日志

༄༅།།ང་ཚོས་བློ་མཐུན་རྒྱ་མཚོའི་ཅི་ཞིག་ལ་སླ ...

已有 451 次阅读2016-10-21 18:08 |系统分类:传媒

                                                                                   
                                                              ༄༅།།ང་ཚོས་བློ་མཐུན་རྒྱ་མཚོའི་ཅི་ཞིག་ལ་སློབ་སྦྱོང་བྱེད་དགོས་སམ།
                                                      ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།


                             
                                                       (གཅིག)

                                   

       གུང་ཁྲན་ཏང་ཡོན་ཞིག་ཡོད་དེ། ཁོའི་མིང་ལ་རྒྱ་མཚོ་ཟེར། ཁོའི་བབ་ཆགས་པའི་གཏམ་གླེང་ཡོད་ཚད“མི་དམངས་ཀྱི་ཆེད”ཡིན་ལ། ཁོའི་མི་སེམས་འགུལ་བའི་གཏམ་རྒྱུད་ཡོད་ཚད“མི་དམངས་ཀྱི་ཆེད”ཡིན་པར་མ་ཟད། ཁོའི་སེམས་འགུལ་ཐེབས་པའི་མཛད་རྗེས་ཡོད་ཚད་ཀྱང“མི་དམངས་ཀྱི་ཆེད”ཡིན།

       རྒྱ་མཚོ། ཕོ། བོད་རིགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་ཞིང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ལོ23ལ་བུད་པ་ནས་བཟུང་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་རྐང་ཚུགས།

       གཅེས་སུ་འོས་པའི་ཡུལ་གྲུ་དེ་རུ། སྔོན་ཆད་འཚེར་བག་ཆེ་བའི་བོད་རིགས་ཀྱི་སློབ་གྲྭ་ཆེན་མོ་པ་འདི། རང་ཉིད་ཀྱི་ཨུ་ཚུགས་དང་འབད་བརྩོན་ལ་བརྟེན་ནས་འཚར་ལོངས་བྱུང་ཞིང་། ཧོ་ནན་སོག་རིགས་རང་སྐྱོང་རྫོང་མཐོ་ཡེ་མ་ཞང་གི་ཞང་ཀྲང་གཞོན་པའམ་ཏང་ཨུའི་ཧྲུའུ་ཅི་ནས་རྫོང་དམངས་ཆེན་གཞུང་ལས་ཁང་གི་ཀྲུའུ་རེན་དང་རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན། དེ་ནས་ཡེ་རྒན་ཉིན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་དམངས་ཆེན་ཀྲུའུ་ཞི་ཚོགས་པའི་ཚོགས་གཙོ་ཡི་འགན་གཅིག་ལྕོགས་བཞེས་པ། རྫོང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཤིང་། ལོ་ངོ24ཡི་རིང་ལ། ཁོས་ནམ་ཡང་ཕུགས་འདུན་དང་ཡིད་ཆེས་བརྟན་པོ་དང་། ཏང་གི་དགོངས་དོན་ཡིད་ལ་དམ་པོར་བཅངས་པ། ཏང་གི་ལས་དོན་ལ་བློ་སེམས་དཀར་བ། མི་དམངས་མང་ཚོགས་ལ་འབྲེལ་གཏུག་དམ་པོ་བྱེད་པ་བཅས་ཀྱིས། མི་རིགས་མཐུན་སྒྲིལ་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོབ། དམངས་འཚོ་ལེགས་བཅོས་བྱེད་པར་འགན་སྲུང་བཅས་བྱེད་པའི་ཐད་བྱས་རྗེས་བླ་ན་མིད་པ་བཞག་པས།ས་གནས་མང་ཚོགས་ཀྱིས་ཁོ་ལ“སོག་ཡུལ་གྱི་ལྷག་བསམ་ཅན”དུ་འབོད།

      ནམ་ཡང་དམངས་ཀྱི་དོན་བསམས་ན། ནམ་ཞིག་དམངས་ཀྱི་བརྩི་བཀུར་ཐོབ་ངེས། 2015ལོའི་ཟླ12པའི་ཚེས4ཉིན། ངལ་དུབ་ཀྱི་དབང་གིས་སྙིང་རྩྭ་འགགས་ཏེ་བྱ་བའི་ལས་གནས་སྟེང་དུ་འགྱེལ་ཞིང་། ལོ47ཡིན།ཟླ12པའི་ཚེས6ཉིན། གྲོགས་པོ་དང་ལས་གྲོགས། འབྲོག་པ། ཡུལ་མི་སྤུན་ཟླ་རྣམས་སྤྱི་ལེ་བརྒྱ་ཕྲག་ལྷག་གིས་ཆོད་པའི་རེབ་གོང་གི་ཡུལ་གྲུ་སོ་སོ་ནས་ཟི་ལིང་གི་པུར་ཁང་དུ་འབྱོར་ཞིང་། ལ་ལས་གུས་ཕྱག་ཕུལ་ཞིང་ལ་ལ་ངུ་ཤུམ་བྱེད་པ་སོགས་ཡོད་ཚད་མཇུག་མཐའི་སྐྱེལ་མ་ཞིག་གི་ཆེད་དུ་རེད་ལ། སྤྱོད་བཟང་བབ་ཆགས་ཀྱི་ལས་བྱེད་པ་ཞིག་དང་བཀུར་བར་འོས་པའི་ཏང་ཡོན་ཞིག འབྲོག་པའི་སེམས་ཁོང་གི་མི་བཟང་པོ་ཞིག་ལ་དེ་ལྟར་མཇུག་མཐའི་སྐྱེལ་མ་བྱས།

      བརྩོན་པ་ལྷུར་ལེན་དང་ནན་ཏན་གྱིས་བྱ་བ་བསྒྲུབས་པ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་དང་གསར་སྐྲུན་བྱེད་ཕོད་པ་བཅས་ཀྱིས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཁྲོད་ཞུགས་ཤིང་བློ་གཅིག་སེམས་གཅིག་གིས་བྱ་བ་བསྒྲུབས་ཏེ། ལོ་ངོ་བཅུ་ཕྲག་ལ་ལས་རྐང་བརྟན་སྲུང་དང་གོ་མེད་ཚོར་མེད་ངང་གསོལ་འབུལ་བྱས་པས། རང་ཉིད་ཀྱི་ཡོད་ཚད་ཕ་ཡུལ་གཉིས་པ་དང་མཚུངས་པའི་ཧོ་ནན་རྩྭ་ཐང་དུ་ཕུལ་ཞིང་། བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་གཤིས་རྒྱུད་ལ་འགྲེལ་བཤད་བརྒྱབ།

      རྒྱ་མཚོའི་མཛད་རྗེས་ཀྱིས་མི་སེམས་འགུག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་བཤད་པ་ནང་བཞིན། “ཁོས་ནམ་ཡང་མི་དམངས་མང་ཚོགས་བར་གྱི་རང་བྱུང་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པའི”རྐྱེན་རེད། ཟླ9པའི་ཚེས14ཉིན། ཞིང་ཆེན་ཏང་ཨུས《བློ་མཐུན་རྒྱ་མཚོར“རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་བར་མ་ཟད་བློ་མཐུན་རྒྱ་མཚོར་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་ཆོད་དོན》པར་འགྲེམ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་བློ་མཐུན་རྒྱ་མཚོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།

      ད་ལྟ། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོར་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ནུས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་དོན་གཉེར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་ཆེན་པོ་དེ་མཚོ་སྔོན་གྱི་གཤིན་སའི་སྟེང་དུ་རྩ་བ་རྒྱས་ཤིང་འབྲས་བུ་སྨིན་པར་མཐའ་གཅིག་ཏུ་ཁག་ཐེག་བྱེད་དགོས། རླབས་ཆེ་བའི་དུས་རབས་ནང་དུ་རླབས་ཆེ་བའི་སྙིང་སྟོབས་དགོས། སྐབས་འདིར། མིག་དཔེར་སློབ་སྦྱོང་དང་སྒུལ་ཤུགས་གཅིག་སྒྲིལ་བྱས་ཏེ། ཡིད་ཆེས་སྣོན་པའི་ཐད་དོན་སྙིང་གལ་ཆེན་ལྡན། མིག་དཔེ་ནི་མེ་ལོང་ཞིག་ཡིན་ལ་དར་ཆ་ཞིག་ཀྱང་ཡིན། དེས་མི་གཞན་ལ་འོད་སྣང་སྦྱིན་ཐུབ་པར་མ་ཟད་ནུས་པ་ཆེན་པོ་གཅིག་སྡུད་བྱེད་ཐུབ།

                                                      (གཉིས།)

       ཧོ་ནན་རྫོང་ནི་རང་ཞིང་གི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་ལ། བོད་ཁུལ་དུ་གནས་པའི་རྐྱེན་གྱིས་གནས་དེའི་སོག་རིགས་མང་ཚོགས་ཀྱིས་བོད་སྐད་སྤྱོད་རྒྱུར་གོམས་ཡོད། རྒྱ་མཚོ་ནི་བོད་རྒྱ་སྐད་གཉིས་ལོ་ཙཱའི་ཆེད་ལས་ནས་མཐར་ཕྱིན་པ་ཡིན་པས། སྔོན་ཆད་འཚེར་སྣང་ཆེ་བའི་བོད་རིགས་སློབ་གྲྭ་ཆེན་མོ་པ་དེ། བཤད་འབྲི་གཉིས་ལ་བྱང་ཆ་ལྡན་པས། ས་གནས་མང་ཚོགས་ཀྱི་ཆེས་དགའ་བསུ་བྱེད་པའི“སྐད་གཉིས”འཇོན་མིར་གྱུར།

       ཁོ་དཔེ་ཆ་བལྟ་རྒྱུར་དགའ་ཞིང་རིག་གནས་ཀྱི་ཆུ་ཚད་མཐོ་བར་མ་ཟད། དཀའ་སྡུག་ལ་མི་འཛེམ་ཞིང་སྟོབས་ཤུགས་ཀྱིས་ཁེངས་ཡོད་པས། ནམ་ཞིག་ལའང་གསོན་ཤུགས་ཀྱིས་བརྟས་ཡོད། ཁོ་རང་ཆེས་དགའ་བ་ནི་གཞི་རིམ་དུ་འགྲོ་རྒྱུ་དེ་རེད། ཐོག་མར་འཕྲུལ་རྟར་ཞོན་ནས་ཞང་ཐོག་ཏུ་འགྲོ་བ་དང་། དེ་ནས་རྟར་ཞོན་ནས་རྩྭ་ཐང་དུ་འགྲོ་དགོས་ལ། འབྲོག་པའི་སྦྲ་གུར་ནང་ཉིན་འགའ་རེར་བསྡད་དེ་འབྲོག་པ་མང་ཚོགས་དང་མཉམ་བཟའ་མཉམ་འཐུང་དང་། མཉམ་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱས། ཟླ་འོད་གསལ་བའི་མཚན་མོར། ཁོ་རང་འབྲོག་པ་མང་ཚོགས་དང་མཉམ་དུ་རྩྭ་ཐང་སྟེང་བསྡད་དེ་གླེང་མོལ་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་དང་མི་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་དབུལ་ཐར་ཕྱུག་བསྒྱུར་གྱི་ཇུས་ཆེན་གླེང་རྒྱུར་ཧ་ཅང་དགའ། ཚང་མའི་གདོང་གི་ཡིད་ཆེས་དང་སྤྲོ་བའི་འཛུམ་མདངས་ལ་ལྟ་བཞིན། ཁོར་ཡིད་ཚིམ་པའི་སྣང་བ་དང་དགའ་བ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་ངེས།

       གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། ཁོ་རང་གཞི་རིམ་དུ་འགྲོ་རྒྱུ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཅིང་། སྐབས་དེར། སྡེ་བ་མང་པོ་ཞིག་ལ་ཀྱག་ཀྱོག་གི་ལམ་ཕྲན་ཞིག་ལས་གཞུང་ལམ་ཡངས་པོ་མེད་པས། ཉིན་འགར་སོང་རྗེས་སྒྱིད་པར་རྟ་སྒས་དམར་ཤུལ་བཏོད་དེ་ན་ཟུག་མི་བཟོད་པ་མྱོང་གིན་ཡོད། དེ་ལྟར་ལོ་འགའ་འགོར་རྗེས། གྲོང་རྡལ་ཡོངས་སུ་རྒྱ་མཚོ་མི་ཤེས་མཁན་གཅིག་ཀྱང་མེད་པར་གྱུར།

       དོན་དག་ཕྲ་རབ་འདི་དག་གིས་རྒྱ་མཚོའི་བློ་གཅིག་སེམས་གཅིག་གིས་གཞུང་དོན་སྒྲུབ་པའི་ལས་བཀུར་བསམ་བློ་ལ་ནམ་ཡང་འགྱུར་བ་མེད་པ་དང་། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་སེམས་པར་ནམ་ཡང་འགྱུར་བ་མེད་པ་མཚོན་ཐུབ།

  “ཁོ་རང་ནི་སེམས་སུ་ནམ་ཡང་མང་ཚོགས་བཅངས་མཁན་ཞིག་ཡིན”ཞེས་ས་གནས་ཀྱི་མང་ཚོགས་དང་ལས་བྱེད་པས་དེ་ལྟར་གདེང་འཇོག་བྱས།

                                                     (གསུམ།)

        རྒྱ་མཚོ་ཡི་མི་ཚེ་ནི་ཐུང་ཐུང་ཞིག་ཡིན་ནའང་། ཁོས་རང་ཉིད་ཀྱི་ཚེ་སྲོག་སྤྱད་དེ་གུང་ཁྲན་ཏང་ཡོན་ཞིག་གི་དམ་བཅའ་བརྟན་པོ་ལག་བསྟར་དང་། གུང་ཁྲན་ཏང་མིའི་བླ་ན་མེད་པའི་མི་གཤིས་ལ་འགྲེལ་བཤད་བརྒྱབ།

        ཁོས་ཆུང་དུས་ནས་ཏང་གི་སློབ་གསོ་དང་ལེན་བྱས་ཤིང་། བྱ་བར་ཞུགས་པའི་ལོ་ངོ24ཡི་རིང་ལ། ནམ་ཡང་ཆབ་སྲིད་དང་གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུ་མ་ལྷོད་པར། རང་སྟེང་གི་ཆབ་སྲིད་སྤུས་མཚག་བསྟུད་མར་ཇེ་མཐོར་བཏང་ཞིང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་འཛུགས་པ་དང་ཇེ་བརྟན་དུ་བཏང་ནས།ཏང་དང་མི་དམངས། བྱ་གཞག་བཅས་ལ་བློ་དཀར་བའི་ཕུལ་བྱུང་གི་ཆབ་སྲིད་གཤིས་རྒྱུད་བསྐྲུན།

        ཁོས་ཁེ་གྲགས་ལ་མི་སྙེགས་ཤིང་སྒེར་སེམས་མེད་པར་བྱ་བར་བརྩོན་པ་དང་། ཁོས་རང་ཉིད་ཀྱི“སྐད་གཉིས” ཤེས་པའི་འཇོན་ཐང་ལ་བརྟེན་ནས་མང་ཚོགས་ལ་འབྲེལ་བ་འཛུགས་པ་དང་། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ཏེ། ཏང་གི་ལས་དོན་དང་མང་ཚོགས་ཀྱི་ཁེ་ཕན་ལ་བརྩོན་པ་ནི་ཁོའི་སྤྲོ་བ་ཆེན་པོ་ཞིག་ཏུ་གྱུར།

       ཁོས་ལས་དོན་ཚེ་སྲོག་ཏུ་བརྩིས་ཤིང་། དུས་ཚོད་ཡོད་ཚད་ལས་དོན་གྱི་སྟེང་དུ་བཀོལ་བས། ལས་དོན་ནི་ཁོའི་མི་ཚེ་འདིའི་ཡོད་ཚད་དུ་གྱུར། ཁོས་ཆབ་སྲིད་གླེང་བ་དང་སྒྲིགས་ལམ་བརྩི་བ། སྤྱི་ཡོངས་བསམ་པ་བཅས་ཀྱིས་ལོ་བཅུ་ཉིན་གཅིག་གི་ཚུལ་དུ་ལས་རྐང་བརྟན་སྲུང་དང་གོ་མེད་ཚོར་མེད་ཀྱིས་གསོལ་འབུལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པར་སེམས་ཤུགས་གང་ཡོད་ཕུལ།

       ཁོ་རང་ལས་རྐང་གང་ཞིག་ཏུ་ཡོད་ཀྱང་ཏང་གི་དགོངས་དོན་སེམས་ལ་དམ་པོར་བཅངས་ནས། དཔོན་ཉམས་མི་སྟོན་པ་དང་དམིགས་བསལ་མི་སྤྲོད་པར། འབྲེལ་ཡུལ་སྡེ་བའི་འབྲོག་པ་མང་ཚོགས་ལ་མ་བཅོས་སེམས་ཀྱིས་ཐུགས་ཁུར་བྱས་པ་དང་། རང་བཀུར་དང་རང་བརྟག རང་ཟོན། རང་གིས་རང་ལ་སྐུལ་མ་གཏོང་བ་བཅས་ཀྱིས་རང་འདོམས་ནན་མོ་དང་སྤྱོད་པ་ཚུལ་མཐུན་ཡོང་བར་བྱས།

       རྒྱ་མཚོ་ནི་མཛའ་བརྩེ་ལྡན་ཞིང་བཀུར་བར་འོས་ལ། ཡིད་འགུལ་བ་དང་སློབ་སྦྱོང་བྱེད་འོས་པའི་ཉེ་འགྲམ་གྱི་མིག་དཔེ་གསོན་པོ་ཞིག་དང་། གཞུང་རྒྱུད་དྲང་ལ་བརྩོན་པ་ཆེ་ཞིང་། སྤྱོད་པ་གཙང་ཞིང་འགན་འཁྲི་ཕྲག་ཏུ་ལེན་ཕོད་པའི་ཚད་ཤིང་ལྟ་བུ་ཡིན་པས། ང་ཚོ་ཚང་མས་བརྩི་བཀུར་དང་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན།

                                                     (བཞི།)

       དེང་སྐབས། བློ་མཐུན་རྒྱ་མཚོ་ལ་སློབ་སྦྱོང་བྱེད་པ་དེ“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་དུ་སྦྲེལ་ཏེ། བློ་མཐུན་རྒྱ་མཚོའི་སྔོན་ཐོན་བྱས་རྗེས་མིག་དཔེ་རུ་འཛིན་པ་དང་། བར་ཐག་འཚོལ་ཞིང་ཁ་ཕྱོགས་གསལ་པོ་བྱས་ཏེ། ཕུགས་འདུན་དང་ཡིད་ཆེས་སྔར་ལས་བརྟན་པོར་འཛུགས་པ་དང་། འགན་འཁྲི་ཕྲག་ཏུ་བླངས་ནས་སྔར་ལས་སྙིང་སྟོབས་ཀྱིས་ཁེངས་པའི་བསམ་བློའི་འཁྱེར་ཕྱོགས་དང་སྔར་ལས་བདེན་འཚོལ་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། “ཏན་ཏན་ཏིག་ཏིག་བཞི”ཡི་ལག་ལེན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས།

       བློ་མཐུན་རྒྱ་མཚོ་ང་ཚོ་དང་གཏན་དུ་བྲལ་རུང་། ཁོས་ང་ཚོར་བཞག་པའི་མི་དམངས་ལ་ཞབས་འདེགས་དང་མི་དམངས་ལ་གསོལ་འབུལ་བྱས་ཏེ། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་རིན་བྲལ་གྱི་བསམ་བློའི་རྒྱུ་ནོར་དེ་ནམ་ཡང་འོད་འཚེར་འཚེར་དུ་སྣང་།

       དོན་དངོས་ལ་རྐང་བཙུགས་ཏེ་བློ་མཐུན་རྒྱ་མཚོར་སློབ་སྦྱོང་བྱེད་ན། རྒྱ་མཚོའི་སྙིང་སྟོབས་དེ་ཏན་ཏན་ཏིག་ཏིག་གིས་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་བ་དང་། རང་འགུལ་སྒོས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་གཡུལ་ས་གཙོ་བོར་ཞུགས་ཏེ། “ཡིད་ཆེས་བཞི”ཇེ་དྲག་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དང་ཁ་ཕྱོགས་ཇེ་གསལ་དུ་གཏོང་བ་དང་། ནུས་པ་ཇེ་མཐོ་དང་དངོས་འབེབས་དམ་འཛིན་བྱས་ཏེ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལ་འབྲས་བུ་འབྱུང་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་དགོས།

       དོན་དངོས་ལ་རྐང་བཙུགས་ཏེ་བློ་མཐུན་རྒྱ་མཚོར་སློབ་སྦྱོང་བྱེད་དགོས་ན། དམངས་འཚོ་ལེགས་བཅོས་བྱེད་པའི་རང་རྟོགས་རང་བཞིན་བསྟུད་མར་ཇེ་མཐོ་དང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་རིགས་ལམ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྡུད་བྱེད་པ་དེ་མགོ་འཛིན་ས་དང་རྐང་འཛུགས་ས་བྱེད་དགོས་ལ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཧུར་བརྩོན་གྱིས་ཐག་བཅད་དེ། རིགས་སོ་སོའི་མི་དམངས་མང་ཚོགས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སྤྱོད་བྱེད་དུ་འཇུག་དགོས།

      དོན་དངོས་ལ་གཞིགས་ཏེ་བློ་མཐུན་རྒྱ་མཚོར་སློབ་སྦྱོང་བྱེད་དགོས་ན། སྔར་ལས་བསམ་བློ་བཅིངས་འགྲོལ་དང་སྔར་ལས་དངོས་སྒྲུབ་དོན་གཉེར། སྔར་ལས་རྗེས་སྙེག་ཧུར་ཐག་བཅས་བྱས་ཏེ། “ལྔ་བཅུ་གསུམ”གྱི་འཆར་འགོད་ལ་རྐང་འཛུགས་པ་དང་། ད་ལོའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བར་གཞི་བཙུགས་ནས། བཅོས་བསྒྱུར་གསར་གཏོད་དང་འབད་བརྩོན་ཧུར་ཐག་བྱེད་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། མཁོ་སྤྲོད་ཐད་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་བཅས་ཀྱིས། རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་འཁོར་རྒྱུག་དཔལ་འབྱོར་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་བཅས་མུ་མཐུད་དུ་འཛུགས་སྐྲུན་བྱས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།  འདི་ནི་ང་ཚོས་བློ་མཐུན་རྒྱ་མཚོ་ལ་སློབ་སྦྱོང་བྱེད་པའི་དུས་རབས་ཀྱི་དོན་སྙིང་ཡིན་ནོ།    །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

   

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 22:18 , Processed in 0.052795 second(s), 20 queries .

返回顶部