博客西藏在最高处过一种生活

日志

༄༅།།རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་ད ...

已有 79 次阅读2017-11-26 20:53 |系统分类:文化


༄༅།།རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་དུ་འགྲིམ་པའི་ཟིན་བྲིས་མདོར་བསྡུས་བཞུགས་སོ།།

      ༄༅།།འདིར་ཡང་རང་རྒྱལ་གྱི་སན་ཞི་ཞིང་ཆེན་རྒྱ་ནག་རི་བོ་རྩེ་ལྔ་དང་། ཨན་ཧོས་ཞིང་ཆེན་དཔལ་རི་རྩེ་དགུ། ཀྲེ་ཅཱང་ཞིང་ཆེན་རི་བོ་གྲུ་འཛིན་ནམ་ནན་ཧེ་པོ་ཏ་ལ། སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིངས་རི་སོགས་ལྷན་ཅིག་ཏུ་རྒྱ་ནག་གི་གནས་མཆོག་བཞི་རུ་གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུའི་མཁའ་རུ་ཁྱབ་ཅིང། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་གྲགས་ཅན་བཞི་ཡང་ཡིན་པས། བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་དེང་འདིར་གོང་གི་གནས་མཆོག་འདི་དག་ལ་བདག་སོགས་དད་ལྡན་གནས་མཇལ་བ་རྣམ་པས་གནས་མཇལ་ཡག་པོ་ཡོང་པའི་ལྷག་བསམ་རྣམ་པ་དཀར་པོས་མདུན་བསུས་ཏེ། བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་2017ལོའི་ཧོར་ཟླ་དགུ་བའི་ཉེར་གཉིས་ཏེ་སངས་རྒྱས་ལྷ་བབས་དུས་ཆེན་གྱི་སྐབས་དང་བསྟུན་ནས་རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་འགྲིམ་པའི་སྟ་གོན་བྱས་ཏེ། མཚོསྔོན་མདོ་དབུས་རྒྱལ་སྤྱིའི་གནས་སྐོར་ལས་ཁུངས་ཀྱིས་མཐུན་རྐྱེན་ལེགས་པོ་སྒྲུབ་པ་ལྟར་བོད་ལྗོངས་ལྷ་ས་དང་། ཡུལ་ཤུལ། རེབ་གོང་། རྩེ་ཁོག མཚོ་ནུབ། མཚོ་ལྷོ། དཔའ་རིས་སོགས་བོད་ཁུལ་ནས་འདུ་འཛོམས་བྱུང་བའི་གནས་མཇལ་བ་བཅུ་ཕྲག་དུ་མ་དང་ལྷན་ཅིག་ཏུ་གནའ་མཁར་ཟི་ལིང་མེ་འཁོར་ས་ཚིགས་ནས་ལམ་དུ་ཆས་ནས། ཧ་ལམ་ཟླ་ཕྱེད་རིང་ལ་ཀན་སུའུ་ཞིང་ཆེན་དང་། ཧུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན། སན་ཞི་ཞིང་ཆེན། སན ཏུང་ཞིང་ཆེན། ཨན་ཧོས་ཞིང་ཆེན། ཅཱང་སུའུ་ཞིང་ཆེན། ཀྲེ་ཅཱང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ནན་ཅིན་གྲོང་ཁྱེར། ཧྲང་ཧེ་གྲོང་ཁྱེར། ལན་གྲུ་གྲོང་ཁྱེར། ཐེ་ཡོན་གྲོང་ཁྱེར། ཧཱང་ཀྲིག་གྲོང་ཁྱེར། ཉིན་པའོ་གྲོང་ཁྱེར། ཁྲིན་ཏུ་གྲོང་ཁྱེར་སོགས་ཀྱི་རི་ཆུ་ཁྲི་སྟོང་མང་པོ་བརྒྱུད་པ་དང་ནན་ཧེ་རྒྱ་མཚོ་ཆེན་པོ་ལས་བརྒལ་ཞིང་དཀའ་བ་འབུམ་ཕྲག་སྤྱད་ནས་གནས་མཆོག་བཞི་ལ་གནས་མཇལ་བྱས་ནས་ཡོངས་སུ་ལེགས་གྲུབ་བྱུང་བ་སྟེ།

                                            

                                                དང་པོ།  གནས་མཆོག་རི་བོ་རྩེ་ལྔའི་སྐོར།


                         

      རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་མཆོག་རྒྱ་ནག་རི་བོ་རྩེ་ལྔ་ནི་སན་ཞི་ཞིང་ཆེན་ཝུའུ་ཐེ་རྫོང་གི་ཤར་བྱང་དུ་ཧ་ལམ་ལེ་བར་ཆིག་བརྒྱ་ཉི་ཤུའི་མཚམས་སུ་བཞུགས། རྫ་རི་མཐོན་པོ་རྩེ་མོ་ལྔ་ཡིས་བསྐོར་ནས་གྲུབ་ཅིང་། རི་རྩེ་མཐོ་ཞིང་རྔམ་བརྗིད་ལྡན་པ་དང་མཐའ་འཁོར་ལ་ལེ་བར་ལྔ་བརྒྱ་ཡོད་པ་སྟེ། ཤར་ཕྱོགས་སུ་ཝང་ཧཱེའམ་མཚོ་གཟིགས་རྫ་རི་དང་། ནུབ་ཕྱོགས་སུ་ཀཱ་ཡོའམ་ཟླ་གཟུགས་རྫ་རི། ལྷོ་ཕྱོགས་སུ་ཅིན་ཞིག་གམ་ལེགས་མཛེས་རྫ་རི། བྱང་ཕྱོགས་སུ་ཡཱའེ་ཏིག་གམ་ལྗོན་ལོ་རྫ་རི། དབུས་ཕྱོགས་སུ་ཚཱས་ཡཱན་ནམ་བྲག་མཆོག་རྫ་རི་སོགས་རི་རྒྱལ་ལྷུན་པོ་ལྷང་ངེར་འགྱིངས་ཡོད། བྱང་ཕྱོགས་ཀྱི་རྫ་རི་ཆེས་མཐོ་ལ་ཧྭ་པེ་ཡུལ་གྲུ་ཆེན་པོའི་དབུ་རྩེར་བསྔགས། དེ་ཡང་སངས་རྒྱས་ཀྱི་གནས་བསྟན་པ་སོགས་རྒྱ་ནག་གི་བསྟན་བཅོས་ཁ་ཤས་སུ་ལྷ་སངས་རྒྱས་འབུམ་ཕྲག་བཞུགས་པའི་བླ་རི་ཡིན་ཞེས་གསུངས་པས། རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་ནས་བཟུང་སྟེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་གཙུག་ལག་ཁང་དང་ལྷ་ཁང་མང་པོ་གསར་བཞེངས་བྱས་ཏེ། ཚིང་ཚིང་གནའ་མཁར་བཀོད་པའི་རི་བོ་གྲགས་ཅན་ཞིག་ཏུ་གྱུར། ཐང་རྒྱལ་རབས་གྱི་སྐབས་སུ་རྒྱ་ནག་རི་བོ་རྩེ་ལྔའི་སྙན་གྲགས་ཕྱོགས་ཀུན་ཁྱབ་ཅིང་། རིམ་བཞིན་དུ་རྒྱལ་རབས་སོ་སོའི་སྐུ་རིང་ལ་ཆོས་སྡེ་མང་པོ་ཕྱག་བཏབས། ཁྱད་པར་དུ་གོང་མ་རྒྱལ་མོ་ཝུའུ་ཙེ་ཐེན་ཀྱི་སྐབས་སུ་ཆིན་ལེང་ཟི་འམ་བསིལ་ལྡན་ལྷ་ཁང་གསར་བཞེངས་མཛད་ཅིང་། གོང་མ་མིན་ཀྲིན་ཏེ་ཁྲི་ལོ་གཉིས་པ1507ལོར་ཀོང་ཙོང་ཟིའམ་ཟངས་ཏོག་ལྷ་ཁང་སོགས་གསར་དུ་བཞེངས།  གོང་མ་ཝན་ལིས་སྐབས་སུ་མཆོད་རྟེན་དཀར་པོའམ་མཆོད་རྟེན་ལྷ་ཁང་ཞེས་བྱ་བ་གསར་དུ་བཞེངས། བསིལ་ལྡན་རི་བོའི་གནས་ཡིག་ལས། སྐབས་དེར་གནས་མཆོག་འདིར་ཞཱན་ཐོང་ཟིའམ་མངོན་གསལ་ལྷ་ཁང་དང་།  ཏཱ་པོ་ཐཱ་ཡོན་ནམ་རིན་ཆེན་མཆོད་རྟེན་ལྷ་ཁང་། ཏཱ་ཡོན་ཀྲོ་ཟིའམ་རྫོགས་ལྡན་ལྷ་ཁང་ཆེན་མོ་སོགས་ཆོས་སྡེ66བཞུགས་ཡོད་ཅེས་བཀོད་ཡོད་ཅིང་། ད་དུང་ཕྱོགས་བཞིའི་རྫ་རིའི་སྟེང་དུ་ཆོས་སྡེ36དང་།  བསྡོམས་པས་ཆོས་སྡེ102བཞུགས་པར་གྲགས་སོ།། ཆིན་རྒྱལ་རབས་དུས་སུ་གོང་མ་བདེ་སྐྱིད་རྒྱལ་པོ་དང་། ལྷ་སྐྱོང་རྒྱལ་པོ། བསྔགས་སྨོན་རྒྱལ་པོ་སོགས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ།  རྟེན་བཞེངས་གང་མང་མཛད་པ་མ་ཟད་ཡཱས་ཧྲིག་ཟིའམ་ཚེ་རིང་ལྷ་ཁང་སོགས་བཞུགས་ཤག་དང་ཕོ་བྲང་ལྔ་གསར་དུ་བཞེངས་ཤིང་། ལོ་རྒྱུས་ཐོག་ཏུ་གནས་འདིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་པ་དང་། གོང་མ་ཡོན་ལོ་ཁྲི་ལོ་བཅུ་བཞི་བ1416ལོ་ནས་བཟུང་སྟེ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བསྟན་པ་་ཧ་ཅང་དར་པས་ད་ལྟ་རྒྱ་ནག་རི་བོ་རྩེ་ལྔ་རུ་ཆོས་སྡེ་ཆིག122ཡོད་ཅིང་དེའི་ནང་ན་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ25ཡོད། རྒྱ་ནག་རི་བོ་རྩེ་ལྔ་ནི་ཀྲེ་ཅཱང་རི་བོ་གྲུ་འཛིན་དང་། སི་ཁྲོན་གླང་ཆེན་འགྱིངས་རི། ཨན་ཧོས་དཔལ་རི་རྩེ་དགུ་སོགས་ལྷན་ཅིག་ཏུ་སྙན་པར་གྲགས་ཤིང། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་ཆེན་པོ་བཞི་རུ་གྱུར་ཏོ།། 

       དེ་བས་བོད་བརྒྱུད་ནང་བསྟན་ཆོས་ལུགས་པས་རྗེ་བཙུན་འཇམ་པའི་དབྱངས་ནི་ཤེས་རབ་ཀྱི་ལྷ་རུ་བསྔགས་ཤིང་། ཉེ་བའི་སྲས་ཆེན་བརྒྱད་སྟེ། འཇམ་པའི་དབྱངས་དང་། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ། བྱམས་པ་མགོན་པོ། ཀུན་ཏུ་བཟང་པོ་སོགས་ཀྱི་ཡ་གྱལ་ཡིན་པས། ཧོར་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་ནས་བཟུང་བདག་སོགས་གནས་མཇལ་བ་འཁོར་དང་བཅས་པ་ཐོག་མར་རྒྱལ་ཡུམ་སྒྲོལ་མའི་གནས་སྒོར་མཆོད་མཇལ་བྱས་པ་དང་། རིམ་བཞིན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྒྲིབ་པ་སྦྱངས་པར་མཛད་པའི་གནས་མཆོག་ལུང་ཆོན་ཟིའམ་རྒྱ་ནག་རི་བོ་རྩེ་ལྔའི་ཆུ་ཐམས་ཅད་ཀྱི་མགོ་ཁུངས་ཁོ་ནར་གྱུར་བའི་ཀླུ་རྒྱལ་ཆུ་མིག་དགོན་པ་སོགས་ལ་མཆོད་མཇལ་བྱས་ཤིང་། རྒྱ་ནག་རི་བོ་རྩེ་ལྔའི་མཆོད་རྟེན་དཀར་པོ་སྟེ་ཏཱ་པོ་ཐཱ་ཡོན་ནམ་རིན་ཆེན་མཆོད་རྟེན་ལྷ་ཁང་ལ་མཆོད་མཇལ་བྱས། མཆོད་རྟེན་དཀར་པོའི་ལྷ་ཁང་འདིར་སངས་རྒྱས་ཀྱི་འཕེལ་གདུང་དང་རང་བསྲིལ་གྲངས་ཅན་བཞུགས་པར་གྲགས་པ་མ་ཟད། ཡོན་རྒྱལ་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ཐོག་མ་སྟེ་བདག་ཅག་གི་མེས་པོ་དམ་པ་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དང་ཆིན་རྒྱལ་རབས་ཀྱི་གོང་བའི་དབུ་བླ་སྐྱང་སྐྱ་རོལ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཡོད། ཁྱད་པར་དུ་ཧྲཱི་ཧྥང་ཐཱང་ངམ་ཕྱོགས་བཅུའི་ལྷ་ཁང་སོགས་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ་དུ་མ་དང་། རྒྱ་ནག་རི་བོ་རྩེ་ལྔར་ཆེའི་སྔ་མོར་ཕྱག་བཏབས་པའི་ཆོས་སྡེ་ཆེན་པོ་ཞཱན་ཐུང་ཟིའམ་མངོན་མཁྱེན་ལྷ་ཁང་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདན་ས་ཁྱད་པར་བ་སྟེ་ཧྲུའུ་ཞཱང་ཟི་འམ་འཇམ་དབྱངས་རྩམ་མགོ་མར་གྲགས་པའི་ལྷ་ཁང་འདི་ནི་ཡོན་རྒྱལ་རབས་ཀྱི་དུས་སུ་བཞེངས་པ་དང་། ཆིན་རྒྱལ་རབས་ཀྱི་གོང་མ་ཆེན་ལུང་ངམ་ལྷ་སྐྱོང་རྒྱལ་པོས་སྐུ་རིང་ལ་རྒྱལ་ཡུམ་དང་ལྷན་ཅིག་ཏུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདན་ས་རྒྱ་ནག་རི་བོ་རྩེ་ལྔར་མཆོད་མཇལ་ཕེབས་སྐབས་འཇམ་པའི་དབྱངས་ཀྱི་ལྷ་སྐུ་འདི་གསར་བཞེངས་བྱེད་བཞིན་པའི་སྒང་ཡིན་ལ། གོང་མ་ཆེན་པོ་ཕྱག་ཕེབས་ལ་ཉེ་བ་དང་། ད་དུང་ལྷ་སྐུའི་དབུ་ལེགས་འགྲུབ་བྱུང་མེད་པས་དུས་ཚོད་ཀྱིས་མ་འདང་བར་ལྷ་བཟོ་ཅི་བྱ་གཏོད་མེད་དུ་གྱུར་ནས་སྦྲང་དཀར་རྩམ་པ་ཡིས་ལྷ་སྐུའི་དབུ་བཞེངས་ནས་ལེགས་གྲུབ་ཡོང་བར་བྱས་པས། འཇམ་པའི་དབྱངས་ཀྱི་ལྷ་སྐུ་འདིས་དངོས་སུ་གསུང་བརྗོད་ཟིན་པ་སོགས་དམངས་ཁྲོད་ཀྱི་གཏམ་རྒྱུད་ཀྱང་མཆིས་པ་མ་ཟད། གཏེར་ཡིག་འཇམ་དབྱངས་རིགས་ལྔའི་སྤྱི་ཏྲིལ་རྟོགས་མཐོང་ཡེ་ཤེས་མངོན་གསལ་ཞེས་བྱ་བ་ལས། ཨཿ རང་རིགས་སྐུ་གསུམ་འཇམ་དཔལ་གཞོན་ནུའི་ལྷ༔ རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆི༔ མ་རྟོགས་འཕྲུལ་སྣང་འཁོར་བའི་སེམས་ཅན་རྣམས༔ སྐུ་གསུམ་ངོ་བོ་སད་པར་སེམས་བསྐྱེད་དོ༔ བརྗོད་བྲལ་བློ་འདས་དགོངས་པ་དེ་བཞིན་ཉིད༔ ཡེ་གྲོལ་ཀཿཿ དག་རིག་པ་སལ་ལེར་གསལ༔ མ་འགག་བདེ་ཆེན་རང་གདངས་སོ་མའི་ངང༔ སྐད་ཅིག་སེངྒེ་སྔོན་པོ་ཁྲི་ཡི་སྟེང༔ ངྷི་ཡིག་དམར་སེར་འོད་ཟེར་རབ་འཕྲོས་ནས༔ རྒྱལ་ཀུན་མཉེས་མཆོད་འགྲོ་ཀུན་སྒྲིབ་སྦྱངས་ནས༔ སྐད་ཅིག་ཡོངས་གྱུར་འཇམ་དཔལ་ལི་ཁྲིའི་མདངས༔ ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་ཨུཏྤལ་སྟེང་དུ་གླེགས་བམ་བསྣམས༔ ཞབས་གཉིས་དཀྱིལ་ཀྲུང་ལོངས་སྐུའི་ཆས་ཀྱིས་རྒྱན༔ ཕྱོགས་བཞི་དཀར་སེར་དམར་ལྗང་པདྨའི་སྟེང༔ ཤར་དུ་འཇམ་དཔལ་དཀར་པོ་ཤེལ་གྱི་མདོག༔ འོད་ཟེར་ཉི་མ་འབུམ་ལས་མདངས་ལྡན་པ༔ ཕྱག་གཡས་གསེར་འཁོར་གཡོན་པས་ཁྲུས་བུམ་བསྣམས༔ ལྷོ་རུ་འཇམ་དཔལ་ཡིད་བཞིན་གཏེར་གྱི་བདག༔ གཡས་གཡོན་འདོད་འབྱུང་ནོར་བུ་ཐུགས་ཀར་བསྣམས༔ ནུབ་ཏུ་འཇམ་དཔལ་དབང་གི་རྒྱལ་པོའི་སྐུ༔ དམར་ནག་ཁྲོ་ཉམས་རྒྱལ་པོའི་རོལ་སྟབས་བཞུགས༔ དབང་སྡུད་ཟངས་ཀྱི་ལྕགས་ཀྱུ་གཡས་ན་བསྣབས༔ འདབ་སྟོང་ཨུཏྤལ་དམར་པོ་གཡོན་ན་བསྣབས༔ བྱང་དུ་འཇམ་དཔལ་དྲེགས་པ་ཀུན་འདུས་སྐུ༔ ལྗང་ནག་གདུག་པ་ཀུན་འདུལ་དྲག་ཁྲོས་སྔམས༔ ཕྱག་གཡས་གནམ་ལྕགས་རལ་གྲི་མཁའ་ཕྱར༔ གཡོན་པས་གྲི་ཀུ་བསྒྲལ་སྟབས་ཐུགས་ཀར་བསྡིགས༔ དེ་དག་འཁོར་ཚོགས་ལྷ་སྐུ་བསམ་མི་ཁྱབ༔ མ་བསྐྱེད་མ་བཙལ་སྒྱུ་འཁྲུལ་རོལ་བའི་ལྷ༔ གང་ཤར་དག་པ་མཉམ་པ་ཉིད་དུ་གསལ༔ ཞེས་གསུངས་སོ།།

      རྒྱལ་དབང་ལྔ་བ་ཆེན་པོས་ཞལ་སྔ་ནས་གོང་མ་ཆེན་ལུང་ངམ་ལྷ་སྐྱོང་རྒྱལ་པོ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན་ཞེས་གསུངས་ཤིང་། གོང་མ་ཆེན་ལུང་ངམ་ལྷ་སྐྱོང་རྒྱལ་པོས་གཟིགས་སྣང་ལ་གནས་མཆོག་འདི་རུ་བཞུགས་པའི་རྒྱལ་བའི་གསུང་རབ་གླེགས་བམ་ཡོངས་སུ་བོད་ཡིག་དང་སོག་ཡིག་ཡིན་པ་ལས། མཱན་ཡིག་གི་གསུང་རབ་གལེགས་བམ་མེད་པས་ཆེན་ལུང་ཁྲི་ལོ་སོ་བརྒྱད་པ1773ལོར་གསུང་རབ་གླེགས་བམ་དུམ་པ་གསུམ་མཱན་ཡིག་ཏུ་ལོ་ཙཱར་བསྒྱུར་ནས་བཞེངས་མོད་ཀྱང་ཕྱིས་སུ་མཱན་ཡིག་གི་གསུང་རབ་གླེགས་བུམ་དུམ་པ་གཅིག་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་བཙན་འཕྲོག་བྱས་པ་དང་། དུམ་པ་གཅིག་ཧྥ་རན་སིའི་པཱ་ལིས་གྲོང་ཁྱེར་དུ་བཞུགས་ཤིང་། དུམ་པ་གཅིག་གར་སོང་མ་ཤེས་ཞེས་ཟེར་ཏོ།།

      དེ་ནས་ཡང་ཏཱེ་ལོ་ཏེན་ནམ་འཇམ་དབྱངས་རིགས་ལྔའི་ལྷ་ཚོགས་འདུས་པའི་ཞིང་བཀོད་ལ་མཆོད་མཇལ་བྱས་པ་དང་། གནས་མཆོག་འདི་ནི་ཐོག་མར་ཆིན་ཧྥིན་ནམ་རི་རྩེ་སྔོན་པོ་དང་ཏཱ་ལོ་ཏེན་སོགས་འབོད་ཅིང་། མིན་རྒྱལ་རབས་ཀྱི་གོང་མ་བཱན་ལིས་ཁྲི་ལོ་ཉི་ཤུ་བ་ནས་ཆིན་རྒྱལ་རབས་ཀྱི་གོང་མ་ཆེན་ལུང་ངམ་ལྷ་སྐྱོང་རྒྱལ་པོ་ཁྲི་ལོ་བཅོ་ལྔ་བ་ནས་བཟུང་སྟེ་་ཏཱེ་ལོ་ཏེན་ཞེས་ཡོངས་སུ་གྲགས། གོང་མ་ལྷ་སྐྱོང་རྒྱལ་པོ་རྒྱ་ནག་རི་བོ་རྩེ་ལྔར་ཕྱག་ཕེབས་ནས་མཆོད་མཇལ་གནང་སྐབས་ཤར་ལྷོ་ནུབ་བྱང་དབུས་རི་སོགས་རྩེ་མོ་ལྔ་ལ་མཆོད་མཇལ་ཕེབས་པར་དགུན་དུས་ཀྱི་གྲང་ངར་ཆེ་བའི་དབང་གིས་སྟབས་བདེ་མ་ཡོང་ཟེར་ཞིང་། གནས་མཆོག་ཏཱེ་ལོ་ཏེན་འདི་ནི་འཇམ་དབྱངས་རིགས་ལྔའི་ལྷ་ཚོགས་འདུས་པའི་ཞིང་བཀོད་ཡིན་པ་དང་། རྒྱ་ནག་རི་བོ་རྩེ་ལྔ་ཡི་སྙིང་དབུས་ཡིན་པས་རི་བོ་རྩེ་མོ་ལྔ་ཡོངས་ལ་མཆོད་མཇལ་བྱས་པ་དང་ཁྱད་པར་མ་མཆིས་ཞེས་གསུངས་སོ།།

      ཁྱད་པར་དུ་ཧ་ཅང་བསམ་ཡུལ་ལས་འདས་པ་ཞིག་ནི་ཐུགས་རྗེ་ཆེན་པོའི་སྒྲུབ་ཕུག་དང་སྒྲུབ་ཆུ་སོགས་ལ་མཆོད་མཇལ་བྱས་པ་མ་ཟད། གནས་འདི་རུ་རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྒྲུབ་ཕུག་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྒྲུབ་ཕུག འཇམ་པའི་དབྱངས་ཀྱི་སྒྲུབ་ཕུག གསང་བདག་ཕྱག་རྡོ་རྗེ་སྒྲུབ་ཕུག་སོགས་གནས་མཆོག་འགངས་ཅན་དག་ལ་མཆོད་མཇལ་གང་ལེགས་བྱེད་པའི་སྐལ་བ་ཡག་པོ་ལྡན་ཏོ།། 

      འདིར་ཡང་བདག་སོགས་གནས་མཇལ་བ་འཁོར་དང་བཅས་པས་སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པའི་གསོལ་བ་ལན་བརྒྱར་འདེབས་པའི་ཚུལ་དུ། དགེ་བ་འདི་ཡིས་མྱུར་དུ་བདག།འཇམ་པའི་དབྱངས་ལ་གྲུབ་གྱུར་ནས།།འགྲོ་བ་གཅིག་ཀྱང་མ་ལུས་པར།།དེ་ཡི་ས་ལ་འགོད་པར་ཤོག།འཇམ་པའི་དབྱངས་ལ་གསོལ་བ་བཏབས་པའི་མཐུས།།བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།།དགེ་བའི་ལེགས་ཚོགས་མ་ལུས་ཅི་བསགས་པ།།བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།།  ཞེས་སྨོན་ལམ་བཏབ་པ་དང་བཅས་སོ།།


                                        གཉིས་པ།  གནས་མཆོག་དཔལ་རི་རྩེ་དགུའི་སྐོར།  


                                                 

      འཕགས་པ་སའི་སྙིང་པོའི་གནས་མཆོག་དཔལ་རི་རྩེ་དགུ་ཞེས་བྱ་བ་ནི་ཨན་ཧོས་ཞིང་ཆེན་ཆིན་ཡང་རྫོང་གི་ནུབ་ལྷོའི་ལེ་བར20ཡི་མཚམས་སུ་བཞུགས་ཤིང་།  ཅིག་ཙི་ཧྥིན་ནམ་རྒྱལ་སྲས་དཔལ་དགུ་རི་བོ་ཞེས་མིང་དུ་ཐོགས། དཔལ་རི་རྩེ་དགུའི་གནས་ཡིག་སོགས་རྒྱ་ནག་གི་ཡིག་ཚང་ཁ་ཤས་སུ་བཀོད་པ་ལྟར་ན།  རི་རྒྱལ་ལྷུན་པོར་མཛེས་སྡུག་ལྡན་ཞིང་དབུ་རྩེ་མཁའ་རུ་བསྙེགས།།རྫ་རི་སྨུག་པོ་ཆགས་ཚུལ་མི་གཅིག་རྩེ་མོ་དགུ་འཛོམས་ཅན།།ཞེས་རི་རྩེ་དགུ་བཅུ་གོ་དགུར་གྲགས་ཀྱང་ཐེན་ཐཱའེ་འམ་གནམ་སྟེགས་རི་བོ་དང་ལེན་ཧཱའམ་པད་མ་རི་བོ། ཐེན་ཀྲིའུ་འམ་གནམ་འདེགས་ཀ་བ་རི་བོ། ཧྲི་ཝང་ངམ་སྟོབས་བཅུ་ཚངས་སྲས་རི་བོ་སོགས་དཔལ་རི་རྩེ་དགུ་ནི་ཆེས་བརྗིད་ཉམས་ལྡན་པ་དང་། ཐང་རྒྱལ་རབས་ཀྱི་དུས་སུ་ཏོ་ལུགས་པས་བྱ་རྒྱལ་ཁྱུང་ཆེན་རི་བོ་ནས་ཆོས་ར་བཙུགས་ཤིང་། རི་བོ་ཡོངས་སུ་ཏོ་ལུགས་ཆེས་དར་བའི་སྐབས་སུ་ཆོས་ར་ཉི་ཤུ་ལྷག་ཙམ་བཞུགས། ཕྱིས་སུ་གནས་འདིར་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་ལུགས་དར་ཞིང་རྒྱལ་ཁབ་ཕྱི་ནང་གི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ།  ལྷ་ཁང་བཞེངས་ནས་ཆོས་སྡེ་བཏབས། གོང་མ་ཅན་ཀྲོང་ཁྲི་ལོ་གཉིས་པ781ལོའི་ཚུན་ལ་རིམ་བཞིན་དུ་ཆོས་སྡེ་ཆེ་ཆུང300ལྷག་ཙམ་དང་།   གྲྭ་བཙུན4000ལྷག་ལ་སླེབས་མྱོང་བ་དང་བཅས་སོ།། 

      འཕགས་པ་སའི་སྙིང་པོ་ནི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཡ་གྱལ་ཡིན་པས། ཧོར་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་བདག་སོགས་གནས་མཇལ་བ་འཁོར་དང་བཅས་པ་གནས་མཆོག་གྲགས་ཅན་དཔལ་རི་རྩེ་དགུར་སླེབས་པ་དང་། མ་ཧཱ་ཙི་ནའི་སྐད་དུ་ཧྭ་ཁྲིན་ཟི་ཞེས་སུ་གྲགས་པ་དང་། འཕགས་པ་སའི་སྙིང་པོས་སྒོམ་སྒྲིབ་མཛད་པའི་ཏིའི་ཙཱང་ཁྲན་ཟིའམ་ས་ཡི་སྙིང་པོའི་སྒོམ་ཆེན་ལྷ་ཁང་། རུག་ཧྲིན་པོ་ཏེན་ནམ་ས་ཡི་སྙིང་པོའི་སྐུ་གདུང་བཞུགས་པའི་ལྷ་ཁང་སོགས་ལ་མཆོད་མཇལ་བྱས་པ་མ་ཟད། པཱེ་སྲས་ཀོང་ངམ་ལོ་བརྒྱ་ཕོ་བྲང་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་། དགྲ་བཅོམ་པ་ལྔ་བརྒྱ་སོགས་ལ་མཆོད་མཇལ་བྱས་རྗེས། སྤྱན་རས་གཟིགས་དབང་བུམ་ཆུ་གནང་སྦྱིན་མའི་བུམ་ཆུའི་དངོས་གྲུབ་བླངས།  དེ་ནས་ཨན་ཧོས་ཞིང་ནས་ཧཱང་ཀྲིག་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ནས་ཞི་ཧུའུ་མཚེའུ་སོགས་ལ་གཟིགས་སྐོར་བྱས་སོ།། 


                                 གསུམ་པ།  གནས་མཆོག་རི་བོ་གྲུ་འཛིན་ནམ་ནན་ཧེ་པོ་ཏ་ལའི་སྐོར།


                    

      འཕགས་པ་ཐུགས་རྗེ་ཆེན་པོའི་གནས་མཆོག་རྒྱ་ནག་རི་བོ་གྲུ་འཛིན་ནི་ཀྲེ་ཅང་ཞིང་ཆེན་ཀྲིག་སཱན་གླང་ཕྲན་གྲུ་འཛིན་ས་ཁུལ་དུ་བཞུགས། རི་འདི་ལ་མ་ཧཱ་ཙི་ནའི་སྐད་དུ་ཕུའུ་ཐོ་སན་ནམ་འོད་ཟེར་རི་བོ་ཀྱང་ཟེར་ཞིང་། ཡོངས་ཁྱབ་ཏུ་ནན་ཧེ་པོ་ཏ་ལ་ཞེས་ཟེར་བ་དང་། འཕགས་པ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ནི་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས། ལོ་རྒྱུས་ཐོག་ཏུ་བོད་ཆེན་པོའི་རྒྱལ་ས་སྟེ་ལྷ་ལྷའི་ཕོ་བྲང་དམར་པོའི་རྩེ་པོ་ཏ་ལ་དང་མིང་དོན་མཚུངས་ཤིང་། རྒྱ་གར་ལྷོ་ཕྱོགས་སུ་རི་བོ་ཞིག་གི་མིང་ལ་པོ་ཏ་ལ་ཟེར། ཐང་རྒྱལ་རབས་ཀྱི་ཞོན་ཙོང་ཁྲི་ལོ་དང་པོ847ལོར་དགེ་སློང་ཞིག་གནས་འདིར་ཕེབས་དུས་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་དངོས་སུ་ཞལ་གཟིགས་གནང་པར་གྲགས། དེ་ནས་བཟུང་རྒྱ་ནག་གོང་མ་རིམ་བྱོན་གྱིས་ཐུགས་ཁུར་ཆེན་པོ་མཛད་ནས་གཙུག་ལག་ཁང་དང་ལྷ་ཁང་མང་པོ་བཞེངས་ཤིང་། རི་བོ་གྲུ་འཛིན་གྱི་གནས་ཡིག་ལས།  སུན་ཡོན་མིན་ཆིན་རྒྱལ་རབས་བཞིའི་དུས་སུ་གོང་མ13དང་། བཙུན་མོ19ཡིས་རི་བོ་གྲུ་འཛིན་ལ་གསེར་དངུལ་དང་།  ས་ཞིང་དང་། གསུང་རབས་སོགས་གནང་བར་མཛད་ཅེས་གསུངས་ཤིང་། རྒྱལ་རབས་རིམ་བྱོན་ཁག་གིས་སྔོན་གཞུག་ཏུ་དགོན་པ་ལྷ་ཁང་བཞེངས་ཏེ། རི་བོ་གྲུ་འཛིན་ཆེས་དར་བའི་དུས་སུ་དགོན་པ་དང་། ལྷ་ཁང་། གཙུག་ལག་ཁང་། གྲྭ་ཤག་སོགས300ཙམ།  གྲྭ་ཚང3000ལ་སླེབས་མྱོང་ཟེར་ཞིང་།  དེའི་ནང་དུ་ཕུའུ་ཅི་ཟིའམ་ཁྱབ་སྦྱིན་ལྷ་ཁང་དང་། ཧྥ་ཡཱས་ཟིའམ་ཆོས་འཕེལ་དགོན་པ།  ཧོས་ཅཱིས་ཟིའམ་ཤེས་རབ་དགོན་པ་སོགས་ཆེས་མིང་དུ་གྲགས་སོ།།

      ཧོར་ཟླ་བཅུ་་བའི་ཚེས་གཅིག་ཉིན་ནས་བཟུང་བདག་སོགས་གནས་མཇལ་བ་འཁོར་དང་བཅས་པ་གནས་མཆོག་གྲགས་ཅན་རི་བོ་གྲུ་འཛིན་ལ་སླེབས་པ་དང་། ཐོག་མར་མ་ཧཱ་ཙི་ནའི་སྐད་དུ་ཕུའུ་ཅིས་ཟིའམ་ཁྱབ་སྦྱིན་ལྷ་ཁང་ཆེན་མོར་བཞུགས་པའི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་ལ་མཆོད་མཇལ་དང་། ཁྱད་པར་དུ་ནན་ཧེ་པོ་ཏ་ལའི་མཚོན་རྟགས་རང་བཞིན་གྱི་ཐུགས་རྗེ་ཆེན་པོ་མཚོ་གཟིགས་མར་མཆོད་མཇལ་བྱས་ཤིང་། ཐུགས་རྗེ་ཆེན་པོ་མཚོ་གཟིགས་མ་ནི1996ལོར་གསར་བཞེངས་བྱས་ནས། 1997ལོའི་ཧོར་ཟླ་དགུ་བའི་ཚེས་དྲུག་ཉིན་ལ་ལེགས་གྲུབ་བྱུང་པ་དང་མཐོ་ཚད་ལ་སྨིས33ཡོད་ཅིང་། ཧོར་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་ལ་རབ་གནས་ཀྱི་མཛད་སྒོ་ཆེན་པོ་སྤེལ་ནས། འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་དད་ལྡན་མང་ཚོགས་ཀྱིས་དད་མོས་བྱེད་པའི་སྲོག་ཤིང་དུ་གྱུར་ཞིང་གནས་མཇལ་བ་རྣམས་ཀྱི་ཡིད་དབང་འཕྲོག་པར་བཞུགས་སོ།།

     ཁྱད་པར་དུ་བདག་སོགས་གནས་མཇལ་བ་འཁོར་དང་བཅས་པ་རྒྱ་ནག་གི་གནས་མཆོག་རི་བོ་གྲུ་འཛིན་ལ་སླེབས་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་གནས་མཇལ་བ་ཁྲི་འབུམ་མང་པོ་དང་ལྷན་ཅིག་ཏུ་ཤར་ཕྱོགས་རྒྱ་མཚོ་ཆེན་མོའི་གྲུ་གཟེངས་སྟེང་མཚོ་སྙིང་རི་བོ་གྲུ་འཛིན་ཏུ་གྲགས་པའི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱོགས་སུ་བསྐྱོད་པའི་དུས་ན་ཀློ་བུར་དུ་རྒྱ་མཚོ་ཆེན་པོའི་ངོགས་སུ་འོད་ཟེར་ཆེན་པོ་ཞིག་མཚེར་ནས་ནམས་མཁའི་ཆུ་འཛིན་དཀར་པོའི་དབུས་སུ་འཕྲོས་བས། དད་ལྡན་གནས་མཇལ་བ་རྣམས་ལ་མཚོན་ན་ཧ་ཅང་བཀྲ་ཤིས་དགེ་ལེགས་འཕེལ་བའི་རྟགས་སུ་མཆིས་ཤིང་དགའ་བདེའི་དཔལ་ལ་རོལ་བའི་སེམས་པས་ཁེངས་སོ།།


                                     བཞི་བ།  གནས་མཆོག་གླང་ཆེན་འགྱིངས་རིའི་སྐོར།


                       

       བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོའི་གནས་མཆོག་གླང་ཆེན་འགྱིངས་རི་ཞེས་བྱ་བ་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིངས་རི་གྲོང་ཁྱེར་གྱི་ནུབ་ལྷོའི་མཚམས་སུ་བཞུགས། རྒྱ་ནག་གི་བསྟན་བཅོས་ཁ་ཤས་སུ་ནུབ་ཕྱོགས་བདེ་ལྡན་ཞིང་བཀོད་དང་། རི་རྒྱལ་ལྷུན་པོ། འོད་ཟེར་རྫ་རི། མདུན་སོ་དཀར་མོའི་རི་རྒྱུད་སོགས་མང་དུ་གྲགས་ཤིང་། རི་རྒྱུད་ཡོངས་སུ་ལེ་བར180དང་མཐའ་འཁོར་དུ་ལེ་བར600ཡས་མས། མཚོ་ངོས་ལས་མཐོ་ཚད་སྨིས3390ཡིན་པས། ཁ་དཔེ་ལ་གླང་ཆེན་འགྱིངས་རིས་གནམ་འོག་མཛེས་པར་རྒྱན་ཞེས་ཡོངས་སུ་གྲགས། གླང་ཆེན་འགྱིངས་རིར་སྔ་མོའི་དུས་སུ་རྒྱ་ནག་གི་ཏོ་ཅཱའོ་ཆོས་ལུགས་དར་ཞིང་། ཏོ་ལུགས་སྟོན་པ་ཀྲང་ཏོ་ལིན་གྱིས་མཛད་པའི་གླང་ཆེན་འགྱིངས་རིའི་ཁྱད་མཚར་ཟིན་བྲིས་ལས། ཏོ་ལུགས་པས་སྒྲིབ་པ་རྣམ་པར་སྦྱངས་པར་ཕུག་པ36དང་། གནས་མཆོག75ཡོད་ཅེས་གསུངས། ཕྱིས་སུ་ཏོ་ལུགས་པའི་གནས་དེ་དག་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གདན་ས་རུ་གྱུར་ནས། ཏོ་ལུགས་དང་ནང་བསྟན་ཆོས་ལུགས་མཉམ་གནས་སུ་གྱུར། ཐ་མར་ཏོ་ལུགས་པ་ཉམས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཞིང་རྒྱས་པར་མཛད།  ཆིན་རྒྱལ་རབས་ཀྱི་གོང་མ་ཐབས་སྐྱོང་རྒྱལ་པོའི་དུས་སུ་ལྷ་ཁང་དང་མཆོད་ཁང170བཞེངས་ཡོད། ད་ལྟ་ང་ཚོའི་མིག་དབང་གི་བདུད་རྩིར་གྱུར་པ་ནི་བཱན་ཉན་ཟིའམ་ཁྲི་ལོ་ལྷ་ཁང་དང་། པཱའོ་གོ་ཟིའམ་དྲིན་འཇལ་ལྷ་ཁང་། ཧྥུའུ་ཧུའུ་ཟིའམ་རྒྱལ་སྟག་ཚང་ཉལ་ལྷ་ཁང་། ལོས་ཡུན་ཟིའམ་འབྲུག་སྒྲ་ལྡིར་བའི་ལྷ་ཁང་། ཧྲན་ཅཱའོ་ཟིའམ་རྒྱལ་བསྟན་དགེ་ལྡན་ལྷ་ཁང་། ཆིན་ཡུན་ཀིའམ་སྒྲ་དབྱངས་ལྷ་ཁང་། ཀོང་ཞཱང་ཟིའམ་འོད་གསལ་ལྷ་ཁང་སོགས་མངོན་པར་བཞུགས་སོ།།

       ཧོར་ཟླ་བཅུ་་བའི་ཚེས་ལྔ་ཉིན་ནས་བཟུང་བདག་སོགས་གནས་མཇལ་བ་འཁོར་དང་བཅས་པ་གནས་མཆོག་གྲགས་ཅན་གླང་ཆེན་འགྱིངས་རི་ལ་སླེབས་པ་དང་། ཐོག་མར་མ་ཧཱ་ཙི་ནའི་སྐད་དུ་ལཱོ་སན་ཏཱ་ཧྥོའོ་ཞེས་པའི་རྒྱལ་བ་བྱམས་ཆེན་ཆུ་གཟིགས་མར་མཆོད་མཇལ་བྱས་པ་དང་། རྒྱལ་བ་བྱམས་ཆེན་ཆུ་གཟིགས་མ་ནི་སི་ཁྲོན་ཞིང་ཆེན་ལཱོ་སན་གྲོང་ཁྱེར་ལྷོ་ཕྱོགས་སུ་མིན་ཅང་གཙང་པོ་དང་། ཆིན་དབྱིས་གཙང་པོ། རྒྱལ་མོ་དངུལ་ཆུ་སོགས་གཙང་པོ་གསུམ་གྱི་འདུས་མདོ་རུ་བྲག་ལ་གྲུབ་ནས་བཞེངས་ཡོད་ཅིང་མཐོ་ཚད་ལ་སྨིས71ཡོད་པས། འཛམ་གླིང་གི་ཆེས་ཆེ་བའི་རྡོ་བརྐོས་བྱམས་སྐུ་ཆེན་མོ་ཞིག་ཡིན་པ་མ་ཟད། ཐང་རྒྱལ་རབས་ཀྱི་ཁེ་ཡོན་ཁྲི་ལོ་དང་པོ་སྟེ་སྤྱི་ལོ713ལོར་བཞེངས་མགོ་བརྩམས་ཤིང་། ཀྲིན་ཡོན་ཁྲི་ལོ་བཅུ་དགུ་བ་སྟེ་སྤྱི་ལོ803ལོར་ལེགས་གྲུབ་བྱུང་བས། ཧ་ལམ་ལོ་ངོ་དགུ་བཅུའི་རིང་ལ་བཞེངས་པའི་རྒྱལ་བ་བྱམས་ཆེན་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་བཞུགས་སོ།།

       བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ནི་རྫོགས་པའི་སངས་རྒྱས་དངོས་དང་། དུས་གསུམ་སངས་རྒྱས་ཀུན་གྱི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་མཛད་པ་ཡིན་ཏེ། ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཡ་གྱལ་ཀྱང་ཡིན། གེ་སར་རྒྱལ་པོའི་སྒྲུང་ལས་གླང་ཆེན་འགྱིངས་རི་ནི་སྟོབས་བཅུ་མངའ་བའི་གླང་ཆེན་དཀར་པོ་མཆེ་བ་དྲུག་ཅན་ཞིག་གི་དབྱིབས་དང་མཚུངས་ཞེས་ཟེར་བས། འཕགས་པ་ཀུན་ཏུ་བཟང་པོས་གླང་ཆེན་བཅིབས་ནས་གནས་མཆོག་འདིར་སྒྲིབ་པ་མཛད་པའི་ཟིན་བྲིས་དང་ཧ་ཅང་གཅིག་མཐུན་ཡིན་པར་སྣང་ཞིང་། འཕགས་པ་ཀུན་ཏུ་བཟང་པོས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཏིང་ངེ་འཛིན་ལ་བཞུགས་ནས་ཉེ་འཁོར་ལྷ་ཚོགས3000ལ་ཆོས་འཁོར་བསྐོར་བའི་གནས་མཆོག་ཡིན་པ་དང་། བྱིན་གྱིས་བརླབས་ཤིང་ཐུགས་བསྐྱེད་སྨོན་ལམ་ཆེན་པོས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མངོན་པར་སངས་རྒྱས་པའི་འབྲས་བུ་སྨིན་པར་རྟག་ཏུ་བཞུགས་སོ།།

       དེ་ཡང་མ་ཧཱ་ཙི་ནའི་སྐད་དུ་བཱན་ཉན་ཟིའམ་ཁྲི་ལོ་ལྷ་ཁང་སོགས་ལྷ་ཁང་ཆེན་པོ་བརྒྱད་ལ་རིམ་བཞིན་མཆོད་མཇལ་བྱས་ནས། སྤྱི་ལོ980ལོར་བཞེངས་པའི་འཕགས་པ་ཀུན་ཏུ་བཟང་པོའི་མཐོ་ཚད་ལ་སྨིས7.85ཡོད་ཅིང་། ལྗིད་ཚད་ལ་ཏུན62ཡོད་པ་མ་ཟད། ལོ་ངོ་བཞི་བརྒྱའི་རིང་ལ་ཚད་རིམ5ནས་9བར་གྱི་ས་འགུལ་ཐེངས18བྱུང་ཀྱང་ཆགས་འཇིག་མ་བྱུང་བའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་ལ་སྒོ་གསུམ་གུས་པའི་ཕྱག་མཆོད་ཕུལ་ཞིང་སྨོན་ལམ་ཡག་པོའི་མདུན་བསུས་ཏེ། གླང་ཆེན་འགྱིངས་རིའི་དབུ་རྩེའི་གསེར་ཏོག་ལྷ་ཁང་དང་། གླང་ཆེན་འགྱིངས་རིའི་མཚོན་རྟགས་ཕྱོགས་བཅུར་གཟིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོའི་མཐོ་ཚད་ལ་སྨིས48ཡོད་པ་དང་། ལྗིད་ཚད་ལ་ཏུན600ཡོད་པ། སྤྱིའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ1000ཡོད་པ།  མིག་སྔར་འཛམ་བུ་གླིང་ན་ཆེས་ཆེ་ཞིང་མཐོ་བའི་ཕྱོགས་བཅུར་གཟིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་ཀུན་འདུས་བའི་ངོ་བོ་མཚོན་པར་མཆོད་མཇལ་བྱས་པ་དང་། འདིར་ཡང་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་པའི་ཉིན་མོ་འདིར་ཧ་ཅང་བཀྲ་ཤིས་པའི་རྟགས་སུ་མཐོང་བ་ནི་གནས་མཆོག་གླིང་ཆེན་འགྱིངས་རིའི་རྫ་འདབས་ཡོངས་སུ་ནགས་ཚལ་སྟུག་པོའི་ལྗོན་ཤིང་གིས་གཡོགས་ནས་དབྱར་ཁའི་ནམ་ཟླ་དྲོན་མོ་ལྟར་ལྗང་མདོག་གི་རྣམ་པ་མཛེས་ཤིང་སྡུག་ལ། རྫ་སྐེད་ཐམས་ཅད་དུ་ཆུ་འཛིན་དཀར་པོའི་དབུས་སུ་སྨུག་པ་འཐིབས་ནས་དབྱར་གཞུང་གི་དུས་ཚིགས་སྐྱིད་པོ་ནང་བཞིན་ཡིད་འོང་ཞིང་ཁམས་མངོན་པ། རྫ་རིའི་དབུ་རྩེ་རུ་ཁ་བ་དཀར་པོའི་མེ་ཏོག་གི་འདབས་མ་ལྷབ་ལྷབ་ཏུ་བསྐྱོད་ནས་ངོ་མཚར་དར་དཀར་རིང་མོའི་རྒྱན་པ་སོགས་སེམས་ཅན་ཀུན་གྱི་ཡིད་དབང་འཕྲོག་པར་འདུག ཕྱོགས་བཞི་མཚམས་བརྒྱད་དང་སྟེང་འོག་གནམ་ས་གཉིས་སོགས་ཕྱོགས་བཅུར་གཟིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོས་ཀྱང་ནམས་མཁའི་དབྱིངས་སུ་གོས་དཀར་གྱི་ན་བཟའ་སྐུ་ལ་བནབས་ནས་ལྷིང་ངེར་འགྱིངས་ཏེ། དད་ལྡན་གནས་མཇལ་བ་ཁྲི་འབུམ་མང་པོར་ཐུགས་རྗེ་སྤྱན་གྱིས་གཟིགས་ཤིང་སྤྲོ་སྐྱིད་ལྡན་པའི་ཞལ་མཇལ་དྲོན་མོ་གནང་བཞིན་བཞུགས་སོ། བདག་སོགས་གནས་མཇལ་བ་འཁོར་དང་བཅས་པས་དྲན་དབང་འབུམ་སྡེའི་སྙིང་དབུས་སུ་སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་ནས་མགྲིན་གཅིག་ཏུ་དགེ་བ་ཚོགས་ཞིང་དུ་བསྔོ་པའི་དུས་སུ་སྨིན་པའི་ཀུན་སློང་ཟབ་མོས་ཁེངས་ཏེ། ཀུན་ཏུ་བཟང་བོར་གསོལ་བ་བཏབ་པའི་མཐུས།།བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།ནད་དང་དབུལ་ཕུངས་འཐབ་རྩོད་ཞི་བ་དང་།།ཆོས་དང་བཀྲ་ཤིས་འཕེལ་བར་མཛད་ཏུ་གསོལ།།དགེ་བ་འདི་ཡིས་མྱུར་དུ་བདག།ཀུན་ཏུ་བཟང་བོར་གྲུབ་གྱུར་ནས།།འགྲོ་བ་གཅིག་ཀྱང་མ་ལུས་པར།།དེ་ཡི་ས་ལ་འགོད་པར་ཤོག།ཀུན་ཏུ་བཟང་བོར་གསོལ་བ་བཏབས་པའི་མཐུས།།བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།།དགེ་བའི་ལེགས་ཚོགས་མ་ལུས་ཅི་བསགས་པ།།བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།།ཞེས་ཡིད་ངག་ལུས་གསུམ་གྱི་ངང་ནས་སྨོན་ལམ་བཏབ་པ་དང་ཐམས་ཅད་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག།   །།

      ཞེས་རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་དུ་འགྲིམ་པའི་ཟིན་བྲིས་མདོར་བསྡུས་ཞེས་བྱ་བ་འདི་ཡང་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་ཆབ་གཞོང་དར་ཐང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་རེ་ཞིག་རྫོགས་པར་གྱུར་བ་སརྦ་ཛ་ཡནྟུ།།





评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-16 01:51 , Processed in 0.282820 second(s), 21 queries .

返回顶部