博客西藏在最高处过一种生活

日志

༄༅།།གླིང་སྒྲུང་ཁྲོད་ཀྱི་གཉེན་སྲོལ་ལ་དཔྱད ...

已有 68 次阅读2017-9-27 08:48 |系统分类:文化


                                               ༄༅།།གླིང་སྒྲུང་ཁྲོད་ཀྱི་གཉེན་སྲོལ་ལ་དཔྱད་པ།
                                      ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ​རྩོམ་པ་པོ། རིག་འཛིན་སྐྱབས། 

                     

       [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་གླིང་སྒྲུང་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་གཉེན་སྲོལ་འདུ་ཤེས་དང་གཉེན་འབྲེལ་འབྲེལ་བ། དེ་མིན་བོད་ཀྱི་ཆོས་ལུགས་གྲུབ་མཐས་གཉེན་སྲོལ་ལ་ཐེབས་པའི་ཤུགས་རྐྱེན་སོགས་དཔྱད་གཞིར་བཟུང་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་གནས་བབས་དང་བོད་མིའི་བསམ་བློའི་འདུ་ཤེས།  ད་དུང་སྐབས་དེའི་བོད་ཀྱི་བུད་མེད་ཐོབ་ཐང་བཅས་ལ་དཔྱད་ཞིབ་ནན་མོ་བཏང་ཡོད།

       [བརྡ་ཆད་གཙོ་བོ།] གླིང་སྒྲུང་། གཉེན་སྲོལ།   བུད་མེད།

      གཉེན་སྒྲིག་ནི་མིའི་རིགས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཟད།  མིའི་རིགས་ཀྱི་འཚོ་གནས་རྒྱུན་བསྲིང་དང་རིགས་རྒྱུད་དར་སྤེལ་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན། དེ་བས་མི་རིགས་ཤིག་གི་གཉེན་སྒྲིག་ལྟ་བ་དང་གཉེན་སྲོལ་གྱིས་མི་རིགས་གང་དེའི་སྐབས་དེའི་སྤྱི་ཚོགས་འཚོ་བའི་གནས་བབས་དང་བསམ་བློའི་འདུ་ཤེས་སོགས་མངོན་མཚོན་བྱས་ཡོད་པ་མ་ཟད།  མི་རིགས་དབར་གྱི་འགྲོ་འོང་མཛའ་བརྩེ་དང་ཐ་ན་དམག་དོན་དཔལ་འབྱོར་ཡང་མངོན་མཚོན་བྱས་ཡོད།  དེ་བས་གླིང་སྒྲུང་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན། གླིང་སྒྲུང་ཁྲོད་ཀྱི་གཉེན་སྲོལ་དང་གཉེན་སྒྲིག་ལ་ཞིབ་འཇུག་བྱ་རྒྱུ་དེ་ནི་གླིང་སྒྲུང་རིང་མོའི་གསང་བ་འགྲོལ་བྱེད་ཀྱི་ལྡེ་མིག་ལྟ་བུར་གྱུར་ཡོད།

       དང་པོ།གླིང་སྒྲུང་ཁྲོད་ཀྱི་གཉེན་འབྲེལ་འབྲེལ་བ།

      འཛམ་གླིང་ལོ་རྒྱུས་སྙན་རྩོམ་རིང་མོའི་ཡ་གྱལ་ཏེ།  གླིང་སྒྲུང་ནང་དུ་གནའ་བོའི་མཚོ་བོད་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་ཉེ་འཁོར་དུ་གནས་བའི་མི་རིགས་ཁག་གི་འགྲོ་འོངས་འབྲེལ་བ་དང་དཔལ་འབྱོར། དམག་དོན།  ད་དུང་བོད་རིགས་གཅིག་གྱུར་བྱས་བའི་གནས་ཚུལ་སོགས་བརྗོད་ཡོད་དེ།  དཔེར་ན།  རྒྱ་བོད་མི་རིགས་དང་དེ་ལས་གཞན་པའི་ཧོར་དང་སོག་པོ། འཇང་དང་དྲུ་གུ་ལ་སོགས་པའི་མི་རིགས་བར་གྱི་མཛའ་མཐུན་འབྲེལ་བ་དང་གཉེན་འབྲེལ་འབྲེལ་བ་སོགས་བརྗོད་ཡོད་པ་ལྟ་བུ་ཡིན་ཏེ།  ལོ་སྟོང་ཕྲག་ཡར་སྔོན་གྱི་བཀས་བཀོད་རྒྱུད་འཛིན་དབང་བསྒྱུར་གྲལ་རིམ་གྱིས་སྤུན་ཟླའི་མི་རིགས་ཁག་གི་གཉེན་འབྲེལ་འབྲེལ་བར་ཚད་བཀག་ཐེབས་ནས། ཁྱིམ་རྒྱུད་དང་ཁྱིམ་རྒྱུད་ནང་གཉེན་སྒྲིག་བྱས་ན་ཁྱིམ་རྒྱུད་ཀྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་ཞེས་པའི་གཉེན་འབྲེལ་གྱི་འབྲེལ་བ་ཞིག་ཆགས་སུ་བཅུག་མོད། མི་རྣམས་ཀྱི་འདུ་ཤེས་སྟེང་ཚོ་བ་གཅིག་པའམ་ཡང་ན་ཉེ་རིང་བར་གཉེན་སྒྲིག་བྱས་ན། སྐྱེ་བའི་ཕྲུ་གུའི་རིག་སྟོབས་དང་ལུས་སྟོབས་ཞན་པ་མ་ཟད་ཐ་ན་དབང་བོ་སྐྱོན་ཅན་ཡང་སྐྱེ་བའི་ཉེས་པ་དེ་རིམ་གྱིས་རྟོགས་ཏེ་སྔོན་གྱི་གཉེན་སྒྲིག་རྣམ་པར་འགྱུར་བ་བྱུང་འགོ་བརྩམ། ཡིན་ནའང་བོད་རིགས་ལ་མཚོན་ན། ཚོ་བ་གཅིག་པ་དང་ཤ་རུས་ཉེ་རིང་བར་གཉེན་སྒྲིག་བྱེད་པའི་སྲོལ་དེ་གནའ་སྔ་མོ་ནས་མེད་པ་རེད། དཔེར་ན།  ལོ་རྒྱུས་སྒྲུང་གཏམ་ཁྲོད་ཀྱི«སྲིད་པ་ཆགས་ལུགས»  ནང་དུ།“བྱང་ཆུབ་སེམས་དཔའ་རྣམས་ཀྱིས་པྲེཏཱ་བོད་ཡུལ་ཁ་བ་ཅན་གྱི་འགྲོ་བ་རྣམས་འདུལ་བའི་དོན་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་སྤྲེའུ་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞེས་ཏེ་རྒྱ་གར་ནས་བོད་ལ་རིམ་པར་བྱོན། བསམ་གཏན་ལ་མཉམ་པར་བཞག་སྟེ་བཞུགས་སྐབས། བྲག་སྲིན་མོ་ཞེས་པའི་མི་བསྲུན་སྡུག་པ་ཅན་ཡོད་པ་དེ་སྤྲེའུ་ངང་རྒྱུད་རིང་བ་དང་སྡོམ་པ་ལ་གནས་པ་དེར་མཇལ་ནས་དགའ་ཞིང་ཆགས་པའི་སེམས་ནི་མི་བཟོད་པ་སྐྱེས་ནས་ཁྱིམ་ཐབ་དགོས་པའི་ཞུ་བ་ནན་གྱིས་ཕུལ་བས་སྤྲེའུ་བྱང་ཆུབ་སེམས་དཔའ་རི་བོ་པོ་ཏ་ལར་འཕགས་པའི་མདུན་དུ་བྱོན་ཏེ། སྲིན་མོའི་ལོ་རྒྱུས་ཞུས་པས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཁྱིམ་ཐབ་དགོས་པའི་ལུང་བསྟན།  དེ་ནས་འཕགས་པའི་བཀའ་བཞིན་ཁྱིམ་ཐབ་མཛད་སྐབས།  ལྷ་ནས་འཕོས་པའི་བྱང་སེམས་ཆེ་བ་སོགས་བློ་རིག་རྣོ་བའི་སྤྲེའུ་ཕྲུག་རང་གཤིས་མི་འདྲ་བ་ཅན་དྲུག་སྐྱེས་པ་དེ་ནི་བོད་ཀྱི་རུས་དྲུག་གི་མགོ་ཁུངས་ཡིན་་་་་་་་་”[①] ཅེས་པ་ལས་ཀྱང་བོད་ཀྱི་གཉེན་སྲོལ་གྱི་ཐོག་མའི་རྣམ་པ་ཅུང་ཙམ་རྟོགས་ཐུབ་ལ། གཞན《འཁྲུངས་གླིང་》ནང་དུའང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་བཤད་རྒྱུར།“ང་ནི་སྤྲེའུ་གཟུགས་ཅན།། འཕོང་ན་རྔ་མ་འདྲུད།།  ལུས་ཡོངས་སྲོག་ཆགས་སྤུ་ཡིས་ཁེངས།།  གདོང་ཡོངས་མི་སྡུག་གཉེར་མས་ཁེངས།།  ང་ནི་གཏན་གྲོགས་བྱེད་ལ་མི་འོས་བས།། ཁྱོད་ཀྱི་འདོད་པའི་མེ་ལྕེ་ཚིམ་བྱེད་ལ།། རང་རིགས་སྲིན་པོ་འཚོལ་པ་ན།། ཁྱོད་ཀྱི་འདོད་པ་ཚིམ་པའི་ཐབས་བཟང་ངོ་་་་་་་། ཞེས་བ་ལ་མ་བྲག་སྲིན་མོས། གལ་ཏེ་ང་སོང་ནས་སྲིན་པོ་འཚོལ་ན། སྐྱེས་བའི་ཕྲུ་གུ་ཚང་མ་སྲིན་པོ་ཡིན་པས། མུ་མཐུད་དུ་འགྲོ་བ་ཀུན་ལ་གནོད་འཚེ་གཏོང་ངེས་ཡིན། དེ་བས་ཁྱོད་དང་གཏན་གྲོགས་བསྒྲིགས་ནས་བློ་ལྡན་ཕྲུ་གུ་མང་བོ་སྐྱེས་གྱུར་ན།་་་་་་་་་་་་”[②]ཅེས་པའི་མ་བྲག་སྲིན་མོ་དང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་གཉིས་ཀྱི་གཏམ་གླེང་ལས་རྟོགས་ཐུབ་པ་ནི་ཁྲག་རྒྱུད་ནང་ཁུལ་དུ་གཉེན་སྒྲིག་བྱས་ན་ཁྲག་རྒྱུད་གང་དེའི་ངན་ཆ་དེ་མུ་མཐུད་དུ་རྗེས་རབས་པར་འབྱུང་སྲིད་པས་ཁྲག་རྒྱུད་མི་གཅིག་པའི་བར་གཉེན་སྡེབ་བྱས་ན།  ད་གཟོད་བློ་རིག་ལྡན་པའི་བུ་ཕྲུག་འབྱུང་ངེས་ཡིན་ཞེས་པར་གཞིགས་ན་བོད་རིགས་ལ་བོད་རིགས་ཆད་ཁུངས་ཀྱི་ཐོག་མའི་སྤྲེའུ་རིགས་དེ་ནས་བཟུང་རིགས་རྒྱུད་གཞན་དང་ཁྲག་རྒྱུད་མི་གཅིག་པའི་བར་གཉེན་སྡེབ་བྱེད་པའི་སྔོན་ཐོན་གྱི་རིགས་རྒྱུད་སྤེལ་སྲོལ་ཡོད་པ་རྟོགས་ཐུབ།

       ཨ་མེ་རི་ཁའི་སྐྱེ་དངོས་མཁས་ཅན་མོའོ་ཨར་ཀུན་གྱིས“ཁྲག་རྒྱུད་ཀྱི་འབྲེལ་བ་མེད་པའི་མི་རིགས་བར་གཉེན་སྒྲིག་བྱས་ན་སྐྱེས་བའི་མི་ཡི་གཟུགས་གཞི་དང་བློ་རྩལ་སོགས་ཕྱོགས་ཡོངས་ནས་སྟོབས་ཤུགས་གཅིག་འདུས་ཀྱི་མི་ཡིན་ལ། རིགས་མི་འདྲ་བ་གཉིས་ཀའི་ཀླད་ཤུགས་དང་གཟུགས་གཞིའི་ནུས་བའང་ཐོན་ཡོད་”[③]ཅེས་གསུངས་ཡོད་པ་རེད།  དེ་མིན་གླིང་སྒྲུང་ཁྲོད་ཀྱི་《འཁྲུངས་གླིང་》ནང་དུའང་། གེ་སར་གྱི་ཡབ་སངས་བློན་གྱིས་རྒྱ་ཡུལ་ནས་ཆུང་མ་འགག་བཟའ་ལྷ་དཀར་སྒྲོལ་མ་བླངས་ནས་རྒྱ་ཚ་ཞལ་དཀར་སྐྱེས་ཤིང་། རྒྱ་ཚ་དང་གེ་སར་གཉིས་ནི་ཕ་གཅིག་མ་མི་གཅིག་པའི་སྤུན་མཆེད་ཡིན་ཞེས་པ་འདི་ལས་ཀྱང་རྒྱ་བོད་གཉིས་ཀྱི་དབོན་ཞང་གི་འབྲེལ་བ་བསྟན་ཡོད་ཅིང་། དོན་དངོས་སུ་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་གཉིས་རིམ་བཞིན་བོད་ཀྱི་བཙན་པའི་ཁབ་ཏུ་བཞེས་རྗེས་རྒྱ་བོད་བར་ལ་དབོན་ཞང་གི་འབྲེལ་ཆགས་པ་དེ་ལོ་རྒྱུས་ཀྱི་དོན་དངོས་ཡིན།  ལོ་རྒྱུས་སྙན་རྩོམ་འདིའི་མགོ་མཇུག་བར་གསུམ་དུ་བལྟས་ནའང་།  རྒྱ་ཚ་ནི་གེ་སར་གྱི་ཕུ་བོ་ཡིན་ཞིང་གནད་འགག་གང་གི་སྐབས་སུའང་རྒྱ་ཚས་གེ་སར་ལ་ཧ་ཅང་བློ་དཀར་ཏེ། དཔེར་ན།  གླིང་གིས་ཐག་བཅད་ལྟར་རྟ་རྒྱུགས་རྒྱལ་འཇོག་ལས་རྒྱལ་ན། རྒྱལ་བོར་འཇོག་པ་དང་བཙུན་མོ་ལེན་པའི་གནད་འགག་གི་སྐབས་སུའང་རྒྱ་ཚས་ཁྲོ་ཐུང་གིས་དོན་དག་འདྲ་མིན་བཟོ་བར་དོགས་ནས་གེ་སར་བསུས་ཡོང་ཏེ་རྟ་རྒྱུགས་རྒྱལ་འཇོག་ལ་ཞུགས་སུ་བཅུག་ནས་གེ་སར་གླིང་གི་རྒྱལ་བོར་བསྡད་པ་དང་།  ཧོར་གུར་དཀར་རྒྱལ་བོས་གེ་སར་མེད་པའི་གོ་སྐབས་བརྩལ་ནས་གླིང་གི་སྒར་ཁར་རྒྱུག་ནས་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་འཕྲོག་པར་བསྟེན་རྒྱ་ཚས་དཔའ་ངར་ཞིམ་མེད་ཀྱིས་གུར་དཀར་དམག་ལ་འགོག་རྒོལ་བྱས་མོད་མཐར་རྔོ་མ་ཐོགས་པར་རྒྱ་ཚ་དགྲ་ལག་ཏུ་ཤི་པའི་ལྷད་མེད་ཀྱི་རྣམ་འགྱུར་ཐོག་ནས་ཀྱང་རིགས་རྒྱུད་སྡེབ་སྦྱོར་ལས་ཐོན་པའི་མི་གཤིས་ཀྱི་རྩིས་ཐང་དང་མི་རིགས་མཐུན་འབྲེལ་གྱི་འབྲེལ་བ་མཚོན་ཡོད།

        གཉིས་བ།《གླིང་སྒྲུང》ཁྲོད་ཀྱི་ཁྱོ་གཅིག་ཤུག་མང་ལམ་ལུགས།

       ཆ་སྡེབ་གཉེན་སྒྲིག(对偶婚)ཁྲོད་རིམ་གྱིས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་བྱུང་བ་དེས་ཕྱོགས་གཅིག་ནས་འགྲོ་བ་མིའི་རིགས་ལ་ཤེས་རིག་དར་འགོ་བརྩམ་པ་མཚོན་པ་དང་།  ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཁྲོད་ཀྱི་སྐྱེས་པའི་དབང་བསྒྱུར་གྱི་ནུས་བ་སྲ་བརྟན་དུ་སོང་བ་མཚོན། གནས་ཚུལ་འདི་ལྟ་བུའི་འོག་ནས་ལན་རེར་ཁྱོ་གཅིག་ཤུག་གཅིག་དེ་དོན་དངོས་སུ་ཁྱོ་གཅིག་ཤུག་གཉིས་ཀྱི་ངོ་བོ་ཡིན་པའི་སྐབས་ཀྱང་ཡོད། མིའི་རིགས་ཀྱི་གཉེན་སྒྲིག་རྣམ་པ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་བ་དང་བསྟུན་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པ་མ་ཟད་གཉེན་སྒྲིག་གི་རྣམ་པས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་རྣམ་པའང་མཚོན་ཐུབ། ཨེན་ཀི་སིས“ཚོགས་པའི་གཉེན་སྒྲིག་ནི་མུན་ནག་རབ་རིབ་ཀྱི་དུས་རབས་དང་མཐུན་ལ། ཆ་སྡེབ་གཉེན་སྒྲིག་ནི་དམུ་རྒོད་དུས་རབས་དང་མཐུན་ཞིང་། བཙན་གཡེམ་དང་སྨད་འཚོང་ནི་ཁྱོ་གཅིག་ཤུག་གཅིག་ལ་ཁ་སྣོན་བྱས་བའི་ཤེས་རིག་གི་དུས་རབས་དང་མཐུན། དམུ་རྒོད་མཐོ་རིམ་དུས་རིམ་གྱི་ཆ་སྡེབ་གཉེན་སྒྲིག་དང་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་བར་དུ་སྐྱེས་པས་བུ་མེད་ལ་དབང་བསྒྱུར་བྱས་ཏེ་ཤུག་མང་ལམ་ལུགས་བྱུང་།”[④]ཨེན་ཀེ་སིའི་ལུང་རིག་འདིས་མིའི་རིགས་ཀྱི་གཉེན་སྒྲིག་གོ་བདེའི་ངང་ཕྱོགས་སྡོམ་བྱས་ཡོད་པ་མ་ཟད། ང་ཚོར་ཁྱོ་གཅིག་ཤུག་མང་ལམ་ལུགས་བྱུང་ཚུལ་ཡང་གསལ་བོར་བསྟན་ཡོད། ལོ་རྒྱུས་སྙན་རྩོམ་ནི་དམུ་རྒོད་དུས་རབས་ཀྱི་དུས་རིམ་དུ་བྱུང་ལ། དེ་ནི“དམུ་རྒོད་དུས་རབས་དེ་ཤེས་རིག་གི་དུས་རབས་སུ་བསྐྱོད་པའི་ཤུལ་རྫས་ཤིག་ཀྱང་ཡིན་”[⑤]པ་མ་ཟད། གླིང་སྒྲུང་ཁྲོད་དུ་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བྱུང་བའི་ཆུ་ཚད་དང་ཐོན་སྐྱེད་འབྲེལ་བའི་གནས་བབས་ཀྱང་མངོན་མཚོན་བྱས་ཡོད་པ་རེད།

       སྤྱིར་ན་ཤུག་མང་ལམ་ལུགས་དེ་ནི་ལོ་རྒྱུས་ཀྱི་རྒྱས་ཤོམ་བྱེད་སྟངས་ཤིག་ཡིན་ལ། སྐྱེས་པས་ལོངས་སྤྱོད་བྱས་ཆོག་པའི་ཁྱད་པར་ཅན་གྱི་དབང་ཆ་ཞིག་ཀྱང་ཡིན། མ་རྒྱུད་རུས་རྒྱུད་དུས་སྐབས་སུ་“ཆེས་མཐོའི་མ་རྒྱུད་རུས་རྒྱུད་”གོ་གནས་ནི་འཇིག་རྟེན་དང་མཐུན་པའི་དབང་བསྒྱུར་ཞིག་ཡིན་ལ།“ཆེས་མཐོའི་ཕ་རྒྱུད་རུས་རྒྱུད་”ཀྱིས་ཚབ་བྱས་ཏེ་སྐྱེས་པའི་རྒྱུ་ནོར་ངེས་བར་དུ་རང་གི་བུ་ཕྲུག་ལ་སྟེར་དགོས་པས་ཆུང་མའི་ཕྱོགས་ནས་ཁྱོ་གཅིག་ཤུག་གཅིག་ལམ་ལུགས་ཡིན་ནའང་སྐྱེས་བར་དེ་འདྲའི་བཀག་རྒྱ་མེད་སྟབས། ཁོ་ཚོས་མངོན་ལྐོག་གང་རུང་ནས་ཤུག་མང་འཚོ་བ་རོལ་གྱིན་ཡོད། གྲལ་རིམ་སྤྱི་ཚོགས་སུ་ཁྱོ་གའི་ཅི་འདོད་ལ་ཧ་ཅང་རང་དབང་ཡོད་དེ། དཔེར་ན། གནའ་བའི་ཞི་ལིའི་ལོ་རྒྱུས་སྙན་རྩོམ་《ཨོ་ཏི་སེ》ཁྲོད་ཀྱི་ཨོ་ཏི་སེ་མཚོ་ཐོག་ཏུ་ལོ་བཅུ་ལ་འཕོ་ཉུལ་བྱས་ཤིང་།  དུས་ཡུན་ལོ་བདུན་ལ་ལྷ་མོ་ལཱ་ལོའུ་ཕོའི་སོ་དང་མཉམ་དུ་བསྡད་རྗེས། ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས་ཆུང་མས་རང་ལ་བློ་སེམས་རྩེ་གཅིག་ཡིན་མིན་གྱི་ཉམས་ཚོད་བླངས་པ་ལྟ་བུ་དང་། གཞན་རང་རྒྱལ་སོག་པའི་ལོ་རྒྱུས་སྙན་རྩོམ་《ཅང་གར》ཁྲོད་ཀྱི་མི་སྣ་གཙོ་བོས་རང་གི་བཙུན་མོ་དང་བློན་འབངས་བསྐྱུར་ནས་ཕྱི་རོལ་དུ་འཁྱམ་ཉུལ་བྱས་ཤིང་། གཞན་ཡུལ་གྱི་སྲས་མོ་ཞིག་ལ་སེམས་ཆགས་ནས་མཉམ་དུ་བསྡད་པས་སྲས་ཤིག་ཀྱང་འཁྲུངས། ཐེངས་ཤིག་ཅང་གར་གྱི་སྙན་དུ་རྒྱལ་ཁབ་ལ་གཞན་གྱིས་གཉའ་གནོན་དང་བརྙས་བཅོས་ཐེབས་པའི་གནས་ཚུལ་འབྱོར་མ་ཐག  མྱུར་དུ་རང་གི་སྲས་ལ་བཀའ་ཕབ་སྟེ། ཁྱོད་ཀྱིས་རང་གི་ཨ་མ་ཕྱིར་ཁོ་མོའི་ཁྱིམ་དུ་སྐྱོལ་ཅིག  ཁྱོད་རང་ནར་སོན་རྗེས་འབུམ་གླིང་ལྷ་ཡུལ་དུ་འགྲོ་དགོས། བུ་ནི་ཕ་ཡི་རུས་ཁྲག་ཡིན་པ་ནམ་ཡང་ཡིད་ལ་འཛིན་དགོས། འབུམ་གླིང་པ་ནི་ཁྱོད་ཀྱི་ཕ་ཡུལ་དང་། ཅང་གར་ནི་ཁྱོད་ཀྱི་ཕ་ཡིན།  བུད་མེད་གང་མཐོང་དངོས་བོ་བཞིན་དུ་སྤྱད་ཀྱང་ཆོག་ལ་གཡུག་ཀྱང་ཆོག་ཅེས་པ་ལས་ཀྱང་བུད་མེད་ཀྱི་ཐོབ་ཐང་མངོན་ཡོང་བ་མ་ཟད། “ཁྱོ་གཅིག་ཤུག་མང་ལམ་ལུགས་ནི་དོན་དངོས་ཐོག་བྲན་གཡོག་ལམ་ལུགས་ཀྱི་ཐོན་རྫས”ཡིན་པའང་མངོན་གསལ་དུ་མཐོང་ཐུབ་ལ། “ཤུག་མང་ལམ་ལུགས་ནི་ཕྱུག་པོ་དང་སྐུ་དྲག་གི་ཁྱད་དབང་ཡིན་ཏེ། སྤྱིར་ན་ཤུག་མང་ལམ་ལུགས་ནི་གཙོ་བོ་བྲན་གཡོག་བུ་མོ་ཉོ་བའི་བྱེད་ཐབས་ལས་བྱུང་ཞིང་། དེ་ནི་སྐུ་དྲགས་དང་དབང་ཆེན་གྱི་ལོངས་སྤྱོད་བྱེད་སྟངས་ཤིག་ཡིན་པ་ལས་མང་ཚོགས་ཕལ་བས་སྔར་བཞིན་ཁྱོ་གཅིག་ཤུག་གཅིག་གི་འཚོ་བ་རོལ་བཞིན་ཡོད ”[⑥]པ་རེད།  ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་འགོ་གཙོ་མང་ཆེ་ཤས་ནི་གོང་གསལ་གྱི་ཤུག་མང་ལམ་ལུགས་ཀྱི་རྣམ་པ་ཡིན་ཏེ། གེ་སར་རྒྱལ་བོའི་ཡབ་མེས་ཆོས་འཕེན་ནག་པོ་ལ་བཙུན་མོ་གསུམ་ཡོད་པ་དང་། མེས་བོ་ཆོས་འཕེན་ལ་བཙུན་མོ་བཞི །   ཡབ་སེང་བློན་ལ་བཙུན་མོ་གསུམ་བཅས་ཡོད་པར་གཞིགས་ན།  རུས་རྒྱུད་ཚོ་ཁག་འདིའི་ནང་དུ་གེ་སར་གྱི་དབང་ཆ་ཆེས་མཐོ་ལ་གོ་སའང་ཆེས་མཐོ་བ་མ་ཟད་ཆུང་མའང་ཆེས་མང་བ་དེ་ཡིན། ད་དུང་བཤད་ཚུལ་གཞན་ཤིག་ལ་གེ་སར་ལ་བཙུན་མོ 15དང 18ཡོད་པའི་བཤད་ཚུལ་གཉིས་ཡོད་ཅིང་།  དྲང་བོར་བཤད་ན།  ཁྱོ་གཅིག་ཤུག་མང་ལམ་ལུགས་དེ་གནའ་བོའི་བོད་ཀྱི་བཙན་པོ་རྒྱལ་རབས་རིམ་བྱུང་གི་ཁྲོད་དུའང་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཡོད་དེ། དཔེར་ན། བོད་ཀྱི་ལོ་རྒྱུས་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལྟར་ན། བོད་རྒྱལ་སྲོང་བཙན་སྒམ་པོ་ལ་བཙུན་མོ6ཡོད་པའི་གནས་ཚུལ་འདི་ལས་ཀྱང་གནའ་རབས་བོད་ཀྱི་གཉེན་སྲོལ་རྣམ་པ་ཅུང་ཙམ་ར་སྤྲོད་བྱེད་ཐུབ་པར་སྙམ།

        གསུམ་པ།《གླིང་སྒྲུང》ཁྲོད་ཀྱི་གཉེན་འཕྲོག་བཤད་པ།

      “གཉེན་འཕྲོག”ནི་བུད་མེད་འཕྲོག་པའི་བྱེད་ཐབས་སྤྱད་ནས་ཆུང་མ་ལེན་པའི་བརྒྱུད་རིམ་ཞིག་ཡིན་ཏེ། སྐྱེས་པའི་དབང་ཆ་སྐྱེས་མ་ལས་ཆེ་བའི་རྒྱུན་ལྡན་མ་ཡིན་པའི་གཉེན་སྡེབ་ལམ་ལུགས་འདི་ནི་ཆ་སྡེབ་གཉེན་སྲོལ་སྐབས་སུ་བྱུང་ཞིང་། ཨེན་ཀི་སིས་“བུ་མོ་འཕྲོག་པའི་གཉེན་སྲོལ་བྱུང་པ་དེས་ཡིད་སེམས་གཅིག་མཐུན་གྱི་གཉེན་སྲོལ་བྱུང་པ་མཚོན་ཞིང་། དེ་ནི་ཆ་སྡེབ་གཉེན་སྲོལ་ལས་བརྒལ་བའི་དུས་སྐབས་ཤིག་ཀྱང་རེད་[]”ཅེས་གསུངས་ཡོད་ཅིང་། གཞན་ཨ་མེ་རི་ཀའི་སྐྱེ་དངོས་མཁས་ཅན་མོའོ་ཨར་ཀན་གྱི་《གནའ་བོའི་སྤྱི་ཚོགས》ཞེས་པའི་ནང་དུ། ཨིན་དིའི་མིའི(American) Indian)[]་གཉེན་སྲོལ་སྐོར་གླེང་སྐབས་“ཁོ་ཚོས་ཆུང་མ་འཚོལ་དུས། རང་གི་ཚོ་བ་དང་འབྲེལ་འདྲེས་ཆེ་བའི་ཚོ་བ་ཁོ་ན་མ་ཡིན་པར།  ཐ་ན་དྲགས་ཤུགས་འགྲན་སློང་བྱེད་མྱོང་པའི་དགྲ་ཟླའི་ཕྱོགས་ནས་ཀྱང་ཆུང་མ་ལེན་སྲོལ་ཡོད་”[]ཅེས་གསུངས་པ་ལས་ཨིན་དིའི་མིའི(American) Indian)་གཉེན་འཕྲོག་གི་རྣམ་པ་མངོན་ཐུབ་ཅིང་། དྲང་བོར་བཤད་ན།“གཉེན་འཕྲོག”ནི་ཁྱིམ་ཚང་གི་ཆ་རྐྱེན་དང་གོ་སའི་མཐོ་དམན་ཐོག་ནས་བྱུང་བ་ཞིག་ཡིན་ཏེ། དཔེར་ན། རུས་རྒྱུད་ཞིག་གི་འགོ་བས་འཕྲོག་པ་ནི་རུས་རྒྱུད་གཞན་ཞིག་གི་འགོ་བའི་སྲས་མོའམ་ཡང་ན་བཙུན་མོ་ཡིན་པ་ལས་སྤྱིར་བཏང་གི་འབངས་མི་ཕལ་བའི་བུ་མོ་དང་ཆུང་མ་མིན།  གདོད་མའི་སྤྱི་ཚོགས་སུ་བུད་མེད་ལ་རང་དབང་གི་གོ་གནས་ཡོད་པ་མ་ཟད་སྤྱི་ཚོགས་ཀྱིས་ཚད་མཐོའི་བརྩི་མཐོང་བྱེད་པའི་སྣང་ཚུལ་འདི་མི་རིགས་ལ་ལས་རྒྱུད་འཛིན་བྱས་ཏེ་ཐ་ན་དམུ་རྒོད་དུས་སྐབས་ཀྱི་མཐོ་རིམ་དུས་རིམ་དུའང་རྒྱུན་བསྲིངས་བྱས་ཡོད་མོད། འོན་ཀྱང་“མ་རྒྱུད་རུས་རྒྱུད་ལམ་ལུགས་ཀྱི་མགོ་སྟིང་སློག་པ་དེ་ནི་འཛམ་གླིང་ལོ་རྒྱུས་ཁྲོད་དོན་སྙིང་ལྡན་པའི་བུད་མེད་ཀྱི་ཕམ་ཁ་ཆེན་པོ་ཞིག་ཡིན་”[]ཞེས་པ་ནས་བཟུང་སྐྱེས་པས་བུ་མེད་ལ་དབང་བསྒྱུར་བྱེད་འགོ་བརྩམ་སྟེ།  བུད་མེད་སྐྱེས་བའི་བྲན་དུ་གྱུར་པ་དང་། དེ་ལས་གཞན་བུད་མེད་ནི་རྒྱུད་སྤེལ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་པའི་སྣང་ཚུལ་འདི་དང་“གཉེན་འཕྲོག”གི་སྣང་ཚུལ་འདི་གཉིས་ལས་ཀྱང་བུད་མེད་ཀྱི་གོ་གནས་ཇེ་དམའ་སོང་བ་གསལ་བོར་མཚོན་ཐུབ་པ་རེད།

       གླིང་སྒྲུང་ཁོ་ན་མ་ཡིན་པའི་ལོ་རྒྱུས་སྙན་རྩོམ་མང་ཤོས་ཤིག་གི་ནང་དུ་“གཉེན་འཕྲོག”གནས་ཚུལ་མང་པོ་ཞིག་འབྱུང་བཞིན་ཡོད་དེ།  དཔེར་ན།  རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ《རྭ་མ་ཎའི་གཏམ་རྒྱུད》ནང་གི་རྒྱལ་སྲས་རྭ་མ་ཎའི་ཆུང་མ་སི་ཏ་སྲིན་པོ་ལིང་ཀ་མགྲིན་བཅུས་འཕྲོག་པ་དང་། ཡཱ་མེས་ནཱི་ཡའི་ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་《ཧྲ་ཞོན་ཏ་བཱིས།》ནང་དུ་པཱ་ཀི་ཏ་ཡི་ལིས་ཧྭ་ཧྥུན་གྱིས་ཡཱ་མེས་ནཱི་ཡ་ལ་རྒོལ་ལན་སྤྲད་ནས་ཀོང་ཇོ་སོ་བིས་ནཱ་ཆུང་མར་འཕྲོག་པ །  དེ་བཞིན་ཞི་ལིའི་ལོ་རྒྱུས་སྙན་རྩོམ་《ཨོ་ཏཱི་སེ》ཁྲོད་ཀྱི་ཧཱེ་ལུང་ལ་མགོ་སྐོར་བཏང་སྟེ། ཨོ་ཏཱི་ཞཱིག་གི་ཆུང་མ་ཇག་པ་འགས་བཙན་གྱིས་གཉེན་སྒྲིག་བྱེད་དུ་བཅུག་པ་ལྟ་བུ་སོགས་ཡོད་ལ། ལྷག་པར་དུ་《ཡཱི་ལིས་ཡ་ཐི》ཁྲོད་ཀྱི་དམག་དོན་འགོ་གཙོས་གོ་གནས་ཀྱི་མཐོ་དམའ་ལྟར་བཞིན་བཟང་མ་འདེམ་ཆོག་པ་སོགས་གོང་གསལ་གྱི་དོན་དག་འདི་ཡོད་ཚད་དོན་དངོས་ཐོག་བྱུང་བའི་རྣམ་པ་མི་འདྲ་བའི་གཉེན་འཕྲོག་སྣང་ཚུལ་ཞིག་ཡིན་པ་མ་ཟད་ཕོ་མོའི་གཉེན་སྡེབ་ཁྲོད་བུད་མེད་ལ་ཐེབས་པའི་གཉའ་གནོན་གྱི་བརྡ་རྟགས་གལ་ཆེན་ཞིག་ཀྱང་རེད།

        བོད་ཀྱི《གླིང་སྒྲུང་》ལ་མཚོན་ནའང་གཉེན་འཕྲོག་གི་སྣང་ཚུལ་མང་པོ་ཡོད་དེ། དཔེར་ན།《བདུད་འདུལ》ནི་གེ་སར་རྒྱལ་བོར་བསྡད་རྗེས་ཀྱི་ཐེངས་དང་པོའི་གཡུལ་འགྱེད་ཅིག་ཡིན་པ་དང་།  ཉིན་ཞིག་གེ་སར་གླིང་སྒར་གྱི་ཕྱི་རོལ་དུ་བདུད་འདུལ་ཆེད་དྲགས་རྩལ་བསླབ་ཏུ་སོང་སྟེ་ཉིན་གྲངས་མང་པོ་འགོར་པས།  གེ་སར་རྒྱལ་བོའི་བཙུན་མོ་མེ་བཟའ་འབུམ་སྐྱིད་དྲན་གདུང་གིས་རབ་ཏུ་མནར་ཏེ་ཤེས་མེད་ཚོར་མེད་ངང་གུར་སྒོ་ལས་ཕྱིར་བུད་ནས་ཐག་འཐག་སྐབས། གློ་བུར་དུ་ལུང་བའི་ཕུ་ནས་རླུང་དམར་ལྡིང་ཞིང་ལུང་མདོ་ནས་རླུང་ནག་འཚུབ་སྟེ། རླུང་འཚུབ་ཁྲོད་གདོང་ཧ་ཅང་ནག་པོའི་མི་ཞིག་བུད་ནས། མེ་བཟའ་འབུམ་སྐྱིད་གླག་གིས་ལུ་གུ་བཟུང་བ་ལྟར་འཕྲོག་ལྟ་བུ་དང་།  དེ་མིན་《ཧོར་གླིང་གཡུ་འགྱེད》ནི་གེ་སར་སྒྲུང་ལས་ཆེས་མང་དུ་གྲགས་པའི་སྒྲུང་དེབ་ཅིག་ཡིན་པ་དང་། གཡུལ་འགྱེད་བྱུང་དོན་ནི་གུར་དཀར་རྒྱལ་བོས་དམག་དྲངས་ནས་འབྲུག་མོ་འཕྲོག་པའི་དོན་རྐྱེན་ལས་བྱུང་བ་དང་།  སྒྲུང་ལས་བཤད་པ་ལྟར་ན། མེ་འབྲུག་ལོར་གུར་དཀར་རྒྱལ་བོའི་བཙུན་མོ་རྒྱ་ཨ་སུའི་བུ་མོ་ཀུན་སི་མ་རྐྱེན་གློ་བུར་བ་ཞིག་གིས་གཤེགས་པས་ན། ཤན་པ་མེ་རི་རྩེ་རྒྱལ་གྱིས་གྲོས་ཁ་བསྡུར་ནས་རྒྱལ་བོར་བཙུན་མོ་ཞིག་ལེན་རྒྱུའི་ཐག་གཅད་རྗེས།  ཕོ་བྲང་དུ་གསོས་ཡོད་པའི་མི་སྐད་གོ་བའི་ཕུག་རོན་དཀར་བོ་དང་རྨ་བྱ། ནེ་ཙོ་དང་ཁྭ་ཏ་བཅས་བྱ་བཞི་བོར་ཕྱོགས་སོ་སོར་མངགས་ནས་རྒྱལ་བོའི་བཙུན་མོ་ཉན་པའི་མཛེས་མ་ཞིག་འཚོལ་དུ་བཅུག་པ་ན།  བྱ་ཁྭ་ཏས་གླིང་ཡུལ་གྱི་སེང་ལྕམ་འབྲུག་མོ་བདམས་རྐྱེན་གུར་དཀར་རྒྱལ་བོས་དེ་མ་ཐག་དམག་ཁྲི120ཙམ་མངགས་ནས་བསམ་དབང་དྲན་དབང་མེད་པར་གླིང་ཡུལ་བཅོམ་ནས་སེང་ལྕམ་འབྲུག་མོ་འཕྲོག་པ་ལྟ་བུ་དང་།  ད་དུང་《སུམ་གླིང་གཡུལ་འགྱེད》ནི་ཨ་ཁུ་ཁྲོ་ཐུང་གིས་སུམ་པའི་ཀོང་ཇོ་མེ་ཏོག་མཚོ་འཕྲོག་པ་ལས་བསླངས་བའི་དོན་རྐྱེན་ཞིག་ཡིན།《མོན་གླིང་གཡུལ་འགྱེད》ལས་ཀྱང་མོན་ཡུལ་གྱིས་གླིང་གི་དམག་བསད་ཅིང་། གླིང་རྒྱུ་འཕྲོག་རྐྱེན་གླིང་དམག་གིས་མོན་ཡུལ་ལ་སྙིང་ནད་རྩོད་ཆེད་གཉེན་འཕྲོག་གི་དོན་རྐྱེན་བསླངས་པ་སོགས་བགྲང་ལས་འདས་པའི་གཉེན་འཕྲོག་གི་སྣང་ཚུལ་མང་པོ་ཞིག་ཡོད་ཅིང་། དོན་གྱི་བདེན་པ་བརྡར་ནས་བཤད་ན།   “གཉེན་འཕྲོག”ཅེས་པའི་སྣང་ཚུལ་ཁྱད་པར་བ་འདི་ནི་རབ་རིབ་དུས་རབས་དང་དམུ་རྒོད་དུས་རབས་ཀྱི་སྣོལ་མཚམས་སུ་བྱུང་ཞིང་།  སྒེར་ལ་དབང་བའི་ལམ་ལུགས་བྱུང་བ་དང་བསྟུན་ནས་བུད་མེད་ནི་བུ་བུ་མོ་སྐྱེ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་པ་མ་ཟད་བྱ་བ་གང་ཡིན་གྱི་མགོ་མཇུག་བར་གསུམ་དུ་བུད་མེད་ཀྱི་ལུས་སྟེང་དུ་ནམ་ཡང་བྲན་གཡོག་གི་རྣམ་པ་མངོན་གྱི་ཡོད་ཅིང་། ལྷག་པར་དུ་ཆུང་མ་ནི་ཕོ་སྐྱེས་ཀྱི་ཁྱིམ་གཡོག་ལྟ་བུར་གྱུར་ཡོད་པས་ན།  ཨེན་ཀི་སིས་ཀྱང་“ལོ་རྒྱུས་ཐོག་ཆེས་ཐོག་མར་བྱུང་བའི་གྲལ་རིམ་གྱི་འགལ་ཟླ་ནི་སྒེར་གྱི་གཉེན་སྡེབ་ལམ་ལུགས་འོག་གི་བཟའ་ཟླའི་འགྲན་རྩོད་འཕེལ་རྒྱས་སུ་ཕྱིན་པ་ནས་བྱུང་པ་ཞིག་ཡིན་ཞིང་། ཆེས་ཐོག་མའི་གཉའ་གནོན་ཡང་སྐྱེས་པས་བུད་མེད་བྲན་དུ་འཁོད་པ་ནས་བྱུང་པ་ཞིག་ཡིན”ཞེས་གསུངས་པ་ནི་ཧ་ཅང་བདེན་པའི་གཏམ་དུ་འཁུམས།

       《གླིང་སྒྲུང་》ནི་བརྩེ་དུང་བརྗོད་པ་ལས་བྱུང་བ་ཞིག་མིན་ལ་བུད་མེད་གཙོ་བོར་བརྗོད་པ་ལས་བྱུང་བ་ཞིག་ཀྱང་མིན་མོད།  དེའི་ནང་མི་སྣ་མང་བོ་ཞིག་གི་ལས་དབང་དང་གཤིས་ཀ་བརྗོད་ནས་བུད་མེད་ཀྱི་སྣང་བརྙན་མང་བོ་ཞིག་ཀྱང་རྟོགས་བཟོ་ཡང་བྱས་ཡོད་དེ། བུད་མེད་དེ་ཚོའི་ཁྲོད་ཀྱི་བུད་མེད་འགའ་རེས་རང་གི་ཕ་ཡུལ་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་མཚོན་པ་དང་། འགའ་རེས་བློ་གཅིག་སེམས་གཅིག་གིས་རང་གི་ཕོ་སྐྱེས་ལ་དགའ་བའི་ལྷད་མེད་ཀྱི་བརྩེ་དུང་མཚོན་ཡོད་པ་མ་ཟད།   གདོད་མིའི་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས།  དེ་མིན་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་བཅས་ཀྱི་ཉམས་ཆུང་བུད་མེད་རྣམས་ཀྱི་སྤྱི་ཚོགས་གོ་གནས་དང་མི་ཚེའི་འགྱུར་ལྡོག་ཀྱང་བསྐྱར་མཚོན་བྱས་ཡོད་ལ།   བོད་ཁུལ་གྱི་ས་ཆ་ལ་ལར་ད་སྐབས་ཀྱང་གནའ་སྲོལ་གཉེན་འཕྲོག་རྒྱུན་འཛིན་བྱས་ཡོད་ཅིང་། ད་ལྟའི་གཉེན་འཕྲོག་ནི་གཉེན་སྟོན་གྱི་སྐབས་སུ་ལད་ཟློས་རང་བཞིན་དང་མཚོན་བྱེད་རང་བཞིན་གྱིས་གདོད་མའི་གཉེན་འཕྲོག་ལ་དྲན་གསོ་ཞུ་བ་ཙམ་ལས་དོན་དངོས་ཀྱི་གདོད་མའི་གཉེན་འཕྲོག་ངོ་མ་མིན།   དེ་བས་ད་ལྟའི་གཉེན་འཕྲོག་ནི་གནའ་བོའི་བཙན་པའི་དུས་སྐབས་ནས་རྒྱུད་འཛིན་བྱས་ཏེ་ད་ལྟའི་བར་དུ་རྒྱུན་བསྲིང་བྱས་པའི་གཉེན་སྲོལ་གྱི་ཤུལ་བཞག་རིག་གནས་ཤིག་དང་། ཤེས་རིག་མ་དར་གོང་གི་མིའི་རིགས་ཀྱི་གཉེན་སྲོལ་སྣང་ཚུལ་ཞིག་ཡིན་པས།  སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྲོད་དུ་བུད་མེད་གནད་དོན་ལ་ཞིབ་འཇུག་བྱེད་པར་ཡང་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ནུས་པ་ཐོན་ཐུབ་པར་སྙམ།

        བཞི་བ།《གླིང་སྒྲུང་》ཁྲོད་ཀྱི་གཉེན་སྲོལ་ལ་ཐེབས་པའི་ཆོས་ལུགས་ཤུགས་རྐྱེན།

      《གླིང་སྒྲུང་》གིས་བོད་རིགས་ཀྱི་གནའ་བོའི་ལོ་རྒྱུས་བསྐྱར་མཚོན་བྱས་ཡོད་པ་མ་ཟད་སྐབས་དེའི་བོད་ཀྱི་ཆོས་ལུགས་དད་མོས་ཀྱང་མངོན་མཚོན་བྱས་ཡོད་དེ།  ཐོག་མར་སྐྱེ་དངོས་ཡོད་ཚད་ལ་རྣམ་ཤེས་ཡོད་པའི་ངོས་འཛིན་ནས་བོན་ཆོས་ལ་དད་པ་བྱས་པ་དང་དེ་ནས་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱས་པའི་གྱ་གྱུའི་ལོ་རྒྱུས་ཀྱི་དོན་དངོས་དེ་གསལ་བོར་མཚོན་ཡོད་པ་རེད།  ཆོས་ལུགས་ནི་མི་རིགས་སོ་སའི་ལོ་རྒྱུས་དང་རིག་གནས་ཁྲོད་སྣུམ་ཟིན་གྱི་ཤོག་བུ་ལྟར་དགར་ཐུབ་མེད་པའི་ཆ་ཤས་གལ་ཆེན་ཞིག་ཏུ་གྲུབ་ཟིན་པས་ན།  ང་ཚོས་ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་ཆོས་ལུགས་ལ་དོ་སྣང་བྱ་རྒྱུ་དེའང་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ལོའི་དུས་རབས7པར་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་། སངས་རྒྱས་ཆོས་ལུགས་ཀྱིས་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་དང་ཀྱག་ཀྱོག་འཐབ་རྩོད་བརྒྱུད་ཡོད་ལ།  འཐབ་རྩོད་དེ་ནི་གཙོ་བོ་མི་རིགས་རང་གི་གདོད་མིའི་ཆོས་ལུགས་ཏེ་བོན་ཆོས་དང་བོད་དུ་དར་བའི་སངས་རྒྱས་ཆོས་ལུགས་གཉིས་བར་གྱི་འཐབ་རྩོད་ལས་བྱུང་ཞིང་།  ལོ་ངོ200ལྷག་གི་བན་བོན་འཐབ་རྩོད་ཁྲོད་ད་གཟོད་ཆོས་ལུགས་གཞན་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་འདི་གྲུབ་པ་རེད།  སངས་རྒྱས་ཆོས་ལུགས་བོད་དུ་དར་ཏེ་བན་བོན་དབར་འགལ་བ་བྱུང་པ་དེས་བོད་ཀྱི་གཉེན་སྒྲིག་ལའང་མངོན་ལྐོག་གང་རུང་ནས་ཤུགས་རྐྱེན་ཐེབས་ཏེ་ཆོས་ལུགས་མི་གཅིག་པའི་མི་དང་གྲུབ་མཐའ་མི་གཅིག་པའི་མི། ཐ་ན་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་མི་གཅིག་པའི་བར་ལའང་གཉེན་སྒྲིག་གི་ཚད་བཀག་ཆེན་པོ་ཐེབས་ཡོད་ཅིང་།  ཞིབ་ཏུ་བསམ་ན།  ཆོས་དད་ཅན་གྱི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དེ་མི་ཤ་ཟ་ཞིང་མི་ཁྲག་འཐུང་བའི་མ་བྲག་སྲིན་མོར་གཉེན་སྒྲིག་བྱས་པའི་བདེན་པ་འདི་ལས་ང་ཚོར་སྔ་མོ་ནས་རང་དབང་གི་གཉེན་སྡེབ་གདམ་ག་ཆེན་པོ་ཞིག་གནང་ཡོད་པ་རྟོགས་དགོས།

      《གླིང་སྒྲུང་》ཁྲོད་དུ་“བན་བོན”འཐབ་རྩོད་ཀྱི་རྟགས་མཚན་ཡང་མང་པོ་ཞིག་ཡོད་དེ།  གེ་སར་རྒྱལ་བོས་སྣེ་ཁྲིད་བྱས་བའི་གླིང་ཡུལ་མི་དམངས་ཀྱིས་དད་མོས་བྱེད་ལུགས་ནི་ནང་བསྟན་ཁྲོད་ཀྱི་རྙིང་མ་པ་དང་ཕལ་ཆེར་འདྲ་ཞིང་། གེ་སར་གྱིས་ནག་ཕྱོགས་བདུད་ཀྱི་ཁ་གནོན་དང་དཀར་ཕྱོགས་ཆོས་ཀྱི་སྲུང་མའི་འགན་བཞེས་ཡོད་ལ། བདུད་རྒྱལ་བཞིས་སྣེ་ཁྲིད་པའི་དད་མོས་བྱེད་ཡུལ་གྱི་ཆོས་ལུགས་ནི་བོན་ཆོས་བྱས་ཡོད། ཡིན་ནའང་བན་བོན་གཉིས་ཀྱིས་རང་སྟེང་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཆེད་དུ་ནམ་རྒྱུན་ཕན་ཚུན་མཐུན་སྦྱོར་བྱས་ཡོད་པ་མ་ཟད། ཕན་ཚུན་གྱི་ཡུལ་སྲོལ་གོམ་གཤིས་བསྡུ་ལེན་བྱས་ཏེ་བན་བོན་གྱི་རིག་གནས་འཐུས་ཚང་དུ་བཏང་ཡོད་པ་དེས་བོད་ཀྱི་རིག་གཞུང་སྤྱི་ལའང་སྔར་མེད་ཀྱི་གྲུབ་འབྲས་བཞག་ཡོད།  དུས་རབས22པའི་དུས་མཇུག་ཏུ་བོད་ཀྱི་་གྲུབ་མཐའ་སོ་སོ་སྔ་གཞུག་ཏུ་བཙུགས་པས་བན་བོན་གཉིས་ཀྱི་ཆོས་ལུགས་འགལ་ཟླ་དེ་སྔར་ལས་ཛ་དྲགས་སུ་གྱུར་ཅིང་། གླིང་སྒྲུང་་ཡང་གནས་བབ་དེ་དང་བསྟུན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་སྟབས་བན་བོན་གཉིས་ཀྱི་ཆོས་ལུགས་འཐབ་རྩོད་དེ་ལོ་རྒྱུས་སྙན་རྩོམ་ཁྲོད་ནམ་ཡང་གཞོལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྲུབ་ཚར།  ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་དུས་འགོར་དགེ་ལུགས་པའི་གྲུབ་མཐའ་འཕེལ་རྒྱས་དང་དར་ཁྱབ་བྱུང་ནའང་བན་བོན་གཉིས་ཀྱི་འཐབ་རྩོད་ཀྱི་དབང་གིས་བོད་ཀྱི་གཉེན་སྲོལ་ལ་མུ་མཐུད་དུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་དེ།  དཔེར་ན།《མོན་གླེང་གཡུལ་འགྱེད》ཁྲོད་དུ་གླིང་དམག་མོན་ཡུལ་དུ་སོང་ནས་གླིང་གི་དགྲ་ལྷ་རྩེ་རྒྱལ་ལ་མོན་ཡུལ་མེ་ཏོག་ལྷ་མཛེས་གཉེན་སློང་བྱེད་སྐབས།  མོན་ཡུལ་རྒྱལ་བོས་གླིང་དམག་ལ“ལྷ་འདྲེའི་བར་ལ་གཉེན་འབྲེལ་མེད་”ཅེས་བཤད་པ་མ་ཟད།  ད་དུང་ལྷ་འདྲེའི་བར་ལ་གཉེན་མེད་ཚུལ་གྱི་གླུ་ཞིག་ཀྱང་ངག་ལ་དྲངས་བ་དེ་ལས་ཀྱང་ཆོས་ལུགས་ཀྱིས་གཉེན་སྒྲིག་ལ་ཤུགས་རྐྱེན་ཐེབས་པ་མཚོན་ཐུབ།

        བློ་རིག་བསྒྲིམས་ནས་ཞིབ་ཏུ་དཔྱད་ན། གཉེན་སྒྲིག་ལ་ཆོས་ལུགས་ཀྱིས་ཐོག་དང་པོར་ཐེབས་པའི་ཚད་བཀག་ནི་ལོ་རུས་སྤར་ཁ་ཡི་ཚད་བཀག་ཡིན་ཏེ། མོ་རྩིས་ལུང་བསྟན་ཞུས་ནས་གཉེན་སྒྲིག་བྱས་བ་དེར་གནམ་བསྐོས་གཉེན་སྒྲིག་ཡང་ཟེར།  གང་ལྟར་གཉེན་སྒྲིག་ནི་གོང་མ་ལྷ་ཡི་ལུངས་དང་མཐོན་པོ་གནམ་གྱིས་བཀོད་སྒྲིག་གང་ཡིན་རུང་འགྲོ་བ་མིའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ང་ཚོས་དེ་ལ་ཧ་ཅང་མཐོང་ཆེན་བྱ་དགོས་པ་རེད། ལོ་རུས་སྤར་ཁའི་ཚད་བཀག་ནི་སྐྱེ་དངོས་ཀྱི་ཚད་བཀག་རིམ་འགྱུར་བརྒྱུད་ནས་ཐོན་པ་ཞིག་ཡིན་ལ། དེ་ནི་རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་ཁོ་ནའི་ ནང་དར་ཁྱབ་བྱུང་བ་ཞིག་མ་ཡིན་པར། བོད་རིགས་ཁྲོད་དུའང་དར་ཁྱབ་བྱུང་ཡོད་དེ། དཔེར་ན།《མོན་གླིང་གཡུལ་འགྱེད》[12]ཁྲོད་དུ། སྐུ་ལྷ་ཐོགས་རྒྱལ་གྱིས་བླངས་བའི་གླུ་དེས་ཏག་ཏག་གཉེན་སྲོལ་འདིའི་རིགས་མཚོན་ཡོད་ལ། བོད་ཁུལ་གྱི་ས་ཆ་ཁ་ཤས་སུ་ད་དུང་ཡང་བན་བོན་ལ་དད་པ་བྱེད་པའི་གཞོན་ནུ་ཕོ་མོའི་བར་གཉེན་སྒྲིག་བྱས་མི་ཆོག་པའི་གནའ་སྲོལ་གྱི་སྣང་ཚུལ་ཡོད་པ་དེ་ནི་ཕུན་སུམ་ཚོགས་པའི་དད་མོས་ཀྱི་ངོ་མཚར་སྣང་བ་ཞིག་ཡིན་ལ་འཁྲེགས་འཛིན་གྱི་ཨུ་ཚུགས་སྐམ་པོ་ཞིག་ཀྱང་ཡིན།⑾

       མདོར་བསྡུས་ན།《གླིང་སྒྲུང་》ཁྲོད།  མ་བྲག་སྲིན་མོས་ཕ་སྤྲེའུ་བྱང་སེམས་དཔའ་ལ་གཉེན་སྒྲིག་བྱས་ནས་བུ་ཕྲུག་མང་བོ་སྐྱེ་དགོས་བའི་རེ་འདུན་ཞུས་པའི་སྐོར་དང་།  བདུད་རྒྱལ་ཀླུ་བཙན་དང་ཧོར་གུར་དཀར་རྒྱལ་བོ་གཉིས་ཀྱིས་གླིང་གི་བཙུན་མོ་མེ་བཟའ་དང་འབྲུག་མོ་གཉིས་འཕྲོག་པའི་སྐོར། ད་དུང་སེང་བློན་གྱིས་རྒྱ་ནག་གི་བཙུན་མོ་བླངས་ནས་བུ་རྒྱ་ཚ་སྐྱེས་བ་དང་གེ་སར་ལ་བཙུན་མོ་ཆེ་བ་འབྲུག་མོ་དང་ཆུང་བ་མེ་བཟའ་འབུམ་སྐྱིད་སོགས་བཙུན་མོ་13ཡོད་པ་བཅས་ཀྱི་ཁྱོ་གཅིག་ཆུང་མང་ལམ་ལུགས་ཀྱི་སྣང་ཚུལ་འདི་དག་ལས་གླིང་སྒྲུང་ཁྲོད་ཀྱི་གཉེན་སྲོལ་ནི་བོད་ཀྱི་གནའ་བོའི་གཉེན་སྲོལ་གྱི་རྣམ་པ་ཕྱི་རུ་མངོན་པའི་ལྷད་མེད་ཀྱི་དངོས་བྲིས་ཤིག་ཡིན་ཞེས་བཤད་ཀྱང་འགལ་བ་མེད་པར་སྙམ། །

        དཔྱད་གཞིའི་ཡིག་ཆ།

      [①]《འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་སྲིད་པ་ཆགས་ལུགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས6པ། 

      [②]《འཁྲུངས་གླིང་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས2པ།

      [③]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972  P42  

      [④]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972  P62

      [⑤]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972   P71 

      [⑥]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972  P52

      [⑦]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972  P22 

      [⑨]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972   P52

      [⑩]恩格斯.家庭,私有制和国家的起源.马克思恩格斯选集(第4卷)[M]北京:人民出版社,1972   P62

      [⑧]ཨིན་དིའི་མི། དབྱིན་སྐད་དུ། “(American) Indian”ཟེར་ལ།  རྒྱ་སྐད་དུ“印第安人”ཟེར་ཞིང་།མེ་གླིང་གི་གཉུག་མར་གནས་པའི་མི་རིགས་ཤིག་ཡིན་པར་གྲགས་ཏེ། པགས་མདོག་དམར་ནག་ཡིན་པས་སྔོན་ཆད་མི་རྒྱུད་དམར་པོ་ཞེས་འབོད་ཅིང་ཕལ་ཆེ་བ་མེ་གླིང་དབུས་མ་དང་ལྷོ་མའི་རྒྱལ་ཁབ་དག་ན་གནས་སོ། །

      [11]《མོན་གླིང་གཡུལ་འགྱེད》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1997ལོ། ཤོག་ངོས218པ། 

    《བོད་ཀྱི་དམངས་སྲོལ་རིག་གནས》སྟེང་བཀོད། 

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-10-24 04:40 , Processed in 0.276312 second(s), 21 queries .

返回顶部