博客西藏在最高处过一种生活

日志

༄༅།།ཁྲིམས་ལུགས་རབ་འབྱམས་པ་རིན་ཆེན་མཚོ། ... ...

已有 118 次阅读2018-3-11 09:48 |系统分类:文化


༄༅།།ཁྲིམས་ལུགས་རབ་འབྱམས་པ་རིན་ཆེན་མཚོ།

 --ཁྲིམས་ལུགས་རབ་འབྱམས་པ་རིན་ཆེན་མཚོ་ཡིས་ཁྲིམས་འཛིན་རྒྱུགས་གཞིའི་སྐར་འབྲས་གཡུར་དུ་ཟ་བ་བླངས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

       རིན་ཆེན་མཚོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་རབ་འབྱམས་པའི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་ལ། མོ་ནི་ཆུང་དུས་ནས་རེབ་གོང་སྨད་ཕྱོགས་ཀྱི་གྲོང་གསེབ་སློབ་གྲྭ་ཁྱུང་བོ་སློབ་ཆུང་དང་།  རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་བོད་ཡིག་འཛིན་གྲྭ་སོགས་འགྲིམས་ནས་ཕ་སྐད་གཙོ་བོ་ཡིན་པའི་སྐད་གཉིས་སློབ་གསོས་བསྐྱངས་ཏེ་ནར་སོན་པས།  ཆུང་ངུ་ནས་བོད་རྒྱ་ཡིག་རིགས་གཉིས་ལ་དགའ་ཞེན་ཆེ་ཞིང་རྨང་གཞི་བརྟན་པའི་བོད་རིགས་སློབ་མ་ཞིག་ཡིན།2014ལོ་སྟེ་སློབ་ཆེན་ལོ་རིམ་བཞི་བའི་སྐབས་སུ་མོ་རང་རྒྱ་ཡིག་གི་ཁྲིམས་འཛིན་རྒྱུགས་གཞིར་ཞུགས་ཏེ།  རྒྱལ་ཁབ་རིམ་པའི་ཚད་རིམ་Cཡི་འཛིན་ཡིག་བླངས་པ་དང་།  ད་ལོར་ལོ་གཅིག་གི་དངོས་སྦྱོང་ལས་རིམ་རྫོགས་ཏེ་ཁྲིམས་རྩོད་པའི་ལག་ཁྱེར་ཡི་གེ་བླངས།  ལྷག་པར་དུ་ད་ལོའི་ཟླ་དགུ་བར་བོད་ཡིག་གི་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་འཛིན་རྒྱུགས་གཞིར་ཞུགས་ནས་རྒྱལ་ཁབ་རིམ་པའི་ཚད་རིམ་Aཡི་འཛིན་ཡིག་བླངས་འདུག 

微信图片_20171129141305.jpg

       སྤྱིར་ཁྲིམས་འཛིན་རྒྱུགས་གཞི་ནི་རྒྱལ་ཁབ་རིམ་པའི་ཁྲིམས་ལུགས་རྒྱུགས་གཞི་ཞིག་ཡིན་ལ།  ལོ་རེ་རེའི་ཟླ་དགུ་བའི་ནང་སྤྲོད་དགོས།  ཁྲིམས་འཛིན་རྒྱུགས་གཞིར་ཞུགས་ནས་རྒྱུགས་འཕྲོད་ཚེ་གཞི་ནས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན།  ཁྲིམས་རྩོད་པ།  ཁྲིམས་དཔང་བ་བཅས་ཀྱི་བྱ་བ་གཉེར་ཆོག་པའི་ཐོབ་ཐང་ཡོད་པས།  གལ་སྲིད་ཁྲིམས་ལུགས་སྦྱང་ནས་ཁྲིམས་ཕྱོགས་ཀྱི་བྱ་བ་གཉེར་འདོད་མཁན་ཞིག་ཡིན་ན་ངེས་པར་དུ་རྒྱུགས་འདི་འཕྲོད་དགོས་པ་རེད། དེ་ཡང་རང་རེ་མཚོ་སྔོན་ས་ཁུལ་ནི་དམིགས་བསལ་ས་ཁུལ་ཡིན་པས། ཁྲིམས་འཛིན་རྒྱུགས་གཞིའི་འཛིན་ཡིག་ལ།རིམ་པ་Cཡི་འཛིན་ཡིག་དང་རིམ་པAཡི་འཛིན་ཡིག་རིགས་གཉིས་ཡོད་ལ།  དེ་ལས་རིམ་པ་Aཡི་ཚད་ལོང་བར་བོད་རྒྱ་ཡིག་རིགས་གང་གིས་རྒྱུགས་སྤྲད་ཀྱང་སྐར་མ་༣༦༠ལོན་དགོས་པ་དང་།  རིམ་པ་Cཡི་ཚད་ལ་ཐོན་པར་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་སྐར་མ་གཅོད་མཚམས་མི་གཅིག་པ་རེད། རིན་ཆེན་མཚོར་མཚོན་ན་ད་ལོར་བོད་ཡིག་གི་རྒྱལ་ཡོངས་བཞིན་གྱི་ཁྲིམས་འཛིན་རྒྱུགས་ལ་ཞུགས་ནས་སྐར་གྲངས367བླངས་ཏེ། རྒྱལ་ཁབ་རིམ་པའི་ཚད་རིམAཡི་འཛིན་ཡིག་ལོན་འདུག འདི་ནི་བོད་རིགས་ཁྲིམས་ལུགས་སློབ་གཉེར་བ་ཞིག་ལ་མཚོན་ན་གཡུར་དུ་ཟ་བའི་རྒྱལ་ཁའི་གྲུབ་འབྲས་ཤིག་ཏུ་བགྲང་ཆོག་ཆོག་རེད།    

       རིན་ཆེན་མཚོས་བཤད་རྒྱུར། གོང་གི་གྲུབ་འབྲས་འདི་ཚང་མ་ནི་ང་རང་གི་ཕ་མ་གཉིས་དང་ཁྱིམ་མིའི་རྒྱབ་སྐྱོར། བ་མོང་ཉི་སྡིད་ཐེབས་རྩ་ཚོགས་པའི་རོགས་རམ་བཅས་དང་ཁ་འབྲལ་ཐབས་མེད་དེ། དེ་ཡང་ཕ་ཁྱུང་བཟང་གི་བཀའ་དྲིན་ལ་བོད་ཡིག་གི་རྐང་ཆགས་ནས་བོད་རྒྱ་སྐད་གཉིས་གང་ལའང་དཀའ་ཁག་མེད་པར་རྒྱུགས་ལ་གང་དགར་ཞུགས་ཐུབ་པ་བྱུང་བ་དང་། མ་མཁའ་འགྲོ་མཚོ་ཡི་དཀའ་ཁག་གང་ལ་འཕྲད་ཀྱང་མགོ་མི་སྒུར་བར་རྒྱུན་འཁྱོངས་བྱེད་པའི་སེམས་ཤུགས་ཀྱིས་བག་ཆགས་ཟབ་མོ་ཐེབས་པས།ད་གཟོད་རྒྱལ་ཁབ་རིམ་པའི་ཚད་རིམ་Aཡི་འཛིན་ཡིག་ལེན་ཐུབ་པ་བྱུང་སོང་། དེ་བས་ཕ་མ་གཉིས་གཙོ་བྱས་པའི་ཨ་མྱེས་ཨ་ཡེ་དང་ནུ་མོ་ནུ་བོ་སོགས་ཁྱིམ་མིའི་རྒྱབ་སྐྱོར་ནི་ང་རང་མདུན་བསྐྱོད་བྱེད་ཐུབ་པའི་ལམ་རྒྱགས་ལྟ་བུ་ཡིན་ལ།  ཁོ་ཚོའི་རྒྱབ་སྐྱོར་དང་སེམས་ཁུར་མེད་ཚེ་ང་ལ་གྲུབ་འབྲས་འདི་འདྲ་ཞིག་ཡོད་མི་སྲིད་ལ། གལ་སྲིད་གྲུབ་འབྲས་ཡོད་ཀྱང་འདི་འདྲའི་བདེ་སྐྱིད་ནི་གཏན་ནས་ཡོད་མི་སྲིད།   དེ་བཞིན་དུ་ཞིབ་འཇུག་ལོ་གསུམ་རིང་ལ་བ་མོང་ཉི་སྡིད་ཐེབས་རྩ་ཚོགས་པས་ལོ་རེ་རེར་ངའི་སློབ་ཡོན་དང་མལ་ཁང་གི་རིན་སོགས་ལ་སྒོར་སྟོང་དགུ་རེའི་རོགས་རམ་བྱས་པར་ང་དང་ངེད་བཟའ་མི་གང་བོས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ཁྱེད་ཚོགས་པའི་རོགས་དངུལ་གྱིས་ང་རང་ལ་སོས་དལ་བག་ཕེབས་སམ་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱེད་ཐུབ་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་སོང་ཟེར། །

        ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-6-22 09:32 , Processed in 0.277772 second(s), 21 queries .

返回顶部