博客西藏在最高处过一种生活

日志

༄༅།།སྟོན་མཆོག་ཐུབ་པའི་དབང་བའི་མཛད་རྣམ་བས ...

已有 112 次阅读2018-8-5 10:26 |系统分类:文化


༄༅།།སྟོན་མཆོག་ཐུབ་པའི་དབང་བའི་མཛད་རྣམ་བསྡུས་པ།
རྩོམ་པ་པོ། འཇུ་སྐལ་བཟང་རྒྱ་མཚོ།
རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

      སྟོན་མཆོག་ཐུབ་པའི་དབང་པོ་ནི།  ཐུན་མོང་གི་ངོར་སྟོན་པ་ཡང་སྔར་སངས་རྒྱས་འོད་སྲུངས་ཀྱི་དུས་སུ་བྲམ་ཟེ་ཁྱེའུ་བླ་མར་སྤྲུལ་པ་ལས་འཕོས་ཏེ་དགའ་ལྡན་དུ་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས།  འཛམ་བུ་གླིང་དུ་མི་རྣམས་ཚེ་ལོ་བརྒྱ་པའི་དུས་ན།  ཡུལ་གྲོང་ཁྱེར་སེར་སྐྱ།  རིགས་རྒྱལ་པོའི་རིགས།  རུས་རྒྱལ་པོ་ཟས་གཙང་མ།  ཡུམ་སྒྱུ་འཕྲུལ་མའམ་སྒྱུ་མ་ལྷ་མཛེས་དུས་ཚེ་ལོ་བརྒྱ་བ་སྙིགས་མའི་དུས་རྣམས་ལ་གཟིགས་ཏེ།  མི་ཕམ་མགོན་པོ་རྒྱལ་ཚབ་ཏུ་དབང་བསྐུར།  དཔྱིད་ཐ་ཆུང་ས་ག་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་ནས་འཛམ་བུའི་གླིང་དུ་འཕོ་བར་མཛད་དོ།།  
     ལྷུམས་སུ་ཞུགས་པའི་མཛད་པ་ནི།  ཡུམ་སྒྱུ་འཕྲུལ་ལྷ་མོ་ས་གའི་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་གི་སྡོམ་པ་ལ་ཡང་དག་པར་གནས་པའི་མཚན་མོར་གཟིམ་རྨིས་སུ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ་ཞིག་ལུས་ལ་ཐིམ་པ་རྨིས་ཤིང་།  དེ་དང་དུས་མཉམ་པར་རྒྱལ་པོ་ཟས་གཙང་མའི་ཁྱིམ་དུ་ལྟས་བཅོ་བརྒྱད་སོགས་ངོ་མཚར་བ་མང་བོ་བྱུང་།  ཡུམ་དེ་ནས་བཟུང་སྟེ་བསམ་གཏན་ལ་སྙོམས་པར་ཞུགས་པ་ལྟ་བུའི་དགའ་བ་དང་བདེ་བ་བཅས་ཏེ་ཟླ་བ་བཅུའི་རིང་སོང།  ཡུམ་སྒྱུ་འཕྲུལ་ལྷ་མོ་ནི་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་མ་ལུས་པ་དང་ལྡན་པ།  ཁྱད་པར་དུ་བྱང་ཆུབ་སེམས་དཔའ་བསྐྱེད་ཐུབ་པའི་བསོད་ནམས་དང་ཡོན་ཏན་ལ་སོགས་པའི་ཁྱད་པར་མང་པོ་དང་ལྡན་ཞིང་།  སློབ་པའི་གནས་སྐབས་ནས་བཟུང་སྟེ་སངས་རྒྱས་ཀྱི་ཡུམ་བྱེད་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཞིག་གོ།  
     སྐུ་བལྟམས་པའི་མཛད་པ་ནི།  བྱང་ཆུབ་སེམས་དཔའ་ལྷུམས་སུ་ཟླ་བ་བཅུ་རྫོགས་ནས་འཁྲུངས་པའི་དུས་དབོ་ཟླའི་ཚེས་བརྒྱད་སྐར་མ་རྒྱལ་གྱི་དུས་ལ་ཡུམ་ལུམྦི་ནཱའི་ཚལ་དུ་གཤེགས་ཏེ་ཕྱག་གཡས་པས་བླག་ཤའི་ཤིང་ལ་འཇུས་པར་གློ་གཡས་པ་ནས་སྐུ་བལྟམས།  དེ་དང་དུས་མཉམ་པར་རབ་གསལ་དང་།  རབ་སྣང་།  གཟུགས་ཅན་སྙིང་པོ།  ཤར་བ་བཅས་འོད་ཟེར་ཕོག་པའི་རྒྱལ་སྲས་བཞི་རང་རང་གི་སར་བཙས་ཤིང་བྱང་ཆུབ་ཀྱི་ཤིང་སྐྱེས།  སྐུ་བལྟམས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་ཤུལ་དུ་པད་མ་རེ་རེ་སྐྱེས་པ་སོགས་ཕུན་སུམ་ཚོགས་པའི་རྟགས་མང་པོ་བྱུང་བས་ཡབ་ཀྱིས་རྒྱལ་བུ་དོན་གྲུབ་ཏུ་མཚན་གསོལ།  སྐྱེ་དགུའི་བདག་མོ་སོགས་མ་མ་བརྒྱད་ཀྱིས་བསྐྱེད་བསྲིངས།  དེ་ཡང་སྐུ་བལྟམས་ནས་བཙས་སྟོན་ཉིན་བདུན་གྱི་རིང་དུ་བྱས་ཤིང།  དེ་ནས་བཟུང་ཚེས་བརྒྱད་ལ་ཁྲུས་གསོལ་གྱི་དུས་ཆེན་ནམ་སྐུ་བལྟམས་པའི་དུས་སྟོན་ཚུགས།  དགུང་ལོ་བདུན་གྱི་སྟེང་དུ་རྒྱན་ཆ་བཞེས་ཏེ་གཞོན་ནུའི་རོལ་རྩེད་མཛད་པའི་རྣམ་པ་བཙས་མ་ཐག་ནས་བཟུང་སྟེ་སྟོན་པར་མཛད་དོ།།  
     ཐུན་མོང་གི་རིགས་གནས་ལ་མཁས་པའི་མཛད་པ་ནི།  སེམས་དཔའ་ཆེན་པོ་དེ་དགུང་ལོ་བདུན་ནས་བཟུང་སྟེ་བཅུ་དྲུག་བར་ལ་བཟོ་ཡི་གནས་ཀྱིས་བསྡུས་པའི་ཡི་གེའི་རིགས་དྲུག་ཅུ་རྩ་བཞི་དང་།  སྟོབས་དང་སྒྱུ་རྩལ་ལ་སོགས་པ་ཕྱི་ནང་ཐུན་མོང་གི་བསྟན་བཅོས་སྨྲ་བ་དང་།  ལུས་ངག་གི་སྒོ་ནས་ལེགས་པར་བྱ་བ་ཇི་སྙེད་དང་།  ལུགས་ཀྱི་བསྟན་བཅོས་དང་འཕྲུལ་གྱི་རིག་པ་སོགས་ལ་བསླབས་ནས་ཁོང་དུ་ཆུད་ཅིང་ལག་ཏུ་བླངས་པས་ལྷས་བྱིན་ལ་སོགས་པའི་དྲེགས་པ་ཅན་དང་།  ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་ལ་སོགས་པའི་སྟོབས་ཅན།  གནོད་སྦྱིན་ཤཱཀྱ་འཕེལ་ལ་སོགས་པའི་འཇིག་རྟེན་གྱི་མཐུ་དང་ནུས་པ་ཅན་རྣམས་ཀྱི་ཕྱག་བྱ་བའི་གནས་སུ་གྱུར་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་དོ།།  
     དགྱེས་རོལ་གྱི་མཛད་པ་ནི།  བཙུན་མོའི་འཁོར་ཕུན་སུམ་ཚོགས་པའི་དབུས་སུ་འདོད་པའི་ཡོན་ཏན་གྱི་དཔལ་ལ་འཇིག་རྟེན་དང་མཐུན་པར་ཡོངས་སུ་རོལ་པའི་མཛད་པ་བསྟན།  ཁྱད་པར་དུ་བསོད་ནམས་དང་ཐུགས་བསྐྱེད་ལས་སྨིན་པའི་བཙུན་མོ་གྲགས་འཛིན་མ་ལ་རིགས་འཁྲུལ་བ་མེད་པའི་སྲས་བསྐྲུན་པར་མཛད།  དེ་ལ་གསུང་རབ་རྣམས་སུ་སྨྲ་བའི་ལུགས་གཉིས་བྱུང་སྟེ་ཕལ་ཆེར་གྱིས་དགུང་ལོ་ཉེར་དགུར་ཕེབས་པའི་ཐ་སྐར་ཟླ་བའི་ཉར་སྒྲ་གཅན་འཛིན་གྲགས་འཛིན་མའི་ལྷུམས་སུ་ཞུགས་ཏེ་སྟོན་པ་སངས་རྒྱས་པའི་དུས་སུ་བཙས་པར་བཞེད་ཅིང་།  ཡུམ་གྱི་ལྷུམས་སུ་ལོ་བདུན་བཞུགས་པར་འདོད།  ཡང་ལུགས་གཅིག་ལ་བྱང་ཆུབ་སེམས་དཔའ་དགུང་ལོ་ཉེར་དགུ་བའི་སྟེང་སྒྲ་གཅན་འཛིན་འཁྲུངས་ཟིན་ཅིང་།  རབ་ཏུ་བྱུང་བར་ཕེབས་དུས་ཡུམ་སྲས་གཉིས་ཀ་ཁྲི་ལ་གཟིམས་པ་ལ་ཐུགས་འཁྲེང་བཞིན་དུ་ཕེབས་ཚུལ་མཛད་པ་སྟེ་རྒྱ་གར་གྱི་མཛད་ཐང་རྙིང་བ་རྣམས་སུའང་དེ་ལྟར་བྲིས་པ་མང་པར་གསུངས་ལ།  བོད་དུ་ཡང་གཏེར་མའི་ལོ་རྒྱུས་འགའ་ཞིག་ན་འདི་ལྟར་བཞེད་པ་ཡོད།།
     རབ་ཏུ་བྱུང་བའི་མཛད་པ་ནི།  བྱང་ཆུབ་སེམས་དཔའ་དགུང་ལོ་ཉེར་དགུར་ཕེབས་པའི་དུས་ན་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྤྲོ་གསེང་ལ་ཕེབས་པའི་དུས་རྒས་ཤིང་འཁོགས་པའི་རྒན་པོ་སྙིང་རྗེ་བ་ཞིག་དང་།  ནད་ཀྱིས་གདུངས་ཏེ་ཉམ་ཐག་པ་ཞིག་ཤི་ནས་བེམ་པོ་དུར་ཁྲོད་དུ་འཁྱེར་བ་ཞིག།  ཚངས་པར་སྤྱོད་པའི་དགེ་སློང་ཞི་ཞིང་དུལ་བ་ཞིག་སྟེ་བཞི་གཟིགས་པས།ཇི་སྲིད་ཞི་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ་ཐམས་ཅད་ཀྱང་ན་རྒ་འཆི་བའི་སྡུག་བསྔལ་ལས་མི་ལྡོག་པའི་ཚུལ་མཁྱེན་པའི་རྐྱེན་དུ་གྱུར་པ་དང་།  སངས་རྒྱས་རྣམས་ཀྱིས་སིལ་སྙན་གྱི་སྒྲ་ལས་རབ་ཏུ་འབྱུང་བར་བསྐུལ་པ་ལ་བརྟེན་ནས།  ཐ་སྐར་ཟླ་བའི་ཉའི་མཚན་མོར་ནམ་ཕྱེད་ན་ཆིབས་པ་རྔོགས་ལྡན་ལ་བཅིབས་ཏེ་ཞབས་འབྲངས་འདུན་པ་དང་བཅས་ཐབས་དང་རྫུ་འཕྲུལ་གྱི་སྒོ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བའི་གནས་མཆོད་རྟེན་རྣམ་དག་གི་དྲུང་དུ་ཕེབས།  ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་དེ་རང་བྱུང་གི་སྒོ་ནས་རབ་ཏུ་བྱུང་བར་མཛད་དོ།།  
     དཀའ་བ་སྤྱད་པའི་མཛད་པ་ནི།   བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ནས་ཀྱང་ཡངས་པ་ཅན་དུ་གཤེགས་ཏེ་ཕྱི་རོལ་པའི་སྟོན་པ་རིང་འཕུར་དང་།  རྒྱལ་པོའི་ཁབ་ཏུ་ལྷག་སྦྱོད་གཉིས་ལས་བསམ་གཏན་གྱི་གདམས་ངག་གསན་ཏེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པའང་ཚེགས་ཆུང་གིས་གྲུབ།  དེ་ཡང་དེ་ཙམ་གྱིས་རྣམ་གྲོལ་བའི་ལམ་ལྟ་ཅི་འཁོར་བ་འབའ་ཞིག་གི་རྒྱུར་གཟིགས་ཏེ་ཆུ་བོ་ནེེ་རཉྫ་ནཱའི་འགྲམ་དུ་ཉིན་རེར་རྒྱ་ཤུག་གི་འབྲུ་གཅིག་ཙམ་ལས་མི་གསོལ་བ་དང་།  མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་ཞུགས་ཏེ་སྐྱིལ་ཀྲུང་གཅིག་གིས་ལོ་དྲུག་འདས་པར་མཛད་དེ་སྐུ་ལུས་རིད་ཅིང་བསྐམས།  གདོང་ལ་ས་དྲེག་ཆགས་པས་དགེ་སྦྱོང་ནག་པོ་ཞེས་གྲགས་པར་གསུངས་སོ།  དེ་ཡང་དཀའ་སྤྱད་ཀྱི་ཏིང་ངེ་འཛིན་ལ་དེ་ཙམ་བཞུགས་པས་གཞན་དག་ལ་འཁོར་བ་དང་མྱང་འདས་ཀྱི་དོན་ལ་ངེས་པར་འདྲེན་པར་མཛད་པ་དང་།  དམ་པའི་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་ཤེས་པར་བྱ་བའི་དོན་དུ་བཞེད།  སྔོན་ཆད་དཀའ་བ་སྤྱད་ཚུལ་རི་མོར་བཞེངས་པ་ཧ་ཅང་མང་ཞིང་།   འདི་དང་མྱ་ངན་ལས་འདས་པའི་ཚུལ་གྱི་སྐུ་གཟུགས་བཞེངས་པ་ལ་ཕན་ཡོན་ཆེ་བར་གསུངས་སོ།།  
     བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི།  དེ་ཡང་ལུས་ངག་གི་དཀའ་ཐུབ་སྤྱད་པ་ཁོ་ནས་རང་གཞན་གྱི་དོན་མི་འགྲུབ་པར་དགོངས་ཏེ་ཁ་ཟས་རགས་པ་གསོལ་ནས་སྐུའི་སྟོབས་བསྐྱེད།  ཕྱགས་དར་ཁྲོད་ལས་བླངས་བའི་ཆོས་གོས་བཞེས་ཤིང་།  བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་ཕུལ་བ་བཞེས་ནས།   སྐུ་ལ་གསེར་གྱི་མདངས་དང་འོད་འདོམ་གང་འཕྲོས་བ་སོགས་མཚན་དང་དཔེ་བྱད་རྣམས་གསལ་རྫོགས་སུ་གྱུར་ཏེ་ལྟ་བས་ཆོག་མི་ཤེས་པར་མཛད་པས་འཇིག་རྟེན་དུའང་དགེ་སྦྱོང་ལེགས་མཛེས་སུ་གྲགས།  དེ་ནས་རྩྭ་འཚོང་བཀྲ་ཤིས་ལས་དུར་བའི་གདན་བཏིང་སྟེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་གདན་དེ་ལས་མི་བསྐྱོད་པར་དམ་བཅས་ནས་གུང་གི་དུས་སྐྱིལ་མོ་ཀྲུང་གིས་འཁོད་པ་ན།  ས་གཞི་ཐམས་ཅད་འཁར་བའི་སྣོད་ལ་སྒྲ་འབྱིན་པ་ལྟར་དབྱངས་སྙན་པོས་འཇིག་རྟེན་ཁྱབ་ཅིང་།  ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཀུན་ཏུ་བཀྲམ་ཞིང་སེམས་ཅན་རྣམས་གཉིད་ལས་སད་པ་ལྟ་བུའི་སྣང་བ་བྱུང་།   བྱ་རྣམས་ཀྱང་སྙན་པ་སྒྲོག་བཞིན་མཁའ་ལ་གཡས་སུ་བསྐོར་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་བ་དང་།   ཐུབ་པ་མཆོག་གིས་སངས་རྒྱས་ཀྱི་ཞིང་མང་པོའི་བཀོད་པ་གཟིགས་པ་དང་བཅས་དྲན་པ་མངོན་དུ་བཞག་ནས་བཞུགས་སོ།།  
     བདུད་སྡེ་བཅོམ་པའི་མཛད་པ་ནི།  བྱང་ཆུབ་སེམས་དཔའ་ཉིད་དེ་ལྟར་བཞུགས་པ་ན་སྲོད་ཀྱི་དུས་བདུད་སྡིག་ཅན་རྣམས་ཤིན་ཏུ་མི་བཟོད་པ་ཆེན་པོར་གྱུར་ནས་བདུད་སྡེའི་ཚོགས་ལྷན་ཅིག་ཏུ་ཚོགས་པ་ལྷགས།  གདུག་པའི་ཁ་རླངས་དང་མཚོན་ཆའི་ཆར་ཕབ་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐུ་ལ་རེག་མ་ཐག་མེ་ཏོག་གི་མཆོད་ཚོགས་སུ་གྱུར་པས།  ཁོ་རྣམས་ཀྱི་མཐུ་རྡུགས་པར་གྱུར།  སླར་ཡང་བདུད་ཀྱིས་གཡོ་ཅན་བུ་མོ་མཛེས་མ་ལ་སོགས་པའི་སླུ་བྱེད་ཐབས་ཇི་ལྟར་བྱས་ཀྱང་སྐུའི་བ་སྤུ་ཙམ་ཡང་གཡོ་མ་ནུས་ཤིང་།   བདུད་ཀྱི་བུ་མོ་རྣམས་ཞེ་ལོག་པའི་རྒན་མོ་འཇིགས་སུ་རུང་བ་དག་ཏུ་གྱུར།  དེ་ལྟར་བྱམས་པའི་ཏིང་ངེ་འཛིན་གྱིས་མཐུས་སྐུའི་གཞོགས་གཡས་པར་མཚོན་གྱིས་གཞོག་པ་དང་།  གཞོགས་གཡོན་པར་ཙན་དན་གྱི་སྡེ་གུས་བྱུགས་པ་མཉམ་པ་ཉིད་དུ་གྱུར་ཏེ་བདུད་ཀྱི་དམག་ཚོགས་ཐམས་ཅད་ནམ་གྱི་སྟོད་འཁོར་དེ་ཉིད་ལ་ཞི་བའི་ཐབས་ཀྱིས་བཏུལ་བར་མཛད་དོ།།  
     མངོན་པར་སངས་རྒྱས་པའི་མཛད་པ་ནི།  དེ་ལྟར་གུང་ལ་བདུད་བཏུལ་ཅིང་བདེན་པ་བཞི་དང་རྟེན་འབྲེལ་ལུགས་འབྱུང་ལྡོག་གིས་ས་དང་ལམ་གྱི་བགྲོད་པ་རིམ་གྱིས་བགྲོད་ནས་ནམ་གྱི་བར་ཆ་སྐྱ་རེངས་འཆར་བའི་དུས་ན་འཕགས་པའི་ཡེ་ཤེས་ཀྱིས་སྟོབས་སྐྱེད་དེ་ཤེས་པར་བྱ་བ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཛཅིང་།  རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་ས་བོན་དང་བཅས་པ་ཡང་དག་པར་བཅོམ་ནས་བླ་ན་མེད་པའི་ཡེ་ཤེས་མངོན་དུ་མཛད།  དེ་ནས་སངས་རྒྱས་ཉིད་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁར་འཕགས་ཏེ།  ཁྱད་པར་ལྔ་ལྡན་གྱི་སྟོང་ཉིད་སེངྒེའི་སྒྲ་ཐོག་མར་བསྒྲགས་པས་ས་རྣམ་པ་དྲུག་ཏུ་གཡོས། འཇིག་རྟེན་ཐམས་ཅད་བཀྲ་ཤིས་དགེ་ལེགས་སུ་བྱེད་པའི་སངས་རྒྱས་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་མགོན་དང་དཔུང་ཛགཉེན་བླ་ན་མེད་པར་དངོས་སུ་བསྟན།  དེ་ན་བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པས་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱི་སྦྲང་རྩི་ཕུལ་བ་བསོད་སྙོམས་ཀྱི་ཐོག་ཛམར་རྒྱལ་ཆེན་བཞིས་ཕུལ་བའི་ས་རྡོའི་ལྷུང་བཟེད་བཞི་གཅིག་ཏུ་བྱིན་གྱིས་བརླབས་པར་བཞེས་ཏེ་གསོལ།གཞན་ལ་ཆོས་སྟོན་པའི་ཐོག་མར་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་སོ།
     ཆོས་འཁོར་བསྐོར་བའི་མཛད་པ་ནི།  དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུའི་ཚུལ་མཛད་དེ་བཞུགས་པ་ན།  ཚངས་པ་དང་རྒྱ་བྱིན་གཉིས་ཀྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་དུང་དཀར་གཡས་སུ་འཁྱིལ་བ་བཅས་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས།  ཝཱ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ཀུན་ཤེས་ཀཽ་ཏི་ནྱ་དང་།  རྟ་ཐུལ།  རླངས་པ།  མང་ཆེན།  བཟང་ལྡན་རྣམས་ཚུར་ཤོག་གིས་བསྙེན་པར་རྫོགས།  ཆུ་སྟོད་ཟླ་བའི་ཚེས་བཞི་ཉིན་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་པས་ལྔ་སྡེ་དགྲ་བཅོམ་ཐོབ།  དེ་ནས་བྱ་རྒོད་ཕུང་པོའི་རིར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དང་།  ཡངས་པ་ཅན་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཏེ།  ཆོས་འཁོར་རིམ་པ་གསུམ་བསྐོར་ནས་སྐུ་ཚེ་མྱ་ངན་འདས་པའི་བར་དུ་དམ་པའི་ཆོས་རྒྱུན་མི་ཆད་པར་གསུངས།  མཆོག་ཟུང་ལ་སོགས་པའི་འཁོར་རྣམ་བཞི་དང་བྱང་ཆུབ་སེམས་དཔའ་བགྲང་ལས་འདས་པ་འབྲས་བུ་བཞི་ལ་བཀོད་པ་དང་།  བྱང་ཆུབ་ཏུ་ལུང་བསྟན་པ།  མཉན་ཡོད་ཏུ་ཆོ་འཕྲུལ་བསྟན་ཏེ་མུ་སྟེགས་པ་ཚར་བཅད་པ་དང་།   ཡུམ་ཐར་ལམ་ལ་བཀོད་ནས་ལྷ་ལས་བབས་ཤིང་།  གསང་སྔགས་ཀྱི་ཆོས་ཐུན་མིན་རང་རང་གི་གདུལ་བྱ་གྲངས་མེད་པར་བསྟན་ཏེ་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ལམ་བཟང་རྒྱ་ཆེར་སྤེལ་བར་མཛད་དོ།
      མྱ་ངན་ལས་འདས་པའི་མཛད་པ་ནི།  སྟོན་པ་ཐུགས་རྗེ་ཅན་ཉིད་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་ཤིང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང་།  དགུང་ལོ་སོ་ལྔ་པར་སངས་རྒྱས་ཏེ་བརྒྱད་ཅུའི་བར་དབྱར་གནས་པ་བཞི་བཅུ་ཞེ་ལྔ་མཛད།  དགུང་ལོ་ངོ་མཐོང་གྱ་གཅིག་གི་སྟེང་།  སྐུའི་འདུ་བྱེད་ནི་བཏང་།  འཚོ་བའི་ཡོ་བྱད་ནི་བྱིན་གྱིས་བརླབས་པས་ལྟས་ཆེན་པོ་སྣང་བར་གྱུར།   མཐར་ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་ན་མདོ་སྡེ་དང་མཐུན།  འདུལ་བ་ལ་སྣང་།  ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པ་ཟུངས་ཤིག་དང་།  སྐུའི་སྟོད་གཡོགས་བསལ་ནས་འཁོར་རྣམས་ལ་སྐུ་བསྟན།།   འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ།།  ཞེས་གསུང་གི་ཐ་མར་འཆི་བ་མི་རྟག་པ་གསུངས་ཏེ་གྲོང་ཁྱེར་རྩྭ་ཅན་གྱི་ཤིང་སཱ་ལ་ཟུང་གི་བར་དུ་ཐ་མའི་གཟིམ་ཁྲི་ལ་སེངྒེ་ཉལ་སྟབས་ཀྱིས་བསམ་གཏན་བཞི་བའི་རབ་མཐའ་ལ་བརྟེན་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།  འཇུ་སྐལ་བཟང་རྒྱ་མཚོ་ཞུ་བས་བསྒྲིགས་པའི་སྨིན་ཐང་དགོན་པའི་མཆོད་རྟེན་བྱང་ཆུབ་ཆེན་མོའི་རྟེན་གསུམ་བཞུགས་བྱང་དཀར་ཆག་ལས་ཁོལ་བསྡུས་བྱས། 
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-10 10:22 , Processed in 0.288107 second(s), 21 queries .

返回顶部