博客西藏在最高处过一种生活

日志

༄༅།།བུ་ལོན་འདེད་སྐབས་ཀྱི་མཉམ་འཇོག་བྱེད་ད ...

已有 216 次阅读2018-3-14 10:50 |系统分类:法律


༄༅།།བུ་ལོན་འདེད་སྐབས་ཀྱི་མཉམ་འཇོག་བྱེད་དགོས་ས་འགའ།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 


      དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བུ་ལོན་ཐད་ཀྱི་རྩོད་གཞི་མང་པོ་འབྱུང་བཞིན་ཡོད། དཔེར་ན། དངུལ་ཁང་ནས་དངུལ་བུན་བླངས་རྗེས་སྐྱིན་ཚབ་མི་འཇལ་བ་དང་ཡང་ན་མི་གཞན་གྱི་ལག་ནས་སྒོར་མོ་བསྐྱིས་རྗེས་སྐྱིན་ཚབ་མི་འཇལ་བ་སོགས་ཀྱི་གནས་ཚུལ་མང་པོ་ཡོད། དེ་ན་བུ་ལོན་འདེད་སྐབས་ཁྲིམས་དང་མཐུན་ལ་ནུས་པ་ལྡན་པ་ཞིག་ཇི་ལྟར་བྱེད་དགོས་ཤེ་ན།
      ཁྲིམས་མཐུན་སྒོས་བུ་ལོན་འདེད་པར་ཐོག་མར་ཆ་རྐྱེན་འདི་དག་ཚང་དགོས་པ་སྟེ། 
    (གཅིག)ཕྱོགས་གཉིས་ཀའི་བར་ན་བུ་ལོན་ཡོད་པའི་དཔང་རྟགས་ཡོད་དགོས།  དཔེར་ན་བསྐྱིས་ཡིག་དང་ཉོ་ཚོང་གན་རྒྱ། ཚོང་ཟོང་བསྐྱལ་བའི་འཛིན་ཡིག དངུལ་ཁང་གི་ཟིན་ཐོ།  བལྟ་བྱ་དང་མཉན་བྱའི་དཔྱད་གཞི་སོགས་ཀྱི་དཔང་རྟགས་གང་རུང་ཞིག་གིས་ཕྱོགས་གཉིས་ཀའི་བར་ན་བུ་ལོན་ཡོད་པ་བདེན་དཔང་བྱེད་དགོས། 
    (གཉིས།)བུ་ལོན་འཇལ་མཁན་དེའི་གཞི་རྩའི་གནས་ཚུལ་ཤེས་དགོས། དེང་སྐབས་ཀུང་སི་ཁ་ཁར་གཏོང་བ་དང་ཟླ་སྒྲིལ་བྱེད་པ་སོགས་ཀྱི་གནས་ཚུལ་ཧ་ཅང་རྒྱུན་མཐོང་ཡིན་པས། ཀུང་སི་མི་ཉུང་བ་ཞིག་གིས་ཁ་ཁར་གཏོང་བ་དང་ཟླ་སྒྲིལ་བྱེད་པའི་ཞོར་དུ་ཀུང་སིའི་མིང་དང་ས་གནས་བསྒྱུར་ཏེ།  བུན་བདག་གིས་ཁོ་ཚོ་བཙལ་ན་མི་རྙེད་པའི་བྱེད་ཐབས་ཀྱིས་བུ་ལོན་ལ་གཡོལ་གྱིན་ཡོད། སྤྱི་དམངས་ཁ་ཤས་ཀྱིས་ཀྱང་སྡོད་གནས་དང་དུད་ཐོ་བསྒྱུར་ཏེ།  བུ་ལོན་ལ་གཡོལ་བ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་རེད། དེ་བས་བུན་བདག་གིས་ངེས་པར་དུ་བུ་ལོན་འཇལ་མཁན་གྱི་མི་དེའི་གནས་ཚུལ་དང་ཆ་འཕྲིན་ངེས་ཅན་ཞིག་ཤེས་དགོས།
    (གསུམ།)བུ་ལོན་འཇལ་མཁན་གྱི་རྒྱུ་ནོར་དང་ཡོང་འབབ་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས།  བུ་ལོན་འཇལ་མཁན་མང་ཤས་ཀྱིས་རྒྱུན་དུ་བུན་འཇལ་ནུས་པ་མེད་པར་ཁ་གཡར་ཏེ་བུ་ལོན་མི་འཇལ་བ་རེད་མོད།  འོན་ཀྱང་དོན་དངོས་སུ་རྒྱུ་ནོར་སྦས་སྐུང་བྱེད་པའི་གནས་ཚུལ་ཧ་ཅང་མང་པོ་ཡོད།  བུ་ལོན་ཆད་པའི་ཀུང་སི་དེའི་ནོར་དོན་གནས་ཚུལ་རྒྱུས་ལོན་བྱེད་དཀའ་ན། དེའི་བདག་གཉེར་གནས་ཚུལ་དང་དེའི་ལས་བཟོ་པའི་ཡོང་འབབ་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆོག་པ་དང་། བུ་ལོན་ཆད་པའི་རང་བྱུང་མིའི་དཔལ་འབྱོར་གནས་ཚུལ་རྒྱུས་ལོན་བྱེད་དཀའ་ན། དེའི་ལས་གྲོགས་རྣམས་ཀྱི་ཡོང་འབབ་གནས་ཚུལ་དང་དེའི་ཁྱིམ་ཚང་གི་འཛད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆོག 
    (བཞི།)ཞུ་གཏུག་གོ་ཆོད་དུས་ཡུན་ལ་མཉམ་འཇོག་བྱེད་དགོས། ཞུ་གཏུག་དུས་ཡུན་མཚམས་བཅད་པའི་དཔང་རྟགས་ཉར་ཚགས་བྱེད་དགོས།《དམངས་ཁྲིམས་སྤྱིའི་རྩ་དོན》ནང་དུ“མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་རེ་འདུན་ཞུ་བའི་ཞུ་གཏུག་དུས་ཡུན་ནི་ལོ་གཉིས་ཡིན་པ་དང་། བཅའ་ཁྲིམས་ཀྱི་སྟེང་དུ་གཏན་འཁེལ་གཞན་པ་ཡོད་པ་ཕུད་དགོས”ཞེས་གཏན་འཁེལ་བྱས་ཡོད། དུས་ཡུན་དེ་ནི་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཤེས་པའམ་ཡང་ན་ཤེས་འོས་པའི་དུས་དེ་ནས་བཟུང་བརྩི་དགོས། བུ་ལོན་གྱི་གནད་དོན་ཐད་ནས་བཤད་ན། བུ་ལོན་གྱི་དུས་ཡུན་ལོངས་ནའང་ཅིག་ཤོས་དེས་སྐྱིན་ཚབ་མི་འཇལ་བའི་དུས་དེ་ནས་བཟུང་བརྩི་དགོས།
      འོ་ན་ཇི་ལྟར་ནུས་ལྡན་སྒོས་བུ་ལོན་འདེད་དགོས་ཞེ་ན། གཤམ་གྱི་བྱེད་སྟངས་གཉིས་ཡོད་དེ། 
      དང་པོ། ཕྱོགས་གཉིས་ཀས་སྐྱིན་ཚབ་སྤྲོད་རྒྱུའི་གྲོས་འཆམ་བཞག་ཆོག གལ་ཏེ་ཅིག་ཤོས་དེས་བུ་ལོན་ཡོད་པ་ཁས་བླངས་རྗེས་ཁ་གཡར་ས་མང་པོ་བཙལ་ཏེ་འགོར་འགྱངས་བྱས་ན།དེ་དང་སྐྱིན་ཚབ་འཇལ་བའི་ཐད་ཀྱི་གྲོས་འཆམ་བཞག་ཆོག་པ་དང་གྲོས་འཆམ་གྱི་སྟེང་དུ་སྐྱིན་ཚབ་འཇལ་སྟངས་དང་འཇལ་བའི་དུས་ཡུན་སོགས་གསལ་པོར་འགོད་དགོས། གལ་ཏེ་ཆ་རྐྱེན་ལྡན་ན་ད་རུང་དུས་ཡུན་ལོངས་རུང་སྐྱིན་ཚབ་མ་འཇལ་ན་ཁྲིམས་ཁང་ལ་གཏུགས་ནས་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་ཁ་ཆད་བཞག་ཆོག དུས་ཡུན་ལོངས་རྗེས་དངོས་གནས་མི་འཇལ་བ་ཡིན་ན། བུན་བདག་གིས་ཁ་ཆད་ཡི་གེ་དེ་བཟུང་ནས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དགོས་པའི་རེ་འདུན་བཏོན་ཆོག དེ་ལྟར་བྱས་ན་ཞུ་གཏུག་གི་གོ་རིམ་སྟབས་བདེ་རུ་བཏང་བར་མ་ཟད་དུས་ཚོད་དང་སྒོར་མོ་ཡང་གྲོན་ཆུང་བྱེད་ཐུབ། 
      གཉིས་པ། ཞུ་གཏུག་མ་བྱས་སྔོན་གྱི་ཉིན་བཅོ་ལྔ་དང་ཡང་ན་ཞུ་གཏུག་བྱེད་པ་དང་མཉམ་དུ་རྒྱུ་ནོར་གེགས་སྲུང་བྱེད་དགོས། རྒྱུ་ནོར་གེགས་སྲུང་ཞེས་པ་ནི་ཞུ་གཏུག་གི་སྔོན་དང་ཡང་ན་དུས་མཉམ་དུ་ཁྲིམས་ཁང་ལ་ཅིག་ཤོས་དེའི་རྒྱུ་ནོར་བཀག་ཉར་དང་བཀག་སྐྱིལ། བཀག་སྡོམ་བཅས་བྱེད་དགོས་པའི་རེ་འདུན་ཞུས་ཏེ། རེ་འདུན་ཞུ་མཁན་དེ་ཞུ་གཏུག་ལས་རྒྱལ་རྗེས་ཐག་གཅོད་ལག་བསྟར་བྱེད་པར་ཁག་ཐེག་བྱེད་ཆོག
      དངོས་ཡོད་འཚོ་བའི་ཁྲོད་དུ། བུ་ལོན་ཁ་ཤས་ཤིག་རྒྱུ་རྐྱེན་རྙོག་འཛིང་ཡིན་པའི་དབང་གིས། ཁྲིམས་མཐུན་སྒོས་འདེད་པའི་ཆ་རྐྱེན་མི་ལྡན་པ་རེད། བུ་ལོན་དེའི་རིགས་ལ་བུན་བདག་གིས་འདེད་པའི་གོ་རིམ་ཁྲོད་ཐབས་ཤེས་ནུས་ལྡན་སྤྱོད་པར་དེ་བས་ཀྱང་མཉམ་འཇོག་བྱེད་དགོས། ངེས་པར་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས། གལ་ཏེ་མི་གཞན་གླས་ཏེ་བུ་ལོན་འདེད་དུ་འཇུག་ན་གནས་བབ་ལ་ཚོད་འཛིན་གང་ལེགས་བྱེད་དགོས།  དེའི་རྐྱེན་གྱིས་བྱ་བ་མ་བསྒྲུབས་པའི་སྔོན་ལ་ངེས་པར་བཅའ་ཁྲིམས་ཐད་ཀྱི་ཆེད་ལས་མི་སྣར་བློ་འདྲི་བྱས་ཏེ།  མཇུག་འབྲས་ངན་པ་འབྱུང་བར་གཡོལ་དགོས་སོ། །

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-12 19:44 , Processed in 0.276486 second(s), 21 queries .

返回顶部