日志

༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད ...

已有 423 次阅读2016-5-24 17:11 |系统分类:读书

 
༄༅༎།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པ།
ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།
 
                  

         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ༥ཚེས༡༧ཉིན་གྱི་ཉིན་གུང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་འབྱོར་ཟིན་ཏེ་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པ་རེད། ལྷ་ས་གོང་དཀར་གནམ་ཐང་དང་པཎ་ཆེན་རིན་པོ་ཆེའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་པཎ་ཆེན་རིན་པོ་ཆེ་མཆོག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

         ཟླ༥ཚེས༡༧ཉིན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་།  པད་མ་འཕྲིན་ལས།  བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཝང་རུའེ་ལན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷ་ས་གོང་དཀར་གནམ་ཐང་ངམ་ཡང་ན་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུར་བཅར་ནས་པཎ་ཆེན་རིན་པོ་ཆེར་མཇལ་དར་བསྒྲོན་པ་དང་ཕྱག་གཏོང་རེས་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགའ་བསུ་ཞུ་ལུགས་མཚོན་པར་གནང་བ་རེད།

        ཚེས༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད༤པ་ཙམ་དུ་ལྷ་ས་གྲོང་ཁུལ་གྱི་ལྟེ་བར་གནས་པའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་གི་སྒོ་རའི་ནང་དུང་རྒྱ་གླིང་གི་སྒྲ་དང་། ལང་ལོང་འཁྲིགས་པའི་བསང་གི་དུ་བ་དང་། ལྷང་ལྷང་དུ་སྒྲོག་པའི་ཆོས་ལུགས་ཀྱི་རོལ་ཆའི་སྒྲ་བཅས་ཀྱི་ཁྲོད་དེ་ཁུལ་གྱི་རྣམ་པ་བརྗིད་ཉམས་ལྡན་ལ་དགའ་སྤྲོ་འཁོལ་བ་ཞིག་ཡོད་པ་རེད།

       གཞིས་རྩེ་བཀྲས་ལྷུན་དགོན་དང་ལྷ་སའི་དགོན་སྡེ་ཆེ་གྲས་ཁག་ནས་ཡོང་བའི་དགེ་འདུན་པའི་འཐུས་མི་དང་ལྷ་སའི་དད་ལྡན་མང་ཚོགས་ཀྱི་འཐུས་མི་ཚོས་དད་སེམས་དང་དགའ་སྤྲོ་ཆེན་པོས་ལག་ཏུ་མཇལ་དར་ཁྱེར་ནས་བྲང་བསྒྲིགས་ཏེ་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་རེད།

     བོད་རིགས་ཀྱི་སྲོལ་རྒྱུན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཕོ་གཞོན་མོ་གཞོན་ཚོས་པཎ་ཆེན་རིན་པོ་ཆེ་ལ་བཀྲ་ཤིས་བདེ་ལེགས་མཚོན་པའི་ཕྱེ་མར་ཕུལ་ནས་ལྷ་སའི་མི་རིགས་ཁག་གི་མི་སྣ་དང་སེར་སྐྱ་མང་ཚོགས་ཚོས་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད། པཎ་ཆེན་རིན་པོ་ཆེས་འཛུམ་དམུལ་དམུལ་ངང་བླ་མ་སྐྱེས་ཆེན་རྣམ་པའི་ཕེབས་རོགས་འོག་གཞོགས་གཡས་གཡོན་གཉིས་སུ་དགའ་བསུ་ཞུ་མཁན་སེར་སྐྱ་མང་ཚོགས་ལ་ཕྱག་དབང་གནང་བ་དང་འབྲེལ་མཇལ་དར་འབུལ་མཁན་སེར་སྐྱ་མང་ཚོགས་ལའང་མཇལ་མདུད་གནང་བ་རེད།

        ཟླ༥ཚེས༡༩ཉིན་གྱི་ཕྱི་དྲོ་ཧྲུའུ་ཅི་ཁྲེན་ཆོན་གོའི་མངགས་བཅོལ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་བཅས་པ་དང་མཇལ་འཛོམས་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཝང་རུའེ་ལན་སོགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་མཇལ་འཛོམས་ལ་ལྷན་དུ་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་ཀྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེ་བོད་དུ་བརྟག་ཞིབ་དང་ཆོས་ཕྱོགས་མཛད་སྒོ་སྤེལ་བར་ཕེབས་པར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུས་ཤིང་། པད་མ་འཕྲིན་ལས་ཀྱིས་ན་ནིང་ང་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་ཁྲིར་གསོལ་ནས་ལོ༢༠འཁོར་བའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོའི་ཁྲོད་དུ་པཎ་ཆེན་རིན་པོ་ཆེའི་མཚན་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མཐོང་བྱུང་། པཎ་ཆེན་མཆོག་ཁྲིར་གསོལ་ནས་ལོ༢༡སོང་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་རང་སྐྱོང་ལྗོངས་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་གཟིགས་སྐྱོང་འོག བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རྣམ་པ་དང་ཡོངས་འཛིན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་རང་ཉིད་ཀྱིས་འབད་བརྩོན་གནང་བ་བརྒྱུད་ནང་རིག་པའི་ཡོན་ཚད་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་དང་། ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་ཐུབ་པ། རིག་གནས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།

        པཎ་ཆེན་རིན་པོ་ཆེས་ང་རང་བོད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་ཡོང་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བྱུང་ལ་ཕྱོགས་གང་ས་ཅི་ཐད་ནས་བཀོད་སྒྲིག་ཞིབ་ཚགས་དང་རྒྱབ་སྐྱོར་ནུས་ལྡན་གནང་བྱུང་། ངས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན། དེ་རྗེས་ཀྱི་སྤྱི་ཚོགས་ཐོག་བརྟག་ཞིབ་དང་། སྐད་ཆ་འདྲི་བ།  ལྟ་སྐོར་དུ་སྐྱོད་པ་བཅས་ཀྱི་བྱེད་སྒོའི་ནང་གཞི་རིམ་གྱི་ཤང་དང་གྲོང་ཚོ་དང་མི་སེར་ཚོའི་ཁྲོད་དུ་མང་ཙམ་བསྐྱོད་ནས་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་རེ་བ་ཆེན་པོ་འཆང་ལུགས་དེ་བས་ལེགས་པའི་ངང་ཤེས་རྟོགས་དང་གསལ་ཤེས་ཐུབ་པ་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་དེ་བཞིན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། ང་ཚོ་ཆོས་ལུགས་ལས་རིགས་མི་སྣས་ངེས་པར་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱིས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་པ་རེད།

         པད་མ་འཕྲིན་ལས་ཀྱིས་བོད་ལྗོངས་འཕེལ་རྒྱས་འགྲོ་བའི་འགག་རྩ་དེ་འཆམ་མཐུན་སྤྱི་ཚོགས་བསྐྲུན་རྒྱུར་ཐུག་ཡོད། བོད་ཀྱི་མི་རིགས་ཁག་དབར་མཐུན་སྒྲིལ་ཡག་པོ་བྱུང་ཚེ་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་པ་དང་། དམངས་འཚོ་ལེགས་སུ་འགྲོ་ཐུབ་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཐུབ་ཅེས་ནན་བཤད་གནང་བ་རེད། ཁོང་གིས་པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ནན་པོ་དང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་ནང་རིག་པའི་ཡོན་ཚད་མཐོ་བ་དང་སེར་སྐྱ་མང་ཚོགས་ཚོའི་དད་བཀུར་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་ཏེ་ཆོས་ལུགས་ཀྱི་ཁྱབ་ཁོངས་ནང་དེ་བས་ལྷག་པའི་མིག་དཔེའི་ནུས་པ་བཏོན་ཐོག་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ཐུགས་རེ་གནང་བ་རེད། མཇུག་ཏུ་ཁོང་གིས་པཎ་ཆེན་རིན་པོ་ཆེའི་སྐུ་འགྲམ་གྱི་དགེ་རྒན་དང་ཞབས་ཞུའི་མི་སྣར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་སྡེ་ཚན་གྱིས་འགན་ལེན་སྣ་ཚོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཚང་མ་སྐུ་གཟུགས་གསལ་ཐང་དང་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ་རེད།

        པཎ་ཆེན་རིན་པོ་ཆེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་ཚོས་རང་ཉིད་ལ་ཐུགས་ཁུར་ཟབ་བཞེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལོ་ཕྱེད་སོང་རྗེས་སླར་ཡང་ཕ་ཡུལ་དུ་ལོག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མང་ཚོགས་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་བཅས་ཀྱི་ཁྲོད་བསྐྱོད་དེ་འབྲེལ་འདྲིས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་མིག་སྔའི་དུས་བབ་དང་ལས་འགན་སྔར་བས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་བོད་ལྗོངས་ནི་རང་རྒྱལ་གྱི་གལ་ཆེ་ཤོས་ཀྱི་གནས་མཆོག་ཅིག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ་ཡིན་པའི་ངོས་ནས་བོད་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་དང་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད་པས་ང་རང་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་། ངས་སྐད་འཕྲིན་དང་། དཔོད་ཆུང་། བརྙན་འཕྲིན། ཚགས་པར་བཅས་དང་དེ་བཞིན་བོད་ཀྱི་བླ་མ་སྐྱེས་ཆེན་ངའི་སྡོད་གནས་སུ་གདན་དྲངས་ཏེ་སྤེལ་རེས་འགྲོ་འོང་བྱས་པ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་བ་དང་། ཆོས་དད་རང་མོས་ཀྱི་དབང་ཆ་གང་ལེགས་སྤྱོད་པ། མི་དམངས་ཀྱི་འཚོ་བ་བདེ་སྡོད་ལས་བརྩོན་ཡིན་པ་བཅས་གསལ་པོ་ཤེས་བྱུང་། གྲུབ་འབྲས་དེ་འདྲ་ལས་སླ་པོར་ཐོབ་པ་ཞིག་མིན། དེ་ནི་གཙོ་བོ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཁག་ཡང་དག་ངང་ལག་བསྟར་བྱས་པ་ལས་བྱུང་བ་ཞིག མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་ཞུགས་པ་བཅས་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད། །

        ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

 


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-24 21:44 , Processed in 0.027111 second(s), 20 queries .

返回顶部