོ་སྐུ་སྟོན་པ་ཤཱཀྱ་ཐུབ་པ་དང་།དེ་ནས་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ།ཇོ་བོ་རྗེ་ཨ་ཏི་ཤགྲུབ་ཆེན་ཆོས་པ་རིན་པོ་ཆེ།མཁན་ཆེན་དགེ་འདུན་རྒྱ་མཚོ།སྐྱབས་མགོན་སྐུ་ཕྲེང་བདུན་པ།སྤྱན་རས་གཟིགས།སྒྲོལ་ལྗང་།འཇམ་དབྱངས་དམར་སེར།ཁྲོ་བོ་མི་གཡོ་བ།རྒྱལ་བ་བྱམས་པ་མགོན་པོ།རྣམ་སྲས།མགོན་པོ་ཕྱག་དྲུག་པ།རྡོ་རྗེ་གུར།ཆོས་རྒྱལ།ལྷ་མོ་དམག་ཟོར་མ་བཅས་ཀྱི་སྐུ་འདྲ་བཞུགས་པའི་མཐོ་ཚད་ལ་སྤྱི་ཁྲི་སོ་གཅིག་དང་།ཞེང་ལ་སྤྱི་ཁྲི་ཉེར་གསུམ་ཡོད་པའི་གོས་སྐུ་བྱོན་ལེགས་ཞིག་ཡིན།
     སེར་སྦྲེང་ལ་ཕེབས་སྲོལ་ནི།ལོ་སྔོན་མའི་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྲྭ་ས་སོ་སོའི་དགེ་བསྐོས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྟེང་སེར་སྦྲེང་ལ་ཕེབས་དགོས་པའི་རིམ་པ་བསྐོ་བཞག་གནང་བ་ལྟར་ཕེབས་དགོས་ལ།ཕེབས་པའི་རིམ་པ་ནི།ཐོག་མར་གྲྭ་ཚང་སོ་སོའི་སེར་སྦྲེང་པ་རྣམས་གྲྭ་ཚང་རང་རང་གི་འདུ་ཁང་ནང་ནས་ཕེབས་པ་བརྒྱུད་ཚོགས་ཆེན་འདུ་ཁང་ནང་དུ་འཛོམས་པ་དང་།དེ་ནས་ཚོགས་ཆེན་འདུ་ཁང་ཆེན་མོའི་སྒོ་ཆེན་དཀྱིལ་ནས་སྔོན་དུ་ཐོས་བསམ་གླིང་གི་རྒྱ་གླིང་པ་གཉིས་ནས་རྒྱ་གླིང་འབུད་བཞིན་སྔོན་བསུ་པ་དང་།དགེ་གཡོག་པས་ལུས་ལ་གོས་ཆེན་གྱིས་བརྒྱན་ཅིང་ཕྲག་ཏུ་གྱིག་པ་དང་།ཕྱག་ཏུ་དབྱུག་པ་བཟུང་ནས་འགྱིང་ཉམས་དང་བཅས་ལམ་ཀ་ཆེ་བར་བྱེད་བཞིན་དལ་བུར་ཕེབས་པ།དེའི་རྗེས་སུ་ཐོས་བསམ་གླིང་གི་དགེ་བསྐོས་ཀྱིས་ལུས་གོས་ཆེན་ཕུལ་བྱུང་སོགས་ཀྱིས་མཛེས་པར་སྤྲས་ཤིང་།ནང་ཚུལ་ཁྲིམས་ཀྱི་གཟི་འོད་རབ་ཏུ་འབར་བའི་བརྗིད་ཉམས་དང་བཅས་སྤོས་འདྲེན་བྱེད་པ།དེ་ནས་རིམ་བཞིན་ཕྱག་རྒྱ་བཀྲ་ཤིས་ཁྲ་དར་བཞི། (དེ་ནི་དར་ཤིང་རིང་ཚད་ལ་སྤྱི་ཁྲི་བདུན་ཙམ་ཡོད་པའི་རྩེར་གསེར་ཏོག་དང་།དངུལ་གྱི་སྟེང་གཡུ་བྱུར་གྱི་ཕྲ་བརྒྱན་པའི་ཟ་མ་ཏོག་གི་རྣམ་པ་ཅན་དང་།དེའི་འདབས་བསྐོར་དུ་རྒྱ་སེ་ཟ་འོག་དང་འབྲེལ་བའི་དར་སྐུད་ནག་པོ་མང་པོ་མར་འཕྱངས་པ་དང་།དར་ཤིང་ངོས་སུ་རིགས་ལྔའི་མཚོན་དོན་དུ་གོས་ཆེན་མདོག་མི་འདྲ་བ་ལྔའི་སྟེང་རིགས་ལྔའི་མཚན་སྔགས་དང་།གཞན་གོས་ཆེན་སེར་བོ་ཁ་ཞེང་ཆེ་བ་ཞིག་གི་ངོས་སྟོད་དུ་རྗེ་ཙོང་ཁ་པ་ཆེན་པོ་དང་།གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་སྐུ་བརྙན།ཞོལ་དུ་ས་དགྲ་དགུ་ཐུབ་ཀྱི་ཕྱག་རྒྱ་ཡོད་པ་བཅས་མི་མཐུན་པའི་ཕྱོགས་ལྡོག་པ་དང་།མཐུན་པའི་ཕྱོགས་དར་བར་བྱེད་པའི་ས་འདུལ་གྱི་སྦྱོར་བ་མཚོན་པའི་ཐིག་ནག་ལྟ་བུའི་དར་ཅོག་གི་རྣམ་ཅན་ཞིག་ཡིན།)རྨ་བྱའི་སྒྲོ་གུར་བཞི།གདུགས་སེར་ཉེར་ལྔ།རྨ་བྱའི་སྒྲོའི་གདུགས་གཉིས།སྤོས་བུར་བཞི།དུང་དཀར་གཡས་འཁྱིལ་གསུམ།དུང་དཀར་ལྔ་བཅུ་ལྷགསྦུབ་ཉི་ཤུ།རྔ་ཉི་ཤུ།རྒྱལ་མཚན་བཅུ།འཕན་བཅུ།རིགས་ལྔའི་དབུ་རྒྱན་གཅིགདངུལ་གྱི་མཎྜལ་ཆེ་བ་གཅིག་བཅས་མཆོད་རྫས་ཀྱི་བྱེ་བྲག་སྣ་ཚོགས་ཐོགས་པའི་སེར་སྦྲེང་པ་དགེ་ཚུལ་སློང་བརྒྱ་དང་ང་བཞི་ལྷག་གིས་ལུས་གོས་ཆེན་ཕུལ་བྱུང་སོགས་ཀྱིས་མཛེས་སྤྲས་ལེགས་པར་བྱས་ཤིང་།ནང་ཚུལ་ཁྲིམས་ཀྱི་གཟི་འོད་རབ་ཏུ་རྒྱས་པའི་བརྗིད་ཉམས་དང་བཅས་དལ་བུས་བསྐྱོད་དེ་ཆོས་གྲྭའི་ནང་ནས་དཀྱིལ་འཁོར་བཞིན་བཞུགས་པ་དང་། དེ་ནས་ཙུ་འབུད་གཉིས་ནས་ཙུ་ལན་གསུམ་འབུད་པ་དང་།ཆོས་དུང་གཡས་འཁྱིལ་ཐོགས་པ་རྣམས་ཀྱིས།ཆོས་དུང་ཆེན་པོའི་སྒྲ་ཡིས་ནི།།སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག།བསྐལ་བ་བྱེ་བ་བསམ་ཡས་སུ།།ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག།ཅེས་པའི་སྨོན་ལམ་གསུངས་པ་དང་དུས་མཚུངས་སུ་ཆོས་དུང་གཡས་འཁྱིལ་ལན་གསུམ་འབུད་སྲོལ་ཡོད།དེ་ནི་མདོ་ལས་གཡས་འཁྱིལ་དུང་གི་སྒྲ་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་ནུས་གསུངས་པ་ལྟར་དད་པ་དག་སྣང་གི་སྒོ་ནས་ཉན་པའི་དད་ལྡན་ཕོ་མོ་མང་པོའི་འདུ་ཚོགས་ཧ་ཅང་ཆེ།དེ་ནས་ཆོས་གྲྭའི་རྡོ་སྟེགས་སྟེང་དུ་སྦུབ་ཐོགས་པའི་སེར་སྦྲེང་པ་རྣམས་ཀྱི་ཞལ་ཆོས་གྲྭའི་ནང་དུ་བསྒྱུར་ནས་འགྱིང་ཉམས་དང་བཅས་སྦུབ་བརྡུང་དགོས་ལ།སྦུབ་ཆེ་བའི་ལྕི་ཚད་ལ་རྒྱ་མ་ཉི་ཤུ་ལྷག་ཡོད་པའི་(འཛམ་གླིང་འདར་ར)ཞེས་གྲགས་པའི་སྦུབ་ཆེན་ཁྱད་འཕགས་ཅན་དེ་འགྲན་བསྡུར་ཁྲོད་ལན་གྲངས་ཉི་ཤུ་ནས་ཉེར་ལྔ་བར་བརྡུང་པ་དང་།ཞོལ་མ་ནས་རིམ་བཞིན་ལྡབ་འགྱུར་གྱིས་ལན་གྲངས་མང་པོ་བརྡུང་པའི་སྲོལ་ཡོད་མོད།འོན་ཀྱང་།དེ་རྣམས་གོང་དང་བསྡུར་ན་ལྕི་ཚད་ཆེས་ཉུང་ཉུང་ཡིན།དེ་དང་རྔ་བརྡུང་ཟུར་འགྱིང་གཉིས་ནི་སེར་སྐྱ་མང་ཚོགས་མང་པོས་ཆེས་གཟིགས་འདོད་ཆེ་བ་དང་།ཆེས་དགའ་སྤྲོ་འཕེལ་བའི་སེར་སྦྲེང་ཁྲོད་ཀྱི་འགྲན་བསྡུར་རྣམ་ཅན་ཞིག་ཡིན།དེ་ནས་རྔ་སྦུབ་ཐོགས་པའི་སེར་སྦྲེང་པ་རྣམས་མར་བབས་ནས་ཐོས་བསམ་གླིང་གི་སེར་སྦྲེང་པ་ཚང་མ་དཀྱུས་གཅིག་ཏུ་ཆོས་གྲྭའི་ནང་དུ་འཛོམས་མ་ཐགརྒྱུད་པ་གྲྭ་ཚང་གི་སེར་སྦྲེང་པ།སྤོས་བུར་གཅིག་དང་།གདུགས་སེར་བཅུ།དུང་དཀར་གཡས་འཁྱིལ་གཅིགདུང་དཀར་བཅུ།རྔ་སྦུབ་བཅུ་རེ།རྒྱལ་མཚན་ལྔ།འཕན་ལྔ་བཅས་མཆོད་རྫས་སྣ་ཚོགས་ཐོགས་པའི་སེར་སྦྲེང་པ་རྣམས་རིམ་བཞིན་ཆོས་གྲྭའི་ནང་དུ་ཕེབས་པ་དང་།དེ་ནས་དུང་དཀར་གཡས་འཁྱིལ་གཙོ་བྱས་དུང་དཀར་ལན་གསུམ་འབུད་པ་དང་།རྔ་སྦུབ་ཐོགས་པའི་སེར་སྦྲེང་པ་རྣམས་ཞལ་ཆོས་གྲྭའི་ནང་དུ་འཁོར་ནས།ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།།སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག།བསྐལ་བ་བྱེ་བ་བསམ་ཡས་སུ།།ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག།ཅེས་པའི་སྨོན་ལམ་གསུངས་རྗེས།སྦུབ་གྱི་ལྕི་ཚད་ལ་རྒྱ་མ་བཅོ་ལྔ་ལྷག་ཡོད་པའི་འཛམ་གླིང་གཡས་གཞག་ཏུ་གྲགས་པའི་སྦུབ་ཆེན་དེ་ལན་གྲངས་ཉི་ཤུ་ནས་སུམ་ཅུ་བར་བརྡུང་པ་དང་།དེའི་རྗེས་མ་རྣམས་ནས་དེ་མཚུངས་སུ་བརྡུང་དགོས།དེ་ལྟར་རྒྱུད་པ་གྲྭ་ཚང་གི་སེར་སྦྲེང་པ་ཚང་མ་ཆོས་གྲྭའི་ནང་དུ་འཛོམས་མ་ཐགདུས་འཁོར་གྲྭ་ཚང་གི་སེར་སྦྲེང་པ།སྤོས་བུར་གསུམ།གདུགས་སེར་དྲུགདུང་དཀར་གཡས་འཁྱིལ་གཅིགདུང་དཀར་ལྔ།རྔ་སྦུབ་ལྔ་རེ།རྒྱལ་མཚན་གཉིས།འཕན་གཅིག་བཅས་མཆོད་རྫས་སྣ་ཚོགས་པའི་སེར་སྦྲེང་པ་རྣམས་རིམ་བཞིན་ཆོས་གྲྭའི་ནང་དུ་ཕེབས་པ་དང་།དེ་ནས་དུང་འཛིན་པ་རྣམས་ཀྱིས་དུང་དཀར་གཡས་འཁྱིལ་གཙོས་དུང་དཀར་ལན་གསུམ་འབུད་པ་དང་།དེ་ནས་སྦུབ་ཀྱི་ལྕི་ཚད་ལ་རྒྱ་མ་བཅོ་ལྔ་ཙམ་ཡོད་པའི་གནམ་ས་ཁ་སྤྲོད་ཞེས་གྲགས་པའི་སྦུབ་ཆེན་དེ་ལན་གྲངས་སུམ་ཅུ་ལྷག་བརྡུང་པ་དང་།དེའི་རྗེས་མ་རྣམས་ནས་དེ་མཚུངས་ལྟར་བརྡུང་དགོས་པའི་ཕྱག་སྲོལ་ཡོད།དེ་ལྟར་མཇུག་རྫོགས་ཚེ་གྲྭ་ས་གསུམ་གྱི་སེར་སྦྲེང་པ་རྣམས་ཀྱིས་ཕྱག་ཏུ་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་ཤིང་།དད་པ་དང་དག་སྣང་གིས་གོས་སྐུ་ཆེན་མོའི་སྔོན་དུ་མཆོད་འབུལ་གྱི་ཚུལ་དུ་ཆོས་གྲྭའི་སྒོ་ཆེན་ནས་གཡས་བསྐོར་དུ་དོན་ཡོད་ཞགས་པའི་ལྷ་ཁང་གི་འོག་ཁུང་བརྒྱུད་དེ་གོས་སྐུ་བཤམས་སར་བསྐྱོད།
      སྒྲུབ་པའི་གནས་མཆོག་བཀྲ་ཤིས་འཁྱིལ་དགོན་པ་གཙོ་བྱས་སྒྲུབ་སྡེ་སོ་སོའི་དགེ་འདུན་པ་རྣམས་ཀྱིས་གོས་སྐུ་ཆེན་མོ་བདག་གཉེར་དང་བཅས་གོས་སྐུ་དངོས་གདན་འདྲེན་པ་དང་།ལོ་དེའི་སྦྱིན་བདག་སྨོན་ལམ་ཤོག་པའི་བླ་དཔོན་ཡོད་ན་བླ་དཔོན་དང་།མེད་ན་ཤོག་པ་དེའི་ནང་གི་ཡ་རབས་སྤྱོད་བཟང་དང་རིགས་རྒྱུད་བཟང་པའི་སྐྱེས་པ་ཆེས་རྒན་པ་ཞིག་གིས་གོས་སྐུ་ཆེན་མོའི་གཟུངས་ཐག་གི་སྣེ་བཟུང་བ་དང་།རིམ་བཞིན་སྐྱེས་པ་རྒན་གཞོན་ཐམས་ཅད་ཀྱིས་དམིགས་བརྩེ་མ་དབྱངས་རྟ་བྱེད་བཞིན་གོས་སྐུ་ཆེན་མོ་གདན་འདྲེན་དགོས།ཐོས་བསམ་གླིང་གི་མཆོད་དབྱངས་པ་འཁོར་བཅས་ཀྱིས་བར་མཚམས་སོ་སོར་ནས་ཁྲུས་གསོལ་རྒྱས་བསྡུས་རེ་བྱེད་པ་དང་།སེར་སྦྲེང་པ་རྣམས་གོས་སྐུ་ཆེན་མོའི་བཤམས་སྟེགས་ཀྱི་གོང་དང་གཡས་གཡོན་རྣམས་སུ་མཆོད་རྫས་བཤམས་ནས་བཞུགས་པ།བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གོས་སྐུ་ཆེན་མོའི་ཞལ་དངོས་སུ་ཕྱེས་པ་དང་དུས་མཚུངས་སུ་མཆོད་དབྱངས་པ་རྣམས་ཀྱིས་ཁྲུས་གསོལ་རྒྱས་པར་བྱེད་པ་དང་།སེར་སྦྲེང་པ་རྣམས་ཀྱིས་ཙུ་དུང་དང་རྔ་སྦུབ་ལ་སོགས་པའི་མཆོད་པའི་བྱེ་བྲག་སྣ་ཚོགས་འབུལ་བ་དང་ཆབས་ཅིགསྟོན་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་།སངས་རྒྱས་བསྟན་པ་ཡུན་རིང་དུ་གནས་པ།སེམས་ཅན་ཐམས་ཅད་གནས་སྐབས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བ་དང་།མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་འཐོབ་པའི་ཆེད་དུ།སྟོན་པ་ཤཱཀྱ་ཐུབ་པའི་བསྟོད་པ།སྐབས་གསུམ་པ་དང་།བསྟན་འབར་མ།དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་ནས་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་བྱེད།
      དེ་དང་དུས་མཚུངས་སུ་དད་ལྡན་མང་ཚོགས་ཁྲི་ཕྲག་མང་པོས་ཕྱོགས་ཕྱོགས་སུ་མ་ཎི་དབྱངས་སུ་གྱེར་བཞིན་མཇལ་ཕྱག་དང་།བསང་མཆོད་སོགས་རྣམ་དཀར་དགེ་བའི་ལས་ལ་འབད་པ་དང་།གོས་སྐུ་ཆེན་མོའི་མདུན་གྱི་ཐང་ཆེན་དུ་མ་ཎི་དབྱངས་དང་བཅས་འདོན་བཞིན།ཤོག་སྦག་ཀི་སྒྲ་སོགས་སྒྲའི་བྱེ་བྲག་སྣ་ཚོགས་ཀྱིས་བར་སྣང་ཁྱབ་ཞིང་།ཕྱོགས་ཡར་མར་གྱི་མཇལ་བ་དང་།ལྟད་མོ་བ།ཡུལ་བསྐོར་བ་བཅས་ཀྱི་སྐུ་མགྲོན་ཁྲི་ཕྲག་མང་པོས་ས་གཞིར་ཁྱབ་ལ།ལྷ་བསང་སྔོན་མོས་ནམ་མཁའ་གང་པ་སོགས་བཀྲ་ཤིས་ཀྱི་དུས་བཟང་མངོན་པར་གསལ།གོས་སྐུ་ཆེན་མོ་ཞལ་འབྱེད་དང་དོ་དམ་གནང་མཁན་ཚང་མ་བཀྲ་ཤིས་འཁྱིལ་དགོན་པ་ཡིན་ལ།དེའི་ཡོང་སྒོ་ཚང་མ་ཡང་བཀྲ་ཤིས་འཁྱིལ་དགོན་པར་དབང་བ་ཡིན།མཇུག་ཏུ་འདོད་གསོལ་དང་།རབ་གནས་གནང་རྗེས་ཕྱིར་གོས་སྐུ་གདན་འདྲེན་པ་དང་བཅས་སེར་སྦྲེང་མཇུག་རྫོགས།སྨོན་ལམ་གསུང་ཆོས་ལྷ་ཁང་སོ་མའི་མདུན་དུ་ཚོགས།གཞན་རྣམས་གོང་དང་འདྲ། ཚེས་བཅོ་ལྔ་ཉིན།ཉིན་སྔོན་མ་དང་མི་འདྲ་བར་དབྱངས་རྟ་ཁྱད་པར་དང་བཅས་པའི་འདོན་ཆོས་མང་པོ་ཡོད་པ་དང་།ཚོགས་དབུར་ཤར་སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་པ་དང་།ལོ་དེའི་སྨོན་ལམ་ཤོག་པའི་སྦྱིན་བདག་རྣམས་ཀྱིས་ཤར་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྐུ་གསུང་ཐུགས་རྟེན་གྱི་གཙོས་རྒྱུ་ནོར་ཀྱི་འབུལ་བ་རྒྱ་ཆེན་འབུལ་བ་དང་།ཁོང་གིས་སེམས་ཅན་སྤྱི་དང་།ནང་སྒོས་ད་ལོའི་སྨོན་ལམ་ཤོག་པའི་སྦྱིན་བདག་དེ་དག་གི་དགེ་རྩར་དམིགས་ཏེ་བསྔོ་སྨོན་རྒྱ་ཆེར་གསུངས།ཇ་ཐོག་ཏུ་ཐོས་བསམ་གླིང་གི་དགེ་བསྐོས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་དང་ཆོ་འཕྲུལ་སྨོན་ལམ་བརྗོད་བྱ་གཙོ་བོར་བྱས་ཏེ་ཚོགས་གཏམ་རྒྱས་པ་གཏོང་།དྲོས་ཇ་གྲོལ་རྗེས་བྱམས་པ་གླིང་བསྐོར་ཡོད་ལ།བྱམས་པ་གདན་འདྲེན་ནམ་བྱམས་པ་གླིང་བསྐོར་ཞེས་པ་ནི།མ་འོངས་པར་སྐལ་བཟང་རྣམ་འདྲེན་ལྔ་བ་རྒྱལ་བ་བྱམས་པའི་བསྟན་པ་དར་བའི་རྟེན་འབྲེལ་དུ།སྐུ་རྒྱུ་ཙན་དན་དཀར་བོ་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་ཤིང་རྟ་འཁོར་ལོའི་ནང་དུ་བཞུགས་སུ་གསོལ་བ་དང་།ཤིང་རྟའི་སྟེང་དུ་གདུགས་དང་།རྒྱལ་མཚན།ཕུར་མ་སོགས་ཀྱིས་བརྒྱན་ཏེ་དུང་དང་རྒྱ་གླིང་སོགས་ཀྱི་སྒྲ་སྙན་པར་འཁྲོལ་བཞིན་སེར་སྦྲེང་དང་བཅས་གླིང་བསྐོར་དུ་གདན་འདྲེན་པ་ལ་ཟེར།དེའི་སྟེང་གི་སེར་སྦྲེང་སོགས་ཉིན་སྔོན་མ་དང་གཅིག་མཚུངས་ཡིན།ཚོགས་ཆེན་འདུ་ཁང་ནས་རིམ་བཞིན་བར་བསྐོར་བརྒྱུད་རྒྱལ་བ་བྱམས་པ་གདན་འདྲེན་སྐབས་དགེ་འདུན་པ་གཙོ་བྱས་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོས་དམིགས་བརྩེ་མ་དབྱངས་སུ་གྱེར་བ་དང་།མཆོད་དབྱངས་པ་རྣམས་ཀྱིས་ཕྱོགས་བཞིར་ཁྲུས་གསོལ་བྱེད་པ་དང་བཅས་རྒྱལ་བ་བྱམས་པ་ཕྱིར་ཆོས་གྲྭའི་ནང་དུ་སླེབས་པ་ན་མཆོད་དབྱངས་པ་གཙོས་དགེ་འདུན་མང་གིས་རབ་གནས་གནང་རྗེས།དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་མཇལ་ཁ་ཞུ་བ་དང་བཅས་བྱམས་པ་གླིང་བསྐོར་མཇུག་རྫོགས་སོ།།
       སྨོན་ལམ་གསུང་ཆོས་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གི་མདུན་དུ་ཡོད་ལ།དེའི་སྟེང་ཞལ་ངོ་རྣམ་གཉིས་ཕེབས་དགོས་པ་དང་།ཉིན་སྔོན་མ་རྣམས་སུ་ཞལ་ངོ་གཉིས་ནས་རེ་མོས་གནང་དགོས།ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ཀྱི་སྨོན་ལམ་གསུང་ཆོས་ནི་ཉིན་སྔོན་མ་དང་མི་འདྲ་བར་འདོན་ཆོས་དབྱངས་རྟ་སྙན་མོ་དང་འགྱུར་ཁུག་མང་པོའི་འདོན་སྲོལ་ཁྱད་པར་བ་ཡོད་པས།ཕྱི་དྲོའི་ཆུ་ཚོད་ལྔ་བ་ནས་དགོང་མོའི་ཆུ་ཚོད་གཅིག་དང་ཕྱེད་ཀ་བར་འགོར་བ་དང་།དེའི་སྟེང་མཇལ་ཕྱག་དང་བསྔོ་སྨོན་ཞུ་བའི་དད་ལྡན་མང་ཚོགས་རྣམས་ཀྱི་འདུ་ཚོགས་ཧ་ཅང་མང་པོ་ཡོད།སྨོན་ལམ་གསུང་ཆོས་དང་སེར་སྦྲེང་སྐབས་གཉིས་ཀྱི་ཁྲུས་གསོལ་མ་གཏོགས་པའི་འདོན་ཆོས་ཐམས་ཅད་ཀྱི་དབུ་མཛད་ཚོགས་ཆེན་བྱིངས་འདྲེན་ཆེན་མོའི་འགན་ཡིན།སྤྱིར་ན་སྨོན་ལམ་གསུང་ཆོས་སྐབས་ཚོགས་ཆེན་ཁྲི་པས་སྐྱེས་རབས་སོ་བཞིའི་སྟེང་ནས་ཆོས་བཤད་རྒྱས་པ་རེ་གནང་སྲོལ་ཡོད་མོད།དེང་སྐབས་ཆོས་ཚན་ཁག་གི་བཤད་པ་དང་།ཐུན་འགྱུར།བསྔོ་སྨོན་ལས་གསུངས་སྲོལ་མེད་པར་འདུགཚེས་བཅུ་དྲུག་ཉིན་འཆམ་ཡོད།དེ་ལྟར་ཉིན་ལྔའི་རིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡོངས་སུ་མཇུག་རྫོགས་སོ།།སྤྱི་ལོ་1996ལོའི་ཟླ་11ཚེས་20ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རེབ་གོང་རོང་པོ་དགོན་ཆེན་འདི་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་ཆོག་མཆན་ཐོབ་སྟེ་བསྐལ་བའི་བར་མི་འཇིག་པའི་རྒྱ་བཏབ་པོ།།ཞེས་རེབ་གོང་རོང་པོ་དགོན་ཆེན་གྱི་ལོ་རྒྱུས་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་པ་འཇིགས་མེད་བསམ་གྱིས་སྤྱི་ལོ་2008ལོར་མཇུག་ཡོངས་སུ་རྫོགས་པར་བྲིས་པ་དེ་སྔ་རེབ་གོང་ལོ་རྒྱུས་ཆེན་མོའི་ནང་དུའང་བཀོད་ཡོད་པ་ཇི་བཞིན་ལགས་སོ།།

        ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་ཏེ་བསྒྲིགས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 03:46 , Processed in 0.352271 second(s), 21 queries .

返回顶部