博客西藏在最高处过一种生活

日志

༄༅།།གཙང་གསུམ་མགོ་ཁུངས་ལ་ལྗང་སྒྱུར་བྱེད་མ ...

已有 72 次阅读2017-6-25 08:39 |系统分类:娱乐



                                          ༄༅།།གཙང་གསུམ་མགོ་ཁུངས་ལ་ལྗང་སྒྱུར་བྱེད་མཁན།
                                          ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 

                   —ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུས་ནགས་ལས་ཁའོ་ཡི་ཁའོ་ཀྲང་ཚེ་བརྟན་གྱི་གནས་ཚུལ་བཀོད་པ། 


                                                        

       ཟླ5པའི་ཡུས་ཧྲུའུ་མཐོ་སྒང་དུ་སྐྱེ་དངོས་ཐམས་ཅད་ལ་སླར་ཡང་ལྗང་མྱུག་རྒྱས་བྱུང་།

       ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་སྐྱེ་རྒུ་གྲོང་རྡལ་དུ་སོང་བ་ན། གྲ་དག་པའི་སྲང་ལམ་ཆེན་མོ་རུ། ཆེས་མིག་དབང་འཕྲོག་པ་ནི་སྲང་ལམ་འགྲམ་གཉིས་སུ་སྡོང་མྱུག་གསར་པ་རྒྱས་པ་དང་། ད་དུང་ལི་ཤིའི་མེ་ཏོག་གི་འཛུམ་བུ་གྲོལ་ལ་ཉེ་ཞིང་།  སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་ཐང་ཤིང་གི་ལོ་འདབ་ཀྱང་སྔོ་ལྗང་ངེར་འབུས་ཡོད་པ་དག་ཡིན་ལ། དེ་དག་ནི་ད་ལྟའི་ཡུས་ཧྲུའུ་ཡི་ས་གཞི་ཆེན་མོ་དང་འདྲ་བར། རེ་བ་དང་གསོན་ཉམས་ཀྱིས་ཁེངས་ཡོད།

       ཡུས་ཧྲུའུ་ལ་ཆ་རྒྱུས་ཡོད་པའི་མི་ཚང་མས་ཤེས་ངེས་ཏེ། ས་བབ་མཐོ་བའི་དབང་གིས།  སྔོན་ཆད་སྐྱེ་རྒུ་གྲོང་རྡལ་གྱི་སྔོ་ཁེབས་ཅུང་ཟད་རྐྱང་པ་ཡིན་ཞིང་། ཆེས་རྒྱུན་དུ་མཐོང་བ་ནི་མ་གལ་སྡོང་པོ་ཡིན། འོན་ཀྱང་ད་ལྟའི་སྐྱེ་རྒུ་གྲོང་རྡལ་དུ་མ་གལ་སྡོང་པོ་མཐོང་ཐུབ་པར་མ་ཟད། ད་རུང་ལི་ཤིའི་སྡོང་པོ་དང་མཚོ་སྔོན་ཐང་ཤིང་སོགས་རིགས་སྣ་མང་བའི་ཤིང་སྡོང་ཡང་ས་དེར་སྐྱེས་ཏེ་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་ཡོད།

       དེ་དག་གླེང་ཚེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུས་ནགས་ལས་ཁའོ་ཡི་ཁའོ་ཀྲང་ཚེ་བརྟན་ཡང་མི་གླེང་ཐབས་མེད་རེད། ཚེ་བརྟན་ཐོག་མར་མཐོང་དུས་ནི།ཁུལ་ནགས་ལས་ཅུས་ཀྱི་གཞུང་ལས་ཐོག་ཁང་གི་ནང་ཡིན།  ལུས་ལ་བབ་ཆགས་པའི་ལྭ་བ་ཞིག་གྱོན་ཡོད་ལ།  སྐྲ་འདབས་དཀར་པོར་ལོག་འདུག  ཡིན་ནའང་ཞིབ་ཏུ་བཅར་འདྲི་བྱས་པའི་རྗེས་སུ། 1979ལོར་སྐྱེས་པའི་ཚེ་བརྟན་ནི་ད་རུང་རྒས་འཁོགས་ཀྱི་ལོ་ཚད་དུ་བསླེབ་མེད་པ་ད་གཟོད་ཤེས་བྱུང་།  དོན་ངོ་མར། ཚེ་བརྟན་གྱི་ཀླད་སྐྲ་བྱི་བ་དེ་སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་སྡོང་རྐང་འབུམ་ལྷག་གི་མཚོ་སྔོན་ཐང་ཤིང་སྐྱེས་པ་དང་སྐྱེ་རྒུ་གྲོང་རྡལ་གྱི་གཞུང་ལམ་གཡས་གཡོན་དུ་སྡོང་མྱུག་གསར་པ་རྒྱས་བཞིན་པ་དང་འབྲེལ་བ་དམ་པོ་མཆིས།

      1997ལོར་ལས་ཀར་ཞུགས་པའི་རྗེས་སུ།  ཚེ་བརྟན་ཡུས་ཧྲུའུ་ཡི་སྐྱེ་ཁམས་འཛུགས་སྐྲུན་དང་དམ་དུ་སྦྲེལ་སོང་། ཁོ་རང་སྔ་གཞུག་ཏུ་ཡུས་ཧྲུའུ་རང་སའི་རྨོ་བསྐྱུར་ནགས་སྐྱོང་རྩྭ་འདེབས་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད། ཡུས་ཧྲུའུ་རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་གནད་སའི་བཟོ་སྐྲུན་ཀུན་ལ་ཞུགས།

       ཡུས་ཧྲུའུ་ཡི་གནོད་ཕྱིའི་བསྐྱར་སྐྲུན་ཕྱོགས་ཡོངས་ནས་མགོ་བརྩམས་པའི་ཚུན་ལ། ཁོའི་བྱ་བར་གནམ་ས་བླ་འོག་བསྒྱུར་པ་འདྲ་བའི་འགྱུར་ལྡོག་བྱུང་། གནོད་ཕྱིའི་བསྐྱར་སྐྲུན་གྱི་འཆར་འགོད་གཞིར་བཟུང་ནས།  སྐྱེ་རྒུ་གྲོང་རྡལ་གྱི་མངའ་ཁུལ་དུ་རྗེན་ས་གཅིག་ཀྱང་མི་བསྐྱུར་བར། སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་ཡང་ཕྱོགས་ཡོངས་ནས་ལྗང་སྒྱུར་བྱེད་དགོས། ཚེ་བརྟན་ནི་ནགས་ལས་ཁའོ་ཡི་འགན་ཁུར་པ་ཡིན་པའི་ཆ་ནས། ཕྱོགས་ཡོངས་ནས《ཡུས་ཧྲུའུ་ཡི་ས་ཡོམ་གྱི་གནོད་ཕྱིའི་སླར་གསོ་བསྐྱར་སྐྲུན་སྐྱེ་ཁམས་ཉམས་གསོ་ཆེད་དམིགས་འཆར་འགོད》དང《ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་ཇུས་གཞི》《ཡུས་ཧྲུའུ་ཡི་གནོད་ཕྱིའི་བསྐྱར་སྐྲུན་ཞང་གྲོང་19ཡི་གྲོང་ཚོའི་རྣམ་པ་འཛུགས་སྐྲུན་བཟོ་འགོད་ཀྱི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་ཇུས་གཞི》སོགས་ཡུས་ཧྲུའུ་ཡི་གནོད་ཕྱིའི་སླར་གསོ་བསྐྱར་སྐྲུན་ནགས་ལས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཇུས་གཞི་འཆར་འགོད་བྱེད་པའི་ནང་ཞུགས། ཁོས་བཤད་རྒྱུར། 2012ལོར། འཆར་འགོད་དེ་དག་འབྲི་བའི་སྐབས་སུ། དུས་ཚོད་བྲེལ་ཞིང་ལས་འགན་ལྕི་བའི་དབང་གིས། སྐབས་ཤིན་ཏུ་མང་པོ་ཞིག་ལ། ཁོ་རང་དགོང་མོ་ནམ་གུང་བར་དུ་ལས་འཕར་མ་བྱས་ཤིང་།  ཉིན་གཉིས་པར་ཡང་ཞོགས་པའི་དུས་ཚོད་དྲུག་བདུན་གྱི་སྟེང་ནས་མལ་ལས་ལངས་དགོས་པ་བྱུང་། སྐབས་དེ་དུས་ནས་བཟུང་སྟེ། ཁོའི་མགོ་ཡི་སྐྲ་ལོ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་སོང་།

       2013ལོར། སྐྱེ་རྒུ་གྲོང་རྡལ་ལྗང་སྒྱུར་བཟོ་འགོད་དངོས་སུ་ལག་བསྟར་གྱི་དུས་རིམ་དུ་ཞུགས། ཤིང་རིགས་ཀྱི་གསོན་ཚད་ལ་ཁག་ཐེག་བྱེད་པའི་ཆེད་དུ། ཁོ་ཚོས་སྔ་གཞུག་ཏུ་ཐེངས་གང་མང་ལ་འབྲེལ་ཡོད་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཡུས་ཧྲུའུ་ཡུལ་དངོས་སུ་ཕྱིན་ཏེ་ལྟ་ཞིབ་བྱས་པར་མ་ཟད།  མ་གལ་སྡོང་པོ་དང་མཚོ་སྔོན་ཐང་ཤིང་།ལི་ཤིའི་སྡོང་པོ་སོགས་ཤིང་རིགས་གཙོ་བོ་གཏན་འཁེལ་བྱས། ཚེ་བརྟན་གྱིས་བཟོ་པ་རྣམས་ལ་བཀོད་འདོམས་བྱས་ཏེ་སྲང་ལམ་འགྲམ་གཉིས་སུ་སྡོང་པོ་འཛུགས་པའི་དུས་ན། ས་དེ་གའི་མང་ཚོགས་ཀྱིས་ཁོ་ཚོས་འཛུགས་པ་ནི་མགོ་རྗེན་རྗེན་གྱི་མ་གལ་སྡོང་པོ་ཡིན་པ་མཐོང་ནས། སེམས་གཏིང་ནས་འདང་མ་ཕོག

       དོགས་འདྲིའི་ཁྲོད་དུ། ཚེ་བརྟན་ཡང་སྡོང་པོ་དེ་དག་གསོན་མི་ཐུབ་པར་ཐེ་ཚོམ་སྐྱེས་མྱོང་།  རྒྱུ་མཚན་ནི་དེའི་སྔོན་ལ། སྐྱེ་རྒུ་གྲོང་རྡལ་དུ་དེ་འདྲའི་རྒྱ་ཁྱོན་ཆེ་བའི་སྡོང་འཛུགས་ནགས་སྐྲུན་གྱི་ལོ་རྒྱུས་ཡོད་མ་མྱོང་བས་རེད། ཡིན་ན་ཡང་། ལོ་དེའི་དཔྱིད་ཀ་སླེབས་དུས། མགོ་རྗེན་རྗེན་གྱི་མ་གལ་སྡོང་པོ་ཚང་མར་ལྗང་མྱུག་གསར་པ་རེ་གཉིས་འབུས་ཤིང་། ཚེ་བརྟན་ཁོ་རང་མི་ཀུན་གྱིས་འཕྱ་དགོད་བྱེད་ཡུལ་དུ་གྱུར་ལ། ཐར་ཐོར་གྱི་ལྗང་མྱུག་དེ་དག་ཁོའི་མགོ་ཡི་སྐྲ་ལོ་དང་ཨ་ན་མ་ན་རེད་ཟེར།

       ད་ལྟ། སྐྱེ་རྒུ་གྲོང་རྡལ་གྱི་སྲང་ལམ་ཆེན་མོ་རུ་བསྐྱོད་པ་ན། སྲང་ལམ་འགྲམ་ལོགས་གཉིས་སུ་ཡལ་འདབ་རབ་ཏུ་རྒྱས་པའི་སྡོང་མྱུག་གང་མང་མཐོང་ཐུབ་པ་དང་། སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་སྡོང་མྱུག་གསར་པ་རྒྱས་བཞིན་པའི་མཚོ་སྔོན་ཐང་ཤིང་དག་ནི་མཛེས་སྡུག་ཡིད་འོང་གི་ཡུལ་ལྗོངས་སྐྱིད་པོ་ཉམས་དགའ་བ་ཞིག་ཏུ་གྲུབ་ཡོད་པས། སྐྱེ་རྒུ་གྲོང་རྡལ་གྱི་རྩྭ་མེད་སྤྱི་ཐེར་གྱི་ས་ངོས་ཚང་མ་རྩི་ཤིང་ལོ་འདབ་ཀྱིས་སྔོ་ལྗང་ངེར་ཁེབས་ཡོད།

       སྡོང་འཛུགས་ནགས་སྐྲུན་གྱི་ཕྱོགས་ནས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད་པའི་རྐྱེན་གྱིས། ཚེ་བརྟན་ལ་སྔ་གཞུག་ཏུ་རང་ཞིང་གི་སྔོན་ཐོན་ལེགས་བརྩོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞེས་པ་དང་རྒྱལ་ཁབ་པུའུ་ཨུ་བཞི་ཡིས་བདམས་པའི་ཡུས་ཧྲུའུ་ས་ཡོམ་གྱི་གནོད་ཕྱིའི་སླར་གསོ་བསྐྱར་སྐྲུན་གྱི་སྔོན་ཐོན་མི་སྣ།  རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གིས་བདམས་པའི“རྒྱལ་ཡོངས་ལྗང་སྒྱུར་བྱ་དགའི་གཟེངས་རྟགས”དང་ཡུས་ཧྲུའུ་ཁུལ་ཨུས་བསྩལ་པའི“ཕུལ་དུ་བྱུང་བའི་ཏང་དོན་ལས་བྱེད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་གང་མང་ཐོབ་མྱོང་།

      ཡིན་ནའང་།  ཚེ་བརྟན་གྱིས་བཤད་ན་སྐྱེ་རྒུ་གྲོང་རྡལ་དུ་ལྗང་སྒྱུར་བྱེད་པའི་གོ་རིམ་ཁྲོད་བླངས་པའི་གྲུབ་འབྲས་དག་ལས་བྱས་རྗེས་མང་ཆེ་བ་ཐུན་མོང་གིས་མཉམ་དུ་བླངས་པ་ཡིན་ཟེར།  ཁོས་བཤད་རྒྱུར། ཡུས་ཧྲུའུ་ནི་རྒྱལ་ཁབ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་ཡིན་པའི་ཆ་ནས། སྲིད་གཞུང་ལས་ཁུངས་ཡིན་ནའང་འདྲ། སྤྱིར་བཏང་གི་མང་ཚོགས་ཡིན་ནའང་འདྲ།  ལྗང་མདོག་ལ་སུས་ཀྱང་བླ་ན་མེད་པའི་གུས་སེམས་ཕུལ་བ་དང་། སྡོང་འཛུགས་དང་སྡོང་སྲུང་གི་ཧུར་སེམས་ཆེ་རུ་སོང་ཡོད། 2017ལོར། ཡུས་ཧྲུའུ་ཁུལ་གྱིས་བསྡོམས་པས་ས་ཁྱོན་སྤྱི་ཆིང1644.2ལ་ནགས་སྐྲུན་བྱས་པ་དང་། སྡོང་ཕྲུག་སྤྱི་ཆིང1200གསོ་སྐྱོང་བྱས་ལ། སྡོང་རྐང་ཁྲི30ལྷག་འོས་འགན་སྡོང་འཛུགས་བྱས་ཡོད།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-7-23 00:54 , Processed in 0.257903 second(s), 21 queries .

返回顶部