博客西藏在最高处过一种生活

日志

༄༅།།ཐུགས་སྲས་འཇིག་རྟེན་མགོན་པོ་ཚང་གི་ཕྱག ...

已有 285 次阅读2018-8-18 06:13 |系统分类:文化



 ༄༅།།ཐུགས་སྲས་འཇིག་རྟེན་མགོན་པོ་ཚང་གི་ཕྱག་རྗེས་

 མདོར་བསྡུས་ཞེས་བྱ་བ་བཞུགས་སོ།


                                              


     ༄༅།།དེ་ཡང་སྐུ་རང་གསལ་གྱི་སྐྱེས་བུ་དམ་པ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་སྲས་འཇིག་རྟེན་མགོན་པོ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་འབྲུག༡༩༦༤ལོར་རྨ་ཡུལ་རོང་བོ་བློན་ཆོས་ཡབ་ཕྱུག་སྐོར་ཀུན་བཟང་རྒྱལ་དང་ཡུམ་ལྷ་སྐོར་ཕག་ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  བྱིས་པའི་མིང་ལ་གཟི་བརྗིད་རྒྱལ་ཞེས་ཟེར་ཞིང་རབ་བྱུང་གི་མཚན་ལ་འཇམ་དབྱངས་ལྷུན་གྲུབ་དང་།  དགེ་སློང་གི་མཚན་ལ་འཇིགས་མེད་རིག་བློ་རྒྱ་མཚོ། གསང་མཚན་སྟོབས་ཆེན་རྡོ་རྗེ་འབར་བ།  ཕྱིས་སུ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཞལ་ལུང་ལས་སྤྲུལ་སྐུ་མཁྱེན་རབ་ཉི་མ་འོད་ཟེར་དང་ཐུགས་སྲས་འཇིག་རྟེན་མགོན་པོ་སོགས་གྲགས་སོ།  སྐུ་ན་ཕྲ་བའི་དུས་སུ་སློབ་ཆུང་དང་སློབ་འབྲིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་སོགས་འགྲིམ་ནས་སྦྱངས་བརྩོན་གྱི་ཤེས་བྱ་མི་དམན་པ་ཞིག་བླངས།  བར་དུ་རྒྱ་བཟའི་བཀྲ་ཤིས་ཆོས་སྒང་རི་ཁྲོད་གླིང་གི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་ཞིང་རབ་བྱུང་གི་མཚན་ལ་འཇམ་དབྱངས་ལྷུན་གྲུབ་ཟེར་ཞིང་ཕྱིས་སུ་དགེ་སློང་གི་སྡོམ་བཞེས་ནས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་བསྟན་པའི་མངའ་བདག་རྗེ་དཀོན་མཆོག་མི་བསྐྱོད་རྡོ་རྗེ་འཆང༧འཇམ་དབྱངས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་འཇིགས་མེད་རིག་བློ་རྒྱ་མཚོ་ཞེས་གསུངས་པ་མ་ཟད།  དགོན་པའི་འདོན་ཕྱག་ལེན་སོགས་ལ་བྱང་ཆུབ་པར་བྱས་ཤིང་།  དགེ་འདུན་པ་རྣམས་ལ་ཐུན་མོང་གི་རིག་གནས་དང།  སྙིང་ཐིག་སྔོན་འགྲོ།  སྐྱབས་འགྲོའི་འགྲེལ་བ་སོགས་ཁྲིད་རྒྱུན་བསྩལ་པས།  དེར་བཞུགས་བླ་སྤྲུལ་རྣམ་པའི་ཐུགས་སྲས་ལྟ་བུར་གྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བག་ཆགས་ཟབ་མོ་ཞིག་ཁོང་གི་རྒྱུད་ལ་ཚུགས།འོན་ཀྱང་བཟང་བ་རྣམས་ལ་བགེགས་མང་ཟེར་བའི་དཔེ་ལྟར། མི་ཚེ་རིང་མོའི་ཀྱག་ཀྱོག་གང་མང་ཞིག་བརྒྱུད་ནས་ཁྱིམ་ཐབ་ཕལ་བ་བཟུང་ཞིང་ཁོང་དང་ཐོག་མའི་ཆུང་མ་དཔལ་མོ་རྒྱལ་གཉིས་ལ་བུ་འབྲུག་རྒྱལ་དོན་གྲུབ་དང་འཕགས་པ་རྒྱལ་གཅེན་གཅུང་གཉིས་ཡོད་པ་ལས་ཧ་ཅང་དབུལ་ཞིང་འཕོངས་པའི་གནས་སུ་ལྷུང་།  ཐ་ན་འགྲིམ་འགྲུལ་གྱི་ཆགས་སྒོ་ཆེན་པོ་ཞིག་གིས་རྐྱེན་བྱས་ཏེ།  རང་གི་ཡན་ལག་ཀྱང་ཞ་ཁུམས་སུ་གྱུར་ནས་དབང་བོ་སྐྱོན་ཅན་དུ་གྱུར་ཞིང་།  འཚོ་ཐབས་དཀའ་བའི་གནས་སུ་ལྷུང་བ་སོགས་དཀའ་བ་འབུམ་ཕྲག་སྤྱད་ཅིང་།  དེ་ནས་བཟུང་སྟེ་མཚན་ལམ་གང་མང་དང་འཕྲུལ་སྣང་སྣ་ཚོགས་བརྒྱུད་ནས།རིམ་བཞིན་ཆོས་སྐྱོང་དཔལ་ལྡན་ལྷ་མོ།  སྐྱེ་ལྷ་ཨ་མྱེས་ཁྲབ་ཆེན།  རྗེ་བཙུན་མི་ལ་རུས་པ།  སྒྲུབ་པ་བཀའ་རྒྱུད་ལྷ་ཚོགས།  རྒྱལ་བ་པཎ་ཆེན་རྣམ་གཉིས།  རྗེ་བཙུན་བྱམས་པ་མགོན་པོ། རྗེ་བཙུན་འཕགས་མ་སྒྲོལ་མ་སོགས་ལྷ་ཚོགས་གྲངས་ལས་འདས་པས་ཞལ་གཟིགས་བྱིན་གྱིས་བརླབས་ནས་རྗེ་བཙུན་སྒྲོལ་མའི་ཞལ་ནས་ཁྱེད་ནི་སྐྱེས་བ་སྔོན་མར་རེབ་གོང་གི་ཡིན་ཞིང་། མིང་ལ་མཁྱེན་རབ་ཉི་མ་འོད་ཟེར་བའི་སྤྲུལ་བ་ཡིན་ལ་ད་ནས་བཟུང་ཁྱོད་ཀྱི་མིང་ལ་ཐུགས་སྲས་འཇིག་རྟེན་མགོན་པོ་ཞེས་བོས་ན་བཟང་གསུངས་པས་དེ་ནས་བཟུང་ཏཱ་རེ་དུང་ཕྱིར་འགྲུབ་པའི་མཚན་མོ་ལ་རྟགས་འབྲས་ངོ་མཚར་ཐོབ་པ་མ་ཟད།   པཎ་ཆེན་རིན་པོ་དང་།  གོང་ཐང་བསྟན་པའི་དབང་ཕྱུག  དབོན་སྤྲུལ་བསྟན་པའི་དབང་ཕྱུག   མཁན་ཆེན་ཀུན་ཏུ་བཟང་པོ།  བླ་མ་པདྨ་རྣམ་རྒྱལ། བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ།  རྗེ་དམུ་དགེ་བསམ་གཏན་མཆོག   ཡབ་རྗེ་ཤར་སྐལ་ལྡན་རྒྱ་མཚོ་ཚང་སོགས་སྐྱེས་ཆེན་དམ་པ་གྲངས་ལས་འདས་པས་དབང་ལུང་ཆོས་གསུམ་གྱི་ཆོས་འབྲེལ་མང་པོ་བསྩལ་མྱོང་བ་ཡིན་ཞིང་།  ཁྱད་པར་དུ་རྗེ་བཙུན་འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་ཐུགས་རྗེ་སྤྱན་གྱིས་གཟིགས་པར་བརྟེན་ནས། དེང་དུས་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་དུས་བཟང་འདིར་ལྷ་སྐོར་གཟི་བརྗིད་རྒྱལ་འམ་འཇམ་དབྱངས་ལྷུན་གྲུབ་འམ་མཁྱེན་རབ་ཉི་མ་འོད་ཟེར་དང་ཐུགས་སྲས་འཇིག་རྟེན་མགོན་པོ་སོགས་སུ་གྲགས་པས་ལོ་ངོ་བཅུ་ཕྲག་རིང་ལ་རང་དམན་ཤེས་མེད་དང་གཉོམ་ཆུང་བདག་མེད།  ཧ་ཅང་ཉམས་ང་བའི་ཨ་སྐྱོ་བ་ཕལ་བ་ཞིག་གི་ཚུལ་བཟུང་ནས་གངས་ལྗོངས་ཆོས་ལྡན་ཡུལ་ལ་ངོ་མཚར་མཛད་རྗེས་རླབས་པོ་ཆེ་ཁྱད་པར་བ་གསུམ་ལེགས་གྲུབ་བྱུང་བ་དང་བྱུང་བཞིན་པ་སྟེ།

     དང་པོ། གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཕལ་མོ་ཆེ་ཞིག་ལ་བསྐྱོད་ནས་རྗེ་བཙུན་འཕགས་མ་སྒྲོལ་མའི་བསྟོད་ཚོགས་རྒྱས་བསྡུས་རིང་ཐུང་ཞལ་འདོན་དང་། ཆོ་ག  ཆོས་སྐོར།  རྣམ་ཐར་སོགས་གསུང་འབུམ་དཔེ་ཚོགས་པོད་ཏི་བརྒྱད་ཙམ་ཡོངས་སུ་འཚོལ་སྡུད་བྱས་པ་མ་ཟད་པར་སྐྲུན་ལེགས་གྲུབ་བྱུང་བ་དང་ཁྱད་པར་དུ་མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གནའ་དཔེ་ཕྱོགས་བསྒྲིགས་གཞུང་ལས་ཁང་གིས་གཙུག་འཛིན་ཆེན་པོ་གནང་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་ཆོས་ལུགས་དཔེ་ཚོགས་པར་སྐྲུན་རྣམ་གྲངས་སུ་བཀོད་ནས་ཡང་བསྐྱར་མ་འགྱིངས་པར་གངས་ལྗོངས་མདོ་དབུས་ཁམས་གསུམ་གཙོས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་པའི་དུས་སུ་བབས་སོ།།

     གཉིས་པ།  རྗེ་བཙུན་སྒྲོལ་མའི་དགེ་སྐུལ་ཚོགས་པ་བདུན་ཅུ་ལྷག་དང་།  ཚོགས་མི་ཉིས་ཁྲི་ལྷག་གིས་རྗེ་བཙུན་སྒྲོལ་མའི་བསྟོད་པ་རྒྱས་བསྡུས་རིང་ཐུང་དང་།  འཕོངས་སེལ་སྒྲོལ་མ། ལྷ་མོ་རིག་བྱེད་མ་སོགས་དུང་ཕྱིར་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་ལེགས་གྲུབ་བྱུང་བ་མ་ཟད་དགེ་བའི་ཚོགས་ཞིང་དུ་ཕུལ་ཞིང་།  གངས་ལྗོངས་འཕོངས་སེལ་སྒྲོལ་མའི་རྡོའུ་འབུམ་དུང་ཕྱིར་སྟོང་སྒྲུབ་ཆེན་མོ་ཐེངས་གསུམ་བླུགས་པ་ལས།  ཐེངས་དང་པོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་རྡལ་གྱི་མངའ་ཁུངས་སུ་གླང་ཆེན་ལྟེ་བ་ཞེས་གོང་ཐང་བསྟན་པའི་སྒྲོལ་མེའི་ལྟེ་ཁྲག་འཕོ་སར་གྲགས་པའི་ཏཱ་རེ་ཡི་གེ་བཅུ་བ་རང་བྱོན་གྱི་གནས་མཆོག་དེར་བཞེངས་ནས་ལེགས་གྲུབ་བྱུང་པས།   ནམ་མཁར་འཇའ་ཟེར་འོད་འཕུངས་འཁྲུགས་པའི་ཀླུང་ཡང་དུ་རྗེ་བཙུན་སྒྲོལ་མའི་ཐུགས་ཀར་འོད་ཟེར་འཕྲོས་ཏེ།  དངོས་སུ་ཞལ་གཟིགས་ཡོང་པའི་རྟགས་འབྲས་ངོ་མཚར་སྐྱེ་འགྲོ་ཀུན་གྱི་འདྲེན་བྱེད་དབང་བོའི་ལམ་དུ་མཐོང་ཞིང་།  གངས་ལྗོངས་འཕོངས་སེལ་སྒྲོལ་མའི་རྡོའུ་འབུམ་དུང་ཕྱིར་སྟོང་སྒྲུབ་ཆེན་མོ་ཐེངས་གཉིས་པ་ནི་རྒྱལ་དབང་ལྔ་བའི་སྐུ་རིང་ལ་གཏེར་སྒོ་བཅུ་གསུམ་ཕྱེས་པའི་ནང་གསེས་རྐང་ཚའི་རྟ་ཕྱུག་ལབ་ཙེའི་གམ་དུ་བཞེངས་པས་གངས་ཅན་བླ་མཚོ་མཚོ་ཁྲི་ཤོར་རྒྱལ་མོས་ཀློ་བུར་དུ་རྨ་ཀླུང་ཕྱུག་མོའི་ཆེ་ཆུང་ལྟ་བུ་ཞིག་དར་དཀར་རིང་མོ་ཞིག་གི་ཚུལ་དུ་མཚོ་དར་ཕྱེས་ནས།  བཀྲ་ཤིས་པའི་རྟགས་འབྲས་མངོན་པར་ཐོབ།  གངས་ལྗོངས་འཕོངས་སེལ་སྒྲོལ་མའི་རྡོའུ་འབུམ་དུང་ཕྱིར་སྟོང་སྒྲུབ་ཆེན་མོ་ཐེངས་གསུམ་པ་ནི་གངས་ཅན་ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་རྗེ་བཙུན་སྒྲོལ་མའི་གནས་སྒོ་རུ་གྲགས་ཤིང་།  སྒྲོལ་མ་འབུམ་རྫོང་ཞེས་པའི་གནས་མཆོག་ཏུ་གཏེར་ཁུག་ཆེ་ཆུང་ཆིག་ཁྲི་ལྔ་བརྒྱ་དང་།  གཏེར་བུམ་དགུ་བརྒྱ་ལྷག་ཙམ།   ལྷ་སྐུ་ཆིག་བརྒྱ་དགུ་བཅུ་སོགས་རྟེན་གསུམ་བསམ་གྱི་མི་ཁྱབ་པའི་ངང་ནས་བཞེངས་ཏེ་ལེགས་གྲུབ་བྱུང་པས།  ནམ་མཁའ་ནས་རྟ་བདུན་དབང་པོས་གུར་ཁང་ཕུབ་ཏེ་བཀྲ་ཤིས་པའི་མཚོན་རྟགས་དང་མཚན་མ་ཕུན་སུམ་ཚོགས་པར་འདུག་པ་དང་བཅས་སོ།།

     གསུམ་པ།  རྒྱལ་ས་པེ་ཅིན་དང་ཧུ་ནན་ཞིང་ཆེན་སོགས་ནས་དམངས་སྒོར་དུང་ཕྱིར་གཅིག་དང་བྱེ་བ་བརྒྱད་ལྷག་གི་མ་དངུལ་བརྩོན་ལེན་བྱས་ཏེ།  རྒྱལ་ཁབ་རིམ་པ་ཁག་གི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་མཐུན་ཆོག་མཆན་ཐོབ་ཡོད་པ་མ་ཟད།   རྗེ་བཙུན་སྒྲོལ་མའི་ཞིང་བཀོད།  གཡུ་ལོ་བཀོད་པའི་དགའ་ཚལ།  འཛམ་གླིང་མཛེས་པའི་རྒྱན་གཅིག་ཅེས་མཛེས་ཤིང་སྡུག་པའི་ཞིང་བཀོད་ཆེན་པོ་ཞིག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ནས་གསར་བཞེངས་སྟ་གོན་བྱེད་བཞིན་པའི་སྒང་ཡིན་ཞིང་།  བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ལ་ལས་གཞི་མགོ་རྩོམ་མཛད་སྒོ་ཆེན་པོ་སྤེལ་བའི་ཉིན་བཟང་སྐར་བཟང་དུ་གྱུར་ཏོ།  སྐུ་རང་གསལ་བསྟན་འཛིན་གྱི་སྐྱེས་བུ་དམ་བ་ཞིག་གི་ཆ་ནས།  ཆུང་དུས་སུ་སྤྲུལ་སྐུའི་ཐུགས་ཐག་བཅད་ཅིང་གསེར་ཁྲིར་བཀོད་ནས་གདན་ས་མ་བསྐྱངས་ཀྱང་སྔོན་བསགས་ཀྱི་ལས་འབྲས་དང་། གཤིས་བཟང་དྲི་མེད།  ལྷག་བསམ་རྣམ་དག  ཀུན་སློང་ཡག་པོའི་ཁྱད་ཆོས་ཡུན་ནས་མངོན་ཏེ།  སྤོབས་པ་ཆེར་བསྐྱེད།  འབད་བརྩོན་ལྷོད་མེད་བཅས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དབྱར་མཚོ་རྒྱས་པ་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་བོད་གངས་ཅན་གྱི་རིག་གནས་བང་མཛོད་ཆེན་པོ་རྒྱ་ཆེར་གཏོང་བའི་ཕྱོགས་སུ་སྲིད་ན་དཀོན་ཞིང་བོད་ན་མེད་པའི་ཕྱག་རྗེས་བླ་ན་མ་མཆིས་ཤིང་།  བུ་རང་སྐྱེས་གནམ་གྱིས་མི་ཁོག་པའི་དཔེ་བཞིན་རང་ལུས་ཀྱི་སྡིག་སྒྲིབ་ཡོངས་སུ་སྦྱངས་ནས་བརྩོན་འགྲུས་དང་འབད་འབུངས་བྱས་པའི་འབྲས་བུ་ཆེན་པོ་ཡང་ཞོར་དུ་སྨིན་ནས།  རྒྱ་བཟའི་ལྷ་སྐོར་གཟི་བརྗིད་རྒྱལ་འམ་འཇམ་དབྱངས་ལྷུན་གྲུབ།  གསང་མཚན་མཁྱེན་རབ་ཉི་མ་འོད་ཟེར་འམ་ཐུགས་སྲས་འཇིག་རྟེན་མགོན་པོ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་གངས་ལྗོངས་བོད་ཁམས་ཡོངས་སུ་གཡོ་བཞིན་སེམས་ཅན་ཀུན་གྱིས་ཡིད་སྨོན་འཆོར་བ་དང་། བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་པའི་སྐབས་འདི་ལེགས་སོ།།

     ཞེས༼ཐུགས་སྲས་འཇིག་རྟེན་མགོན་པོ་ཚང་གི་ཕྱག་རྗེས་མདོར་བསྡུས༽ཞེས་བྱ་བ་འདི་ཡང་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི༢༠༡༨ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ལ་རྗེ་བཙུན་སྒྲོལ་མའི་ཞིང་བཀོད།  གཡུ་ལོ་བཀོད་པའི་དགའ་ཚལ།  འཛམ་གླིང་མཛེས་པའི་རྒྱན་གཅིག་ཅེས་ཕོ་བྲང་ཆེན་པོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ནས་གསར་བཞེངས་ལས་གཞི་མགོ་རྩོམ་མཛད་སྒོ་རྒྱ་ཆེར་སྤེལ་བའི་ལེགས་སྐྱེས་སུ་དམིགས་ནས།  གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་རྨད་བྱུང་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་སྦྱར་བ་རེ་ཞིག་རྫོགས་སོ།། སརྦ་ཛ་ཡནྟུ།།     །།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-12 01:47 , Processed in 0.293156 second(s), 21 queries .

返回顶部