博客西藏在最高处过一种生活

日志

༄༅།།ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ ...

已有 38 次阅读2018-6-13 21:56 |系统分类:文化


༄༅།།ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གསུམ་པའི་དུས་འཁོར་སྒྲུབ་མཆོད་མཚམས་སྦྱོར་མདོར་བསྡུས།
ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།  ཁྲི་སྐལ་བཟང་བརྩོན་འགྲུས། 

     

      གཅིག  དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་དར་ཚུལ།

      དེ་ཡང་བདག་གཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་དགུང་ལོ་སོ་དྲུག་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་ཕྱི་ལོའི་ནག་པ་ཟླ་བའི་ཉ་ལ།  རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་ཁུལ་དུ་ཡོད་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་གྱི་བུམ་པའི་ནང་དུ།  བྱང་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོས་སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་དོན་དུ་ཞུས་པ་བཞིན།  ཆོས་རྒྱལ་ཟླ་བ་བཟང་པོས་གཙོ་བྱས་པའི་ཤམ་བྷ་ལའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྟོན་པ་སངས་རྒྱས་ཀྱིས་ཐོག་མར་དུས་འཁོར་རྩ་རྒྱུད་གསུངས།  

      དེའི་རྗེས་སུ་བྱང་ཤམ་བྷ་ལའི་རྒྱལ་བོ་རིགས་ལྡན་རྒྱལ་དཀས་རྒྱལ་སྲིད་སྐྱོང་བའི་སྐབས་སུ།  རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་ཞེས་མདོ་སྔགས་ཀུན་ལ་མཁས་པ་ཞིག་བྱོན་པ་དེ་རྒྱ་གར་ནས་བྱང་གི་ཕྱོགས་སུ་ཕེབས་ཏེ།  མཐར་བྱང་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་ནས་བླ་མར་བསྟེན་ཏེ།  དཔལ་དུས་ཀྱི་འཁོར་ལོས་གཙོས་པའི་རྒྱུད་སྡེ་མང་པོ་གསན་པ་དང་།  འགའ་ཞིག་ཐུགས་ངོར་བཞེས།  འགའ་ཞིག་གླེགས་བམ་དུ་བྲིས་ཏེ་རྒྱ་གར་དུ་གདན་དྲངས་པ་ནས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་དར་བའོ།། 


3.jpg

    

     དེ་ནས་ཁ་ཆེ་པཎ་ཆེན་ཟླ་མགོན་གྱིས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་གཉིས་བསྣམས་ནས་བོད་དུ་བྱོན་པ་ན།  འབྲོག་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཤིང་བསྡུས་རྒྱུད་དང་འགྲེལ་བ་བོད་སྐད་དུ་བསྒྱུར་བ་ནི་བོད་གངས་ཅན་དུ་དུས་འཁོར་གྱི་དབང་རྒྱུད་གདམས་ངག་ཞུས་པ་ཐོག་མ་ཡིན་ཞིང་།  དེ་ནས་རིམ་བཞིན་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུང་དང་ཀུན་མཁྱེན་ཆོས་སྐུ་འོད་ཟེར།  བླ་མ་རྒ་ལོ་སོགས་བརྒྱུད་ནས་དར་ལ།  དུས་རབས་བཅུ་བཞི་བ་སྟེ་བུ་སྟོན་ཐམས་ཅད་མཁྱེན་པའི་རིང་དར་ཁྱབ་ཆེར་བྱུང་སྟེ།  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བུ་སྟོན་གྱི་དངོས་སློབ་མཁས་གྲུབ་ཁྱུང་བོ་ལྷའི་རྣལ་འབྱོར་ནས་དབང་རྒྱུན་དང༌།  བདེ་ཆེན་དཔལ་བ་ནས་རྒྱུད་འགྲེལ་གྱི་བཤད་པ་དང་ཕྱག་ལེན་གྱི་མཛུབ་ཁྲིད།  སྦྱོར་དྲུག་གི་ཉམས་ཁྲིད་སོགས་ཡོངས་སུ་རྫོགས་པར་ཞུས་པ་དང་འབྲེལ་སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ལ་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལྷག་མེད་དུ་གནང་སྟེ་རྩ་རྒྱུད་འགྲེལ་བཤད་དང་བཅས་པ་དར་འཕེལ་དང་།  རིམ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྒྱལ་མཆོག་ལྔ་བ་ཆེན་པོ།  པཎ་ཆེན་དཔལ་ལྡན་ཡེ་ཤེས།  རྒྱལ་དབང་བསྐལ་བཟང་རྒྱ་མཚོ།  དགའ་ལྡན་ཁྲི་རིམ་བྱོན་སོགས་བརྒྱུད་ནས་དགེ་ལྡན་པའི་ནང་དར་རྒྱས་བླ་ན་མེད་པ་བྱུང་།  


4.jpg

     མདོ་སྨད་རྗེ་སྐུ་འབུམ་བྱམས་པ་གླིང་དུ་རབ་བྱུང་བཅུ་བཞི་བའི་མེ་གླང་ཕྱི་ལོ1817ལོར་སྐུ་འབུམ་ཁྲི་ཆེན་ཞེ་བཞི་བ་ཞྭ་སེར་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་གིས་ཐུགས་བཀོད་གནང་པ་ལྟར། ཐུགས་ཀྱི་སྲས་གཅིག་པུ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང་གསར་དུ་བཙུགས་ཏེ།  རྡུལ་ཚོན་ལ་བརྟེན་པའི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་གསར་འཛུགས་དང་།  དུས་འཁོར་རྩ་འགྲེལ་བློར་འཛིན་དང་བསྡུས་རྒྱུད་འགྲེལ་ཆེན་དྲི་མེད་འོད་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དུས་འཁོར་འགྲེལ་ཆེན་གྱི་བསྡུས་དོན་དེ་ཉིད་སྣང་བ་སོགས་ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་འཆད་ཉན་གྱི་སྲོལ་བཙུགས།  ཕྱིས་སུ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་གཙོས་ཡོངས་འཛིན་རྒྱ་ཡག་ཚང་སོགས་ཀྱིས་རྗེ་བཙུན་བླ་མ་དམ་པ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་ཕྱག་རྒྱུན་བཞིན་རྗེ་གསེར་སྡོང་ཆེན་མོའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་བཙུགས་པར་བརྟེན།  མདོ་སྨད་སྐུ་འབུམ་བྱམས་པ་གླིང་དུ་དཔལ་དུས་ཀྱི་འཁོར་ལོའི་འཆད་ཉན་སྔར་ལས་དར་ཞིང་རྒྱས།  འདིར་སྐུ་འབུམ་དུ་དར་བའི་དུས་འཁོར་སྒྲུབ་མཆོད་ཆེན་མོ་གཉིས་ལས་ཕྱི་མའི་དར་རིམ་དང་ཆོ་ག་ཚམས་སྦྱོར་བར་བྱའོ།


5.jpg


       གཉིས།  སྐུ་འབུམ་བྱམས་པ་གླིང་དུ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་བཙུགས་ཚུལ།  

      མདོ་སྨད་རྗེ་སྐུ་འབུམ་བྱམས་པ་གླིང་གི་གསུམ་པའི་སྒྲུབ་མཆོད་ཆེན་མོའམ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་ནི།  དེ་ཡང་བོད་རབ་རྒྱལ་ཤིང་ཕག་སྟེ་ཕྱི་ལོ1935ལོར་སྣང་བ་མཐའ་ཡས་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་རོལ་བ་དང་པོའི་སངས་རྒྱས7པཎ་ཆེན་བློ་བཟང་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་ཉིད་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་འདི་ཉིད་ལ་དགྱེས་བཞིན་ཞབས་ཟུང་བཀྲ་ཤིས་གསེར་གྱི་འཁོར་ལོ་མངོན་པར་བཀོད་དེ། གདན་སའི་མཁན་སློབ་དགེ་འདུན་དང་བཅས་པ་སོགས་གདུལ་བྱ་ཁྲི་ཕྲག་དུ་མར་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་ནས་སློབ་མ་སྟ་གོན་དང་། བྱིས་པ་ལྟར་འཇུག་པའི་དབང་བདུན།  དབང་གོང་མ་གོང་ཆེན་བརྒྱད།  རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་བཅས་དགྱེས་བཞིན་བསྩལ་ཏེ། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཆད་ཉན་བཤད་སྒྲུབ་ཡུན་རིང་དུ་གནས་པའི་ཐབས་ལ་འབད་དགོས་པའི་བཀའ་ལུང་གསེར་གྱི་མེ་ཏོག་སྤྱི་བོར་སྩལ་བ་བཞིན།  ས་སྟག་ཕྱི་ལོ1938ལོར་སྐྱབས་རྗེ་བཀའ་དྲིན་མཚུངས་མེད་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་དང་།  གསེར་ཏོག་ནོ་ནོམ་ཧན་བློ་བཟང་འཇམ་དཔལ་བསྟན་འཛིན་རྒྱ་མཚོ།  ཡོངས་འཛིན་རྒྱ་ཡག་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་པ་གསུམ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྗེ་བཙུན་བླ་མ་དམ་པ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་མདུན་ནས། མཁས་གྲུབ་ཐམས་ཅད་མཁྱེན་པའི་དཀྱིལ་ཆོག་དགོངས་པ་རབ་གསལ་གྱི་སྟེང་ནས་དཔལ་དུས་ཀྱི་འཁོར་ལོའི་བདག་ཉིད་འཇུག་ཅིང་དབང་ལེན་ཚུལ་སོགས་ཀྱི་ཕྱག་ལེན་ཞིབ་ཁྲིད་གསན་ཞིང་།  དེའི་རྗེས་ཆུ་རྟ་ཕྱི་ལོ1942ལོའི་ནང་གདན་ས་རང་གི་ཆོས་སྲིད་ཀྱི་ལེགས་ཚོགས་འཕེལ་བ་སོགས་བསྟན་འགྲོའི་སྤྱི་སྒོས་སུ་ཕན་ཕྱིར་བཙན་ཁང་ཆེན་མོའི་མདུན་དུ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གསར་བཞེངས་དང་།  འདོན་རྟ་དབྱངས་གསུམ་དང་ཐིག་རྡུལ་ཚོན་སོགས་ལ་ཡུན་རིང་བཤར་སྦྱང་དང་གོམས་འདྲིས་མཛད་རྗེས།  རྡུལ་ཚོན་ལ་བརྟེན་པའི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ། བདག་མདུན་བུམ་གསུམ་བདག་འཇུག་དང་བཅས་པ་ཆ་ཚང་བ། འདོན་རྟ་དབྱངས་དང་བཅས་པ་ཡོངས་སུ་རྫོགས་པ་འདི་ཉིད་གསར་འཛུགས་གནང་སྟེ།  ལོ་རེའི་ཟླ་གསུམ་པའི་ནང་རྗེ་གསེར་སྡོང་ཆེན་མོའི་ནང་ཚོགས་པའི་སྲོལ་བྱུང་བའོ།།


6.jpg


      དེ་ནས་བཟུང་སྐུ་འབུམ་དགོན་གཞུང་དང་སྒར་བ་མང་པོས་མཐུན་རྐྱེན་སྦྱར་ཏེ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོ་བར་མ་ཆད་པར་ཚོགས་ལ། ང་བརྒྱད་དང་རིག་གསར་གྱི་གོད་ཆག་གིས་བོད་ཡུལ་སྤྱི་དང་འདྲ་བར་ཆོས་སྡེ་གང་ལ་ཉམས་ཆག་བྱུང་བ་དང་བསྟུན། དུས་འཁོར་གྱི་སྒྲུབ་མཆོད་འདི་ཡང་ལོ་ངོ་མང་པོའི་རིང་ཚོགས་མ་ཐུབ་པར་གྱུར།  ཆོས་སྒོ་ཕྱེས་རྗེས་སྐྱབས་རྗེ་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ།  སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་སོགས་དམ་པ་དུ་མའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་སླར་ཡང་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་འདི་ཉིད་ཉམས་གསོས་བགྱིས་ཏེ་སྔར་གྱི་ཕྱག་སྲོལ་ཇི་ལྟ་བ་བཞིན་བཙུགས།

       གསུམ།  དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཀྱི་ཆོ་ག

      སྐུ་འབུམ་བྱམས་པ་གླིང་གི་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆོ་གའི་རིམ་པ་ནི།  ལོ་རེའི་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཉིན་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སློབ་དཔོན་དང་དབུ་མཛད། ས་ཆོག་པ་རྣམས་འཚོགས་ཏེ་དུས་འཁོར་གྱི་འདོན་རྟ་དབྱངས་གསུམ་དང་ཐིག་རྡུལ་ཚོན་སོགས་ཉིན་དུ་མར་གཤར་སྦྱང་གང་ལེགས་གནང་རྗེས། ཚེས་ཉེར་གསུམ་ཉིན་ནས་དཀྱིལ་འཁོར་གྱི་རྡུལ་ཚོན་བསྲེས་བ་དང་དུལ་བ། འཕུར་བ་སོགས་སྔོན་མའི་ཕྱག་སྲོལ་བཞིན་གྲ་སྒྲིག་གང་ལེགས་གནང་བར་བྱེད། 

གསུམ་པའི་ཚེས་གཉིས་ཉིན་གྱི་ཞོགས་པར་ས་ཆོག་པ་རྣམས་རྗེ་གསེར་སྡོང་ཆེན་མོའི་ནང་འཚོགས་ཏེ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཀྱི་ཆོ་གའི་གཙོ་གཏོར་དང་རྡོ་རྗེ་ཤུགས་ཀྱི་གཏོར་མ། སྲུང་མ་སྡེ་དྲུག་གི་གཏོར་མ། བུམ་གཏོར་དང་ཕུར་གཏོར་ལེགས་པར་བཞེངས་རྗེས། མཆོད་པ་མ་ཚང་བ་མེད་པ་བཀོད་ལེགས་ཤིང་གྲལ་དག་པར་བཤམས། 


7.jpg


      ཚེས་གསུམ་ནི་དུས་འཁོར་གྱི་ས་ཆོག་གི་ཉིན་ཡིན་པས་ཞོགས་པར་སྔ་མོར་འཚོགས།  རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་ཏེ་བཞུགས་པའི་གཡས་གཡོན་དུ་ས་ཆོག་པ་རྣམས་གྲལ་བྱས་ནས་འཁོད་དེ། ས་ཆོག་གི་དངོས་གཞིའི་རིམ་པ་འགོ་བཟུང་ནས་ཆོ་ག་རྒྱས་པ་དང་བཅས་ཉིན་དང་པོའི་བྱ་བ་འགྲུབ་པར་བྱེད། 

      ཚེས་བཞིའི་ཉིན་ཅུང་སྔར་བར་འཚོགས། རྡོ་རྗེ་སློབ་དཔོན་དང་ས་ཆོག་པ་རྣམས་རང་གྲལ་དུ་བཞུགས་ཏེ། དུས་འཁོར་གྱི་མདུན་བསྐྱེད་ཀྱི་ཆོ་ག་གཙོར་བཟུང་སྟེ་ལེགས་པར་གསུངས་རྗེས།  ཕྱི་དྲོ་ནས་དཀྱིལ་འཁོར་གྱི་རྡུལ་ཚོན་བཞེངས་རྒྱུ་འགོ་བཟུང་སྟེ་བདེ་ཆེན་འཁོར་ལོ་ཡོངས་སུ་འགྲུབ་པར་བྱེད་ལ། དེ་ནས་བཟུང་ཚེས་བཅུ་གསུམ་བར་དུ་སྔ་དྲོ་མདུན་བསྐྱེད་ཀྱི་ཆོ་ག་དང་ཕྱི་དྲོ་རྡུལ་ཚོན་བཞེངས་ཏེ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འགྲུབ་པར་བྱེད་པའོ། །  

      དེ་ནས་ཚེས་བཅུ་བཞིའི་ཕྱི་དྲོ་སྒྲུབ་མཆོད་ཀྱི་དངོས་གཞིའི་ཆོ་གའི་ཡར་ཚོགས་སམ་གྲལ་འཛིན་དུ་འཚོགས། རྣམ་དག་གངས་རི་མ་སོགས་གསུངས་རྗེས་གྲོལ།  ཚེས་བཅོ་ལྔའི་ཉིན་ནས་སྔ་བར་འཚོགས་ཏེ་དཔལ་དུས་ཀྱི་འཁོར་ལོའི་བདག་མདུན་བུམ་གསུམ། བདག་འཇུག་དང་བཅས་པ་རྒྱས་པའི་སྒོ་ནས་ཚེས་ཉེར་གཅིག་བར་དུ་གསུངས། ཉེར་གཅིག་ཉིན་ས་ཆོག་པ་རྣམས་ཀྱིས་ཚོགས་ཆེན་འདུ་ཁང་གི་ལྷས་སུ་དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཐབས་བཞེངས་ནས་འགྲུབ་པར་བྱེད། 

      ཚེས་ཉེར་གཉིས་ཉིན་གྱི་སྔར་མོར་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་གསུམ་ལས་ཐུགས་བསྐྱེད་ཀྱི་ཆོ་ག་རྒྱས་པར་གསུངས་ཚར་རྗེས། ཚོགས་ཆེན་དགེ་བསྐོས་སོགས་ཕེབས་ཏེ་སྙན་བསྐུལ་གནང་བར་བྱེད། དེ་ནས་སློབ་དཔོན་དང་ས་ཆོག་པ་རྣམས་ཚོགས་ཆེན་འདུ་ཁང་ཆེན་མོའི་ལྷས་སྐོར་དུ་སྦྱིན་སྲེག་གི་ཐབ་བཞེངས་ཡོད་སར་ཕེབས་ཏེ། སྦྱིན་སྲེག་གི་ཆོ་ག་རྒྱས་པར་གསུངས་རྗེས་གསེར་སྡོང་ཆེན་མོའི་ནང་དཀྱིལ་འཁོར་གྱི་ལྷའི་ཚོགས་ཐམས་ཅད་ལ་ཚོགས་རྒྱས་པར་བཤམས་ལ།  དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་མོ་གཤེགས་པར་བྱེད།


8.jpg


14.jpg


     ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་བླ་མ་མཆོད་པ་གསུངས་ཚར་རྗེས།  རྡོ་རྗེ་སློབ་དཔོན་གྱིས་ཆོས་གོས་སྣམ་སྦྱར་མནབས་ཏེ་བུམ་པ་རྟེན་ཁེབས་དང་བཅས་པ་བཏེགས་ནས་ས་ཆོག་པ་རྣམས་དང་བཅས་བདུད་རྩི་ཆབ་བྲན་སྟེ་ཀླུ་ཆོག་ལ་ཡར་ནང་དུང་ཆུའི་ཁར་ཕེབས།  ཀླུ་ཆོག་གསུངས་རྗེས་རྡུལ་ཚོན་རྡོ་རྗེ་སློབ་དཔོན་གྱིས་དུང་ཆུར་གཤེགས་པར་བྱེད། དུང་ཆུ་ལས་ཆུ་ཅུང་ཙམ་བུམ་པར་བསྣམས་ཏེ་ཕྱིར་གསེར་སྡོང་ཆེན་མོར་ཕེབས་རྗེས། སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནས་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་ཆོ་ག་དཔལ་ལྡན་བླ་མ་དམ་པའི་ཕྱག་རྗེས་བཞིན་ཡོངས་སུ་རྫོགས་པའོ། །སྒྲུབ་མཆོད་འདིའི་ཆོ་གའི་རིམ་པ་རྒྱས་པ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་མཆོག་གིས་མཛད་པའི༼བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་ཆ་ལག་དང་བཅས་པའི་ཕྱག་ལེན་གསལ་བར་བཀོད་པ་དྭངས་ཤེལ་མེ་ལོང་༽ཞེས་པར་གསལ་བས་དེ་རུ་གཟིགས་པར་ཞུ།

9.jpg


       བཞི་བ།  དཔལ་དུས་ཀྱི་འཁོར་ལོའི་ནང་དོན་དང་ཕན་ཡོན། 

      དུས་འཁོར་ཀྱི་ནང་དོན་ནི།  ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི། །ཞེས་གསུངས་པ་ལྟར།  དུས་འཁོར་ལ་ཕྱི་དུས་ཀྱི་འཁོར་ལོ་དང༌། ནང་དུས་ཀྱི་འཁོར་ལོ།  གཞན་དུས་ཀྱི་འཁོར་ལོ་བཅས་གསུམ་ཡོད་ལ།  དེ་ཡང་ཕྱི་དུས་ཀྱི་འཁོར་ལོ་ནི།  ཟླ་བ་བཅུ་གཉིས་དང་ཞག་མ་སུམ་བརྒྱ་དྲུག་ཅུ་སོགས་ནི་དུས་དང༌།  ལོ་འཁོར་གཅིག་ལ་དེ་དག་འཁོར་བས་དུས་འཁོར་ཞེས་བརྗོད་པ་དང༌། དེས་མཚོན་ནས་ཉི་ཟླ་རྒྱུ་སྐར་གྱི་འཁོར་ཚུལ་ཡང་དེའི་ནང་དུ་འདུས་ཡོད།  ནང་དུས་ཀྱི་འཁོར་ལོ་ནི་མིའི་ལུས་ཀྱི་རྩ་རླུང་ཐིག་ལེ་ཁམས་ལ་སོགས་པ་ཉིན་ཞག་གཅིག་ལ་དེ་དག་འཁོར་བས་ནང་དུས་ཀྱི་འཁོར་ལོ་ཞེས་བརྗོད།  གཞན་དུས་ཀྱི་འཁོར་ལོ་ནི་གཞལ་ཡས་ཁང་དང་ཡི་དམ་གྱི་ལྷ་ལ་སོགས་པ་ཟུང་དུ་འབྲེལ་ནས་གསང་སྔགས་ཀྱི་ལྷ་སྒོམ་ཚུལ་ལ་བཤད་པ་ཞིག་ཡིན།  ཡང་ན།  ཕྱི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འཁོར་ཚུལ་རྣམས་ནང་དུ་མིའི་ལུས་ཀྱི་འབྱུང་བ་ལྔ་དང་རྩ་རླུང་ཐིག་ལེ་བཅས་ཀྱི་ཆགས་ཚུལ་ངེས་ཅན་ཡོད་པ་དང་ཟུང་འབྲེལ་བྱས་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པ་ཡིན། 


10.jpg


      དེ་ལྟར་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་བརྟེན་ནས་བདག་ཉིད་འཇུག་ཅིང་ཉམས་སུ་བླངས་པ་ལས།  ལམ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ལ་དབང་བ་དང་།  ཐིག་ལེ་རིགས་བཞིའི་སྟེང་གི་མ་དག་པའི་སྒྲིབ་པ་བཞི་སྦྱངས་ནས་རྡོ་རྗེ་བཞི་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ལ།   ལྷག་པའི་ལྷ་ཡི་མཚན་མའི་མཐུས་གནས་སྐབས་བར་ཆད་ཞི་ཞིང་།  ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པ།  འཛམ་གླིང་ཡངས་པའི་ཁྱོན་ལ་ནད་མུག་འཁྲུག་རྩོད་སོགས་ཞི་ནས་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པ་དང་།  མཐར་ཐུག་ཕྱི་མར་རིག་འཛིན་གྱི་གནས་ཤམ་བྷ་ལའི་ཞིང་མཆོག་ཏུ་སྐྱེ་བའམ་རིགས་ལྡན་ཉེར་ལྔ་བ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་རྨག་མེད་དུ་བཅོམ་པའི་མཐར།  སླར་ཡང་སྔགས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའི་དུས་དེར་སྐྱེས་ནས་རིགས་ལྡན་དངོས་ལས།  དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་དང་བཅས་པའི་གསུང་གི་བདུད་རྩི་དངོས་མྱོང་བ་ལ་བརྟེན་ནས།  དཔལ་དང་པོའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པའོ།།

     བོད་རབ་རྒྱན་མེ་སྤྲེལ་ཏེ་ཕྱི་ལོ2018ལོའི་ཧོར་ཟླ3པའི་ཚེས15ཉིན། ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་ཡུལ་གངས་ལྗོངས་ཀྱི་ལུམྦིའི་དགའ་ཚལ་སྐུ་འབུམ་བྱམས་པ་གླིང་ནས་མཚམས་སྦྱར་བའོ།།  ཁ་དྲོ། 


11.jpg


12.jpg


13.jpg

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-6-18 07:38 , Processed in 0.277207 second(s), 21 queries .

返回顶部