博客西藏在最高处过一种生活

日志

༄༅།།བོད་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་ ...

热度 1已有 106 次阅读2017-7-21 08:40 |系统分类:娱乐


                                         ༄༅།།བོད་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ།

                                             ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། 

                                        

      མཚོ་སྔོན་ནི་རང་རྒྱལ་གྱི་བོད་ལྗོངས་ལས་གཞན་གཞི་ཁྱོན་ཆེས་ཆེ་བའི་བོད་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན་ཞིང་། བོད་མི་གྲངས་ཀྱིས་རྒྱལ་ཡོངས་བོད་ཁུལ་གྱི་མི་གྲངས་སྤྱིའི་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད། དེའི་ཁར་མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་སྟོབས་དང་ཐོན་ཁུངས་ཀྱི་ཁྱད་སྟོབས། ས་ཁོངས་ཀྱི་ཁྱབ་སྟོབས་བཅས་ལྡན་པས། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།

      ཉེ་བའི་ལོ་འདི་འགར། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རོགས་སྐྱོར་ཆེན་པོ་བྱས་ཤིང་། རོགས་སྐྱོར་གྱི་སྟོབས་ཤུགས་དེ་རང་ཞིང་གི་བོད་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར།

      ཉེ་བའི་ལོ་འདི་འགར། རང་ཞིང་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་དེ་སྲིད་གཞུང་གི་བྱ་གཞག་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ། རང་འགུལ་སྒོས་ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་བཅོས་དང་། དམངས་ཚིས་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་ལེགས་བཅོས་བྱེད་པའི་འགྲོ་ལམ་དུ་བསྐྱོད་པ་དང་། དམངས་ཚིས་ཐད་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་བཏང་བ། དམངས་ཕན་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་འབེབས་ནན་མོ་བྱས་ཏེ། ནུས་ཡོད་སྒོས་དམངས་ཚིས་དོན་དངོས་བཅུ་གཙོ་བོ་ཡིན་པའི་དམངས་ཚིས་འཛུགས་སྐྲུན་སྣ་ཚོགས་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་བྱས།

      ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་དང་དབུལ་ཕོངས་ལས་ཐར་བར་བྱེད་རྒྱུ་ནི་དམངས་ཚིས་ཀྱི་རྨང་གཞི་རེད། གནད་ཕིགས་དབུལ་སྐྱོར་ལག་བསྟར་བྱས་པ་བརྒྱུད། ད་སྐབས་རང་ཞིང་བོད་ཁུལ་གྱི་དབུལ་ཕོངས་རྫོང་དྲུག་གི་དབུལ་ཕོངས་སྡེ་བ་ཆིག་བརྒྱ་རེ་བཞི་དང་དབུལ་བོ་མི་གྲངས་ཁྲི་ལྔ་སྟོང་གཉིས་ལྔ་བརྒྱ་དབུལ་ཕོངས་ལས་ཐར། 2016ལོར་བོད་ཁུལ་དུ་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཅུ་གསུམ་ལྷག་དངོས་འབེབས་བྱས་ཏེ། བོད་ཁུལ་གྱི་དབུལ་ཕོངས་སྡེ་བར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། བོད་ཁུལ་གྱི་དབུལ་ཕོངས་མང་ཚོགས་འབུམ་གཉིས་ཁྲི་བདུན་ཚང་མ་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་པ་དང་། རིགས་བཀར་ནས་འཚོ་བའི་ཁ་གསབ་དངོས་འབེབས་བྱས་ཏེ། དབུལ་ཕོངས་མི་གྲངས་དུས་ཐོག་ཏུ་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱས།

      དམངས་ཚིས་ལེགས་བཅོས་བྱེད་དགོས་ན་སློབ་གསོ་སྔོན་མ་བྱེད་དགོས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་མི་རིགས་བཅའ་སྡོད་སློབ་ཆུང་དང་པོར་ཐོན་པ་ན། གྲལ་དག་པའི་སློབ་ཁང་དང་ཉལ་ཁང་སོགས་རྨང་གཞི་སྒྲིག་ཆས་ཆ་ཚང་བའི་སློབ་གྲྭའི་ཁོར་ཡུག་ལེགས་པོ་དེ་མིག་ལམ་དུ་མངོན་ཡོང་།

      ཉེ་བའི་ལོ་འདི་འགར། རང་ཞིང་གིས་རྒྱལ་ཁབ་ཀྱི་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་བཟོ་སྐྲུན་དང་། རོང་འབྲོག་ཁུལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭ། ཞིང་སྡེའི་དམའ་འབྲིང་གི་སློབ་ཁང་དང་ཉལ་ཁང་བསྒྱུར་བཀོད་ལས་གཞི་སོགས་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་བོད་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས།

      ད་སྐབས། བོད་ཁུལ་གྱི་ཁུལ་དྲུག་གི་སློབ་གྲྭ་ཆུང་འབྲིང་གི་གནོད་འགོག་ཚད་གཞི་དེ་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཕྱོགས་བསྡུས་གནོད་འགོག་ཚད་གཞིར་ཕལ་ཆེར་བསླེབས་པ་དང་། སློབ་གྲྭ་སོ་སོའི་རྨང་གཞི་སྒྲིག་ཆས་དང་སློབ་ཁྲིད་དཔྱད་ཆས། སློབ་གསོ་འཕྲིན་གསར་ཅན་སོགས་ཀྱང་ཞིང་ཆེན་ཡོངས་ཀྱི་ཚད་གཞི་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་གྱི་ཚད་གཞིར་བསླེབས་ཡོད། 2016ལོར། བོད་ཁུལ་གྱི་ཁུལ་དྲུག་གི་འོས་འགན་སློབ་གསོ་བརྟན་འཇགས་ཡིན་ཚད་བརྒྱ་ཆའི་གོ་གསུམ་ལྷག་ཏུ་བསླེབས་ཡོད།

      གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་དེང་རབས་ཀྱི་བཀོད་པ་ལྡན་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་ཞིག་གིས་མི་རྣམས་ཀྱི་མིག་དབང་འཕྲོག དེ་ནི་འཕྲོད་བསྟེན་ལས་རིགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་རོགས་སྐྱོར་ལས་གཞི་དང་པོ་སྟེ་མཚོ་ལྷོ་ཁུལ་གྱི་བོད་སྨན་ཁང་རེད།

      ཡོན་ཀྲང་དབང་ཆེན་འབུམ་གྱིས་བཤད་རྒྱུར། དེང་ཐོག་གི་བོད་སྨན་ཁང་རྙིང་བའི་གཞི་ཁྱོན་ཆུང་ལ་སྨན་བཅོས་སྒྲིག་ཆས་ཞན། ད་སྐབས། ང་ཚོ་སྨན་ཁང་འདི་མཚོ་ལྷོ་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་ནང་ཆེས་བཟང་བའི་བོད་སྨན་ཁང་དུ་གྱུར་ཡོད་ཟེར། 
      ནད་མེད་ན་འཚོ་བ་སྐྱིད་པོ་ཡིན་ཟེར་པའི་དཔེ་ལྟར་དུ། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ཁུལ་རིམ་པའི་དཀྱིལ་སྙིང་སྨན་ཁང་དང་བོད་སྨན་ཁང་། རྫོང་ཀྲུང་བོད་སྨན་ཁང་། རྫོང་འཆར་ལྡན་བུ་སྐྱེ་ཞབས་ཞུ་ས་ཚིགས། ཞང་གྲོང་འཕྲོད་བསྟེན་ཁང་། སྡེ་བའི་སྨན་ཁང་སོགས་བོད་ཁུལ་གྱི་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སྐོར་ཞིག་རྩ་འཛུགས་ལག་བསྟར་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་དང་གློ་བུར་རང་བཞིན་གྱི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་མ་ལག་རིམ་བཞིན་བཙུགས་པས། འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་ནུས་ཤུགས་མངོན་གསལ་སྒོས་མཐོར་འདེགས་བྱུང་།

      མིག་སྔར། རང་ཞིང་གི་ནད་རིགས་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཤིང་། ཐུམ་འབུའི་ནད་འགོག་བཅོས་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་སྟེ། མི་ས་ཡ་གཅིག་འབུམ་བརྒྱད་ལ་ཞིབ་བཤེར་བྱས་པ་དང་། རིམས་འགོག་སྨན་ཁབ་རྒྱག་ཚད་བརྒྱ་ཆའི་གོ་བརྒྱད་ཡན་དུ་བསླེབས་ཡོད།

      ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བྱེད་ཆེད། རང་ཞིང་གིས་བོད་ཁུལ་དུ་ནུས་རྩལ་གསོ་སྦྱོང་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཏེ། ལས་ཞུགས་ཞབས་ཞུར་ཤུགས་སྣོན་དང་། རྒྱུན་མ་ཆད་པར་ལས་ཞུགས་ཞབས་ཞུའི་ཟླ་བ་དང་ལས་ཞུགས་ཞབས་ཞུའི་གཟའ་འཁོར། ཡུལ་དངོས་ནས་ལས་མི་བསྡུ་ལེན། སློབ་གྲྭར་སོང་ནས་ལས་མི་བསྡུ་ལེན་སོགས་ཀྱི་བྱ་འགུལ་སྤེལ་ནས། སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ལ་སྟེགས་བུ་བསྐྲུན་པ་དང་ཞབས་ཞུ་འདོན་སྤྲོད་བྱས།

      སྤྱི་ཚོགས་འགན་སྲུང་ནུས་ཤུགས་མཐོར་འདེགས་གཏོང་བའི་གོ་རིམ་ཁྲོད། རྒན་གསོ་ཉེན་ཚབ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་ཏེ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ལམ་ལུགས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པ་དང་། ཁེབས་ཚད་བརྒྱ་ཆའི་གོ་ལྔ་ཡན་དུ་བསླེབས། 
      སྨན་བཅོས་ཉེན་ཚབ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་ཏེ། མི་སྒེར་གྱིས་སྤྲོད་པའི་མ་དངུལ་དང་སྲིད་གཞུང་གིས་ཁ་གསབ་བྱེད་པའི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་མ་དངུལ་བསྡུ་བའི་ནང་རྐྱེན་བཙུགས། མཁར་གྲོང་སྡོད་དམངས་ཡོངས་ལ་ཁེབས་པའི་སྨན་བཅོས་ཉེན་ཚབ་ཀྱི་སྒོ་བསྟེན་གྱི་གཅིག་གྱུར་ལམ་ལུགས་འཛུགས་པ་དང་ཞིབ་འཇུག་བྱས་ཏེ། རོང་འབྲོག་མང་ཚོགས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་བ་དང་། སྒོ་བསྟེན་གྱི་བརྟག་བཅོས་སྨན་རིན་གྱི་ཁག་ཁུར་ཇེ་ཡང་དུ་བཏང་།

      ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ཉི་མ་ལུང་སྡེ་བར་ཐོན་པ་ན། གྲལ་ལྟར་བསྒྲིགས་པའི་སྡོད་ཁང་གསར་བ་དང་། ཨར་འདམ་གྱིས་ལས་པའི་གཞུང་ལམ་བཅས་ཆུ་གློག་ལམ་གསུམ་འཛོམ་པའི་དེང་རབས་ཀྱི་ཞིང་སྡེ་གསར་བ་ཞིག་མིག་ལམ་དུ་མངོན་ཡོང་།

      སྔོན་ཆད་ས་གནས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཧ་ཅང་ཞན། ད་སྐབས་སྡེ་གསར་འདི་འཛུགས་སྐྲུན་བྱས་པ་བརྒྱུད། ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་བུའུ་ཅན་ཀྲི་ཡིས་དེ་ལྟར་བཤད་བྱུང་། 
      ཉི་མ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨུ་རྡོ་ཡིས་བཤད་རྒྱུར། སྡེ་གསར་འདི་རྫོང་མཁར་དང་ཐག་ཉེ་བས། སྡེ་མི་རྣམས་ཀྱིས་ནད་ལ་སྟོན་པར་འགྲོ་བ་དང་། བྱིས་པ་སློབ་གྲྭར་འགྲོ་བ། ལས་ཞུགས་སོགས་གང་གི་ཐད་སྔོན་ཆད་དང་བསྡུར་ན་སྟབས་ཧ་ཅང་བདེ་ཟེར།

      ཉེ་བའི་ལོ་འདི་འགར། ལས་གཞི་གལ་ཆེན་མང་པོ་རེ་རེ་བཞིན་ལག་བསྟར་བྱས་པ་དང་། མ་དངུལ་མང་པོ་རྒྱུན་མ་ཆད་པར་དངོས་འབེབས་བྱས་པར་བརྟེན། རང་ཞིང་བོད་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཚད་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར།

      ཆན་ཝ་བྱེ་བ་གཅིག་གི་ནུས་ཁུངས་དཔེ་སྟོན་རྟེན་གཞི་གཉིས་རང་ཞིང་གི་མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་དུ་བཙུགས་པ་དང་། དེའི་ནུས་ཚད་ཆན་ཝ་ས་ཡ་བདུན་ལ་བསླེབས།

མགོ་ལོག་ཁུལ་གྱི་རྫོང་གསུམ་གྱི་མཉམ་འབྲེལ་དྲ་བ་ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་གློག་དྲ་ཆེན་པོའི་རྫོང་ཁོངས་མངོན་འགྱུར་བྱས། 
      ཆི་ལེན་གནམ་གྲུ་ཐང་དང་ན་གོར་མོ་གནམ་གྲུ་ཐང་གི་བསྒྱུར་བཀོད་རྒྱས་བསྐྲུན་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པ་དང་། ན་གོར་མོ་ནས་ཀན་སུའུ་ཏུང་ཧོང་བར་གྱི་ལྕགས་ལམ་དང་ན་གོར་མོ་ནས་ཞིན་ཅང་ཁུའུ་ཨར་ལི་བར་གྱི་ལྕགས་ལམ། མཚོ་བོད་ལྕགས་ལམ་གྱི་སྐུ་བླ་མདའ་མདུང་ལམ་དུམ་བཅས་ཀྱི་རྒྱས་བསྐྲུན་བསྒྱུར་བཀོད་བཟོ་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཟི་ལིང་གྲོང་ཁྱེར་ལྟེ་གནས་ཡིན་པའི་བོད་ཁུལ་གྱི་ཁུལ་དྲུག་ལ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་གྱི་སྒྲོམ་གཞི་ཕལ་ཆེར་ཆགས།

      2016ལོར། མཁར་གྲོང་ཅན་གྱི་ཆུ་ཚད་བརྒྱ་ཆའི་ལྔ་བཅུ་ལྷག་ཏུ་བསླེབས་པ་དང་། མཛེས་སྡུག་གི་མཁར་གྲོང་བཅུ་དྲུག་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་སུམ་བརྒྱ་འཛུགས་སྐྲུན་བྱེད་པའི་ལོ་འཁོར་གྱི་ལས་འགན་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས། གུང་ཧོ་དང་ཐུན་རིན་སོགས་རྫོང་ལྔ་ཡིས་རྫོང་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པའི་དུས་སྐབས་སྔོན་མའི་བྱ་བ་ཧུར་ཐག་གིས་སྤེལ་བཞིན་ཡོད།

      ལྷད་མེད་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས། ཁོད་ཡངས་དྲ་བ་མཚོ་སྔོན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་སྟེ། རྒྱལ་ཡོངས་ཀྱི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་འཚོལ་བཤེར་མ་ལག་དངོས་སུ་བཀོལ་སྤྱོད་བྱས། 
གོང་གི་གྲུབ་འབྲས་ཡོད་ཚད་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་སྦས་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད། རིམ་བཞིན་གསོན་ཤུགས་ཀྱིས་ཁེངས་བའི་འཕེལ་རྒྱས་ཀྱི་རྣམ་པར་བསྒྱུར།

      ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་འཛུགས་ཐད་གྲུབ་འབྲས་མངོན་གསལ་བླངས་ཏེ། རོང་འབྲོག་མང་ཚོགས་མང་ཆེ་བ་དང་མཁར་གྲོང་སྡོད་དམངས་ཁག་ཅིག་སྡོད་ཁང་གསར་བའི་ནང་སྤར་བ་མངོན་འགྱུར་བྱུང་བ་དང་། ས་ཁུལ་གྱི་ཐོན་ལས་སླར་གསོ་དང་འཕེལ་རྒྱས་ཇེ་མགྱོགས་སུ་སོང་། 
      རྨ་ལྷོ་དང་མཚོ་ལྷོ། མཚོ་བྱང་བཅས་ཀྱི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱུང་སྟེ། ཕྱུགས་ལས་རྐྱང་བའི་སྡེ་བ་མང་ཆེ་བས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས།

      མཚོ་སྔོན་པོའི་ལྗོངས་ཁུལ་དང་རྨ་ལྷོའི་རེབ་གོང་རིག་གནས་དཔེ་སྟོན་ཁུལ། ཡུས་ཧྲུའུ་ཁམས་པའི་བོད་རིག་གནས་མཛེས་ལྗོངས་ཁུལ་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་ལས་རིགས་དེ་བོད་ཁུལ་གྱི་དེང་རབས་ཅན་གྱི་ཞབས་ཞུའི་ཁེ་ལས་གཙོ་བོར་བཞག་པས། གནས་སྐོར་ལས་རིགས་དེ་བོད་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་ཐོན་ལས་གཙོ་བོར་གྱུར།དུས་མཚུངས་སུ། མཚོ་སྔོན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ། མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་མོ་བཟོས།

      རྒྱལ་ནང་གི་གཞི་ཁྱོན་ཆེས་ཆེ་བའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་སྟེ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་དེ་རྒྱལ་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་གྲས་སུ་བསྐྱོད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ཁུལ་དེ་རྒྱལ་ཡོངས་སུ་མིང་གྲགས་ཆེ་བའི་མཐོ་སྒང་གི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞིར་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།

      རྒྱལ་ནང་དུ་ཐོག་མར་བཙུགས་པའི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་དེ་ཁྱད་ཆོས་ཡིན་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་སྟེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གྱིས་རིག་གནས་ཀྱི་མིང་ཐོག་ནས་དཔལ་འབྱོར་གྱི་ཐོད་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཀྱིན་ཡོད།

      མདོར་ན། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད།

      རྨང་གཞི་སྒྲིག་ཆས་དང་མཁར་གྲོང་གི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་བ་དང་། ཁྱད་ལྡན་དཔལ་འབྱོར་དང་ཁྱད་སྟོབས་ཐོན་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ། སྤྱི་པའི་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་དང་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། འཚོ་བ་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་བཅས་ལ་གནས་བབ་བཟང་པོ་བྱུང་།

       2016ལོར། མཚོ་སྔོན་བོད་ཁུལ་གྱིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་དགུ་བརྒྱ་བཅུ་གཉིས་ལྷག་ཡོངས་འགྲུབ་བྱས་པ་དང་། བརྟན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཆིག་སྟོང་ཆིག་བརྒྱ་ལྷག་ཡོངས་འགྲུབ་བྱས་ཏེ། བརྒྱ་ཆའི་བཅུ་ལྷག་འཕར། ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ཕལ་བའི་ཡོང་སྒོ་སྒོར་དུང་ཕྱུར་དོན་གཅིག་ལྷག་ཡོངས་འགྲུབ་བྱས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་བདུན་ལྷག་ཏུ་བསླེབས་ཏེ། བརྒྱ་ཆའི་དགུ་འཕར་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བརྒྱད་ལྷག་ཏུ་བསླེབས་ཏེ། བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་དེ་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་ཀྱི་ནང་ཚོད་འཛིན་བྱས་ཏེ། ཉེ་བའི་ལོ་བཅུའི་རིང་གི་ཆེས་དམའ་བའི་ཚད་དུ་སྲུང་འཛིན་བྱས།

       གཞན་ཡང་། 2010ལོར། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་། མཚོ་སྔོན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཏོན།

       པེ་ཅིན་དང་ཧྲང་ཧའེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་བཅས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་། ཀྲུང་གོ་རྡོ་སྣུམ་དང་རྒྱལ་ཁབ་གློག་དྲ་སོགས་ཀྲུང་དབྱང་ཁེ་ལས་བཅུ་གསུམ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཉེ་དྲུག་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་དང་རྫོང་སོ་གསུམ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་མགོ་བརྩམས།

       2013ལོར། ཀྲུང་དབྱང་གིས་ཡང་བསྐྱར་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ལས་ཁུངས་བརྒྱད་དང་ཀྲུང་དབྱང་ཁེ་ལས་གསུམ་གསར་དུ་འཕར་སྣོན་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་ལས་ཁུངས་དང་ཁེ་ལས་ལྔ་དྲུག་ཏུ་བསླེབས་པ་དང་། རོགས་སྐྱོར་ལས་བྱེད་པ་དེ་སྐོར་ཁག་དང་པོའི་མི་ཆིག་བརྒྱ་བཅུ་དགུ་ནས་སྐོར་ཁག་གཉིས་པའི་མི་ཆིག་བརྒྱ་གྱ་གཉིས་སུ་འཕར།

       2016ལོའི་ཟླ་དྲུག་པར། སྐོར་ཁག་གསུམ་པའི་རོགས་སྐྱོར་ལས་བྱེད་པ་ཉིས་བརྒྱ་ང་གཅིག་ཚང་མ་ལས་རྐང་དུ་འབྱོར།

       ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱལ་ཁབ་ཀྱི་སྣེ་ཁྲིད་དང་མཛུབ་སྟོན་འོག རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་དང་རོགས་སྐྱོར་ལས་བྱེད་པ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མིག་སྔར་རོགས་སྐྱོར་བྱ་བའི་ནང་རྐྱེན་ཕལ་ཆེར་ཆགས་པ་དང་། རོགས་སྐྱོར་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་། རོགས་སྐྱོར་གཞི་ཁྱོན་རིམ་བཞིན་ཇེ་ཆེར་གྱུར་བ་དང་རོགས་སྐྱོར་ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མངོན་གསལ་ཐོབ།

       མིག་སྔའི་བར་དུ། རོགས་སྐྱོར་ཕྱོགས་སོ་སོས་རིམ་བསགས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་དོན་ལྔ་དངོས་འབེབས་བྱས། རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་སྤྱི་ཚོགས་སྤྱི་པའི་ལས་དོན་འཕེལ་རྒྱས། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་སོགས་རོགས་སྐྱོར་ལས་གཞི་སྟོང་གཅིག་ལྷག་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་ང་བདུན་བཏང་། ཏང་སྲིད་ལས་བྱེད་པ་དང་། ཆེད་ལས་ལག་རྩལ་འཇོན་མི་སོགས་མི་ཐེངས་ཁྲི་དྲུག་ལྷག་གསོ་སྦྱོང་བྱས་པ་དང་། སྔ་གཞུག་ཏུ་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་སྟོང་གཉིས་བདུན་བརྒྱ་ལྷག་གིས་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱད། རོགས་སྐྱོར་ཕྱོགས་སོ་སོས་མཚོ་སྔོན་ཞིང་ཆེན་དང་དཔལ་འབྱོར་ལག་རྩལ་མཉམ་ལས་ལས་གཞི་བརྒྱད་བརྒྱ་ལྷག་བཀོད་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་སྟོང་བཞི་བརྒྱད་བརྒྱ་ལྷག་ཏུ་བསླེབས། མཚོ་སྔོན་བོད་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་ཀྱི་གནས་བབ་ཇེ་ལེགས་ཡིན་པས། མ་འོངས་པར་མཚོ་སྔོན་བོད་ཁུལ་གྱི་མདུན་ལྗོངས་ལ་རེ་བ་གསར་བས་ཁེངས་ཡོད།།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་གསར་འགྱུར་དྲ་བ་ལས་བཏུས་སོ།



发表评论 评论 (2 个评论)

回复 pari 2017-7-24 08:17
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།
回复 ljh8520035 2017-7-24 12:16
pari 2017-7-24 08:17
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-11-21 00:58 , Processed in 0.289913 second(s), 22 queries .

返回顶部