博客西藏在最高处过一种生活

日志

༄༅།། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན། ...

已有 481 次阅读2017-12-23 09:57 |系统分类:文化


༄༅།། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།
  ཡོང་ཁུངས། བཙན་པོའི་རིག་གནས། 

 


      འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ(1235-1280) ནི་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་བོད་འབངས་སྡུག་ལས་གྲོལ་བར་མཛད་པའི་མི་སྣ་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་འཁྱོག་མཚམས་ལས་འབུར་དུ་ཐོན་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན།  ཁོང་གིས་སེ་ཆེན་འཁོར་དང་བཅས་ལ་མི་ཕྱེད་པའི་དམ་པ་བརྟན་པོར་ཐོབ་ཏུ་བཅུག་ནས།  མི་ཤི་རྟ་འགྱེལ་གྱི་འཁྲུག་པ་སོགས་ཞི་བར་བཏང་ནས་བོད་ཁམས་བདེ་ལ་བཀོད།

     ཆོས་རྒྱལ་འཕགས་པ་ནི་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་།  ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་བའི་ཤིང་ལུག་སྟེ་སྤྱི་ལོ1235ལོར་ལྟས་བཟང་བོ་དང་བཅས་འཁྲུངས།  ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་།  རིག་གནས་མང་བོ་ཞིག་ཚེགས་མེད་པར་མཁྱེན།  དེའི་ཕྱིར་དགུང་ལོ་དགུ་བའི་དུས་ཚོགས་པའི་དབུས་སུ་ཆོས་དང་གཏམ་བཤད་པ་ལ་ཐོགས་པ་མེད་པ་བྱུང་བས།  ཀུན་གྱིས་འདི་ལྟ་བུ་སོ་སྐྱེའི་གང་ཟག་གིས་མི་ཐོན་པས་ངུས་པར་འཕགས་པའོ།།  ཞེས་བརྗོད་པས་འཕགས་པ་ཞེས་པའི་མཚན་ཐོགས།དགུང་ལོར་བཅུ་བར་ས་སྐྱ་པཎ་ཆེན་གྱི་ཕྱགས་ཕྱིར་ཧོར་ཡུལ་དུ་ཕེབས་སྐབས་ལམ་དུ་ལྷ་སའི་ཇོ་བོའི་མདུན་ནས་ས་པཎ་ལས་རབ་ཏུ་བྱུང་སྟེ་མཚན་ལ་བློ་གྲོས་རྒྱལ་མཚན་དཔལ་བཟང་བོ་ཞེས་གསོལ།  སྐྱོར་མོ་ལུང་དུ་ཤེས་རབ་དཔལ་བཟང་ལས་དགེ་ཚུལ་གྱི་བསླབ་བྱ་རྣམས་གསན།  རང་གི་ཁུ་བོ་ས་པཎ་ལས་མདོ་སྔགས་ཀྱི་ཆོས་མང་བོ་བུམ་པ་གང་བྱོའི་ཚུལ་དུ་གསན།  དགུང་ལོ་བཅུ་བདུན་པ་ལྕགས་ཕག་སྟེ་སྤྱི་ལོ1251ལོར་རྗེ་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས།        

     འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་ཧོར་སེ་ཆེན་རྒྱལ་པོ། དགུང་ལོ་བཅུ་དགུ་བ་ཆུ་གླང་སྟེ་སྤྱི་ལོ1253ལོར་སེ་ཆེན་རྒྱལ་བུས་གནད་དྲངས་ཏེ་བླ་མཆོད་མཛད། ཡན་ལག་ལྔ་མཚོན་རྣོན་པོས་སོ་སོར་ཕྲལ་ཏེ་རྒྱལ་བ་རིགས་ལྔའི་བཀོད་པ་བསྟན་པ་སོགས་ཀྱི་རྫུ་འཕྲུལ་བསྟན་པས་སེ་ཆེན་འཁོར་བཅས་མི་ཕྱེད་པའི་དད་པ་ལ་བཀོད།  དེ་ནས་རབ་བྱུང་བཞི་བའི་ལྕགས་སྤྲེལ་ཏེ་སྤྱི་ལོ1260ལོར་སེ་ཆེན་རྒྱལ་བོ་རང་ལོ་ཞེ་དྲུག་སྟེང་སྲིད་ཁྲིར་བཀོད་དེ།  འགྲོ་མགོན་འཕགས་པ་དགུང་ལོ་ཉེར་དྲུག་པ་ཕོ་བྲང་དུ་གདན་དྲངས་ཏེ་གུ་ཤྲཱི་དང་ཏི་ཤྲཱི་ཞེས་འཇའ་ས་གནང་། རྒྱལ་བོ་དང་བཙུན་མོ་གཙོས་སྐལ་ལྡན་ཉེར་ལྔ་ལ་ཀྱེ་རྡོ་རྗེའི་དབང་གནང་། དེ་ནས་རིམ་བཞིན་དབང་ཐེངས་གཉིས་དང་གསུམ་པའང་བསྐུར་བས། དབང་དང་བོའི་ཡོན་དུ་གཡང་ཊིའི་ཐམ་ག་དག  མུ་ཏིག་གིས་བརྒྱན་པའི་སྣམ་སྦྱར། སྐུ་ཆོས་སོགས་དངོས་འབུལ་གྱ་ནོམ་པ་དང་བཅས་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་། དབང་གཉིས་པའི་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་ཏེ་སྲིད་ཀྱི་བདག་པོར་བསྐོས། དབང་གསུམ་པའི་ཡོན་དུ་ཆོས་དུང་དཀར་བོ་རྒྱང་གྲགས་དང་། རྒྱལ་བོ་མ་སྐྱེས་དགྲའི་བདེ་བར་གཤེགས་པའི་གདུང་སྐལ་འཕེན་གདུང་དང་། རྒྱའི་མི་ཡུར་ཆེན་པོ་དང་བཅས་གསེར་དང་དངུལ་དར་གོས་སོགས་གྱ་ནོམ་ཞིག་ཕུལ། དེས་ནས་གོང་མའི་བཀའ་ལྟར་རི་བོ་ཐའི་ཧཱང་ཧྲན་གྱི་ས་ཁུལ་དུ་ཡོད་པའི་མུ་སྟེགས་ཟིན་ཤིང་གི་ཆོས་ལུགས་མཁས་ན་དང་རྣམས་དང་རྩོད་པ་བྱས་པས་རིགས་པས་ཕམ་པར་མཛད་ནས་ཡང་དག་པའི་ལྟ་བ་ལ་བཀོད། སེ་ཆེན་ཧན་གྱིས་བོད་ན་གྲུབ་མཐའ་མི་གཅིག་པ་ཐ་དག་ས་སྐྱ་བའི་ཆོས་རྒྱུན་ལ་སྒྱུར་ན་ཅི་འདྲ་ཞེས་དྲིས་པས། འགྲོ་མགོན་འཕགས་པས་དེ་ལྟར་བྱས་ན་སྤྱིར་མི་འོས་པར་མ་ཟད།  སྒོས་སུ་རྒྱལ་བོ་ཁྱེད་ཀྱི་ཆབ་སྲིད་དང་། ངེད་ས་སྐྱ་བའི་ཆོས་རྒྱུན་ལའང་གནོད་པས།  རང་རང་གང་ལ་མོས་སུ་བཞག་ན་འོས་ཞེས་གསུངས་པས། རྒྱལ་བོའང་འཐད་པ་བྱུང་། འདིས་ནི་འཕགས་པའི་ཐུགས་དགོངས་གཏིང་ཟབ་པ་མཚོན།  དགུལ་ལོ་སོ་གཅིག་པ་རབ་བྱུང་བཞི་བའི་ཤིང་གླང་ལོར་བོད་དུ་ཕེབས་པས་རྒྱལ་བོས་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པའི་འཇའ་ས་མུ་ཏིག་མ་ཕུལ། དགུང་ལོ་སོ་ལྔ་ས་སྦྲུལ་ཏེ་སྤྱི་ལོ1269ལོར་གོང་མས་གདན་ཞུ་ལྟར་སླར་ཡང་སོག་ཡུལ་དུ་ཕེབས། སྤྱི་ལོ1270ལོར་རྒྱལ་བོའི་ཐུགས་བཀོད་ལྟར་ཧོར་ཡིག་སྟེ་ཕྱིས་སུ་འཁོར་ཡིག་ཏུ་གྲགས་པ་དེ་བཟོས། དགུང་ལོ་ཞེ་གཉིས་པ་མེ་བྱི་སྟེ་སྤྱི་ལོ1276ཕྱིར་ས་སྐྱར་ཕེབས།  མེ་གླང་སྟེ་སྤྱི་ལོ1277ལོ་དེར་གཙང་ཆུ་མིག་རིང་མོར་དགེ་འདུན་པ་ཁྲི་བདུན་ལྷག་ལོངས་པ་ལ་བསྙེན་བཀུར་དང་ཆོས་སྟོན་ཕུན་ཚོགས་པ་མཛད་པས་ཆུ་མིག་ཆོས་འཁོར་དུ་གྲགས་བྱུང་། མཐར་དགུང་ལོ་ཞེ་དྲུག་པ་རབ་བྱུང་ལྔ་བའི་ལྕགས་འབྲུག་སྟེ་སྤྱི་ལོ1280ལོར་མྱ་ངན་ལས་འདས་སོ།།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-22 14:09 , Processed in 0.263484 second(s), 21 queries .

返回顶部