博客西藏在最高处过一种生活

日志

༄༅།།དབྱངས་ཅན་ངག་གི་ལྷ་མོ་ལ་བསྟོད་པ་ཚིག་ག ...

已有 95 次阅读2018-6-9 08:18 |系统分类:文化


༄༅།།དབྱངས་ཅན་ངག་གི་ལྷ་མོ་ལ་བསྟོད་པ་ཚིག་གི་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།
རྩོམ་པ་པོ། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས།

 

      ༄༅།། ཨོཾ་བདེ་ལེགས་སུ་གྱུར་ཅིག དབྱངས་ཅན་ངག་གི་ལྷ་མོ་ལ་བསྟོད་པ་ཚིག་གི་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ། འདྲེན་མཆོག་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ།། སྐྱེ་མེད་དབྱིངས་ཀྱི་ན་ཆུང་བརྗོད་བྲལ་མ།། བཞིན་ལེགས་མུ་ཏིག་སྒེག་མོའི་ཟོལ་སྦྱོར་གྱིས།། སྲིད་གསུམ་མིག་གི་བདུད་རྩིར་འཕོས་སྙམ་པ།། དབྱངས་ཅན་ལྷག་པའི་ལྷ་མོ་གང་དེས་སྐྱོངས།། ཆུ་སྐྱེས་ལྟེ་བར་རོལ་བའི་ཕྲ་ལྡེམ་ལུས་དཀར་ཚོགས་གཉིས་སྨིན་པའི་མྱུ་གུ་མིན་ནམ་འདོད་པའི་ཉམས་ཀྱིས་ཅིའི་ཕྱིར་སྒེག། པདྨའི་བཞིན་ལ་གཡོ་བའི་དཀྱུས་རིང་ཟུར་མིག་གཏི་མུག་འབིག་པའི་ཉག་ཕྲན་མིན་ནམ་མཁྱེན་གཏེར་ཞལ་ལ་ཅིའི་ཕྱིར་འཕེན།། རབ་ཡངས་བྲང་ལ་རྒྱས་པའི་ནུ་འབུར་ཡིད་འོང་བདེ་ཆེན་སྩོལ་བའི་བུམ་བཟང་མིན་ནམ་མེ་ཏོག་རྒྱན་གྱིས་ཅིའི་ཕྱིར་སྒྲིབ།། རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་མ་ཁྱོད་རྒྱ་ཆེན་ཤེས་བྱའི་ལྷ་ལམ་ཡངས་པོར་བློ་གྲོས་དགུ་ཚིགས་ཞགས་པས་འཁྱུད་ནུས་མཛོད།། གནམ་སྔོན་དུམ་བུ་བཞུས་པའི་ཁུ་བས་མ་བརླན་མཐོན་མཐིང་རལ་བའི་སྐྱེད་ཚལ་གཞོན་ནུ་མུན་པ་བརྩེགས་པའི་མཆོད་སྡོང་མིན།། ཐུན་མཚམས་སྨུག་རྩིས་བཀྲུས་པའི་རླན་གྱིས་མ་བསྒོས་མཁུར་ཚོས་འདོད་པས་མྱོས་པའི་དམར་མདངས་ལི་ཁྲིས་སྦགས་པའི་འོ་མཚོ་མིན།། རྒྱུ་སྐར་ཚོམ་བུ་བསྟར་བའི་རྡུལ་ལས་མ་བསྐྲུན་ཚེམས་དཀར་མུ་ཏིག་ཕྲེང་བའི་མྱུ་གུ་ཟླ་གཞོན་བསྒྲིགས་པའི་སྐྱེད་ཚལ་མིན།། མཁྱེན་གཏེར་དཔའ་བོའི་དགྱེས་བསྐྱེད་མ་ཁྱོད་དཀའ་གནད་པད་གཞོན་འདབ་མའི་སྒོ་འཕར་རྣམ་དཔྱོད་འོད་སྣོན་ཐུར་མས་དབྱེ་ནུས་མཛོད།། དྲི་བྲལ་སྟོན་ཟླ་རྒྱས་པའི་དཔལ་འཕྲོག་མཚར་སྡུག་བཞིན་གྱི་དོ་ར་ཡངས་པོར་སྨིན་མ་གསར་བའི་འཁྲི་ཤིང་གནག་ལ་གུག། དཔག་བསམ་ཡལ་འདབ་གཞོན་ནུའི་དཔལ་འཕྲོག་མཉེན་ལེགས་སོར་མོའི་ལྕུག་ཕྲན་ལས་འོངས་སེན་མོ་རྒྱས་པའི་གཟི་འོད་དམར་ལ་སྣུམ།། བཀྲ་ཤིས་ཆོས་དུང་འཁྱིལ་བའི་དཔལ་འཕྲོག་སྲབ་མཉེན་སྙན་གྱི་སྒོ་འཕར་ཡོངས་མཛེས་གཟི་འབར་ནོར་བུའི་རྣ་ཆ་གསལ་ལ་འཚེར།། མཐོ་རིས་མེས་པོའི་སྲས་མཆོག་མ་ཁྱོད་སྐལ་བཟང་བྷྲ་མ་ར་ཡི་ཁྱུ་མཆོག་ལེགས་བཤད་སྦྲང་རྩིའི་ཆང་གིས་བསྐྱང་ནུས་མཛོད།། ཡིད་འོང་མཆུ་སྒྲོས་བྱུ་རུའི་སྒོ་འཕར་ཡིད་ཀྱི་བུང་བ་འགུགས་པའི་པད་གཞོན་ཡིན་ཡང་ཆགས་ལྡན་འདོད་པའི་ཚང་ཚིང་བསྲེག། སྤྱན་ཟུང་ཨུཏྤལ་སྔོན་པོའི་རོལ་རྩེད་དགའ་བདེའི་འདབ་སྟོང་འཛུམ་པའི་ཉི་འོད་ཡིན་ཡང་ནག་ཕྱོགས་སྙིང་གི་ཀུ་མུད་ཟུམ།། བརྩེ་ཆེན་ག་བུར་ཞགས་པའི་འཕྲུལ་འཁོར་རྒྱུད་ལྔའི་འགྲོ་ཀུན་སྡོམ་པའི་མུ་ཁྱུད་ཡིན་ཡང་སྐལ་བཟང་བློ་ཡི་ཆུ་གཏེར་སྤེལ།། དྲི་ཟའི་བུ་མོའི་ཁྱུ་མཆོག་མ་ཁྱོད་རྒོལ་ངན་བྲག་རིའི་བ་གམ་སྟུག་པོ་ལུང་རིགས་མེ་ཆར་རྩེད་འཇོས་གཞོམ་ནུས་མཛོད།། འཕུར་ལྡིང་བསེར་བུའི་ལྡིང་ཁང་དབུབ་ཕྱིར་ཨུཏྤལ་གདེངས་ཀའི་དྲི་བསུང་ཕོ་ཉས་བུང་བའི་ན་ཆུང་མགྲོན་དུ་བོས་ལགས་སམ།། འཆི་མེད་ནོར་བུའི་རྒྱན་མང་འཕྲོག་ཕྱིར་བཅུ་དྲུག་ལང་ཚོའི་འཛུམ་དཀར་ལྕགས་ཀྱུས་རྣམ་སད་གཞོན་ནུའི་ཡིད་དབང་འགུགས་ལགས་སམ།། རྒྱུད་སྟོང་འཕང་འགྲོའི་རྩེད་འཇོར་རོལ་ཕྱིར་སྙིང་གི་གདུང་སེལ་དགའ་མའི་ཟོལ་གྱིས་ཏམ་བུ་ར་དེ་དབྱིངས་ནས་སྦྲེང་ལགས་སམ།། སྨྲ་དབང་དན་ཌའི་གཙུག་རྒྱན་མ་ཁྱོད་སྙན་ཚིག་མུ་ཏིག་དཀར་པོའི་མགུལ་རྒྱན་བློ་གསལ་སྒེག་མོའི་དཔལ་དུ་སྤེལ་ནུས་མཛོད།། རྣམ་བཀྲ་འཇའ་ཚོན་ཡོལ་བའི་མདངས་འཕྲོག་འཇམ་མཉེན་ལྷ་རྫས་གོས་ཀྱིས་ཉེར་བཀླུབས་དབྱིབས་ལེགས་དགའ་བའི་རོ་སྨད་ཟླུམ་ཞིང་རྒྱས།། དྲིལ་གཡེལ་སྙན་པའི་ཅ་ཅོ་བཞད་ལྡན་རིན་ཆེན་འོག་པག་དྲ་བས་ཡོངས་འཁྱུད་ཡིད་འཕྲོག་མཛེས་པའི་སྐེད་སྐབས་ཕྲ་ཞིང་ལྡེམ།། ལང་ཚོའི་འཛུམ་བག་ཁོང་ནས་ངོམ་པའི་མུ་ཏིག་ཆུན་པོ་སྟོང་གིས་ལེགས་སྤུད་གཞོན་ཤ་རྒྱས་པའི་སྐུ་སྟོང་དཀར་ཞིང་འཇམ།། མཁས་མཆོག་བྱེ་བའི་གཉེན་གཅིག་མ་ཁྱོད་འཇམ་མགོན་ལུང་རྟོགས་བསྟན་པའི་གདུགས་དཀར་བཤད་སྒྲུབ་དཔུང་བའི་ཤུགས་ཀྱིས་འདེགས་ནུས་མཛོད།། གསེར་སྦྱང་རྐང་གདུབ་སིལ་སིལ་སྒྲ་ཡིས་འཕགས་རྣམས་ཞི་བའི་དབྱིངས་ལས་གཡོ་བས་དགོས་སམ་ཙོག་པུའི་ཉམས་ཀྱིས་ཅིའི་ཕྱིར་སྒེག། དྲུག་ལྡན་མགྲིན་པའི་ལྷང་ལྷང་གླུ་ཡིས་དྲི་ཟའི་བུ་མོའི་འཁོར་ཚོགས་སྐྱོངས་ཀྱིས་དགོས་སམ་བཻཌཱུར་རྒྱུད་སྟོང་ཅིའི་ཕྱིར་སྒྲོག། མཚར་སྡུག་སྒེག་མོའི་མཛེས་མཛེས་དཔལ་གྱིས་དྲང་སྲོང་རྒན་པོའི་དཀའ་ཐུབ་ཉམས་ཀྱིས་དགོས་སམ་འོད་ཀྱི་གུར་ཁང་ཅིའི་ཕྱིར་ཕུབ།། སྐལ་བཟང་མགྲིན་པའི་སྒོ་འབྱེད་མ་ཁྱོད་ཡབ་རྗེའི་ཕྲིན་ལས་སྣང་བརྒྱའི་ཁོར་ཡུག་སྙིང་སྟོབས་རྟ་ལྗང་ཤུགས་ཀྱིས་འདྲེན་ནུས་མཛོད།། དགེ་འདིའི་མ་འོངས་ཚེ་རབས་པད་དཀར་ཕྲེང་།། མ་ཁྱོད་བྱིན་རླབས་འོད་བརྒྱས་ཉེར་བསྐྱངས་པས།། རྣམ་དཔྱོད་འདབ་མའི་སྒོ་འཕར་ཡོངས་ཕྱེས་ཏེ།། སྙན་ངག་སྦྲང་རྩིའི་འཛུམ་བག་རྒོད་གྱུར་ཅིག། ཁེངས་ལྡན་ལྔ་ཕྲག་རིག་པའི་མཛེས་དགའ་མ།། མཁྱེན་དཔྱོད་ལང་ཚོའི་དཔལ་ལ་ཉེར་ཆགས་ནས།། བདག་བློའི་ཁྱེའུ་ཆུང་དགའ་བདེས་མྱོས་བྱེད་པའི།། འབྲལ་མེད་གཏན་གྱི་མཛའ་མོ་འཐོབ་གྱུར་ཅིག། སྐྱེས་སྦྱངས་བློ་གྲོས་ལུས་རྩལ་ཁོང་ནས་རྫོགས།། འབུམ་ཕྲག་གཞུང་ལུགས་རལ་བའི་ཁུར་གྱིས་བརྗིད།། དགག་སྒྲུབ་རིག་པའི་སྤར་ཕྲེང་གཡོ་བ་ཅན།། རྒྱལ་སྲས་སྨྲ་བའི་སེང་གེར་བདག་གྱུར་ཅིག། དེ་ཚེ་རྒོལ་ངན་གཉིས་འཐུང་འབུམ་སྡེ་ཡི།། དམ་ཉམས་མྱོས་བུམ་ཅིག་ཅར་རལ་བྱེད་པའི།། འཇིགས་མེད་ལེགས་བཤད་གསར་བའི་གད་རྒྱངས་སྟོང་།། སྐལ་བཟང་རྣ་བའི་དཔལ་དུ་བཞད་གྱུར་ཅིག། བློ་བཟང་མཁྱེན་པའི་འོ་མཚོ་ལས་འོང་བའི།། འཁྲུལ་བྲལ་གཞུང་ལུགས་མུ་ཏིག་དཀར་པོའི་འཛུམ།། བདག་སྙིང་སྒེག་མོའི་མགུལ་ལས་གཡོ་མེད་པར།། ཕན་བདེའི་གཟི་འོད་ཁོང་ནས་འབར་གྱུར་ཅིག། མ་སྨད་བསོད་ནམས་དབྱིག་འཛིན་ལྟོ་བའི་ཡོལ་གོར་རྣམ་དཔྱོད་འོ་མའི་ཆུ་གཏེར་རབ་འཁྱིལ་བ།། འཇམ་མགོན་མཁྱེན་ཡངས་སྤྲིན་གྱི་ལྡིང་ཁང་ལས་འཕོས་ལེགས་བཤད་སྦྲང་ཆར་དལ་གྱིས་རབ་འཕེལ་ཞིང་།། དད་གུས་དྲི་བཞོན་ཕྲེང་བས་དཔལ་གྱིས་ཉེར་བསྐུལ་བསྟོད་བསྔགས་གཉེར་མའི་འཁྲི་ཤིང་གཡོ་བ་ལས།། སྙན་ངག་མུ་ཏིག་ལྦུ་བའི་འཛུམ་དཀར་བཞད་འདི་མཚུངས་མེད་བླ་མའི་བཀའ་དྲིན་ཁོ་ན་ལགས།། 
      ༄༅།། གསུང་རབ་ནོར་བུའི་འཁྲི་ཤིང་རྩེར།། སྙན་ཚིག་མེ་ཏོག་བཞད་པ་གང་།། རྣམ་དཔྱོད་སོར་མོས་ལེགས་བཏུས་ནས།། ཚིག་གི་སྲད་བུར་བསྟར་འདིའོ།། འཁྱོག་ལྡན་གནག་སྣུམ་སྨིན་མ་ཡངས་པའི་དོ་ར་ཉིད་ཡིན་མུན་པའི་འཁྲི་ཤིང་བཀུག་པའི་དབང་གཞུ་མིན།། གཡོ་ལྡན་དཀྱུས་རིང་ཟུར་མིག་བུང་བའི་རོལ་རྩེད་ཉིད་ཡིན་འཕུར་ལྡིང་རླུང་གིས་བསྐྱོད་པའི་ཨུཏྤལ་མིན།། མདངས་ལྡན་དཀར་གསལ་ཚེམས་ཕྲེང་གསར་བའི་མྱུ་གུ་ཉིད་ཡིན་མུ་ཏིག་འཛུམ་དཀར་རྒོད་པའི་སྐྱེད་ཚལ་མིན།། བཞད་ལྡན་འཁྱིལ་ལེགས་སྒྲ་འཛིན་འདབ་བརྒྱའི་སྒོ་འཕར་ཉིད་ཡིན་དཔག་བསམ་ཡལ་འདབ་གཞོན་ནུའི་བསིལ་ཡབ་མིན།། རྗེས་ཆགས་ཟུར་མིག་གཡོ་བའི་ཉ་རྒྱས་དཀྱིལ་འཁོར་སྲིད་དམ་ཡིད་འཕྲོག་ལང་ཚོ་དར་བའི་འཛུམ་ཞལ་ལོ།། འདོད་པའི་ནུ་འབུར་རྒྱས་པའི་མུ་ཏིག་འཁྲི་ཤིང་སྲིད་དམ་ཕྲ་ལྡེམ་ཉམས་ཀྱིས་སྒེག་པའི་མཛེས་སྐུའོ།། བཻཌཱུརྱ་རྒྱུད་མང་འཁྲོལ་བའི་ཤེལ་གྱི་ལྕུག་ཕྲན་སྲིད་དམ་མཉེན་ལེགས་རིམ་གྱིས་གཞོལ་བའི་ཕྱག་སོར་རོ།། ཟླ་ཕྱེད་གཞོན་ནུས་འཁྱུད་པའི་མུན་པའི་མཆོད་སྡོང་སྲིད་དམ་མཐོན་མཐིང་ལན་བུ་འཕྱང་བའི་ཟུར་ཕུད་དོ།། ཟླུམ་ཞིང་རྒྱས་པའི་འགྲམ་པ་གདོང་ལྔའི་དབང་བོའི་རྗེས་འགྲོ་འོན་ཀྱང་འདོད་པས་མྱོས་པའི་མཁུར་ཚོས་གསལ།། དྲ་བས་འབྲེལ་བའི་སོར་མོ་ངང་བའི་རྗེས་འགྲོ་འོན་ཀྱང་རྩིབས་སྟོང་འཁོར་ལོའི་རི་མོ་བཀྲ། བགས་ཀྱིས་ཕྲ་བའི་བྱིན་པ་ཨེ་ན་ཡ་ཡི་རྗེས་འགྲོ་འོན་ཀྱང་ལྷ་རྫས་གསལ་བའི་གོས་ཀྱིས་བཀླུབས།། ཆུ་ཞེང་གབ་པའི་ལུས་དཀར་ན་ཡ་གྲོ་དའི་རྗེས་འགྲོ་འོན་ཀྱང་རྨད་བྱུང་མཚན་དཔེའི་འཇོ་སྒེག་བཞད།། དུམ་བུར་གཏུབས་པའི་ཐུན་མཚམས་སྨུག་རྩི་ཕྲེང་བར་སྤེལ་མིན་མདོག་སྣུམ་སེན་མོ་རྒྱས་པའི་དམར་བའོ།། བསྟར་ལ་བརྒྱུས་པའི་རྒྱུ་སྐར་ཚོམ་བུ་ས་ལ་འཕོས་མིན་གཟི་འབར་མུ་ཏིག་གསར་བའི་ཆུན་འཕྱང་ངོ་།། ཟླུམ་པོར་བཀུག་པའི་འོད་ཀྱིས་ཐུར་མས་སིལ་སྙན་སྒྲོག་མིན་འཛམ་བུའི་གསེར་སྦྱང་བཙོ་མའི་གདུབ་ཀོར་རོ།། ཐགས་སུ་བསྐྲུན་པའི་དབང་གཞུའི་རི་མོ་ཡོལ་བར་བྲེས་མིན་འཇམ་མཉེན་ལྷ་རྫས་གསར་བའི་ག་ཤལ་ལོ།། སྐུ་སྟོད་ཡངས་པའི་འགྲན་ཟླ་རིན་ཆེན་རི་བོའི་ངོས་ཀྱིས་མ་བཟོད་གསེར་རིའི་ཕག་ཏུ་གཞོལ་ལགས་སམ།། ཕྱག་ཟུང་མཉེན་པའི་འགྲན་ཟླ་གཉིས་འཐུང་དབང་བོའི་སྣ་ཡིས་མ་བཟོད་ཛ་ཏིའི་སྐྱེད་ཚལ་བསྙེག་ལགས་སམ།། ཞབས་མཐིལ་མཉམ་པའི་འགྲན་ཟླ་རུས་སྦལ་རྒྱལ་པོའི་ལྟོ་བས་མ་བཟོད་བས་མཐའི་ནགས་སུ་བྲོས་ལགས་སམ།། མགྲིན་པ་ཟླུམ་པའི་འགྲན་ཟླ་བཀྲ་ཤིས་བུམ་པའི་མགུལ་གྱིས་མ་བཟོད་དར་གྱིས་ཆུན་པོས་དཀྲིས་ལགས་སམ།། འཇིག་རྟེན་དབང་ཕྱུག་མཆེ་བའི་དཔལ་ལས་འཕོས་ན་མེས་པོ་གདོང་བཞིའི་སྲས་མོ་ལུས་དཀར་མ་དེ་ཅི།། མཁྱེན་གཏེར་གཞོན་ནུས་རོལ་བའི་དགའ་མར་གྲགས་ན་དམ་བུ་ར་ཡི་ཆུང་མ་ཡིད་འགུགས་མ་དེ་ཅི།། རྒྱལ་ཀུན་སྲས་སུ་བསྐྲུན་པའི་ཡུམ་དུ་གྲགས་ན་དྲི་ཟའི་བུ་མོའི་ཁྱུ་མཆོག་དབྱངས་སྙན་མ་དེ་ཅི།། སྒྲིབ་བྲལ་ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས་ན་ཆུ་གཏེར་ཀློང་ནས་རྙེད་པའི་འཛུམ་ལྡན་མ་དེ་ཅི།། མཁས་དབང་མཁའ་ལྡིང་གཤོག་རྩལ་ལ།། ཉམ་ཆུང་བུང་བའི་འདབ་ཟུང་གིས།། འགྲན་ནུས་མིན་ཡང་འགྲན་བཞིན་དུ།། སྙན་ངག་མཁའ་ལ་རྩེད་འཇོ་བྱས།། ཉོན་མོངས་རེག་པའི་གདུང་སྐྱོབ་ཁྱོད་ཞབས་སྤྲིན་སྔོན་ཕྲེང་བའི་ཁོར་ཡུག་ནས།། བྱིན་རླབས་ཆར་རྒྱུན་དགོས་འདོད་བྱེ་བའི་རྩེད་འཇོར་བརྩེ་ཆེན་རླུང་གིས་གཙུབ་པའི་ཆ་ཤས་ཀྱིས།། རྣམ་དཔྱོད་ལྷོ་མོན་གཡུ་ཡི་ནགས་ཚལ་ལས་འཕོས་སྙན་ངག་མགྲིན་པའི་ཁུ་བྱུག་མྱོས་པའི་མོད།། བློ་གསལ་རི་སྐྱེས་བུ་མོའི་རྣ་བའི་སྦྲང་རྩིར་བསྟོད་བསྔགས་འགྲམ་པའི་གདངས་སྙན་འདི་བཞད་དོ།།
     ༄༅།། ན་མོ་གུ་རུ་ཀཱིརྟི་བྷདྲ་ཡ།། གདོང་བཞིའི་སྲས་མོ་མུ་ཏིག་འོད་ལྡན་མ།། མཁྱེན་གཏེར་དཔའ་མོ་སྙིང་གི་དབུལ་སེལ་མ།། ཟླ་བའི་སྲིང་མོ་ནང་གི་སྣང་བྱེད་མ།། མ་གཅིག་ལྷ་མོ་དབྱངས་ལྡན་མ་མ་ཀྱེ།། སྣང་བརྒྱས་ཕྱེ་མིན་སིན་དྷུ་ཝ་རའི་སྒོ།། ན་ཆུང་འགྲམ་ཆུས་བརླན་པའི་འཛུམ་བག་བཞིན།། བགྲང་ཡས་རྒྱལ་བའི་གདུལ་བྱར་མ་ཆུད་པ།། བདག་ལ་བློ་གྲོས་དབུགས་འབྱིན་མ་ཡིས་མཛོད།། ཕྲ་ལྡེམ་ལུས་དཀར་ན་ཆུང་ཉམས་ཀྱིས་སྒེག། ཟླ་རྒྱས་བཞིན་ལ་དཀྱུས་རིང་འདྲེན་བྱེད་གཡོ།། པད་གཞོན་མཆུ་དབུས་ཚེམས་ཕྲེང་གེ་སར་གསལ།། རྨད་བྱུང་ལང་ཚོའི་དཔལ་འཛིན་མ་མ་ཀྱེ།། བུང་བུས་སྦྲང་རྩི་འཐུང་བའི་མགྲིན་རྔ་ལས།། འཕོས་པའི་དབྱངས་སྙན་འདམ་སྐྱེས་དོ་རར་བཞིན།། ཟབ་དོན་བདུད་རྩིའི་མཛོད་ལ་དབང་བསྒྱུར་ནས།། ལེགས་བཤད་འཕྲུལ་གྱི་དགའ་སྟོན་འགྱེད་ནུས་མཛོད།། མཉེན་ལེགས་སྙན་ཤལ་གཟི་དབང་ནོར་བུས་སྤྲས།། རབ་རྒྱས་ནུ་འབུར་མུ་ཏིག་དྲ་བས་ཁེབས།། དཀར་འཇམ་ཕྱག་ཞབས་གསེར་སྦྱང་གདུ་བུས་འཁྱུད།། རྣམ་མང་རིན་ཆེན་རྒྱན་ལྡན་མ་མ་ཀྱེ།། དམར་སེར་གློག་ཕྲེང་གཡོ་བའི་སྤྲིན་རུམ་ནས།། འཕོས་པའི་གནམ་ལྕགས་བྲག་རིའི་མགུལ་ལ་བཞིན།། དཔྱད་གསུམ་ལས་འོངས་རིགས་པའི་ཞུགས་ཕྲེང་གིས།། ལོག་རྟོག་ཧ་ལའི་ཚང་ཚིང་མཐར་བྱེད་མཛོད།། པད་ཟླའི་གདན་ལ་ཙོག་པུའི་སྟབས་ཀྱིས་རོལ།། དབུ་སྐྲ་ཕྱེད་བཅིངས་ལྷག་མས་སྐུ་རྒྱབ་ཁེབས།། མཉེན་ལྕུག་ཕྱག་གཉིས་རིན་ཆེན་རྒྱུད་མང་འཁྲོལ།། སྒྱུ་རྩལ་བྱེ་བའི་མཛོད་འཛིན་མ་མ་ཀྱེ།། སྔོ་བསངས་ལྟོ་བའི་ཁོར་ཡུག་ཡོངས་འཁྱུད་པའི།། སྤྲིན་གྱི་རྫ་རྔ་རྨ་བྱའི་སྙིང་ལ་བཞིན།། སྙན་ཚིག་སྡེབ་སྦྱོར་ཁུ་བྱུག་འགྲམ་པའི་གདངས།། བློ་གསལ་རི་སྐྱེས་རྣ་བའི་གསོས་འགྱུར་མཛོད།། གཉིས་སྣང་དབྱིངས་སུ་ནུབ་བཞིན་ཆོས་ཀུན་གཟིགས།། སྙིང་རྗེའི་གཞན་དབང་གྱུར་བཞིན་རང་དོན་རྫོགས།། འབད་རྩོལ་མཚན་མ་བྲལ་བཞིན་གཞན་དོན་མཛད།། སྒེག་མོ་གཞན་ལས་ཁྱད་འཕགས་མ་མ་ཀྱེ།། སྲིད་པའི་བདེ་ལ་ཞེན་ལོག་ངེས་འབྱུང་དང་།། གཞན་དོན་ཁུར་འཁྱེར་རིན་ཆེན་བྱང་ཆུབ་སེམས།། བདེན་འཛིན་མཚང་ཕུགས་དྲུངས་འབྱིན་ཡང་དག་ལྡན།། བདག་རྒྱུད་གཏན་གྱི་མཛའ་བོར་ཡོངས་འཐོབ་མཛོད།། མུ་ཏིག་འཛུམ་ལྡན་ངག་ལ་འདོད་པ་འཇོ་བའི་མ་མ་ཀྱེ།། འཛམ་བུའི་གདུབ་ཀོར་སིལ་སིལ་འཁྲོལ་བའི་དཀར་འཇམ་ཞབས་སྐྱེས་ཕྲེང་།། གུས་ལྡན་མགྲིན་པའི་པད་མཚོ་འདི་རུ་དལ་གྱིས་མི་འགོད་ན།། མ་ཁྱོད་ལྷག་པའི་ལྷ་མོ་གཅིག་པུར་རིང་ནས་བསྟེན་པས་ཅི།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་རྩོམ་རིག་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-17 03:24 , Processed in 0.294601 second(s), 21 queries .

返回顶部