博客西藏在最高处过一种生活

日志

༄༅།། དད་པ་དང་འདོད་ཆགས།

已有 168 次阅读2017-12-27 10:17 |系统分类:文化


   ༄༅།། དད་པ་དང་འདོད་ཆགས།

      དད་པ་དང་འདོད་ཆགས་གཉིས་ནི་ནོར་ཉེན་ཆེ་བས་བསམ་བློའི་འཛིན་སྟངས་གཉིས་རེད། སེམས་ཀྱི་འཛིན་སྟངས་ཇི་འདྲ་ཞིག་ལ་དད་པ་དང་ཡང་ན་འདོད་ཆགས་ཟེར་བ་ཡིན།   དད་པ་ཞེས་པའི་ཐ་སྙད་འདི་དང་ཐོག་ཆོས་གཞུང་ལས་ཆེད་སྤྱོད་ཀྱི་མིང་ཚིག་ཅིག་ཡིན། རེད་དེ་ཁྱབ་ཁོངས་ནི་ཆོས་འཇིག་རྟེན་གཉིས་ཀྱི་སྐྱེས་བུ་ཐུན་མོང་གི་རྒྱུད་ལ་སྐྱེ་ཆོག་ཆོག་གྱི་སེམས་ཀྱི་འཛིན་སྟངས་ཤིག་སྟེ། ཡུལ་གང་ཞིག་ལ་དམིགས་ནས་དེ་ལ་དགའ་བའམ་འདོད་པའི་རྣམ་པ་ཅན་གྱི་བསམ་བློ་ཞིག་སྐྱེས་པ་དེ་ཡིན། བསམ་བློ་དེ་དགེ་ལས་ཀྱི་ཕྱོགས་སུ་འཁོར་ན་དེ་ལ་ཆོས་གཞུང་ནས་དད་པ་ཟེར་བ་དང་། མི་དགེ་བའི་ཕྱོགས་སུ་སོང་ན་དེ་ལ་འདོད་ཆགས་ཟེར་བ་ཡིན། དེར་བསྟེན་ང་ཚོས་ཆོས་ལ་དད་དང་སངས་རྒྱས་ལ་དད་ཅེས་པ་དེ་ནི་ཡུལ་དེ་ལ་སེམས་གཏིང་ནས་དགའ་བ་སྐྱེས་པའི་དོན་ཡིན། དགའ་བ་དེ་ཡང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བསམ་སྟེ་དེ་ལ་ཡིད་ཆེས་པའི་འཛིན་སྟངས་དང་། ཡོན་ཏན་དེ་འཚོལ་འདོད་ཀྱི་བསམ་བློ་ཁྱད་པར་བ་ཞིག་སྐྱེས་པ་དེ་ལ་དད་པ་ཟེར་བ་ཡིན། དེ་མིན་གསེར་སྐུ་གསེར་ཡིན་པས་འདོད་མོས་དང་བླ་མ་གཟུགས་མཛེས་པས་དགའ་མོས་དེ་ནི་དད་པ་མ་ཡིན་པར་འདོད་ཆགས་ཡིན། དད་པས་འབྲས་བུ་བདེ་བ་དང་། འདོད་ཆགས་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་བསྟན་ཡོད། དེའི་ཕྱིར་དད་པ་དང་འདོད་ཆགས་གཉིས་ནི་ལྡོག་ཕྱོགས་ནས་འབྱུང་བའི་བསམ་བློ་མི་འདྲ་བ་གཉིས་ཡིན་པས་ནོར་སོ་དང་འཁྲུལ་སོ་ཧ་ཅང་འབྱུང་ཆོག་ཆོག་ཡིན། དེས་ན་རང་ལ་འབྱུང་བའི་བསམ་བློ་དེ་དད་པ་ཡིན་མིན་ལའང་རྟོགས་ཞིབ་ནན་མོ་བྱེད་དགོས་ས་ཞིག་ཏུ་ཆགས་ཡོད། དད་པ་དང་འདོད་ཆགས་གཉིས་སེམས་ཀྱི་འཛིན་ཚུལ་ལ་ཁྱད་པར་མེད་ཀྱང་འཛིན་སྟངས་ལ་ཁྱད་པར་ཆེན་པོ་ཡོད། ཆོས་གཞུང་དུ་ཡུལ་མཆོག་གསུམ་སོགས་ལ་དམིགས་ནས་ཡིད་ཆེས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ཡིན་པར་བཤད་པ་དང་། དེ་ལ་དང་བའི་དད་པ། འདོད་པའི་དད་པ།  ཡིད་ཆེས་པའི་དད་པ་གསུམ་བསྟན་ཡོད། དད་ཡུལ་གྱི་ཡོན་ཏན་ཤེས་ནས་དེ་ལ་དགའ་བའི་རྣམ་པའི་སེམས་སྐྱེས་པའམ་མོས་པ་ཡོད་པ་དེ་ལ་དང་བའི་དད་པ་དང་། བླ་ན་མེད་པའི་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་གུས་པའི་སེམས་ཀྱིས་ལམ་དེ་ལ་སློབ་པར་འདོད་པའི་སེམས་དེ་ལ་འདོད་པའི་དད་པ། ལས་འབྲས་ཀྱི་རྣམ་གཞག་ཡོད་པ་དང་དཀོན་མཆོག་གསུམ་མི་བསླུ་བའི་སྐྱབས་གནས་ཡིན་པར་སེམས་གཏིང་ནས་ཡིད་ཆེས་པའི་བསམ་བློ་ཞིག་ཡོད་པ་དེ་ཡིད་ཆེས་པའི་དད་པ་ཡིན། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་མོ་མི་འབྱུང་བཞིན། ། ཞེས་དཀར་པོའི་དགེ་བའི་ལས་སྒྲུབ་མཁན་ཞིག་ལ་མཚོན་ན་ཆེས་ཐོག་མའི་སྔོན་འགྲོའམ་མེད་དུ་མི་རུང་བ་ནི་དད་པ་ཡོད་པ་དེ་ཡིན། དད་པ་ནི་དགེ་ལས་ཀྱི་རྩ་བ་དང་ས་བཅུ་ལམ་ལྔ་བགྲོད་པའི་ཐེམ་སྐས་ལྟ་བུ་ཞིག་ཀྱང་ཡིན་ཞེས་བཤད་ཆོག དེས་ན་དཀར་པོ་དགེ་ལས་ཀྱི་ཕྱོགས་ནས་ཕྱག་སྐོར་སྒྲིབ་སྦྱོང་དང་། ལྷ་མཇལ་མཆོད་འབུལ་སོགས་དགེ་ལས་སྤྱིར་བཏང་བ་ཚུན་ཆོད་ཀྱང་དད་པའི་རྨང་གཞིའི་སྟེང་ནས་བསྒྲུབས་ན་བསོད་ནམས་དང་འབྲས་བུ་ཆེ་བར་བསྟན་ཡོད།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-1-21 14:53 , Processed in 0.275749 second(s), 21 queries .

返回顶部