日志

པདྨ་རྫོང་ནས་འཁྲུངས་པའི་ཀརྨ་པ་སྐུ་ཕྲེང་རྣ ...

已有 102 次阅读2020-6-2 10:54 |系统分类:信仰| 班玛, 噶玛巴

པདྨ་རྫོང་ནས་འཁྲུངས་པའི་ཀརྨ་པ་སྐུ་ཕྲེང་རྣམ་གསུམ།

(ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ།)

     ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ནི་རབ་བྱུང་བཅུ་པའི་ཤིང་འབྲུག་ཕྱི་ལོ་༡༦༠༤ལོར་མདོ་ཁམས་མགོ་ལོག་སྨར་སྟོད་ཀི་ཟི་ཐང་དུ་༼དེང་སང་མགོ་ལོག་ཁུལ་པདྨ་རྫོང་ལྕགས་རི་ཐང་ཡུལ་ཚོའི་ཁོངས་གཏོགས་གནས་མཆོག་ལྕགས་རི་འོད་འབར་གྱི་ཡར་ཐང་ཀི་ཟིའི་མདར་༽ཡབ་ཁྱེའུ་ཐར་དང༌།ཡུམ་ཨ་འཚོ་ཞེས་པའི་སྲས་སུ་སྐུ་འཁྲུངས།ཆུང་དུས་ཀྱི་མཚན་ལ་ཨོ་རྒྱན་སྐྱབས་ཞེས་ཞུ།ཀཾ་པོ་གངས་ར་ནས་རྨ་ཆེན་སྦོམ་རའི་བར་དུ་ཞབས་ཀྱིས་བཅགས།ཡུལ་ལྷ་གཞི་བདག་གིས་གསེར་སྐྱེམས་དང་མཆོད་འབུལ་ཞུ་བ་སོགས་བྱུང་།འཇང་བོད་སོགས་མཆོག་དམན་གྱི་སྐྱེ་འགྲོ་རྣམས་དགེ་བའི་ལམ་བཟང་དུ་བཀོད།དབུས་གཙང་སོགས་སུ་ཕེབས་སྐབས་ཕ་ཝང་རོག་གཏམ་ཞེས་པ་ལ་ཞབས་རྗེས་བྱོན།བྱང་ཆུབ་དགོན་དུ་འབྲི་ཆུའི་གནོད་པ་བཟློགས།རྗེ་བཙུན་གཙུག་ལག་རྒྱ་མཚོས་གཙུག་ཕུད་བཞེས།ས་སྐྱོང་ཀརྨ་བསྟན་སྐྱོང་དབང་པོས་རྒྱལ་རྩེར་སྤྱན་དྲངས།འབྱོར་པ་རྒྱ་ཆེན་པོའི་མཆོད།དགེ་འདུན་ཚོགས་པའི་དབུས་སུ་སྨོན་ལམ་གྱི་མཛད་སྒོ་གནང་།དགུང་ལོ་ཞེ་གཅིག་པར་བསྙེན་པར་རྫོགས།སོག་པོ་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་སྟེ། ཡོན་བདག་གཙང་པ་སྡེ་སྲིད་རྩ་གཏོར་བཏང་རྗེས།ཁམས་ཕྱོགས་བརྒྱུད་འཇང་ཡུལ་དུ་བྱོན།འཇང་ཡུལ་དུ་དགོན་ཁག་བཅུ་གསུམ་ཕྱག་བཏབ།ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་རྒྱ་ཆེར་སྤེལ།རྒྱལ་དབང་ལྔ་པ་ཆེན་པོས་བོད་དུ་འབྱོར་དགོས་པའི་བཀའ་ལྟར་ཕེབས།སེམས་ཅན་དབུལ་ཕོངས་རྣམས་ལ་ཟང་ཟིང་གིས་ཚིམས་པར་གནང་།སྣང་སྲིད་བདེན་མེད་དུ་གཟིགས་པས་དགའ་སྡུག་གི་སྣང་བ་བྲལ།གནོད་མཁན་རྣམས་ལ་འཁོན་འཛིན་མེད་ཅིང་ལྷག་པར་བརྩེ།ཐུགས་མཉམ་རྗེས་བྲལ་བའི་ཏིང་ངེ་འཛིན་ལས་མི་གཡོ་བ་སོགས་ངོ་མཚར་བའི་རྣམ་ཐར་མངའ།མཐར་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ཕྱི་ལོ་༡༦༧༤ལོར་སྐུ་གཤེགས།སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཡེ་ཤེས་སྙིང་པོ་དང་།རྒྱལ་ཚབ་ནོར་བུ་བཟང་པོ།དཔའ་བོ་འཕྲིན་ལས་རྒྱ་མཚོ།སི་ཏུ་མི་ཕམ་འཕྲིན་ལས་རབ་བརྟན།གནས་མདོ་ཀརྨ་ཆགས་མེད།ཁྱབ་བདག་གྲུབ་མཆོད་དབང་པོ།ཁ་རེག་ཀརྨ་བསྟན་སྲུང་བཅས་

(ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ།)

  ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་ནི་བོད་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོ་སྟེ་ཕྱི་ལོ་༡༦༧༦ལོར་མདོ་སྨད་མགོ་ལོག་སྨར་ཁམས་སུ་༼དེང་སང་མགོ་ལོག་ཁུལ་པདྨ་རྫོང་ལྕགས་རི་ཐང་ཡུལ་ཚོའི་ཁོངས་གཏོགས་གནས་མཆོག་ལྕགས་རི་འོད་འབར་ཀྱི་ཉེ་འདབས་འགུ་མདར་༽རུ་ཡབ་ཡུམ་རིགས་དང་ལྡན་པའི་སྲས་སུ་སྐུ་འཁྲུངས།རྗེ་ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་དང་རྒྱལ་ཚབ་ནོར་བུ་བཟང་པོ་ཟུང་ནས་རྗེ་ཀརྨ་པའི་ཡང་སྲིད་དུ་ཐུགས་ཐག་བཅད།དབུས་ཕྱོགས་སུ་སྤྱན་དྲངས་ཏེ་སེང་ཁྲིར་མངའ་གསོལ་མཛད།ཞྭ་དམར་ཡེ་ཤེས་སྙིང་པོ་དང་།རྒྱལ་ཚབ་རིན་པོ་ཆེ།ཀརྨ་ཕྲིན་ལས་བཟང་པོ་སོགས་བཤེས་གཉེན་དམ་པ་རྣམས་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་དང་།ཁྱད་པར་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་དང་།སྟག་ཤམ་རྡོ་རྗེའི་ཟབ་གཏེར་ཐམས་ཅད་ཀྱི་ཆོས་བདག་ཏུ་མངའ་གསོལ་ཞིང་།གསང་སྔགས་རྙིང་མའི་ལུགས་ཀྱི་དབང་ལུང་མན་ངག་ཡོངས་སུ་རྫོགས་པར་གསན།རྗེ་ཞྭ་དམར་བ་དང་སི་ཏུ་དཔའ་བོའི་ཡང་སྲིད་བཅས་ངོས་འཛིན་མཛད།གདན་ས་གོང་འོག་རྣམས་ཀྱི་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་སྤེལ་བ་དང་སྨིན་གྲོལ་གདམ་པའི་ཆོས་ཆར་འབེབས་པར་མཛད་དེ།མཆོག་དམན་བར་མའི་སྐྱེ་བོ་མཐའ་དག་ཐེག་པ་གསུམ་གྱི་བྱང་ཆུབ་ལ་བཀོད།དག་པའི་གཟིགས་པ་འབྱམས་ཀླས་ཤིང་ཆོས་ཐམས་ཅད་ཐུགས་ལ་རང་ཤར་དུ་འཁྲུངས་པ་སོགས་སྐུ་ཡོན་བསམ་གྱིས་མི་ཁྱབ།མཐར་ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་རྒྱལ་ཚབ་དུ་མངའ་གསོལ་ཞིང་།རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལོ་སྟེ་ཕྱི་ལོ་༡༧༠༢ལོར་གཟུགས་སྐུ་གདོད་མའི་གཞི་དབྱིངས་སུ་བསྡུ་བར་མཛད་དོ། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང་།གྲུབ་དབང་ཏྲེ་ཧོར་ཀརྨ་བསྟན་པ་དར་རྒྱས།མཁན་ཆེན་ཀརྨ་དོན་ཡོད་སྙིང་པོ་བཅས་ཡིན། །

    ཀརྨ་ཞྭ་དམར་པ་སྐུ་ཕྲེང་བདུན་པ་ཡེ་ཤེས་སྙིང་པོ་ནི་རྗེ་ཆོས་དབྱིངས་རྡོ་རྗེ་ལ་གར་དབང་དྲུག་པས་ཞལ་གྱིས་བཞེས་པ་བཞིན།སྨར་རོལ་ཨ་ཝི་གྲོང་ཚོར་༼དེང་སང་མགོ་ལོག་ཁུལ་པདྨ་རྫོང་དྷི་མདའ་ཡུལ་ཚོ་པཎ་ཆེན་སྡེ་བའི་༽ཡབ་མགོ་ལོག་དཔོན་ཚེ་རྒྱལ་འབུམ་དང་།ཡུམ་དོམ་ཟ་ཕྱི་མ་ལུག་གུ་སྒྲོན་གྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་ལོ་སྟེ་ཕྱི་ལོ་༡༦༣༡ལོར་སྐུ་འཁྲུངས།ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་ངོས་འཛིན་མཛད།རབ་བྱུང་བསྙེན་རྫོགས་ནས་རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་རྫོགས་ལུང་སོགས་གསན་པ་རྒྱ་ཆེ།འཇང་ཡུལ་སོགས་སུ་ཕེབས་ནས་འགྲོ་དོན་རྒྱ་ཆེན་མཛད།ཀརྨ་པ་ཡེ་ཤེས་རྡོ་རྗེ་ངོས་འཛིན་དང་བླ་མ་མཛད།དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ལོ་སྟེ་༡༦༩༤ལོར་དབོ་ཟླའི་ཚེས་ཉེར་བདུན་ལ་སྐུ་གཤེགས་སོ། །

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ནི་མགོ་ལོག་ཁག་གསུམ་གྱི་འབྱུང་ཁུངས་ཡིན་ལ།མགོ་ལོག་གི་ས་ཁུལ་གཞན་ལས་མཁའ་དབུགས་དྲོད་གྲང་སྙོམས་པ་བཅས་ཁྱད་ཆོས་ལྡན་པས་མགོ་ལོག་གི་འབྲི་ཆུ་ལྷོ་རྒྱུད་ཆུང་ཆུང་ཞེས་འབོད་བཞིན་ཡོད།ཡང་གཅིག་བཤད་ན་མདོག་གསུམ་པདྨ་ཞེས་རི་ཆུ་ནགས་གསུམ་གྱི་ཕྱིའི་བཀོད་པ་རྒྱ་ཆེ་ལ།ནང་བཅུད་ཀྱི་སེམས་ཅན་རི་སྐྱེས་སྲོག་ཆགས་སྣ་མང་བ་མ་ཟད།གདོད་མའི་ནགས་ཚལ་གྱི་གཞི་རྒྱ་ཆེ་ཞིང་།ལྷག་པར་དུ་རྒྱལ་ཁབ་རིམ་པའི་སྨར་ཁོག་བརླན་ས་སྤྱི་གླིང་སོགས་ནི་ཞིང་ཆེན་ནང་ཁུལ་ནས་ཀྱང་གཞི་རྒྱ་ཆེ་ཤོས་ཡིན་ལ།པདྨའི་གངས་ལྗོངས་བོད་ཇ་སོགས་ཞིང་ཆེན་ཕྱི་ནང་ལ་མངོན་ཆོག་ཆོག་གི་རང་བྱུང་ཁམས་ཆེན་མོས་གནང་བའི་ལེགས་སྐྱེས་རྩ་ཆེན་གང་མང་ཡོད་པས་ལྗང་མདོག་གི་པདྨ་ཞེས་དང་།སྔོན་བྱོན་དཔའ་བོའི་ཞབས་རྗེས་ཕབ་མྱོང་ལ།རླབས་ཆེན་གྱི་ཀྲུང་གོ་གསར་བའི་དོན་དུ་རང་སྲོག་བློས་བཏང་མྱོང་བའི་དམར་དམག་དཔའ་བོ་གང་མང་ཞིག་རྒྱང་བསྐྱོད་ལ་བརྒྱུད། གསར་བརྗེའི་མེ་སོན་བཏབ་ཅིང་རིན་ཐང་བྲལ་བའི་དམར་མདོག་གི་ཞབས་རྗེས་བཞག་མྱོང་བ་ནི་མཚོ་སྔོན་ནས་རང་རེའི་པདྨ་ཡིན་པས་དམར་མདོག་གི་པདྨ་དང་།ང་ཚོར་ཆ་རྒྱུས་གསལ་བོ་ཡོད་པ་ཞིག་སྟེ།ནང་བའི་གྲུབ་མཐའ་གཙོ་བྱས་པའི་དགོན་སྡེ་ཉི་ཤུ་ལྷག་དང་།ནང་བ་སངས་རྒྱས་པའི་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་མ་ལག་གི་རྫོངས་མཐུག་ལ།གཏིང་ཟབ་པས་གསེར་མདོག་གི་པདྨ་ཞེས་མདོག་གསུམ་པདྨའི་མིང་དོན་གཉིས་ལྡན་གྱི་ཁྱད་ཆོས་ཕྱུགས་ཡོད།གཞན་པདྨ་རྫོང་ལ་མཚོན་ན་ནང་བའི་གྲུབ་མཐའ་གཙོ་བྱས་པའི་དགོན་སྡེ་ཉི་ཤུ་ལྷག་དང་ནང་བ་སངས་རྒྱས་པའི་ཆོས་ལུགས་ཧ་ཅང་དར་ཁྱབ་ཆེ་བ་ཞིག་ཡིན་པས།གནས་འདི་ནས་མཚན་སྙན་གྱི་གྲགས་པ་འཛམ་གླིང་ཡོངས་ཁྱབ་ཀྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་འཁྲུངས་ཡོད་ལ།ལྷག་པར་དུ་ཆོས་རྗེ་ཀརྨ་པ་དགེ་སློབ་རྣམ་གསུམ་ལ་མཚོན་ན་གནས་མཆོག་ཡུལ་གྲུ་འདིར་པདྨ་ནས་འཁྲུངས་ལ།ཆོས་རྗེ་ཀརྨ་ཞྭ་ནག་པ་སྐུ་ཕྲེང་རིམ་བྱོན་གཉིས་དང་ཀརྨ་ཞྭ་དམར་པ་སྐུ་ཕྲེང་གཅིག་བཅས་ཡིན།དམ་པ་ཁོང་གསུམ་རེ་རེ་བཞིན་གོང་ནས་ཞིབ་ཏུ་བརྗོད་ཡོད། །

༼ཡོང་ཁུངས་གངས་རླུང་ལས་སྒྲུབ་ཁང༽

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-12 17:53 , Processed in 0.058598 second(s), 20 queries .

返回顶部