博客西藏在最高处过一种生活

日志

༄༅།། གནས་མཆོག་ཙ་རི་ཏྲའི་ངོ་སྤྲོད་བསྡུས་པ ...

已有 134 次阅读2017-12-20 09:12 |系统分类:文化


༄༅།། གནས་མཆོག་ཙ་རི་ཏྲའི་ངོ་སྤྲོད་བསྡུས་པ།
ཡོང་ཁུངས།  ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  

      གནས་མཆོག་ཙ་རི་ཏྲ་ནི་འར་བ་གཏེར་སྟོན་མི་འགྱུར་ཐེག་མཆོག་རྡོ་རྗེས་གནས་སྒོ་ཕྱེ་ནས་ད་བར་ལོ་བརྒྱ་ལྷག་སོང་བའི་མི་རབས་བཞིའི་སྔོན་ཡིན།  གནས་འདི་ནི་དུས་གསུམ་གྱི་སངས་རྒྱས་དང་གུ་རུ་པདྨ་འབྱུང་གནས། ལྷ་རྟ་མགྲིན། ཁྲོ་མ་ཕག་མོ་རིགས་ལྔ་ལ་སོགས་པས་བྱིན་གྱིས་བརླབས་པའི་གནས་ཆེན་པོ་ཡིན། སྤྱིར་སྨུག་རོང་ཡང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་གནས་ཡིན།

      གནས་རྟགས་དང་ཁྱད་ཆོས་ནི།
      གནས་འདིར་གུ་རུའི་སྤྲུལ་པ་གེ་སར་རྒྱལ་པོ་བྱོན་ནས།  གངས་ཅན་པ་སྤྱི་དང་ཁྱད་པར་ཁམས་རྟའུ་སྨུག་རོང་གི་ཡུལ་སོགས་ལ་གནས་པའི་སེམས་ཅན་ལ་གནོད་ཅིང་འཚེ་བའི་བདུད་དང་གནོད་སྦྱིན་སོགས་ཚར་བཅད་ཅིང་བཏུལ་བའི་རྟགས་སུ་གནས་ཙ་རི་ཏྲའི་མདུན་ན་བདུད་ཀྱི་མགོ་བཅད་པའི་རང་བྱོན༼  མཁར་ཆའི་གོང་བདུད་དབུ་ལུང་པའི་ནང་ཡོད་པ་དང་།  ༽ དུག་སྦྲུལ་བཏུལ་བའི་རང་བྱོན༼  བ་ཅ་ཟུར་ན་ཡོད། ༽  གཞན་ཡང་འདྲེ་སྲིན་གྱི་སོར་རྗེས་རང་བྱོན༼  ཡུལ་སྐད་དུ་ཡི་སྣ་རྒུ་ཕུ་༽  ཟེར་བ་སོགས་གང་མང་ཡོད་དོ།། དེ་ནས་གཡས་སྐོར་ལྟར་སོང་ན་རིམ་པ་བཞིན་ཨོ་རྒྱན་པད་མའི་ཕྱག་རྗེས་རང་བྱོན ༼  བ་ཅ་ཟུར་ལམ་ཁ་ན་ཡོད།༽ དེ་ནས་ཕར་ཅུང་སོང་བའི་ཅུ་ཏི་གྲོང་པ་མཐོང་པ་ན་གེ་སར་རྒྱལ་པོའི་ཞབས་རྗེས་ཡོད།དེ་ནས་ཅུ་ཏི་གྲོང་པའི་ཐོག་ཡར་ཙམ་སོང་བའི་ལམ་ཁར་ཙན་དན་རྒུ་ཕུ་ཟེར་བའི་རྡོ་ཞིག་ཡོད༼  འདི་ནི་བཤད་སྲོལ་ལྟར་ན་སྦས་ཞབས་བྲག་དཀར་གྱིས་སོར་མོའི་བར་ནས་ཚུར་འཕང་པ་རེད་ཅེས་བཤད།  ཙན་དན་ནི་ཙུ་འཐར་ཞེས་པའི་དོན་དང་རྒུ་ཕུ་ནི་རྡོ་ཞེས་པའི་དོན་ནོ།།༽  དེ་ནས་ཡར་ཙམ་སོང་ན་ལམ་ཐོག་ན་བྱང་གི་དུར་ཁྲོད་ཡོད་པ་དེའི་ནང་ཀེང་རུས་རང་བྱོན་ཡོད།  དེ་ནས་ཡར་ཙམ་སོང་ན་ལམ་དཀྱིལ་ན་རྡོ་རྗེ་རང་བྱོན་ཡོད།  དེ་ནས་ཡར་གྱི་ལམ་ཐོག་རྡོ་ཕུང་ཞིག་གི་ནང་ལ་སྨན་རག་རང་བྱོན་ཞེས་པའི་རྡོ་ནག་གི་ཀོང་བུ་གཉིས་ཡོད། དེའི་མར་ཟུར་ཙམ་ན་ཙ་རི་ཏྲའི་སྒྱེད་པུ་དང་ཆང་རྫ་རང་བྱོན་ཡོད། དེའི་ཟུར་ན་བདུད་ཀྱི་གློ་སྙིང་བཅས་ཀྱི་རང་བྱོན་ཡོད། དེ་ནས་མཐའ་སྐོར་གྱི་ལམ་བརྒྱུད་ནས་ལུང་པ་དེའི་སྟོད་ཕྱོགས་སུ་སོང་ན་གནས་རིའི་གྲུབ་ཆུ་དང་འཕྲད་པས་གྲུབ་ཆུ་དེ་ཤིན་ཏུ་ངོ་མཚར་བ་ཞིག་སྟེ་ནད་མང་སེལ་བའི་ནུས་པ་ཁྱད་འཕགས་ཅན་ཞིག་ཡོད་པ་ཟུར་དུ་རྒྱས་པར་ཞུའོ།། དེ་ནས་ཡར་ཙམ་སོང་ན་ཕྱག་ན་རྡོ་རྗེ་རང་བྱོན་ཡོད་ལ་དེའི་ཉེ་འགྲམ་ཉི་ཟླ་རང་བྱོན་བཞུགས་ཡོད། དེ་ནས་ཡར་ཅུང་ཙམ་སོང་ན་རྔ་རང་བྱོན་ཡོད་ལ་རྒྱུན་ལྡན་དུས་ཆེན་སོགས་ཀྱི་སྐབས་དེ་ལ་རྔ་སྒྲ་འབྱུང་བ་མི་མང་པོས་ཐོས་པའི་གནས་ཚུལ་འདུག  དེ་ནས་ཡར་སོང་ན་རྟ་སྐྱབས་ལབ་རྩེ་ཞེས་པའི་ལབ་རྩེ་ཞིག་ཡོད། དེའི་ཐད་ན་གླིང་རྗེ་གེ་སར་རྒྱལ་པོའི་ཞབས་རྗེས་ཤིན་ཏུ་གསལ་བ་ཞིག་བཞུགས་ཡོད།  འདིའི་སྐོར་ན་མ་ཅིག་སྲིད་པ་རྒྱལ་མོའི་དྲེའུ་རྗེས་རང་བྱོན་ཡོད་ཀྱང་མ་རྙེད་དོ།། དེ་ནས་ཡར་ཡོ་ཉེ་ཝ་ལབ་རྩེ་ན་སྤང་ཐང་ཞིག་ཡོད་པའི་ནང་གཏེར་སྟོན་དབང་དྲག་གླིང་པའི་ཞབས་རྗེས་རང་བྱོན་ཡོད།༼  གཏེར་སྟོན་འདི་ནི་འར་བ་གཏེར་སྟོན་གྱི་ཞང་པོ་ཡིན།༽  འདིའི་སྐོར་ན་གྲུབ་ཐོབ་མ་ཧཱ་མཛོ་ཁུར་གྱི་མཛོ་རྗེས་ཡོད་པར་བཤད་ཀྱང་མིག་སྔར་མ་རྙེད་དོ།། དེ་ནས་ཡར་ཡོ་ཉོས་ཝ༼  ཁང་རྒྱབ་ཐོག་ཟེར་༽ ཞེས་ཉག་ག་ལ་སླེབ་དུས་ཐང་ཆེན་ཞིག་ཡོད།  གནའ་སྔ་མོར་སྨུག་རོང་སྡེ་ཤོག་སྟོད་སྨད་ཀུན་དེར་འདུས་ནས་རྟ་རྒྱུག་དང་རྩེད་མོ་བྱེད་སའི་ལྟེ་བ་ཡིན། ཐང་དེའི་དཀྱིལ་ན་རྡོ་མདོག་སེར་པོ་ཞིག་གི་ཐོག་ན་གེ་སར་གྱི་ལྷ་རྟའི་རྗེས་ཤུལ་སོང་བ་ལྟ་བུའི་རང་བྱོན་ཡོད། དེ་ནས་ཙ་རི་ཏྲའི་སྒང་རྒྱུད་དེད་ནས་ཡར་འཁོར་ནས་སོང་ན། དང་པོ་བེ་ལོ་ཤིང་སྐྱེས་ཡོད་པས་རི་དེ་ལ་བེ་ལོ་སྒང༼  རྩེ་མོ་སྒང ༽ ཟེར་བ་ཡོད། དེའི་སྒང་ན་སོ་པ་རྡོ་ཞེས་མར་ཁོག་གི་གནས་ཚུལ་ཚང་མ་མཐོང་ཐུབ་པའི་རྡོ་ཆེན་ཞིག་ཡོད་པའི་ཐོག་ན་མིས་མེ་མདའ་ཚད་ནས་ཁ་བུབ་ཏུ་ཉལ་བའི་རྗེས་རང་བྱོན་ཡོད། དེ་ནས་སྒང་ནས་མར་སོང་ན་ལི་ཕུག་འཁོར་ལོ་ལབ་རྩེ་ཞེས་པའི་ལབ་རྩེ་གཅིག་དང་ཡང་དར་ཟོར་ལབ་རྩེ་ཟེར་བ་སྟེ་གཉིས་ཡོད།འདི་གནས་མགོ་ངོ་མ་དེ་ཡིན་ནོ།། དེ་ནས་སྒང་བརྒྱུད་ནས་མར་སོང་ན་ཡང་ལབ་རྩེ་གཉིས་ཡོད།  གཅིག་ནི་འར་བ་རི་འགེ་བའི་ཡིན།  ཡང་གཅིག་ནི་འར་བ་ཡོ་ཉོས་བའི་ཡིན། དེ་ནས་མར་སོང་ན་འར་བ་གྲོང་གི་ཐོག་ཙམ་ན་བར་སྐོར་ལབ་རྩེ་འམ་ནོར་སྐྱོབ་ཟེར་བའི་ལབ་རྩེ་གཅིག་ཡོད། དེ་ནས་འར་བ་གྲོང་པའི་རྒྱབ་ཀྱི་བར་སྐོར་ལམ་གྱི་ནང་གི་སྒང་ན་རྩེ་མགོ་ལབ་རྩེ་ཟེར་བ་ཡོད།
      དེ་ནས་མུ་མཐུད་སྒང་དེད་ནས་མར་ཙམ་སོང་ན་ནགས་ཀྱི་བར་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཞུགས་ཁྲི་རང་བྱོན་གྱི་རྡོ་ཆེན་ཞིག་ཡོད། དེ་ནས་ཡང་འར་བ་གྲོང་གི་བར་སྐོར་གྱི་ལམ་དེད་ནས་བ་ད་མཁར་ཆའི་ཕྱོགས་སུ་མར་འཁོར་ནས་སོང་ན་གནའ་ལམ་དང་དེང་ལམ་གསར་པ་གཉིས་འདུས་མཚམས་ཀྱི་ལུང་ཤུལ་ནང་བདུད་དབུ་སྟེ་བདུད་མགོ་རང་བྱོན་ཡོད། ལུང་ཤུལ་དེ་ལ༼  བདུད་དབུ་ལུང་པ་ཟེར།༽  དེ་ནས་ཅུང་ཟད་མར་སོང་ན་མཁར་ཆ་ལ་སླེབ། དེར་མཁའ་འགྲོའི་བྲོ་ར་ཡང་ཟེར་བས་དེང་སང་དེ་ན་སྡེ་བ་དེའི་ལོ་སྲུང་མཆོད་སའི་ལ་རྩེ་ཞིག་ཀྱང་གསར་བཞེངས་བྱས་ཡོད།  དེའི་ཤར་ཕྱོགས་སུ་ནགས་ཤིག་གི་འོག་ན་གླིང་གེ་སར་གྱི་འགྲིག་རྡོ་ཡོད།བཞི་འགྲིག་གི་རི་མོ་རང་བྱོན་གསར་པོ་ཡོད༼  ལ་ལས་བོན་རྫོང་དང་ལྕི་ཤེལ་གཉིས་ཀྱིས་འགྲིག་འཇོག་ས་རེད་ཀྱང་ཟེར་སྲོལ་འདུག ༽  དེ་ནས་མར་བ་ད་གྲོང་པའི་རྒྱབ་གནས་མདུན་གྱི་ལབ་རྩེ་ནི་གནས་མདུན་ལབ་རྩེ་ཟེར།  དེའི་ཐོག་ཕྱོགས་ན་སྤང་གོར་གོར་ཞིག་ཡོད་པ་དེ་ནི་ལྷོ་ཕྱོགས་ཀྱི་དུར་ཁྲོད་ཡིན།  སྤྱིར་ཕྱོགས་བཞི་ན་དུར་ཁྲོད་བཞི་ཡོད་ཀྱང་ལྷོ་བྱང་གཉིས་ལས་མིག་སྔར་མ་རྙེད་དོ།། གནས་མདུན་ན་ཆུ་མིག་ཅིག་ཡོད་པ་ནི་གསང་ཡུམ་ཀླུ་སྨན་འོད་ལྡན་མ་ཡིན།  དེ་ལྟར་གནས་རྟགས་རང་བྱོན་སྣ་ཚོགས་ཀྱིས་ཕྱུག་ཅིང་། ཁོར་ཡུག་དེ་དག་ན་ཆབ་གཙང་གི་བཞུར་རྒྱུན་ལེགས་ཤིང་སྤང་ལྗོངས་དང་ནགས་ཚལ། རྩི་ཐོག་དང་མེ་ཏོག་སོགས་རང་བྱུང་ཁམས་ཀྱི་སྐྱེས་དངོས་སྣ་ཚོགས་རྒྱས་ཤིང་དྲི་བསུང་མངར་མོ་ཕྱོགས་ཀུན་ཐུལ་བཞིན་མཆིས་ལ།  ནགས་ཚལ་དེ་དག་ཏུ་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱིས་ཁྱབ་པ་དང་བྱ་དང་བྱེའུས་དབྱངས་ཀྱི་འགྱུར་ཁུག་ལེན་པ་ཐོས་འཛིན་དབང་པོའི་གསོས་སུ་འགྱུར་བར་གདའོ།། ཞེས་པ་འདི་ནི་
སྨུག་རོང་ཐུབ་བསྟན་དར་རྒྱས་ཀྱིས་བྲིས་སོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-4-21 11:38 , Processed in 0.275402 second(s), 21 queries .

返回顶部