日志

ཕ་ཝང་སྐྱི་ལྷེབ་དང་འབྲེལ་བའི་སྐད་ཆ་དམ་དུམ ...

已有 267 次阅读2020-2-19 10:36 |系统分类:文化| 话说, 蝙蝠

   ཕ་ཝང་སྐྱི་ལྷེབ་དང་འབྲེལ་བའི་སྐད་ཆ་དམ་དུམ། 


  ཉང་བློ་གྲོས་རབ་གསལ། 


གཅིག    ཕ་ཝང་གི་མིང་གི་སྐོར།


ཕ་ཝང་གི་མིང་ལ་པགས་བྱི་དང་པགས་བྱེའུ། བྱ་མ་བྱེའུ། བྱ་ཝང་། ཕ་ཝང་།  ལྤགས་འདབ་ཅན། བྱིའུ་སོ་ཅན།  ཕ་ཝང་སྒམ་པོ།  ཕ་ཝང་སྐྱི་མོ། བྱ་ཕ་ཝང་། ཙི་གུ་སངས་རྒྱས། བྱིའུ་གོ་མ་ལེབ། ཙི་ཙི་སྒམ་པོ། ཕ་ཝང་སྐྱི་ལྷེབ། ཕ་ཝང་གོང་ཙོས། པགས་བྱེའུ་སྐྱི་མོ་སོགས་མིང་མང་པོ་ཡོད་ལ་༼མངོན་བརྗོད་བསྟན་བཅོས་རྒྱ་མཚོའི་ཆུ་ཐིག༽་ལས།“པགས་བྱེའུ་མཚན་རྒྱུ་ཕ་ཝང་སྟེ།། ”ཞེས་པགས་བྱེའུ་དང་མཚན་རྒྱུ་བཅས་ཕ་ཝང་གི་མིང་ཡིན་པར་བཤད་པ་དང་༼མདོ་རྩ༽ལས་“བྱ་གར་དང་ཕ་ཝང་སྐྱིན་ཀོར”ཞེས་ཕ་ཝང་སྐྱི་ཀོར་ཡང་ཕ་ཝང་གི་མིང་ལ་ཟེར་བ་དང་།  བོན་གྱི་ཡིག་ཚང་༼ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ༽ལས།  “ཡབ་ལྷ་ཡ་བོ་གང་རྒྱལ་དང་།  ཡུམ་སྨན་བཙུན་ཐང་མོར་བཤོས་པ་ལས།  ། སྒམ་ཕ་ཝང་མང་ཀེ་རུ”ཞེས་པས་སྒམ་ཕ་ཝང་མང་ཀེ་རུ་ཡང་ཕ་ཝང་གི་མིང་ཡིན་པ་དང་། ཡང་དེ་ཉིད་ལས“སྒམ་ཕ་ཝང་སྤྱན་དྲངས་ནས”ཞེས་པས་སྒམ་ཕ་ཝང་དང་།  ཡང་དེ་ཉིད་ལས་“ཕ་ཝང་མང་ཀེ་ཁྱོད”ཅེས་པས་ཕ་ཝང་མང་ཀེ་དང་།  ཡང་༼ཕ་ཝང་གི་མདོ༽ཞེས་པའི་བོན་གྱི་ཡིག་ཚང་ཀོང་ཙེ་འཕྲུལ་རྒྱལ་དང་ཕ་ཝང་གི་ཁ་བརྡ་ལས་“ཕ་ཝང་རྒོས་པོ་ཡོད་པ་ཟེར་། ཕ་ཝང་རྒོས་པོ་རྩགས་གིས་གཟུང་། ཀོང་ཙེ་འཕྲུལ་རྒྱལ་ཕྱག་ཏུ་ཕུལ”  ཞེས་པས་ཕ་ཝང་རྒོས་པོ་ཡང་ཕ་ཝང་མིང་དུ་བཤད་པ་དང་།  ༼མདོ་དྲི་མེད་གཟི་བརྗིད༽ ལས“སྒམ་ཁྱེར་ཕ་ཝང་ཡིན་ན།  སྔོན་སྲིད་པའི་དཔེ་སྲོལ་ལ།  བྱ་བོན་འཕྲིན་པ་བཅུ་གསུམ་གྱི་ནང་ནས་ཀྱང་། འཕྲིན་པ་རྣོ་ལ་གྲགས་པ་ཐིང་སྔ་བ་དེ་ཁོ་ཡིན་པས།ཤེས་ཀྱང་ཤེས་ལ་བརྡ་ཡང་འབྱོར་ཏེ། གཟུགས་ངན་པས་ཁྲོམ་དུ་སྟོན་ཕེར་ཙམ་མེད་དེ། ཁོ་རང་ལ་དྲིས་དང་ཟེར་རོ། །དེར་ཕ་ཝང་ལ་དྲིས་པ། ཁྱེད་ནེ་ཙོའི་བྱ་བ་ཆེན་པོ་འདི་ལ། གམ་ཚིག་མཆིད་གསུམ་གྱི་བརྡ་འཕྲོད་དམ་བྱས་པས། ཕ་ཝང་གིས་ང་གཟུགས་ཡང་ངན་པས་ག་ན་འཕྲོད།  ཁྱེད་རྣམས་གཙུག་ཏོར་གྱི་ལྡེམ་དང་། གཞའ་ཚོན་གྱི་མདོག་དང་།  ཟ་འོག་གི་འཇོལ་དང་། ཟེར་ལྗང་གི་སྤུ་རུ་ཡོད་པ་རྣམས་ཀྱིས་ཤེས་ལས་ཆེ།  ང་ཕ་ཝང་ཉམ་ཡང་ཆུང་།  གཟུགས་ཀྱང་ངན།སྨྲས་ཀྱང་སྟོན་མོའི་བལྟ་འདྲེ་ཞིག་ལས་མི་ཡོང་ཟེར་བ་ལ།  ད་ལ་རྒྱ་བྱས་འབྲས་ཆང་ཤང་འབྲས་ཀྱ་སྒང་བུ་གང་བཏག་ནས།   སྒམ་ཁྱེར་དེ་འདྲ་བ་མ་གསུངས།སྐྱེམས་འདི་མཆོད་ལ་གསུངས་པར་ཞུ།  ཞེས་ཟེར་བ་ལ།”ཞེས་པ་ལས་གསལ་བ་ལྟར་སྒམ་ཁྱེར་ཕ་ཝང་ཞེས་པའི་མིང་ཡང་བྱུང་འདུག་པ་དང་གཏམ་དཔེ་རུ།  “ཐང་དཀར་རྒོད་པོའི་གཤོག་ལྟེབ་ལ།  ཕ་ཝང་མོག་ཀེའི་ཉི་མ་ལྡེ”ཞེས་ཕ་ཝང་མོག་ཀེ་ཞེས་པའི་མིང་ཡང་འབོད་པར་འདུག དེ་བཞིན་གླིང་གེ་སར་རྒྱལ་པོའི་སྒྲུང་༼གྲུ་གུ་གོ་རྫོང༽ལས་“སེར་པོ་གསེར་གྱི་བདག་པོ་ལ། །བྱ་བརྒྱའི་ཕ་ཝང་སྒོམ་ཆེན་ཡོད།  །ཅེས་ཕ་ཝང་སྒོམ་ཆེན་གྱི་མིང་མིང་ཡང་འབོད་པ་དང་།  ཡང་དེ་ལས་“ཡ་ཉོན་དང་བྱེའུ་འདྲེ་ཙིག་སྡུག་ཁྱོད།”ཅེས་དང་། ཡང་དེ་ལས་གོ་ཨེ་ཐལ་ཁོ་རེ་སྐྱི་མོ་མཆུ།སོགས་ཀྱིས་བྱེའུ་འདྲེ་ཙིག་སྡུག་དང་སྐྱི་མོ་མཆུ་༽ཞེས་སོ་ཕ་ཝང་ལ་ངན་མིང་གིས་བོས་པ་སོགས་ཕ་ཝང་མིང་ཧ་ཅང་མང་ངོ་།   །གཞན་ཡང་ཡུལ་སྐད་དུ་གཞིས་རྩེ་ས་སྐྱའི་ཁུལ་ནས་ནས་“བ་ལང་གྲོད་ཁོག”དང་ཀོང་པོའི་ཁུལ་ནས“སྒམ་འཕེན”དང་། ལྷོ་ཁ་སྣ་དཀར་རྩེ་ནས“བྱིའུ་སྒ་མོ”དང་།ལྷ་སའི་ཁུལ་ནས“ཙི་ཙི་སྣམ་པོ”དང་།ཁམས་ཁུལ་ལ་ལ་ནས“ཕ་ཝང་སྐྱ་ལེབ”དང་ཆབ་མདོ་སྟེང་ཆེན་ནས“ཕང་མི་སྐེ”དང་།འདམ་གཞུང་ས་ཁུལ་ནས་“སྒ་ཕོ་རོང་”དང་།ཨམ་སྐད་དུ་“བྱིའུ་ཕ་ཝང་”དང་།ནག་ཆུ་སོག་རྫོང་ནས་“ཕ་ཝང་སྨུག་སྐེ”དང་“ཕོང་ཨ་སྐེ”དང་ནག་ཆུ་སྟག་གསར་ནས“ཕ་ཝང་སྐོགས་ལེབ”དང་། འབྲི་རུ་ནས་“སྒ་ཕོང་སྐྱི་ལུའི་གཤོག་པ་ཅན་”དང་།ལྷོ་ཁ་གྲ་ནང་ནས་“བྱ་རལ་བྱི་གཤོག”སོགས་འབོད་སྲོལ་ཡོད་པའོ།།



 

གཉིས།  ཕ་ཝང་གི་སྐྱེ་གཟུགས་དབྱིབས་ཀྱི་སྐོར།


ཕ་ཝང་ལུས་དང་མགོ་བོ་ནི་བྱི་བ་དང་འདྲ་ཞིང་། ཡན་ལག་དང་མཇུག་མའི་བར་སྐྱི་པགས་ཀྱིས་སྦྲེལ་བ། མཚན་མོ་འཕུར་ནས་འགྲོ་ཞིང་འབུ་སྲིན་སོགས་ཟས་སུ་བྱེད། ལུས་ཀྱི་རིང་ཚད་ལ་ལིའི་རྨིས་ལྔ་བཅུ་ཡན་ཙམ་ཡོད་པ་དང་། རྩིབ་ལོག་ནས་རྐང་ལག་གི་བར་དུ་གཤོག་པ་ལྟ་བུའི་སྐྱི་མོ་ཡོད། རྣ་བའི་སྔུན་ཕྱོགས་སུ་ཐིག་ལེ་དམར་སེར་ཡོད། རྒྱབ་ཀྱི་སྤུ་རྩ་ནག་སྐྱ་དང་སྤུ་རྐེད་སེར་ལ་སྤུ་རྩེ་ནག་པོ་ཡིན་པ་དང་། རྒྱབ་གཞུང་གི་སྤུ་ཁམ་ནག་དང་སྐེའི་སྤུ་མདོག་སེར་བ་དང་། གསུས་པའི་ལོགས་ཀྱི་སྤུ་སྐྱ་བོ་ཡིན་གཤོག་པ་ལྟ་བུའི་སྐྱི་མོ་ནི་གསུས་པའི་མདོག་དང་མཚུངས། མཇུག་མའི་སྤུ་ཡང་ཁམ་ནག་གི་རྩེ་ནག་པོ་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་རྫ་རིའི་ལོགས་དང་། ནགས་གསེབ། ཤུག་པ་སྐྱེས་སའི་བྲག་རི་གཟར་པོའི་ཐོག་གི་ཁུང་བུ་བྲག་སྲུབས་སུ་ཡིན་ཞིང་ཉི་མོ་ཚང་གི་ནང་དང་ཡང་ན་ཤུག་སྡོང་སོགས་ཀྱི་སྟེང་དུ་སྡོད་ཀྱི་ཡོད།ཞོགས་པ་དང་དགོང་མོ་རྒྱུ་ཞིང་ཟས་སུ་གསོམ་ཤིང་དང་ཤུགས་འབྲུའི་ལོ་མ་སོགས་ཟ་བ་ཡིན། བོན་གྱི་ཡིག་ཚང་༼ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ༽ལས།  “སྒོམ་ཕ་ཝང་ཁྱོད།  །མགོ་ལུས་བྱ་དང་བྱི་བ་ལ།  །སྡེར་མོ་ལྕགས་སུ་འདུག་པ།  །རྣ་བ་ཧེལ་གེར་འདུག་པ། །ཡ་ཁ་ཤོ་རེར་འདུག་པ།  །འདབ་ཆགས་གཤོག་པ་ཐོགས་པ”ཞེས་པས་ཕ་ཝང་གི་ལུས་ཀྱི་གྲུབ་ཚུལ་བཤད་ཡོད་དེ་མགོ་ལུས་བྱ་དང་བྱི་བའི་ཚུགས་ཀ་ཡོད་པ་དང་སྡེར་མོ་ཡོད་པ།  ཡ་ཁ་ཤོ་རེར་འདུག་པ་དང་འདབ་ཆགས་གཤོག་པ་ཐོགས་པ་སོགས་བཤད་པ་དང་དེ་བཞིན ༼ཕ་ཝང་གི་མདོ༽ཞེས་པའི་བོན་གྱི་ཡིག་ཚང་དུ་ཀོང་ཙེ་འཕྲུལ་རྒྱལ་དང་ཕ་ཝང་གི་ཁ་བརྡ་ལས་“གོང་ཙེ་རྒྱལ་བོ་འདི་སྐད་གསུང་། སེམས་ཅན་ཁྱོད་ཀྱི་ལུས་སྟེང་ལ། ལྟས་ངན་སྣ་ལྔ་སྣང་བ་ཟེར། མི་ལུས་བྱ་ཡི་མགོ་བོ་ཅན། མི་སྐྱེས་པའི་ལྟས་ངན་གཅིག་། བྱ་ཤོག་གཤོག་བྱི་བའི་སྡེར་མོ་ཅན་། མི་སྐྱེས་པའི་ལྟས་ངན་གཉིས། འདབ་ཆགས་ལུས་ལ་འཆི་བར་ན། མི་སྐྱེས་པའི་ལྟས་ངན་གསུམ།  བརྡོས་ཕྲ་བོ་གཤོག་པའི་སྡེར་མ་ཅན།  མི་སྐྱེས་པའི་ལྟས་ངན་བཞི།  ཡར་མཆུ་ཤོག་རེ་འདུག་པ་དེ། མི་སྐྱེས་པའི་ལྟས་ངན་ལྔ། རྣ་བ་ཧེད་གིས་འདུག་པ་དེ། མི་སྐྱེས་པའི་ལྟས་ངན་དྲུག །ལུས་ཆུང་ལ་ཁ་བཙན་ཆེ། མི་སྐྱེས་པའི་ལྟས་ངན་བདུན།  ཤེས་པ་ཆེ་ལ་རྣ་བ་རིང་། མི་སྐྱེས་པའི་ལྟས་ངན་བརྒྱད། བྱོལ་སོང་ལུས་ལ་མི་སྐད་སྨྲས།  མི་སྐྱེས་པའི་ལྟས་ངན་དགུ།ལུས་པོ་ཆུང་ལ་གཉེར་མ་མང་། ལྟས་ངན་རྣམ་པར་སྣ་ཚོགས་དེ།  སེམས་ཅན་ཁྱོད་ལས་ཚང་ནས་འདུག ། ” ཅེས་གསུང་པ་ལས་ཀྱང་ཕ་ཝང་ལུས་ཀྱི་གྲུབ་ཚུལ་གསལ་བོར་བཤད་ཡོད་དོ།   །དེ་ལྟར་ཁོ་ནི་གཟུགས་བྱད་ཧ་ཅང་བཙོག་པ་ཞིག་ཡིན་ཏེ་༼མདོ་དྲི་མེད་གཟི་བརྗིད༽ ལས“སྒམ་ཁྱེར་ཕ་ཝང་ཡིན་ན།  སྔོན་སྲིད་པའི་དཔེ་སྲོལ་ལ།  བྱ་བོན་འཕྲིན་པ་བཅུ་གསུམ་གྱི་ནང་ནས་ཀྱང་། འཕྲིན་པ་རྣོ་ལ་གྲགས་པ་ཐིང་སྔ་བ་དེ་ཁོ་ཡིན་པས།ཤེས་ཀྱང་ཤེས་ལ་བརྡ་ཡང་འབྱོར་ཏེ། གཟུགས་ངན་པས་ཁྲོམ་དུ་སྟོན་ཕེར་ཙམ་མེད་དེ། ཁོ་རང་ལ་དྲིས་དང་ཟེར་རོ། །དེར་ཕ་ཝང་ལ་དྲིས་པ། ཁྱེད་ནེ་ཙོའི་བྱ་བ་ཆེན་པོ་འདི་ལ། གམ་ཚིག་མཆིད་གསུམ་གྱི་བརྡ་འཕྲོད་དམ་བྱས་པས། ཕ་ཝང་གིས་ང་གཟུགས་ཡང་ངན་པས་ག་ན་འཕྲོད།  ཁྱེད་རྣམས་གཙུག་ཏོར་གྱི་ལྡེམ་དང་། གཞའ་ཚོན་གྱི་མདོག་དང་།  ཟ་འོག་གི་འཇོལ་དང་། ཟེར་ལྗང་གི་སྤུ་རུ་ཡོད་པ་རྣམས་ཀྱིས་ཤེས་ལས་ཆེ།  ང་ཕ་ཝང་ཉམ་ཡང་ཆུང་།  གཟུགས་ཀྱང་ངན།སྨྲས་ཀྱང་སྟོན་མོའི་བལྟ་འདྲེ་ཞིག་ལས་མི་ཡོང་”ཞེས་དང་ཡང་དེ་ཉིད་ལས་ཕ་ཝང་སྒམ་ཏེ་ཁྲོ་ལ་སྐྱེ་གཟུགས་ངན”ཞེས་སོགས་གསུངས་པ་ལྟར་ཕ་ཝང་གི་གཟུགས་ཀྱི་གྲུབ་ཚུལ་དང་སྐྱེ་གཟུགས་སོགས་གསལ་པོ་བཤད་ཡོད་དོ།།


གསུམ།  ཕ་ཝང་གི་ཕ་མའི་བཤད་ཚུལ་སྐོར།


ཕ་ཝང་གི་སྐྱེ་རྒྱུད་དམ་ཕ་མའི་སྐོར་ལ་བཤད་པ་འདྲ་མིན་མང་དུ་འདུག་ལ་༼སྲིད་པའི་གནའ་སྒྲུང་རིང་མོ༽ལས་“སྤགས་བྱེའུ་ཕ་ཝང་སྐྱེ་རྒྱུད་བཤད། །ངའི་ཕ་རྩ་ཨ་སྔོན་གནམ་ལ་ཐུག །གནམ་བྱ་དཀར་མཆེ་ཅན་བུ་ཡིན་པས།། ཕ་དེ་དང་འདྲ་བའི་ཡ་སོ་ཡོད།  ངའི་མ་རྩ་དོག་མོ་ས་ལ་ཐུག །ས་བྱི་བ་སྨུག་ཆུང་ཨ་མ་ཡིན། །མ་དེ་ལ་རིག་པས་རྔ་མ་ཡོད། །བུ་ང་འཇམ་དཔལ་ཐུགས་སྤྲུལ་ཡིན།  །མ་ཧཱ་གསེར་གྱི་རུས་སྦལ་མཚུངས། །སྤར་ཁ་སྨེ་བ་ལོ་སྐོར་གྱི། །གབ་རྩེའི་རི་མོ་ཡོངས་སུ་བཀྲ།  །གཅན་གཟན་ལྟ་བུའི་སྡེར་མོ་དང་། །འདབ་ཆགསའདྲ་བའི་གཤོག་པ་ཡོད།  །དེ་དག་ཕ་ཝང་བྱུང་བ་ཡིན།  ། “ཞེས་པས་ཕ་ཝང་གི་ཕ་ནི་“གནམ་བྱ་དཀར་མཆེ་ཅན”དང་།ཕ་ཝང་གི་མ་ནི་“ས་བྱི་བ་སྨུག་ཆུང”ཡིན་པར་བཤད་ཡོད་པ་དང་།   བོན་གྱི་ཡིག་ཚང་༼ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ༽ལས།  “ཡབ་ལྷ་ཡ་བོ་གང་རྒྱལ་དང་།  །ཡུམ་སྨན་བཙུན་ཐང་མོར་བཤོས་པ་ལས།  ། སྒམ་ཕ་ཝང་མང་ཀེ་རུ་སྲིད།”ཞེས་པས་ཕ་ཝང་གི་ཕ་ཡབ་ཀྱི་མིང་ལ་“ལྷ་ཡ་བོ་གང་རྒྱལ་”དང་མ་ཡུམ་གྱི་མིང་ལ“སྨན་བཙུན་ཐང་མོ”ཞེས་བཤད་པ་དང་། ༼ཕ་ཝང་གི་མདོ༽ཞེས་པའི་བོན་གྱི་ཡིག་ཚང་དུ་ཀོང་ཙེ་འཕྲུལ་རྒྱལ་དང་ཕ་ཝང་གི་ཁ་བརྡ་ལས་“ ཀྱཻ་དང་པོ་རྫིའི་རྒྱལ་པོ་དང་། ངད་ཀྱི་རྒྱལ་མོ་གཉིས་འཚོས་པ་ལ།བུ་ནི་རྒོས་པོ་ཕ་ཝང་སྲིད།” ཅེས་པ་ལས་ཕ་ཝང་གི་ཕ་ནི་“རྫིའི་རྒྱལ་པོ་”དང་མ་ནི་“ངད་ཀྱི་རྒྱལ་མོ”ཡིན་པར་བཤད་ཡོད་པ་དང་དང་ཡང་དེ་ལས། “ཕ་ཐང་དཀར་རྒོད་པོའི་བུ་ཡིན་པ་།བྱའི་ལུས་པོར་འདུག་པ་དེ་། མ་བྱི་ལོང་སྔོན་པོ་བུ་ཡིན་པ་། དེའི་ཡོད་ཏན་དེའི་ཟེར”ཞེས་པས་ཕ་ནི་ཐང་དཀར་རྒོད་དང་།  མ་བྱི་ལོང་”ཡིན་པར་བཤད་དོ།  །ལར་ཕ་ཝང་ཕ་མ་ནི་ཕ་ཝང་ལས་གཞན་ཞིག་གོ་ཞེས་འདི་ཙམ་གྱིས་བཤད་མི་ཐུབ་ནའང་འདི་ཡང་བོད་རང་གི་ཡིང་ཚང་རྙིང་པ་དང་མེས་པོའི་ཞལ་ནས་བྱུང་བ་བཤད་ཚུལ་ཞིག་ཀྱང་ཡིན་ནོ།  །



 

བཞི།  ཕ་ཝང་གི་བྱ་བའི་སྐོར།


ཕ་ཝང་ནི་ཉིན་དཀར་བསྡོད་ཅིང་་མཚན་ལ་རྒྱུ་བ་ཡིན་ཏེ།   ༼མངོན་བརྗོད་བསྟན་བཅོས་རྒྱ་མཚོའི་ཆུ་ཐིག༽་ལས།“པགས་བྱེའུ་མཚན་རྒྱུ་ཕ་ཝང་སྟེ།། ”ཞེས་པགས་བྱེའུ་དང་མཚན་རྒྱུ་བཅས་ཕ་ཝང་གི་མིང་ཡིན་པར་བཤད་པ་ལས་མཚན་རྒྱུ་ཞེས་པས་མཚན་མོར་རྒྱུ་བ་ཡིན་པ་བཤད་ལ་དོན་ལའང་དེ་ལྟར་གནས་པའོ།། 

 

ལྔ།  ཕ་ཝང་གི་གཤིས་ཀ་དང་ཁྱད་ཆོས་སྐོར།


ཕ་ཝང་གི་གཤིས་ཀ་དང་ཁྱད་ཆོས་སྐོར་ལ་སྐོར་ལ་ཤོད་སྲོལ་མང་ལ།   སྤྱང་གྲུང་ཆེ་བ། གཡོ་སྒྱུ་རྒོད་པ།  ཤེས་རྒྱ་ཆེ་བ་བཅས་ཡིན།དེ་ཡང་ ༼སྲིད་པའི་གནའ་སྒྲུང་རིང་མོ༽ལས་“འདབ་ཆགས་ཀུན་གྲོས་བྱས་མཐར་རྩལ་འགྲན་བྱེད་རྒྱུ་ཐག་བཅད་དོ།  །ཕྱི་ཉིན་དང་པོ་ནམ་འཕངས་སུས་ཆོད།  དེ་ནས་འགྱུར་རྩལ་སུ་ཆེ།   ཐ་མ་ས་འབབ་སུ་མྱུར་བྱེད། འདབ་ཆགས་ཀྱི་ཡོན་ཏན་དེ་དག་ཡིན་པས་བཟང་ངན་གྱི་དབྱེ་བ་འབྱེད་ཡོང་ཟེར།   དེར་ལྤགས་བྱེའུ་ཕ་ཝང་གིས་སྣེ་མེའི་སྐྱི་ཁུག་གཅིག་གི་ནང་།    ཐལ་བ་རུས་དུམ།  ཇ་སྙིགས།   ཚྭ་དུམ་བཅས་བཅུག་ནས་སྐེ་ལ་བཏགས།  རྒོད་ཀྱི་འགྲམ་དུ་ཕྱིན་ཏེ།    ཆེ་ཆེའི་རྩ་ལ་ཆུང་ཆུང་འཁོར་ང་རང་ཨ་ཕོ་རྒོད་ཀྱི་འགྲམ་དུ་འདུག་དགོས་སྨྲས་ནས་བསྡད་པས། རྒོད་ཀྱིས་རྟེན་འབྲེལ་ཤིན་ཏུ་ལེགས་སྙམས།   དེའི་སྐབས་སུ་འདབ་ཆགས་འདུས་པའི་དཀྱིལ་ནས་སྐྱ་ཁྲས་ཀི་ཟེར་བ་དང་འདབ་ཆགས་ཀུན་འུར་ཆིལ་ལེར་འཕུར།  རྒོད་ཀྱང་ནམ་འཕངས་བཅད་དེ་འཕུར།   སྐབས་དེར་ཕ་ཝང་རྒོད་ཀྱི་ཐུ་ལུའི་གསེབ་ཏུ་འཛུལ།   གཏམ་དཔེ་རུ།  ཐང་དཀར་རྒོད་པོའི་གཤོག་ལྟེབ་ལ།  ཕ་ཝང་མོག་ཀེའི་ཉི་མ་ལྡེ་ཟེར་བ་དེ་ནས་བྱུང་།   རྒོད་ནམ་མཁའི་བྱ་ལམ་གོང་མར་སྐེབས་སྐབས་ངའི་ཡན་ལ་སུ་ཡོད་སྨྲས་པས། ཕ་ཝང་གིས་ང་ཡོད་ཟེར།  དེ་མར་འབབ་མྱུར་སུ་ཆེ་བྱས་པས།  ཕ་ཝང་གིས་གཤོག་པ་བཅུམ་པས་སྣེ་མེའི་སྐྱི་ཁུག་གིས་དྲུད་ནས་དེ་མ་ཐག་སར་ལྷུང་།  རེ་ཞིག་ལ་བརྡབ་གཟེར་གྱིས་དྲན་མེད་བརྒྱལ།   བརྒྱལ་སངས་པ་ན་ཡར་ལངས་ཏེ་རྡོ་གསུམ་སུམ་ཐབ་ཀྱི་ཚུལ་དུ་བྱས།   བར་དུ་ཐལ་བ་སྤུངས།   ཉེ་འགྲམ་དུ་ཚྭ་དང་རུས་པ་ཇ་རོ་སོགས་བཞག་ནས་བསྡད་པས།   དང་པོ་སྐྱ་ཁྲ།  གཉིས་པ་གླག་སོགས་རིམ་བཞིན་འབྱོར་བས་ཕ་ཝང་གིས་ཁྱེད་རྣམས་ད་བར་གང་དུ་བསྡད།   བདག་འདིར་སླེབས་ནས་ཇ་བསྐོལ་བཟའ་བཏུང་བྱས། ཇ་བསྐོལ་བའི་ཇ་རོ་དང་ཤ་ཟོས་པའི་རུས་པ། མེ་བུས་པའི་ཐལ་བ། རྩམ་པ་ཟོས་པའི་ཁུག་མ་བཅས་འདི་དག་ཡིན་ཞེས་སྨྲས།  དེ་རིང་བྱ་ཡི་རྩལ་འགྲན་ལ། ནམ་འཕངས་ཐང་དཀར་རྒོད་པོས་ཁྱོགས། འགྱུ་རྩལ་སྐྱ་ཁྲ་ཧོར་པ་བཟང་།  འཕུར་སྣ་ཕུག་རོན་སྔོན་མོ་རིང་། གཡོ་སྒྱུ་ཕ་ཝང་མོག་ཀེ་རྒོད། ཤུར་སྒྲ་ལྡིར་སྒྲ་གོ་རྒན་ཆེ་ཟེར་བ་ལ་ཐམས་ཅད་ཀྱིས་དེ་རང་རེད་ཟེར།ཡང་སང་ནམ་མཁར་ཉི་མ་ཤར་བ་མཐོང་སུ་སྔ་བྱེད། བསོད་ནམས་ཆེ་ཆུང་དེ་ཡིས་འབྱེད་ཟེར། ཕྱི་ཉིན་ནངས་སྔ་བར་འདབ་ཆགས་ཀུན་ཁ་ཤར་ལ་གཏད་དེ་བསྡད། ཕ་ཝང་ཁ་ནུབ་ཏུ་གཏད།   གཏམ་དཔེ་རུ་བྱ་བརྒྱའི་ཁ་ཤར་ལ་གཏད་དུས་ཕ་ཝང་སྐྱི་ལྷེབ་ཁ་ནུབ་ཏུ་གཏད་ཟེར་བ་དེ་དུས་བྱུང་།  དེའི་སྐབས་སུ་ནུབ་ཀྱི་རི་བོ་ལ་ཉི་མའི་འོད་ཟེར་ཕོག་པ་དང་ཕ་ཝང་གིས་དེ་མ་ཐག་ཏུ་ཉི་མ་ཡས་ཟེར་བ་དང་།འདབ་ཆགས་རྣམས་འུར་སེ་ཁ་ནུབ་ཏུ་ཕྱོགས་ཏེ་བལྟས་པས། ཡང་ཕ་ཝང་གིས་དངོས་པོ་མས་ཟེར་བ་དང་བྱ་རྣམས་ཁ་ཤར་དུ་བསྒྱུར། དེར་འདབ་ཆགས་རྣམས་ཀྱིས་ལྟས་ངན་ཕ་ཝང་འདིས་གནོད་བསྐྱལ་བྱུང་ཟེར་ཁ་རུབ་མཆུ་རུབ་ཀྱིས་གསོད་ཤོམ་བྱས་པས།  ཕ་ཝང་གིས་ཐང་དཀར་རྒོད་པོ་ལགས།  གཤོག་སྒྲོ་ལེབ་མོ་གཡོར་དང་ཞེས་རྒོད་ཀྱི་རྩ་ལ་བྲོས་པས།   རྒོད་གཤོག་བརྡབ་ཀྱིས་བྱ་རྣམས་ཕར་དཀྲོགས།   སྲོག་ལ་མི་གཏུགས་པའི་ངོ་ཆེན་བྱས། ཕ་ཝང་བྱད་གཟུགས་ངན་པས་རྗེ་རུ་མ་བསྐོས།” ཞེས་ཕ་ཝང་གི་གཡོ་སྒྱུ་དང་སྤྱང་གྲུང་སོགས་ཇི་འདྲ་ཡོད་པ་གསལ་པོར་བཤད་འདུག་པ་དང་ ངག་རྒྱུན་གཏམ་རྒྱུད་དུ“ཕ་ཝང་གཡོ་ཆེ་སྟེ། བྱ་ཁྲལ་བྱུང་དུས་བྱི་སོ་ངོམས་ཤིང་། བྱི་ཁྲལ་བྱུང་དུས་བྱ་གཤོག་བསྟན་ནས་ཁྲལ་མི་འཇལ། མཐར་འདབ་ཆགས་དང་དུད་འགྲོའི་བར་དུ་གྱོད་བྱུང་ནས་འཛིང་རེས་བྱེད་པར། ཕྱོགས་གང་རྒྱལ་ན་ཕ་ཝང་གང་ཕྱོགས་ལངས། ཡུན་མ་རིང་བར་འདབ་ཆགས་དང་དུད་འགྲོའི་བར་གྱི་གྱོད་འདུམས་པར། ཕ་ཝང་གཡོ་སྒྱུ་ཆེ་བ་ཀུན་གྱིས་ཤེས་ནས་རིག་མི་ཉན། ཕ་ཝང་སྐྲག་ནས་མཚན་མོ་མིན་པ་ཉིན་མོ་ཕྱི་ལ་འབུད་གོ་མི་ཆོད་པར་གྲགས།”པ་སོགས་གཡོ་སྒྱུ་ཆེ་བར་བཤད་པ་དང་ བོན་གྱི་ཡིག་ཚང་༼ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ༽ལས།  “ བྱའི་ལས་བྱུང་ན་བྱི་བའི་སོ་སྟོན། བྱི་བའི་ལས་བྱུང་ན་བྱའི་གཤོག་པ་སྐྱོང་” ཞེས་གོང་གི་ངག་རྒྱུད་གཏམ་རྒྱུད་དེ་དང་དོན་འདྲ་བ་བཤད་དོ།།དྲུག  །ཕ་ཝང་དང་དུག་གི་སྐོར། 

ཕ་ཝང་གི་ལུས་ལ་དུག་ཀྱང་ཡོད་དེ་སྨན་ཡིག་ཏུ་“བྱ་ཝང་ནི། ཕ་ཝང་།  ལྤགས་འདབ་ཅན། བྱིའུ་སོ་ཅན་ཡང་ཟེར།བྱི་བ་འདྲ་ལ་ནག་སྐྱ་ལྤགས་འདབ་ཅན་ཉིན་མོ་འགྲོ་མི་ནུས་པ་དང་།  དེའི་ཤ་དུག་ཡོད་དེ། ཁུ་ཚུར་འབུམ་པ་ལས།   བྱ་རྣམས་ཤ་ལ་དུག་ཡོད་མ་བྱུང་ན། ཤ་ལོག་སྐྱེས་ནས་ནད་གཞན་ལྡང་བར་བྱེད།ཅེས་པ་དང་། ཡང་དེ་ཉིད་ལས།བྱ་རྣམས་ཕལ་ཆེར་དུག་གི་རྒྱུ་ལྷོ་ཡིན།  རྨ་བྱ་བྱ་རྒོད་མ་གཏོགས་མཁྲིས་པའང་དུག  །ཅེས་དང་བདུད་རྩི་ཟིལ་དཀར་ལས།  བྱའི་རྒྱུ་མ་སྤངས་ནས་སྦྲུལ་ཤ་ལྟར་འདུལ་བར་བཤད།  རྒྱུད་ལས་བྱ་ཝང་ཤ་ཡིས་སྐྱུགས་པ་བཅོད་པར་བྱེད།  “ཅེས་སོགས་གསུངས་པ་དང་གཞན་ཡང་བན་ཤུལ་དབའ་མཁར་རྒྱལ་ལགས་ཀྱིས་“དབའ་བཞེད་ཀྱི་ཆ་ཤས་སུ་གྱུར་པ༼བསམ་ཡས་ཨར་གྱི་ཟས་གཏད་ལོ་རྒྱུས་ཆེན་མོ༽དང་ལོ་ཆེན་བེ་རོ་ཙ་ནས་མཛད་པའི༼ཕྱི་པའི་སྟོན་པ་ཨ་པ་སེང་གེ་བསྟེན་ནས་གསང་སྔགས་ཀྱི་ཆོས་བོད་དུ་བསྒྱུར་བའི་ལོ་རྒྱུས་སྟོང་ཐུན༽གཉིས་སུ། ལྷ་ཆེན་དབང་ཕྱུག་གི་རྔུལ་ཆུའི་མཆོག་གྱུར་སྡིག་པ་རྭ་ཙ་དང་ཨུ་པ་སརྒ་ཕ་ཝང་གཉིས་བཙན་དུག་གི་འབྱུང་ཡུལ་ལ་ངོས་འཛིན་མཛད་ཡོད་”ཅེས་ཀྱང་གསུང་འདུག   གཞན་ཡང་༼མདོ་རྩ༽ལས་“སྟག་གི་གོད་མ་མི་བཟའ་འོ། །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་མི་བཟའོ། །རྨིག་གཅིག་པ་དང་ཝ་དང་སྤྲེའུ་དང་ཤིང་རྟ་མོ་དང་བྱ་རོག་དང་བྱ་རྒོད་དང་ཆུ་སྐྱར་དང་ཁྱི་དང་བྱ་ཁྲ་དང་འུག་པ་དང་དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་བྱ་གར་དང་ཕ་ཝང་སྐྱིན་ཀོར་དྲེའུ་སྲིན་དང་སྲིན་བུ་རྣམས་ཀྱི་ཡང་མི་བཟའ་འོ”་ཕ་ཝངགི་ཤ་ནི་བཟའ་མི་རུང་བར་བཤད་འདུག   སྤྱིར་ནང་ཆོས་ལུགས་ལ་བཟའ་རུང་གི་ཤ་ཞིག་མེད་ཀྱང་དམིགས་སུ་བཀར་ནས་བཤད་པའི་སེམས་ཅན་འདི་ཚོའི་ཤ་བཟའ་མི་རུང་པར་བཤད་པ་ལའང་རྒྱུ་མཚན་གཞན་ཞིག་ཡོད་ངེས་སོ།།

བདུན།   ཕ་ཝང་གསོད་མི་ཉན་པའི་སྐོར།


སྤྱིར་ཚེ་སྲོག་འདྲ་མཉམ་གྱི་ངོས་ནས་བསམ་ཚེ་གསོད་རུང་གི་སེམས་ཅན་ཞིག་མེད་པས་ན་གསོད་མི་རུང་བ་དང་གསོད་མི་ཉན་བ་ཁོ་ན་ཡིན་མོད།  ཕ་ཝང་གསོད་མི་རུང་པའི་སྐོར་གནའ་ཡི་ཡིག་ཚང་ལ་འདི་འདྲ་བཤད་ཡོད་དེ།  བོན་གྱི་ཡིག་ཚང་༼ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ༽ལས“བསད་དམ་བཅད་བགྱིས་པས   །ཕ་ཝང་མཆིད་ན་རེ།   །ང་མ་བསད་མ་བཅད་དང་།   །ལྷ་དང་མི་ཡི་འཕྲིན་པ་བྱ”   ཞེས་པས་ཕ་ཝང་རང་གིས་ཁོ་མ་གསད་ན་ལྷ་མིའི་བར་གྱི་འཕྲིན་པ་བྱ་བའི་སྐོར་བཤད་པ་དང་། ༼ཕ་ཝང་གི་མདོ༽ཞེས་པའི་བོན་གྱི་ཡིག་ཚང་དུ་ཀོང་ཙེ་འཕྲུལ་རྒྱལ་དང་ཕ་ཝང་གི་ཁ་བརྡ་ལས་“ ཕ་ཝང་རྒོས་པོ་ཞལ་ན་རེ། ང་མ་བུ་མ་བསད་མ་བཅད་དོ། བསད་ན་ཤི་ཁོག་སྐྱ་བོ་ཡིན། ང་མ་བསད་པ་ལ་གཏོང་དང་ལྔ་ཡོད། ལུས་ལ་ཡོན་ཏན་སྣ་ལྔ་ཡོད། ཕ་ཝང་རྒོས་པོ་བརྔན་ནོ་སྐད།  ཕྱི་མ་བརྔན་པ་ཕན་པ་ན།  ཕ་ཝང་རྒོས་པོ་མ་བརྔན་ན། གནམ་ས་གཉིས་ཀྱང་སྟེང་འོག་འགྱུར། མགོ་ནག་མྱི་ལ་ན་ཚ་ཡོད།   སེམས་ཅན་ཕྱུགས་ལ་གོད་ཁ་ཡོད། གནམ་ལས་ཆར་ཆུ་འབབ་མི་ཉན།  ས་ལ་རྩི་ཏོག་འཁྲུངས་མི་ཉན། འབྲུ་དྲུག་ལོ་ཏོག་སྐྱེས་མི་ཉན།  གསོ་བའི་བེའུ་ལུག་འཕེལ་མི་ཉན།  དབང་ཐང་བུ་ཚ་སྐྱེ་མི་ཉན། ཆུ་བོ་གཞུང་ནས་འབབ་མི་ཉན།  རྟ་ནོར་ལུག་གསུམ་འཕེལ་མི་ཉན། མགྲོན་པོ་གྲོགས་དང་སྤྱོད་མི་ཉན།  དམག་གཡག་དགྲ་སྲང་འདུལ་ཐབས་མེད། ས་སྐོས་མཁར་ལས་བྱས་མི་ཉན། ཤི་བ་ལྷ་དང་འཕྲད་མི་ཉན།  དེ་བས་ཕ་ཝང་བརྔན་ནོ་སྐད།”ཞེས་པས་ཕ་ཝང་མི་གསོད་པར་བརྔན་དགོས་པ་དང་མ་གསད་པར་བརྔན་པའི་ཕན་ཡོན།  མ་བརྔན་པར་བསད་པའི་ཉེས་པ་སོགས་གསལ་པོར་བཤད་པ་དང་དེ་བཞིན་གླིང་གེ་སར་རྒྱལ་པོའི་སྒྲུང་༼གྲུ་གུ་གོ་རྫོང༽ལས་“ང་མ་གསོད་སྡིག་པ་ཆེན་པོ་ཡོད། །མགོ་བོ་རྐྱང་རྐྱང་ཝ་དང་འདྲ། །ཝ་བརྒྱ་བསད་པའི་སྡིག་པ་ཡོད། །ཁ་ཞེང་ཆེ་བ་ཁྱི་དང་འདྲ།།ཁྱི་བརྒྱ་བསད་པའི་སྡིག་པ་ཡོད། །ནམ་འཕང་ཆོད་པ་བྱ་དང་འདྲ། །བྱ་བརྒྱ་བསད་པའི་སྡིག་པ་ཡོད།།ལུས་པོའི་རི་མོ་སྟག་དང་འདྲ། །སྟག་བརྒྱ་བསད་པའི་སྡིག་པ་ཡོད། །”ཅེས་སོགས་ཕ་ཝང་བསད་པའི་ཉེས་པ་དང་སྡིག་པ་གསལ་བོར་བཤད་ཡོད་པ་འོ།  །


བརྒྱད།   ཕ་ཝང་དང་དེའི་མཚོན་དོན་འཛེམ་བྱའི་སྐོར།


ཕ་ཝང་ནི་བྱ་མ་བྱེའུ་ཞིག་ཡིན་པས་ཁོའི་ཡ་མ་གཟུགས་དེ་མཐོང་བ་ཙམ་གྱིས་མིའི་སེམས་ལ་ལྟས་ངན་པའི་སྣང་བརྙན་ཞིག་འཇོག་པ་ཡིན་ལ།  《ལེགས་བཤད་རིན་པོ་ཆེའི་གཏེར》ལས་“ནང་ན་ཡོན་ཏན་ཀུན་ལྡན་ཡང་།། ཆ་ལུགས་ངན་ན་ཀུན་གྱིས་བརྙས།། པགས་བྱེའུ་མཁས་ཀྱང་སྤུ་མེད་པས།།  འདབ་ཆགས་ཀུན་གྱིས་སྤངས་ཞེས་གྲགས”ཞེས་གསུངས་པ་དང་།  གཏམ་དཔེ་རུ“མཆིང་བུ་ནོར་གྲལ་ལ་མི་ཚུད། ལྤཊ་བྱིའུ་བྱ་གྲལ་ལ་མི་ཚུད”ཅེས་དང་།  ༼སྲིད་པའི་གནའ་སྒྲུང་རིང་མོ༽ལས་“ཕ་ཝང་བྱད་གཟུགས་ངན་པས་རྗེ་རུ་མ་བསྐོས”ཞེས་དང་། ༼མདོ་དྲི་མེད་གཟི་བརྗིད༽ ལས“སྒམ་ཁྱེར་ཕ་ཝང་ཡིན་ན།  སྔོན་སྲིད་པའི་དཔེ་སྲོལ་ལ།  བྱ་བོན་འཕྲིན་པ་བཅུ་གསུམ་གྱི་ནང་ནས་ཀྱང་། འཕྲིན་པ་རྣོ་ལ་གྲགས་པ་ཐིང་སྔ་བ་དེ་ཁོ་ཡིན་པས།ཤེས་ཀྱང་ཤེས་ལ་བརྡ་ཡང་འབྱོར་ཏེ། གཟུགས་ངན་པས་ཁྲོམ་དུ་སྟོན་ཕེར་ཙམ་མེད་དེ། ཁོ་རང་ལ་དྲིས་དང་ཟེར་རོ། །དེར་ཕ་ཝང་ལ་དྲིས་པ། ཁྱེད་ནེ་ཙོའི་བྱ་བ་ཆེན་པོ་འདི་ལ། གམ་ཚིག་མཆིད་གསུམ་གྱི་བརྡ་འཕྲོད་དམ་བྱས་པས། ཕ་ཝང་གིས་ང་གཟུགས་ཡང་ངན་པས་ག་ན་འཕྲོད”ཅེས་དང་། གོང་ཙེ་རྒྱལ་བོ་འདི་སྐད་གསུང་། སེམས་ཅན་ཁྱོད་ཀྱི་ལུས་སྟེང་ལ། ལྟས་ངན་སྣ་ལྔ་སྣང་བ་ཟེར། མི་ལུས་བྱ་ཡི་མགོ་བོ་ཅན། མི་སྐྱེས་པའི་ལྟས་ངན་གཅིག་། བྱ་ཤོག་གཤོག་བྱི་བའི་སྡེར་མོ་ཅན། མི་སྐྱེས་པའི་ལྟས་ངན་གཉིས། འདབ་ཆགས་ལུས་ལ་འཆི་བར་ན། མི་སྐྱེས་པའི་ལྟས་ངན་གསུམ།  བརྡོས་ཕྲ་བོ་གཤོག་པའི་སྡེར་མ་ཅན།  མི་སྐྱེས་པའི་ལྟས་ངན་བཞི།  ཡར་མཆུ་ཤོག་རེ་འདུག་པ་དེ། མི་སྐྱེས་པའི་ལྟས་ངན་ལྔ། རྣ་བ་ཧེད་ཀྱིས་འདུག་པ་དེ། མི་སྐྱེས་པའི་ལྟས་ངན་དྲུག །ལུས་ཆུང་ལ་ཁ་བཙན་ཆེ། མི་སྐྱེས་པའི་ལྟས་ངན་བདུན།  ཤེས་པ་ཆེ་ལ་རྣ་བ་རིང་། མི་སྐྱེས་པའི་ལྟས་ངན་བརྒྱད། བྱོལ་སོང་ལུས་ལ་མི་སྐད་སྨྲས།  མི་སྐྱེས་པའི་ལྟས་ངན་དགུ།ལུས་པོ་ཆུང་ལ་གཉེར་མ་མང་། ལྟས་ངན་རྣམ་པར་སྣ་ཚོགས་དེ།  སེམས་ཅན་ཁྱོད་ལས་ཚང་ནས་འདུག ། ཅེས་པས་ཕ་ཝང་གི་བྱད་གཟུགས་དེ་ལྟས་ངན་པ་དགུ་ལས་གྲུབ་པར་བཤད་པ་སོགས་ལས་ཕ་ཝང་ནི་གཟུགས་བཙོག་པ་དེ་ཁོ་ནས་ཕྱི་མིའི་མིག་ནང་ནས་ལྟས་གཙོག་པ་མ་ཟད།  ནང་བྱ་བརྒྱའི་ཁྲོད་ནས་ཀྱང་མཐོང་འདོད་མེད་པ་གསལ་བོར་རེད།  དེ་བས་ཕ་ཝང་ཕྱི་གཟུགས་ལས་ངན་པས་ནང་གི་དེ་ཉིད་ངན་པ་ཡིན་པའི་ངེས་པ་མེད་པ་སོགས་ཁོ་རང་གི་འཇོན་ནུས་ཀྱིས་གསལ་བཤད་བྱས་ཡོད་དེ།  གླིང་གེ་སར་རྒྱལ་པོའི་སྒྲུང་༼གྲུ་གུ་གོ་རྫོང༽ལས་“སེར་པོ་གསེར་གྱི་བདག་པོ་ལ། །བྱ་བརྒྱའི་ཕ་ཝང་སྒོམ་ཆེན་ཡོད།  །མ་བསད་སྡིག་མོ་བྱས་ན་ཆོག  ། བསད་ན་གསེར་སྒོ་འབྱེད་མི་མེད། །”ཅེས་དང་ཕ་ཝང་གི་གསེར་གཏེར་སྲུང་མཁན་གྱི་ཚུལ་དུ་ཡོད་པ་དང་དེ་བཞིན་ལྷ་མི་བར་གྱི་ཕོ་ཉ་བྱས་པ་ནས།  ཕ་ཝང་དཀར་པོས་ལྷ་ཡུལ་ནས་རྩིས་གཞུང་བླངས་པ་དང་བྱ་སྒྲུང་ལས་བློ་གྲོས་ཀྱིས་བྱ་རིགས་ལས་རྒྱལ་བར་བྱས་པ་སོགས་སོ།།  ཡིན་ཡང་དམངས་ཁྲོད་ཁོའི་མཚན་སྙན་ཡག་རྒྱུ་མེད་དེ་བྱི་ཐན་དང་བྱེའུ་ཐན་སོགས་སུ་འབོད་པ་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་༼གྲུ་གུ་གོ་རྫོང༽ལས་“ཡ།  ཁོ་རེ་འདྲེ་བྱེའུ་དངོས་མེད་སྐྱི་མོ་མཆུ།   ཨི་ན་འདུག་དོན་ཅི་འདྲ་ཡིན་”ཞེས་དང་ཡང་དེ་ལས་“ཡ་ཉོན་དང་བྱེའུ་འདྲེ་ཙིག་སྡུག་ཁྱོད།”ཅེས་སོགས་ཀྱིས་མཚོན་པའོ།  ། དེ་བཞིན་པགས་བྱེའུ་ཁྱིམ་དུ་འཛུལ་ན་རྣམ་རྟོགས་བྱེད་པ་དང་།  དེས་སྐྲ་ལ་ཐུག་ན་སྐྲ་རང་བྱི་འགྲོ་བར་བཤད་པ་སོགས་ཡོད་དོ།  །

དགུ།   གཏམ་དཔེའི་ནང་དུ་བཤད་པའི་ཕ་ཝང་གི་སྐོར།

 

བོད་ཀྱི་མེས་པོ་ཚོས་འཚོ་བ་ལ་བཞགས་པའི་སྡོམ་ཚིག་གམ་བོད་ཀྱི་གཏམ་དཔེ་རུ་ཕ་ཝང་གི་སྐོར་ལ་འདི་ལྟར་བཤད་འདུག་ཏེ“ཐང་དཀར་རྒོད་པོའི་གཤོག་ལྟེབ་ལ།  ཕ་ཝང་མོག་ཀེའི་ཉི་མ་ལྡེ།”བྱ་སྒྲུང་ལས་བྱ་བོ་རྗེ་བ་འདེམས་སྐབས་ཀྱི་གཏམ་རྒྱུད་དེལས་བྱུང་བ་དང་།“བྱ་ཁྲལ་འབབ་དུས་བྱི་སོ་སྟོན།  བྱི་ཁྲལ་འབབ་དུས་བྱིའུ་གཤོག་བཀྲབ།”ཅེས་ཕ་ཝང་གི་གཤིས་ཀ་འཚོན་པའི་དཔེ་དང་།“མཆིང་བུ་ནོར་གྲལ་ལ་མི་ཚུད།  ལྤཊ་བྱིའུ་བྱ་གྲལ་ལ་མི་ཚུད།”པགས་བྱེའུ་བྱ་གྲལ་དུ་མི་ཐེ་བར་བཤད་པའི་དཔེ་དང་།“བྱ་བརྒྱའི་ཁ་ཤར་ལ་གཏད་དུས།  ཕ་ཝང་སྐྱི་ལྷེབ་ཁ་ནུབ་ཏུ་གཏད།”ཅེས་པས་ཕ་ཝང་ནི་སྤྱི་དང་བསྟུན་མཁན་ཞིག་མིན་པར་བཤད་འདུག་པ་དང་སྤྱི་ལམ་དང་མི་བསྟུན་པའི་རིག་པ་དེས་རྒྱལ་ཁ་མང་པོ་ལེན་བཞིན་ཡོད་པ་རེད།། 

 

བཅུ།  གེ་སར་སྒྲུང་དུ་བཤད་པའི་ཕ་ཝང་གི་སྐོར།   

 

འཛམ་གླིང་གི་སྙན་ངག་སྒྲུང་གསུམ་གྱི་ཡ་གྱལ་གླིང་གེ་སར་རྒྱལ་པོའི་སྒྲུང་༼གྲུ་གུ་གོ་རྫོང༽ལས་“གྲུ་གུ་ཐོག་རྒོད་རྒྱལ་པོ་ལ་ནོར་གྱི་བང་མཛོད་གསུམ་ཡོད་པའི་དང་པོ་གསེར་རྫོང་།  གཉིས་པ་འབྲུ་རྫོང་།  གསུམ་པ་གོ་རྫོང་བཅས་ཡོད་པ་གླིང་གིས་ལེན་དགོས།  དང་པོ་གསེར་རྫོང་འབེབས་དགོས་པས་འདི་ནས་ཡར་འགྲོ་བའི་ལམ་སོ།   སེར་པོའི་རྔམས་ཆེན་བྲག་རི་ཐང་དཀར་གཤོག་རྒྱངས་ཕུབ་འདྲ་ཞིག་ན་ཡོད།   ལམ་ལོག་འཁོར་མི་ཉན།ཅི་སྟེ་ལམ་ཚོད་མ་ཟིན་ན།      ཨ་ཁུ་སྟག་གདོང་དཔོན་ལ་དྲིས་དང་ཤེས་པའི་ལུང་བསྟན་བྱུང་།    ད་ཅི་འདྲ་བྱེད་གསུངས།    བློན་ཆེན་འདན་མས།  ཡ།འོ་ན་སྟག་གདོང་དཔོན་ལ་གསེར་གར་ཡོད་ཀྱི་སྐད་ཆ་ཞིག་འདྲི་ཟེར་ནས་སྟག་རོང་ལ་སྨྲས་པས།   ཨ་ཁུ་དེས།  ཡ།  ལས་དབང་ཅན་གྱི་ལྷ་སྲས་ལགས། གསེར་དངོས་གྲུབ་ཀྱི་སྣ་འདྲེན་བཟོ་བས་ཆོག  . གནང་དཔའ་དར་དེ་སྔ་ཞུས་ལྟར་དགོས།   གླིང་དཀར་ངའི་རྗེས་སུ་ཤོག་ཟེར་ནས་ཆིབས་ལ་བྱོན་ནས། དཔའ་ཐུལ་རྣམས་ཁྲ་སྤུངས་སེ་ཕེབས། ལྷ་སྲས་ཀྱིས་སྟག་རོང་དཔོན་ཁྱོད་ཀྱིས་གོ་ཞིག་ཆོད་བྱུང་ན་དཔའ་དར་ལོས་སྤྱིན་གསུངས།  རྩེད་མོ་ཅི་རིགས་སྨྲས་ནས་གཤར་སོང་།  གསེར་ཡོད་པའི་བྲག་རི་དེའི་རྩ་བར་སླེབས་པ་དང་།  སྟག་རོང་ཆིབས་ལས་བབས་ཏེ།   ཡ་འདི་ན་ཡིན་ཟེར།   དཔའ་རྟུལ་རྣམས་ཆིབས་ལ་བབས་ཏེ་ཕུགས་སྒོ་ལ་ཡར་ཕེབས།   འདན་མ། གཡུ་ལྷ། དཔའ་ལ།  དགའ་བདེ་བཅས་ནས་ཕུག་པའི་སྒོར་འབྱོར།  ནང་ལ་འོད་ཆེན་པོ་གླིང་བཞི་ཁྱབ་པ་ཙམ།  གསེར་ནག་གྲུ་བཞིའི་རྡོ་འབྲོང་གཡག་གི་ཚད་ཙམ་ཞུག་གི་སྟེང་ལ་གསེར་བདག་ཕ་ཝང་སྒོམ་ཆེན་དེ་གཞི་རླིངས་ཆགས་པ་ལྟར་ཉལ་ཡོད་པས། དཔའ་རྟུལ་རྣམས་ཅུང་ཟད་འཐེན།   ཨ་ཁུས་སུ་འགི་ཟེར་ནས་ཡར་བལྟས་པས་ཕ་ཝང་དེ་མཐོང་།    འདི་བཏུལ་མི་ཕོད་པ་ཅི་ཡོད།  གནང་དཔའ་དར་ང་ཡིས་ལེན་བསམ།    ཁྱེད་དཔའ་རྟུལ་རྣམས་འགྲོ་མི་དགོས་ཟེར།  སྲིན་གྲི་མགོ་འཕུར་ནས་ཕུག་པའི་ཕུག་པའི་ནང་ལ་འཛུལ།  ཕ་ཝང་དེས་ཨ་ཁུ་རིག་ནས་ཁ་གདངས། མིག་བགྲད།   སྒྲོ་རྒྱངས། མཆུ་བརྡར། ཨ་ཁུ་ཤིན་ཏུ་སྐྲག་ཀྱང་མི་འཇིགས་པའི་ཚུལ་གྱིས།  ཡ།  ཁོ་རེ་འདྲེ་བྱེའུ་དངོས་མེད་སྐྱི་མོ་མཆུ།   ཨི་ན་འདུག་དོན་ཅི་འདྲ་ཡིན་ཟེར་ནས་སྲིད་གྲི་ཤུབས་ནས་ཕྱེད་ཙམ་བཏོན་པར། ཕ་ཝང་དེས་ཚག་ཚག་ཟེར་ནས་སྟག་རོང་གི་བྲང་ལ་སྦར་བྱུང་བས།  ཁོང་གཉིས་འཐམ་རེས་བྱས་མཐར་སྟག་རོང་གན་རྐྱལ་ལོགས།  ཕ་ཝང་དེ་བྲང་ལ་བབས་སྦར་མོ་གདེངས་ངར་སྐད་བསྒྲགས་ཏེ་ཡ་ཁོ་རེ་ཉོན་དང་།  དམར་རྒྱ་ས་འདི་ན་ཡོང་དོན་ཅི་ལ་ཡིན་ཟེར་ནས་གླུ་འདི་བླངས་སོ།   །གླུ་ཨ་ལ་ལ་མོ་ཨ་ལ་ལེན། །   གླུ་ཐ་ལ་ལ་མོ་ཐ་ལ་ལེན།   །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བཙན་ལ་འཁོར་བའི་དམག་ཚོགས་མཆོད།   ། བདུད་ལ་འཁོར་བའི་སྟོབས་ཤུགས་མཆོད།  །ཐོག་རྒོད་རྒྱལ་པོའི་དགྲ་ལྷ་མཆོད།།  དོམ་ནག་ཁམས་གསུམ་སྲོག་འཇོམས་མཆོད།  །ཁོ་རེ་ཉོན་དང་དམར་རྒྱ་བ།  །ཁྱོད་སྦྲང་རྒན་ཧམ་པ་ཆེ་ལེ་རེད།  ། ཕྱོགས་འགྲུལ་རྒྱལ་ཁམས་མཆོག་དམན་དང་།   །ལས་དབང་ཅན་གྱི་ཕོ་མོ་ནས།  ། རྟེན་འབྲེལ་སྣ་ཚོགས་བཞག་ནས་ཐལ།  ། ཁྱེད་འདྲེ་བྱ་ཟེར་དོན་ཅི་ལ་ཡིན།   ། བདུད་རྗེ་ཐོག་རྒོད་རྒྱལ་པོ་དེས།     །གསེར་གྱི་བདག་པོར་བསྐོས་ལེ་ཡིན།   །གསེར་འཕྲུ་འདབ་མ་ལེན་མི་ལ།    །རྒྱལ་ཁབ་མང་པོ་བཤར་ནས་བྱུང་།   །འདྲེ་བྱ་ཟེར་མི་འགི་ལེ་མིན། ། རྒོད་པོའི་དཔུང་བ་ངོམ་མི་ལ།  །གསེར་ཁབ་རྩེ་ཙམ་ཞིག་བསྐུར་མ་མྱོང་།  །བློ་གཏ་ནས་རེ་ཞུ་བྱུང་བས་ན།  །གསེར་གྱི་འདབ་མ་མང་པོ་རྒྱས། །དབུས་ལྷ་སའི་ཇོ་བོ་ཞལ་དཀར་ལ།    །གསེར་དང་པོ་ཕུལ་མི་ང་རང་ཡིན།   །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་།  །མ་མཁའ་འགྲོ་གྲུབ་པའི་རྒྱལ་མོ་ལ།  །གསེར་གྱི་ལུས་རྒྱན་ང་ཡིས་ཕུལ།  །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་།   །ཨ་གྲགས་ནོར་རྫོང་ཕབ་པའི་དུས།  །སྒོ་ང་མི་དགུ་རྟ་དགུ་ལ།     །གསེར་རྒྱབ་དྲུག་ཅུ་རེ་གཉིས་བསྐུར།  །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་།   ། འཛམ་གླིང་མངའ་བདག་རྒྱལ་བོ་ནས།  །གསེར་དངོས་གྲུབ་བདག་པོ་བྱེད་མི་ལ། །འདྲེ་རེད་ཟེར་བའི་ཉེས་ཆད་དུ།  ། གདོང་སྣ་བཟང་སེན་འབྲེད་མི་བྱེད་རི།  །མིག་ཁྲ་ཆུང་མཆུ་ཡིས་མི་འབྲུ་རེ།   །ལྕེ་དམར་པོ་ནར་སེ་མིའཐེན་རེ། །ལུས་ཤ་ཁྲག་ཧུབ་འཇོང་མི་བྱེད་རེ། །  ཞེས་ཟེར་བ། ཨ་ཁུས་ལག་པས་ངོ་བཀབ་འགྲེ་ལོག་བརྒྱབ་ཀྱང་འཕེན་མ་ཐུབ་ནས།  ང་འདི་འདྲ་བྱས་ཤིང་ཡོད་གླིང་པ་རྣམས་ཟེར་ནས་ཨོ་འབོད་བྱས།   དཔའ་ཐུལ་རྣམས་གད་མོ་ཤོར་ནས་ཚིག་ལན་མ་སྤྲད་ལྷ་སྲས་ཀྱིས་ཁྱེད་དཔའ་ཐུལ་རྣམས་ནས་བྱེའུ་དེ་མ་བསད་ལ་སྡིག་མོ་རེ་མཛོད་དང་ཆོག་གསུངས་པས། དཔའ་ཐུལ་རྣམས་འུར་ལྡིར་རེ་ཕུག་པའི་ནང་འཛུལ། བློན་ཆེན་འདན་མས་གཞུ་སྟེང་མདའ་ཞིག་བཞག་ནས།      ཡ་ཉོན་དང་བྱེའུ་འདྲེ་ཙིག་སྡུག་ཁྱོད།            ང་སུ་རེད་ཤེས་ན་གླུ་ལ་ཉོན་ཟེར་ནས་གླུ་འདི་བླངས་སོ། །  གླུ་ཨ་ལ་ལ་མོ་ཨ་ལ་ལེན།     །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ།     །ག་གསོལ་བ་སྙིང་གི་དཀྱིལ་ནས་འདེབས།   །ས་འདིའི་ས་ངོ་མ་ཤེས་ན།      །གསེར་ནག་ཕུག་པའི་བང་མཛོད་རེད།     །ང་འདྲའི་ང་ངོ་མ་ཤེས་ན།     །ཚ་ཞང་འདན་མ་སྤྱང་ཁྲ་ཡིན།    དགྲ་བོ་ཆམ་ལ་འབེབས་མི་ཡིན།  །གྲུ་གུའི་གོ་རྫོང་འབེབས་རྒྱུ་ཡིན།    ། བྱེའུ་འདྲེ་ཁྱོད་ལ་ཨའུ་ཙི།   །མ་བཞི་དཔོན་པོ་ཁྲོ་ཐུང་དེ། །སེང་ཆེན་རྒྱལ་པོའི་ཁུ་བོ་ཡིན། །སྨུག་པོ་གདོང་གི་གདུང་རྒྱུད་ཡིན། །ལན་ཡ་མེད་པ་གླིང་བཞིར་གྲགས།   །དེ་རིང་བྱེའུ་འདྲེ་སྟེང་ལ་བབས།          །མདའ་ཉག་ཕྲན་སྣ་ལ་མ་དྲངས་ན།  །འདན་མ་མིན་པའི་རྟགས་ལ་ཞོག   །ཡང་བསྐྱར་གཏམ་གྱི་འདྲ་མ་ལ།    །ད་ནང་ནམ་གྱི་སྔ་ཆ་ལ།  །ངེད་རྒྱལ་བློན་དཔུང་བ་གྲ་བསྡེབས་བྱས། །ངར་རྒོད་དོམ་གྱི་སྙིང་གཏེར་བླངས།  །ངར་མ་གཟིག་གི་པགས་པ་བཤུས།    །དེ་མོ་མ་བསད་མ་བརྡུངས་མེད། །ལན་ཡ་མེད་པ་གླིང་རུ་ཡིན། །  བྱེའུ་ཆུང་ལན་ཡ་ཅི་ལ་ཟིན། །རིན་ཆེན་གསེར་གྱི་གཏེར་མཛོད་ དེ།  །དབུ་ནག་བོད་ཀྱི་ནོར་སྐལ་ཡིན།  །བསོད་ནམས་བསགས་པའི་ཡོ་བྱད་ཡིན།       །ཁྱེད་འདྲེ་བྱེའུ་སྒེར་བདག་ཆོག་ལེ་མིན།  །ཤེས་ན་དད་པའི་སྦྱིན་བདག་གྱིས།     །མ་གོ་ཉག་ཕྲན་སྣེ་ལ་སྦྱར། །ཨེ་ཐལ་ཁོ་རེ་སྐྱི་མོ་མཆུ། །ཞེས་གསུངས། ཕ་ཝང་སྐྲག་ཁྲོ་ཐུང་གི་སྟེང་ནས་ཕར་སོང་སྟེ་སྒྲ་ལྡིར་ལྡིར་བྱས་ནས།  ཡ་ལྷ་བློན་དཔའ་ཐུལ་བརྒྱད་ཅུ་རྣམས། ང་མ་གསོད་ཞུ་རྒྱུ་འགའ་རེ་ཡོད་ཟེར་ནས་གླུ་འདི་བླངས་སོ། །  གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །བླ་མ་ཡི་དམ་ དཀོན་མཆོག་གསུམ།   །གསོལ་བ་འདེབས་སོ་སྤྱན་རས་གཟིགས། ། གླིང་ལྷ་རྒྱུད་དཀར་པོར་གསོལ་བ་འདེབས། །ས་འདིའི་ས་ངོ་མ་ཤེས་ན། །བྲག་ཆེན་གསེར་མཛོད་ཕོ་བྲང་ནས། །ང་འདྲའི་ང་ངོ་མ་ཤེས་ན། །བྱ་བརྒྱ་རྣམས་ཀྱི་དང་པོ་ལ།   །ཕ་ཝང་སྒོམ་ཆེན་ མིང་དུ་འབོད། །ང་འདྲེ་ཞིག་མ་ཡིན་བྱེའུ་ཞིག་ཡིན། །བྱེའུ་ནང་གི་ལྷ་ཞིག་ཡིན། ། སྒོམ་སེམས་ཉིད་བཟུང་བའི་སངས་རྒྱས་ཡིན།  །ཆུས་སྲིད་པ་བཟུང་བའི་མཁས་པ་ཡིན། །ང་མ་བསད་ཚེ་ཐར་གཏོང་རོཊ་གྱིས།  །སྟག་རོང་དཔོན་པོ་ཁྲོ་རྒྱལ་དེས།   །དངོས་གྲུབ་མཛོད་ཀྱི་སྣ་འདྲེན་བྱས།   །གསེར་མཛོད་གཡང་ར་དམ་པ་འདི།  ། དཀར་པོ་གླིང་ལ་འབུལ་བསམས་ཀྱང་། །བྱེའུ་འདྲེ་ཟེར་བས་རྟེན་འབྲེལ་འཆུག །ཁ་ཐོག་མི་རྒྱག་ཁ་མེད་བྱུང་། །གླིང་དཀར་དགོངས་པ་མ་འཚོམ་ལགས།  །ང་བསད་ན་སྡིག་པ་ཆེན་པོ་ཡོད།   །མགོ་བོ་རྐྱང་རྐྱང་ཝ་དང་འདྲ།     །ཝ་བརྒྱ་བསད་པའི་སྡིག་པ་ཡོད།  །ཁ་ཞེང་ཆེ་བ་ཁྱི་དང་འདྲ། ། ཁྱི་བརྒྱ་བསད་པའི་སྡིག་པ་ཡོད། །གནམ་འཕང་གཅོད་པ་བྱ་དང་འདྲ།   །བྱ་བརྒྱ་བསད་པའི་སྡིག་པ་ཡོད།   །ལུས་པོ་རི་མོ་སྟག་དང་འདྲ།  །སྟག་བརྒྱ་བསད་པའི་སྡིག་པ་ཡོད།   ། ལས་ཀྱི་དཔའ་ཐུལ་བཀའ་བློན་རྣམས། །ཐུགས་ཀྱི་དགོངས་པ་མ་འཚོམ་དང་།      ། གཏེར་གྱི་སྒོ་མོ་ང་ཡིས་འབྱེད།  ། དངོས་གྲུབ་ཀྱི་བུམ་པ་འབུལ་རྒྱུ་ཡོད། །ཁྱེད་ཀྱང་ང་ཡི་རྗེས་ལ་ཕེབས།  ། ཞེས་ཞུས་ནས་ཡར་ཙམ་སོང་བས།  གསེར་ནག་ཕ་ཝང་འབྲོང་ཙམ་ཡོད་པ་ཞིག་འདུག  དེ་ནས་ཡར་སོང་བས་གསེར་གྱི་ལྡེ་མིག་འདྲ་འདྲ་གསུམ་བླངས་སྒོ་གཅིག་ཕྱེས་པར། གསེར་ནག་གི་ནོར་བུ་ལུག་གཡང་དཀར་གྱི་རིལ་མ་འདྲ་བ།    གསེར་གྱི་སྒོ་མོ་རང་ཞིག་ནང་ལ་ཆུ་རས་དཀར་པོའི་སྟེང་ལ་བཞག་ཡོད་པར་དེ་དངོས་གྲུབ་ཀྱི་དང་བོ་ཡིན་ཟེར།  དེ་ནས་སྒོ་ཆེན་གསུམ་ཙམ་ཕྱེས་པས་གསེར་ནག་ཞུན་མའི་ཕུང་བོ་ནམ་མཁའ་ལས་རྒྱ་ཚེ་བ།  རྩི་ཤིང་ལས་གྲངས་མང་བ།  ཆུ་བོ་ལས་སྣ་རིང་བ་སེར་འཁྱིལ་ལེ་སྤུངས་འདུག་པ་མཐོང་།       དཔའ་ཐུལ་རྣམས་ནས་གྲུ་གུའི་ཡུལ་ལ་གསེར་ཕོན་ཆེ་བ་འདི་འདྲ་འདུག་བསམ་ནས་བདག་སྤྲད་བྱས།    གསེར་ནག་གཡང་རིལ་དེ་དཔའ་ཐུལ་རྣམས་ཀྱིས་མ་མཁྱེན་པར་ཨ་ཁུའི་སྔོན་ལ་འགྲིལ་བས་ཨ་ཙི་འདི་སུས་ཀྱང་རིག་མ་ཐལ་ང་རང་གིས་ཁུར་ན་མི་སྐྱོན་བསམ་ནས་བདག་འཛིན་བྱས།དཔའ་ཐུལ་སུས་ཀྱང་མ་ཤེས།   གླིང་པ་རྣམས་ཀྱིས་གསེར་དེ་ཁྱེར། རྟ་བརྒྱ་དང་བཅུ་ལ་བཀལ་ཏེ་རང་རང་གི་རྟ་ཁ་ཁྲིད་ནས་གླིང་སྒར་ལ་སླེབས།  རྒྱལ་བློན་རྣམས་གྲལ་དུ་འཁོད་ནས། ལྷ་སྲས་ཀྱིས་རང་ཅག་དཔའ་ཐུལ་ཚོས་བླ་དོམ་ཐུལ། གསར་གྱི་གཏེར་སྒོ་ཕྱེས།   རྟེན་འབྲེལ་ཆེན་པོ་དེ་ལྟར་འགྲིག་དཔའ་ཐུལ་རྣམས་ཀྱིས་གསེར་རྩིས་སྦྲོད་གསུངས་པས། གསེར་སྒམ་དང་།ཁུག་མ་ཡོད་པ་བཅས་ལྷ་སྲས་ལ་ཕུལ། ཕ་ཝང་དེ་རྗེས་རྗེས་འཕུར་ནས་གསེར་གྱི་དངོས་གྲུབ་མི་འདྲ་བ་མང་པོ་ཡོད་ཞུས།  དགྲ་ལྷ་དང་། འདན་མ་གཙོས།   ཡ།  བྱེའུ་ཆུང་གསེར་འདི་དངོས་གྲུབ་ཆེ་བ་ལོས་ཡིན་ཀྱང་།དངོས་གྲུབ་ཀྱི་དང་བོ་ག་རེད་གསུངས་པས།     བྱེའུ་ཆུང་དེས་ཡ། ལྷ་སྲས་ལགས།        དངོས་གྲུབ་ཀྱི་དང་བོ་གསེར་ནག་རིལ་མ་དེ་ཐོག་རྒོད་རྒྱལ་པོའི་སྙིང་ནོར། ལར་བདག་གྲུ་གུའི་གཡང་རྟེན་ཡིན་པས་ལྷ་སྲས་མདུན་ལ་ཕུལ་ཡོད་ཟེར།   དཔའ་ཐུལ་རྣམས་ནས་ལུས་ལེ་ཨེ་ཡིན་གསུངས།  ལུས་པའི་གནས་གང་ཡང་མེད་བོར་ལེ་ཨེ་ཡིན་ཟེར་ནས།   སྟག་རོང་གིས་ལུས་པ་མིན་བོར་སོང་བ་ཐག་ཆོད།  སུས་ཁུར་ཡོད་ན་དྲང་པོར་ཤོད་དང་དགའ།  མ་ཕུལ་ན་ཉེས་པ་ཆེན་པོ་གཅོད་ཟེར།   ལྷ་སྲས་ནས་ཡ།  ཨ་ཁུས་གསུངས་པ་ངེས་པར་བདེན།     གླིང་དཔའ་ཐུལ་རྣམས་ཀྱིས་ཕྱི་བྱུང་སྦ་གསང་མི་ཉན།སྤྱིར་ན་གེ་སར་ལ་མི་རུང་། དགོས་སུ་རྟེན་འབྲེལ་ལ་མི་རུང་གསུངས། སྡིག་  སྤྱོད་ཤན་པས་དཔའ་ཐུལ་རྣམས་ཀྱིས་གསེར་དེ་ཁུར་ཟེར་བ་ནི་ག་ལ་སྲིད།སླར་བྱེའུ་ཆུང་ཁོལ་བློ་འདྲི་དགོས་ཟེར་ནས་སྨྲས་པས།  ཤན་པ་ལགས། གསེར་ནག་གཡང་རིལ་དེ་བོར་ས་ལུས་ས་མེད།   རས་དཀར་བོའི་ནང་དུ་བཏུམས་ཡོད། ཕྱི་གཡོག་ལྕགས་ཀྱི་སྒམ་ཆུང་། ཁ་འདུམ་ལ་དངུལ་གྱི་ཁེབ་བ།   གཡུ་ཡི་ལྡེ་མིག མང་ཞུང་ལ་བྲེ་ལྔ་ཙམ་ཡོད།  ད་རེས་སྒོ་མོ་ཕྱེ་དུས། མི་གཟུགས་ཐུང་བ། ཤ་རྒྱས་པ། ཨ་ར་རྒྱ་བོ་དེའི་ཕྱོགས་སུ་ཡོད་ཟེར།  དཔའ་ཐུལ་ལ་ལས་ཤན་པ་ཨེ་ཡིན་ཟེར།    ལ་ལས་སྟག་རོང་ཨེ་ཡིན་ཟེར་ནས་ཐག་མ་ཆོད།དགྲ་ལྷས་བྱེའུ་འདྲེ་ཁྱོད་ཀྱི་གཏམ་དེ་ཅི་ཡིན་དཔའ་ཐུལ་བརྒྱད་ཅུའི་ནང་རོལ་ལ་ཧ་མི་གོ་བ་སུ་འགི་མ་གསང་དྲང་པོར་ཤོད་དང་དགའ།    མིན་ན་བྱེའུ་འདྲེ་སྲོག་དང་བྲལ་ངེས་ཡིན་གསུངས་པས།  བྱེའུ་དེ་ཤིན་ཏུ་སྐྲག་ནས་ལྷ་སྲས་ལགས།   སྟག་རོང་དཔོན་པོ་དེས་ཁུར་ཐལ་ཅི་བྱས་ཡོད་མི་ཤེས་ཟེར།སྟག་རོང་ངོ་ཚ།  སེམས་འདར་ནས་ཡ་ལྷ་སྲས་ལགས།   ཁོ་བྱེའུ་ཆུང་ཧམ་པ་ཆེན་པོ་རེད།   གསེར་ཁུར་སེམས་ལ་མ་ཤར་ཀྱང་།   ཁོ་ཡིས་བརྙས་ཆོས་དེ་ལྟར་བསྐུར་ག་ལ་ནུས་ཟེར་ནས་བྱེའུའི་སྟེང་ཁུ་ཚུར་བཅངས།   གཞན་དཔའ་ཐུལ་རྣམས་ཀྱིས་ཨ་ཁུ་འདིའི་བྱ་བྱེད་སྡུག་པོ།      དེ་ལྟར་གཞན་གྱིས་གོ་ན་ཅི་ཡོང་བསམས་ནས་བསྡད།     བློན་འདན་མས་ཡ་མ་བཞི་དཔོན་པོ་སྟག་རོང་ཁྱོད། ཉོན་དང་འདྲ་མ་འགའ་རེ་ཡོད་ཟེར་ནས་གླུ་འདི་བླངས་སོ། །”ཞེས་པའི་བར་དུ་ཕ་ཝང་དང་འབྲེལ་ནས་གྲུ་གུའི་གསེར་གཡང་སྐོར་གྱི་གཏམ་རྒྱུད་རྒྱས་པ་བཞུགས་ཡོད་པའོ།།

བཅུ་གཅིག  །བོན་གྱི་ཡིག་ཚང་དུ་བཤད་པའི་ཕ་ཝང་གི་སྐོར།


གཡུང་དྲུང་བོན་གྱི་ཡིག་ཚང་ཁག་ཏུ་ཕ་ཝང་གི་སྐོར་ནས་བཤད་པ་ཧ་ཅང་མང་ལ༼མདོ་དྲི་མེད་གཟི་བརྗིད༽ ལས“སྒམ་ཁྱེར་ཕ་ཝང་ཡིན་ན།  སྔོན་སྲིད་པའི་དཔེ་སྲོལ་ལ།  བྱ་བོན་འཕྲིན་པ་བཅུ་གསུམ་གྱི་ནང་ནས་ཀྱང་། འཕྲིན་པ་རྣོ་ལ་གྲགས་པ་ཐིང་སྔ་བ་དེ་ཁོ་ཡིན་པས།ཤེས་ཀྱང་ཤེས་ལ་བརྡ་ཡང་འབྱོར་ཏེ། གཟུགས་ངན་པས་ཁྲོམ་དུ་སྟོན་ཕེར་ཙམ་མེད་དེ། ཁོ་རང་ལ་དྲིས་དང་ཟེར་རོ། །དེར་ཕ་ཝང་ལ་དྲིས་པ། ཁྱེད་ནེ་ཙོའི་བྱ་བ་ཆེན་པོ་འདི་ལ། གམ་ཚིག་མཆིད་གསུམ་གྱི་བརྡ་འཕྲོད་དམ་བྱས་པས། ཕ་ཝང་གིས་ང་གཟུགས་ཡང་ངན་པས་ག་ན་འཕྲོད།  ཁྱེད་རྣམས་གཙུག་ཏོར་གྱི་ལྡེམ་དང་། གཞའ་ཚོན་གྱི་མདོག་དང་།  ཟ་འོག་གི་འཇོལ་དང་། ཟེར་ལྗང་གི་སྤུ་རུ་ཡོད་པ་རྣམས་ཀྱིས་ཤེས་ལས་ཆེ།  ང་ཕ་ཝང་ཉམ་ཡང་ཆུང་།  གཟུགས་ཀྱང་ངན།སྨྲས་ཀྱང་སྟོན་མོའི་བལྟ་འདྲེ་ཞིག་ལས་མི་ཡོང་”ཞེས་དང་ཡང་དེ་ཉིད་ལས་ “ཕ་ཝང་སྒམ་ཏེ་ཁྲོ་ལ་སྐྱེ་གཟུགས་ངན”ཞེས་དང་བོན་གྱི་ཡིག་ཚང་༼ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ༽ལས“ཡབ་ལྷ་ཡ་བོ་གང་རྒྱལ་དང་།  །ཡུམ་སྨན་བཙུན་ཐང་མོར་བཤོས་པ་ལས།  ། སྒམ་ཕ་ཝང་མང་ཀེ་རུ་སྲིད།  བོན་ཆུང་བདུད་ལ་དོངས། གཞིན་ངན་འཕྲུལ་འཕྲུལ་བོ་ཆེ། །ཡབ་ཀྱིས་དཀོར་ཕོག་པ།  །ནམ་མཁའ་བསགས་སུ་གཅོད་པའི་བཙལ་ཤུགས་ཕོག །ཡུམ་གྱིས་དཀོར་ཕོབ་པ། །རྫུ་འཕྲུལ་ལས་ཀྱི་ཐབས་དགུ་དང་། ། བྱིའུ་ལ་ཏིའི་སྡེར་མོ་ཅན། ། ཆུ་ལྕགས་རྒྱལ་གྱིས། །དར་དཀར་གཞི་མ་སྟེང་། །གསེར་གྱི་ཆོ་ལོང་སྐྱེ། །མཐིང་གི་ཨུག་ཤུད་བཀྲམ།  ། བདུད་རྩི་དམར་གྱི་པར་པུ་ལ།   ། སྒམ་ཕ་ཝང་སྤྱན་དྲངས་ནས། །ཉག་དང་ལྡིང་གིས་བོས། ། རིན་པོ་ཆེའི་ཁང་བུ་ནས། ། ཕ་ཝང་ཤལ་གྱིས་ཕེབས། ། ཆུ་ལྕགས་རྒྱལ་མོ་ཡིས། ། དར་དཀར་སླེ་ཡིས་བཟུང་། །ཆུ་ལྕགས་རྒྱལ་མོའི་ཞལ་ན་རེ། །སྒམ་མཁྱེན་འཕྲུལ་གྱི་བུ། །ཡབ་ཀྱི་ཆོ་ཆེ་སྟེ། །ལྷ་ཡའོ་གང་རྒྱལ་གྱི་ཚོ།  ། ཡུམ་གྱི་གནང་བཟང་སྟེ། ། སྨན་བཙུན་ཐང་མོའི་གནད། །ཕ་ཝང་མང་ཀེ་ཁྱོད། །ལྷ་དང་འཕྲིན་བར་བཟང་། ། གནམ་དྭང་པའི་སྐོས་ལ་མཁས། །ངེད་སྲིད་པ་ཡབ་ཡུམ་ལ། །མི་ལ་ལྷ་མེད་པས།  །སྲིད་པའི་བྱུང་ཁུངས་བསུབས། ། སྐྱེ་བའི་རྒྱུ་ཡང་ཆད། །གནམ་ཐེབས་བཅུ་གསུམ་ནུས།  སྲིད་ལྷ་སྤྱན་དྲངས་འཚལ། །དེ་སྐད་ཞུས་ནས་ཀྱང་། །དུང་གི་ཆོ་ལོང་སྐྱེ།བདུད་རྩི་དམར་གྱི་སར་བུ་ལ་སྐུགས་སུ་ཕུལ།  །ཕ་ཝང་མེར་གྱི་གའུར་ལྟམ། །ཆུ་ལྕགས་རྒྱལ་མོ་ཡིས། །འཕྲུལ་གྱི་སླེབ་མོས་བཟུང་། །ཕ་ཝང་མཆིད་ན་རེ། ། དོ་མོ་རྒྱ་ཆད་འདི།  རྩོག་རྒྱལ་ལག་པ་དང་། ། རྨེ་གོས་སླེབ་མོ་ཡིས།ང་བཟུང་སྟེ་ཅི་ལ་ཕན། །ང་ཡུལ་དང་གནས་གཙང་ན། །བར་སྣང་སྟོང་བ་གཙང་།  བཞུགས་པའི་གནས་གཙང་ན། ། རིན་པོ་ཆེའི་ཁང་བུ་གཙང་།  ད་བག་ཆགས་སྟུལ་གྱི་མ་གོས་པ་ལ། །མཆོང་བྲག་སྨུག་པོའི་ནང་དེ།དེ་ནས་ཆུ་ལྕགས་རྒྱལ་མོ་ཡིས།   དར་དཀར་ཞགས་པས་བཟུང་།མཐིང་གི་བཤུད་ཤིང་གི་བཅུང་ལ་བོར་ར།    ། བསད་དམ་བཅད་བགྱིས་པས   །ཕ་ཝང་མཆིད་ན་རེ།   །ང་མ་བསད་མ་བཅད་དང་།   །ལྷ་དང་མི་ཡི་འཕྲིན་པ་བྱ་སྐད།  ། ཆུ་ལྕགས་རྒྱལ་མོ་ཡིས།  ། མཐིང་གི་རལ་ཀ་ལུས་ལ་བཀོན། །གཡུའི་ཤ་མཚོ་དེ་ལ་བཀྱོན། །གསེར་གྱི་ཆོ་ལོང་ཕྱག་ཏུ་ཕུལ། །ཕྱ་མི་མགོན་སྐོས་མཁས་དང་།  ། རླུང་བོན་ཕྱེད་དེ་སངས་རྒྱས་དང་། ། སངས་པོ་འབུམ་ཁྲི་དང་། །མི་ཐན་ལྷ་ཐན་དང་། ། མི་རྟགས་ལྷ་རྟགས་ནི། ། ཕ་ཝང་སྙན་དུ་ཞུས།  ། ལྷ་གཉན་པོ་སྤྱན་འདྲེན་དུ་བཏང་། ། ཕ་ཝང་འཕུར་ཏེ་སོང་ནས། །རི་རབ་ལྷུན་པོའི་རྩེ་ལ། །འཕྲུལ་གྱི་ལུ་གུའི་སྟེང་དུ་བབས། ལུ་གུ་འུར་གྱིས་འདྲོགས་ཏེ་སོང་། ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་བབས་སོ། །སྲིད་པའི་ལྷའི་རྒྱལ་པོ་ཡེ་ལྷ་ཁྲི་འབུམ་དེ་ཡིས་གཟིགས། །སྒམ་མཁྱེན་འཕྲུལ་གྱི་བུ་མོ་ཡིས།  ། བྱའི་ལས་བྱུང་ན་བྱི་བའི་སོ་སྟོན། བྱི་བའི་ལས་བྱུང་ན་བྱའི་གཤོག་པ་སྐྱོང་། ། དེ་ཡེ་ཤེས་ལྷ་རྣམས་ཀྱིས་གཟིགས། ། ཡ་མཚན་སྤྲུལ་པའི་སེམས་ཅན་ཁྱོད། །བྱི་བའི་ལུས་དང་མགོ་བོ་ཅན། །བྱའི་གཤོག་པ་ལ་བྱིའུ་ལ་སྟིའི་སྡེར་མོ་ཡོད་པ་ནི།  ། འཕྲུལ་གྱི་ལུ་གུ་དེ་ལ་ཞོན། ། རྫུ་འཕྲུལ་ཇི་ལྟར་སྟོན། །ལྷ་རྣམས་དེ་ལ་ལྟད་མོ་ལངས། །སྤྱན་ཟུར་གྱིས་གཟིགས་པས། །སྤྱན་གྱི་ལི་རྟོག་ཕྱིས། ། ཐུགས་གིས་དགོངས་པས། ། ཐུགས་ཀྱི་མདུད་པ་གྲོལ། །ཞལ་མུལ་གྱིས་བཞད་པས། ། ཞལ་གྱི་གཉེར་མ་ཕྱིས། །སྙན་ཀྲས་ཀྱས་གསན་པས། །སྙན་གྱི་ངར་ཐབས་བྱ། །ཚེམས་ལྷག་གིས་བཞད་པས། ཚེམས་ཀྱི་སྲིན་བུ་གྲུས། ལྷ་རྣམས་དེ་ལ་ཤིན་ཏུ་དགྱེས། ཡེ་སྲིད་ལྷ་རྣམས་ཞལ་ན་རེ། །ཡ་མཚན་སྤྲུལ་པའི་སེམས་ཅན་ཁྱོད། །ཡབ་ཀྱི་ཆོ་ན་ཅིའི་ཆོ། །ཡུམ་གྱི་འབྲང་ན་ཅི་ཡི་འབྲང་། །འགྲོ་བའི་དོན་ནི་གང་དུ་གཉེར། །ཕ་ཝང་མཆིད་ན་རེ། །རྒྱུ་ནི་འབྱུང་བ་ལྔ་ལས་བསྐྱེད། །གནས་ནི་སྲིད་པའི་འཁོར་ལོར་གནས། །དོན་ནི་ལྷ་རྣམས་དབྱིངས་སུ་གཉེར། །ལས་སུ་ལྷ་དང་མིའི་འཕྲིན་པ་བྱེད། །ཡབ་ནི་སྲིད་པ་ལྷའི་སྲས། །ཡུམ་ནི་རྫུ་འཕྲུལ་སྨན་གྱི་གནད། གནམ་ཐེམ་བཅུ་གསུམ་ཁ་ཤེད་ནས།། ཕོ་ལྷ་མོ་ལྷ་བཞུགས་པ་རྣམས། ། མིའི་མགོན་དུ་སྤྱན་འདྲེན་ན། ། ཡེ་སྲིད་རྣམས་གཤེགས་སུ་གསོལ།  །ཡེ་སྲིད་ལྷ་རྣམས་ཞལ་ན་རེ།  །སྒོམ་ཕ་ཝང་ཁྱོད། །སྒོམ་ཕ་ཝང་ཁྱོད།  །མགོ་ལུས་བྱ་དང་བྱི་བ་ལ།  །སྡེར་མོ་ལྕགས་སུ་འདུག་པ།  །རྣ་བ་ཧེལ་གེར་འདུག་པ། །ཡ་ཁ་ཤོ་རེར་འདུག་པ།  །འདབ་ཆགས་གཤོག་པ་ཐོགས་པ་གཅིག དུར་ཁྲོད་ལུག་ལ་ཞོན་པ་ཁྱོད་ལྟས་ངན་རྒྱལ་པོ་ཡིན།  ལྷ་ལ་བསླུ་བྱེད་པ་ཡིན།  ཁྱོད་ལྷ་དང་མིའི་ཐན་འཕྲིན་ཡིན་ན་དུན་རྟགས་ཅི་ཡོད།  །ཕ་ཝང་མཆིད་ན་རེ།  ། བདག་མགོ་ལུས་བྱི་བར་འདུག་པ་ནི། །ཡུམ་ཆུ་བྱི་སྨན་གྱི་སྤྲུལ་པ་ལགས།  །སྡེར་གཤོག་བྱ་རུ་འདུག་པ་ནི། །ཡབ་མེས་སྤྲུལ་པ་སྟོང་དང་ལྡན། །གནམ་བྱ་དཀར་པོའི་ཆོ་ཡིན། །རྣ་བ་ཧེར་གེར་འདུག་པ་ནི། །རྨུ་བདུད་འཚམ་དང་གསུམ་ལ་ཉན་པ་ཡིན།། སྤུའི་གྲ་ཉམས་པ་ནི།  ། གནམ་ཐེམ་བཅུ་གསུམ་འབྲལ་བ་ཡིན།།  ”ཞེས་དང་༼ཕ་ཝང་གི་མདོ༽ཞེས་པའི་བོན་གྱི་ཡིག་ཚང་དུ་ཀོང་ཙེ་འཕྲུལ་རྒྱལ་དང་ཕ་ཝང་གི་ཁ་བརྡ་ལས་“ཀྱཻ་དང་པོ་རྫིའི་རྒྱལ་པོ་དང་། ངད་ཀྱི་རྒྱལ་མོ་གཉིས་འཚོས་པ་ལ།  བུ་ནི་རྒོས་པོ་ཕ་ཝང་སྲིད་། ལྷ་མྱི་གཉིས་ལ་འདི་ཡོད་ན།  ཆི་བྱས་ཐམས་ཅད་ལོག་པར་བཤད། ལྷ་མི་གཉིས་ལ་འདི་ཡོད་ན།  ཅི་བྱས་ཐམས་ཅད་ལོག་བསམས་པ་གྲུབ། བསམ་པའི་དོན་རྣམས་ཡིད་བཞིན་གྲུབ། ཕ་ཝང་རྒོས་པོ་ཡོད་པ་ཟེར། ཕ་ཝང་རྒོས་པོ་རྩགས་གིས་གཟུང་། ཀོང་ཙེ་འཕྲུལ་རྒྱལ་ཕྱག་ཏུ་ཕུལ། ཡང་རྩལ་ཆེ་བའི་སེམས་ཅན་ཅིག  ལྟའ་ན་ཀོང་ཙེ་སྐྱུག་རེ་བྲོ། ལུས་ལ་ཕ་ཝང་མཚན་སྣ་ཚོགས་རྣམས། ཁོག་ན་ཤེས་པ་སྣ་ལྔ་འདྲེན། ལུས་ལ་ཤེས་པ་སྣ་ལྔ་ཡོད། སྨྲས་པ་མིན་ས་གཅིག་ཀྱང་མེད། གོང་ཙེ་ཞེས་པ་ཞལ་ནས་བསྟོད། ཕ་ཝང་རྒོས་པོ་ཞལ་ན་རེ། ང་མ་བུ་མ་བསད་མ་བཅད་དོ། །བསད་ན་ཤི་ཁོག་སྐྱ་བོ་ཡིན། ང་མ་བསད་པ་ལ་གཏོང་དང་ལྔ་ཡོད། ལུས་ལ་ཡོན་ཏན་སྣ་ལྔ་ཡོད། ཕ་ཝང་རྒོས་པོ་བརྔན་ནོ་སྐད།  ཕྱི་མ་བརྔན་པ་ཕན་པ་ན།  ཕ་ཝང་རྒོས་པོ་མ་བརྔན་ན། གནམ་ས་གཉིས་ཀྱང་སྟེང་འོག་འགྱུར། མགོ་ནག་མྱི་ལ་ན་ཚ་ཡོད།   སེམས་ཅན་ཕྱུགས་ལ་གོད་ཁ་ཡོད། གནམ་ལས་ཆར་ཆུ་འབབ་མི་ཉན།  ས་ལ་རྩི་ཏོག་འཁྲུངས་མི་ཉན། འབྲུ་དྲུག་ལོ་ཏོག་སྐྱེས་མི་ཉན།  གསོ་བའི་བེའུ་ལུག་འཕེལ་མི་ཉན།  དབང་ཐང་བུ་ཚ་སྐྱེ་མི་ཉན། ཆུ་བོ་གཞུང་ནས་འབབ་མི་ཉན།  རྟ་ནོར་ལུག་གསུམ་འཕེལ་མི་ཉན།མགྲོན་པོ་གྲོགས་དང་སྤྱོད་མི་ཉན།  དམག་གཡག་དགྲ་སྲང་འདུལ་ཐབས་མེད། ས་སྐོས་མཁར་ལས་བྱས་མི་ཉན། ཤི་བ་ལྷ་དང་འཕྲད་མི་ཉན།  དེ་བས་ཕ་ཝང་བརྔན་ནོ་སྐད།འཕྲས་གིས་བྱེད་ལུག་གཡག་གསུམ་གིས། བདུད་རྩི་ཞིམ་དགུ་མངར་བཅུད་འདི། ཕ་ཝང་རྒོས་པོ་བརྔན་འཚལ་ལོ། །གོང་ཙེ་རྒྱལ་བོ་འདི་སྐད་གསུང་། སེམས་ཅན་ཁྱོད་ཀྱི་ལུས་སྟེང་ལ། ལྟས་ངན་སྣ་ལྔ་སྣང་བ་ཟེར། མི་ལུས་བྱ་ཡི་མགོ་བོ་ཅན། མི་སྐྱེས་པའི་ལྟས་ངན་གཅིག་། བྱ་ཤོག་གཤོག་བྱི་བའི་སྡེར་མོ་ཅན་། མི་སྐྱེས་པའི་ལྟས་ངན་གཉིས། འདབ་ཆགས་ལུས་ལ་འཆི་བར་ན། མི་སྐྱེས་པའི་ལྟས་ངན་གསུམ།  བརྡོས་ཕྲ་བོ་གཤོག་པའི་སྡེར་མ་ཅན།  མི་སྐྱེས་པའི་ལྟས་ངན་བཞི།  ཡར་མཆུ་ཤོག་རེ་འདུག་པ་དེ། མི་སྐྱེས་པའི་ལྟས་ངན་ལྔ། རྣ་བ་ཧེད་གིས་འདུག་པ་དེ། མི་སྐྱེས་པའི་ལྟས་ངན་དྲུག །ལུས་ཆུང་ལ་ཁ་བཙན་ཆེ། མི་སྐྱེས་པའི་ལྟས་ངན་བདུན།  ཤེས་པ་ཆེ་ལ་རྣ་བ་རིང་། མི་སྐྱེས་པའི་ལྟས་ངན་བརྒྱད། བྱོལ་སོང་ལུས་ལ་མི་སྐད་སྨྲས།  མི་སྐྱེས་པའི་ལྟས་ངན་དགུ།ལུས་པོ་ཆུང་ལ་གཉེར་མ་མང་། ལྟས་ངན་རྣམ་པར་སྣ་ཚོགས་དེ།  སེམས་ཅན་ཁྱོད་ལས་ཚང་ནས་འདུག ། ལྷ་མི་གཉིས་ཀྱི་འཕྲིན་པ་བྱེད།མི་དང་ལྷ་རུ་འདུག་པ་གཉིས།  དེ་སྐད་ཡིན་ནས་གསུང་པ་དེ།ཕ་ཝང་རྒོས་པའི་ཞལ་ན་རེ།  ཡ་མཚན་ཆེ་བའི་ལུས་པོ་ལ། ཡོན་ཏན་སྣ་དགུ་ཡོད་པ་ཡིན།  འཕྲུལ་རྒྱལ་ཀོང་ཙེ་ང་ལ་ཉོན།  བྱེའུ་ཡི་གཤོག་པ་འདུག་པ་དེ་། ཕ་ཐང་དཀར་རྒོད་པོའི་བུ་ཡིན་པ།བྱིའི་ལུས་པོར་འདུག་པ་དེ། མ་བྱི་ལོང་སྔོན་པོ་བུ་ཡིན་པ། དེའི་ཡོན་ཏན་དེའི་ཟེར།  མང་ན་སྟོང་བ་འགོ་བོ་དེ།  མ་བཞི་བུ་ལ་ཡོད་པ་ཡིན། དེའི་ཡོན་ཏན་དེའི་ཟེར། གཤོག་པ་སྡེར་མོ་ཡོད་པ་དེ།  ངན་སོང་གནས་ནས་འདྲེན་པའི་རྟགས། དེའི་ཡོན་ཏན་དེའི་ཟེར། ལུས་པོ་ཆུང་ལ་སྙིང་མ་མང་། ཉོན་མོངས་སྡུག་བསྔལ་སེལ་བའི་རྟགས། དེའི་ཡོན་ཏན་དེའི་ཟེར། ཁ་ཆེན་ཆེ་བ་འདུག་པ་དེ། འགྲོན་པོ་གཉེར་ལས་ཆགས་པ་ཡིན།  དེའི་ཡོན་ཏན་དེའི་ཟེར། ཡར་མཆུ་ཤོག་རེ་འདུག་པ་དེ། ཐབས་དང་ཤེས་རབ་ལྡན་པའི་རྟགས། དེའི་ཡོན་ཏན་དེའི་ཟེར། རྣ་བ་ཧེད་གིས་འདུག་པ་དེ། སྣང་སྲིད་དྲ་ལ་རྣོན་པའི་རྟགས།  དེའི་ཡོན་ཏན་དེའི་ཟེར། རྣ་བ་སྲེས་ཚུག་འདུག་པ་དེ། བདེན་པ་ཤག་གི་ཐུབ་པའི་རྟགས། དེའི་ཡོན་ཏན་དེའི་ཟེར། བྱོལ་སོང་ལུས་པོ་འདུག་པ་དེ། སྤུན་ལྔ་འགྲོན་པོ་བྱེད་པའི་རྟགས། དེའི་ཡོན་ཏན་དེའི་ཟེར། བསོ་མ་ས་ང་ཚོན་ཆེའི་བུ། གནོན་ན་ས་བཅུ་ཟིལ་གྱིས་གནོན། བཤིག་ནས་རྡོ་རྗེ་བྲག་ཀྱང་བཞིག ། སྐུས་ནས་འཆི་མེད་བདུད་རྩི་སྐུས། ཕ་ཝང་ཤག་གི་མི་ཐུབ་ན། བརྔན་ནོ་གསེར་དང་གཡུའི་བརྔན། མཆོད་ནས་དུང་འབྲས་གིས་མཆོད། ཡོན་བདག་འདིའི་མགོན་སྐྱབས་མཛོད། སྲིའུ་འདིའི་དམུ་དག་གཟུང་གཟུང་། ཇག་འགྲོ་རྣམས་ཀྱི་རྫིའུ་གྱིས། སྡང་བའི་དགྲ་ལ་བྱད་སྣ་དྲོངས། ཕ་ཝང་ཡར་མཆུ་རྡོ་རྗེ་སོ་བ་འདྲ་། བན་དེ་བྱད་ཁ་ཕྱིར་ལ་ཟློག ། བརྔན་ནོ་གསེར་དང་གཡུའི་བརྔན། ཕ་ཝང་རྒོས་པོ་དགུང་སྔོན་འདྲ། གནམ་གྱི་ཐོག་སེར་ཡོང་བ་ཟློག།ཕ་ཝང་སྤྱན་མྱིག་ཉི་མ་འདྲ ། གློག་དམར་དམར་པོ་ཡོང་འདྲ་ཟློག ། ཕ་ཝང་སྣ་ནི་རྒྱལ་མཚན་འདྲ།  རྒྱལ་བོ་ཡོད་པ་ཟློག །ཕ་ཝང་སོ་ནི་རྩང་ཕུར་འདྲ།  འཆི་བདག་བདུད་ཀྱི་བར་ཆད་ཟློག་། ཕ་ཝང་ལག་པགས་གསེར་ཐུར་འདྲ།  བདུད་དམག་གི་ཕྱག་ཆ་ངན་པ་ཟློག།   ཕ་ཝང་གཤོག་པ་ནལ་བ་འདྲ།  བདུད་ཀྱིས་བདུད་བཙན་ཕྲོས་པ་ཟློག །ཕ་ཝང་སྡེར་མོ་ལྕགས་ཀྱུ་འདྲ། བདུད་ཀྱི་ཤན་པ་ཡོང་བ་ཟློག  །ཕ་ཝང་གཤོག་པ་སྡེར་མོ་འདྲ། སྐྱ་བོ་རལ་ཡུལ་ཡོང་བ་ཟློག  །ཕ་ཝང་གཤོག་རུ་རྒོད་གཤོག་འདྲ། ཕ་ཝང་བརྔན་པས་བན་བྱད་ཟློག་། ཕ་ཝང་བརྔན་པས་བོན་བྱད་ཟློག་། ཕ་ཝང་བརྔན་པས་ནད་ཡོང་ཟློག་། ཕ་ཝང་བརྔན་པས་རིམས་ཡམས་ཟློག །ཕ་ཝང་བརྔན་པས་ཕྱུག་ནད་ཟློག །ཕ་ཝང་བརྔན་པས་རྟ་ནད་ཟློག། ཕ་ཝང་བརྔན་པས་ནོར་ནད་ཟློག ། ཕ་ཝང་བརྔན་པས་ར་ནད་ཟློག ། ཕ་ཝང་བརྔན་པ་ལུག་ནད་ཟློག ། ཕ་ཝང་བརྔན་པས་ཚེ་སྲོག་འཚོས། ཕ་ཝང་བརྔན་པས་དགྲ་སྣ་སྒྱུར། ཕ་ཝང་བརྔན་པས་གྱོད་སྣ་སྒྱུར། ཕ་ཝང་བརྔན་པས་ཡུལ་ཁམས་སྲུང་། ཕ་ཝང་བརྔན་པས་འགྲོན་པོ་འཚོ། ཕ་ཝང་བརྔན་པས་ཡོན་ཏན་སྲུང་། ཕ་ཝང་བརྔན་པའི་ཡོན་ཏན་གིས། འགྲོན་པོ་བྱེས་ལ་འགྲོ་བ་དང་། བུད་མེད་ཡུལ་དུ་འདུག་པ་དང་། བེ་ལུག་གཟན་ལ་སྐྱོང་བ་དང་། ཕ་འགྲོ་རྣམས་ཀྱི་སྐྱེལ་མ་གྱིས། ཚུར་ཡོང་རྣམས་ཀྱི་བསུ་མ་གྱིས། བརྔན་ནོ་གསེར་དུང་གཡུ་ཡིས་བརྔན། མཆོད་མཆོད་ནས་དང་འབྲས་ཀྱིས་མཆོད། བདུད་རྩི་ཕུད་གིས་བརྔན་ཡོན་འབུལ། ཀྱཻར་ཕ་ཝང་ཁ་ཤར་དུ་བསྟན་པ་ཡིས། ཤར་ཕྱོགས་བན་བྱད་བོན་བྱད་ཟློག ། དགྲ་སྣ་གྱོད་སྣ་ཡོང་བ་ཟློག ། ཕ་ཝང་བརྔན་པ་ཕྱིར་ལ་ཟློག ། ཕ་ཝང་ཁ་ནུབ་ཏུ་བསྟན་པ་ཡི། ནུབ་ཕྱོགས་བན་བྱད་བོན་བྱད་ཟློག ། ཕ་ཝང་ཁ་བྱང་དུ་བསྟན་པ་ཡི། བྱང་ཕྱོགས་བན་བྱད་བོན་བྱད་ཟློག ། དགྲ་སྣ་གྱོད་སྣ་ཡོང་བ་ཟློག ། ཕ་ཝང་བརྔན་པའི་ཡོན་ཏན་གྱིས། ཕ་ཝང་ཁ་སྟེང་དུ་བསྟན་པ་ཡིས། སྟེང་ཕྱོགས་ཀྱིས་ཐོག་སེར་ཡོང་བ་ཟློག ། ཕ་ཝང་ཁ་འོག་དུ་བསྟན་པ་ཡིས། ས་བདག་ཀླུ་ཆེན་གནོད་པ་ཟློག ། སྲིད་པའི་གཟུ་བོ་གསས་རྡོའ་དང་། སྲིད་པའི་སྤྲེལ་དཀར་གསེར་མགོ་དང་། ཕ་ཝང་རྒོ་པོ་དེ་དང་གསུམ། དེ་གསུམ་སྲིད་པའི་གཟུ་བོ་ཡིན། གཟུ་བོ་ཡིན་པས་གཟུ་མཛོད་ཅིག། བརྔན་ཡོན་ཚངས་བ་ཁྱེད་ལ་འབུལ། ཁྱེད་ཀྱི་འཕྲིན་ལས་མ་བཅོད་ཅིག་། རྒྱུ་སྦྱོར་ཡོན་གྱི་བདག་པོའོ། ནད་པ་ཡོད་ན་གསོས་པ་གྱིས། སྲིའུ་ཡོད་ན་ཚེ་རྫི་མཛོད། རྒུས་མ་རྣམས་ཀྱི་སུར་མ་གྱིས།རྟ་ནོར་ལུག་གསུམ་ཚེ་རྫི་གྱིས། བོན་པོ་བདག་གི་མགོན་སྐྱོབས་མཛོད། ཚར་རོ།  །ཞེས་སོགས་གཞན་ཡང་ཕ་ཝང་གིས་དབང་བསྐུར་བ་སོགས་ཧ་ཅང་མང་པོ་འདུག་གོ།  །


བཅུ་གཉིས། གཏམ་རྒྱུད་ནང་དུ་བཤད་པའི་ཕ་ཝང་གི་སྐོར།

 

བོད་ཀྱི་ངག་རྒྱུད་དང་གཏམ་རྒྱུད་ཁྲོད་དུ་ ཕ་ཝང་དང་འབྲེལ་ཡོད་མང་ལ་མདོ་ཁམས་དགེ་འབྲོང་ས་ཆའི་དམངས་སྲོལ་ཆེད་མཁས་པ་བེ་རི་ཚུལ་ཁྲིམས་ཀྱིས་བསྒྲིགས་པའི་༼སྲིད་པའི་གནའ་སྒྲུང་རིང་མོ༽ལས་“འདབ་ཆགས་ཀུན་གྲོས་བྱས་མཐར་རྩལ་འགྲན་བྱེད་རྒྱུ་ཐག་བཅད་དོ།  །ཕྱི་ཉིན་དང་པོ་ནམ་འཕངས་སུས་ཆོད།  དེ་ནས་འགྱུར་རྩལ་སུ་ཆེ།   ཐ་མ་ས་འབབ་སུ་མྱུར་བྱེད། འདབ་ཆགས་ཀྱི་ཡོན་ཏན་དེ་དག་ཡིན་པས་བཟང་ངན་གྱི་དབྱེ་བ་འབྱེད་ཡོང་ཟེར།   དེར་ལྤགས་བྱེའུ་ཕ་ཝང་གིས་སྣེ་མེའི་སྐྱི་ཁུག་གཅིག་གི་ནང་།    ཐལ་བ་རུས་དུམ།  ཇ་སྙིགས།   ཚྭ་དུམ་བཅས་བཅུག་ནས་སྐེ་ལ་བཏགས།   རྒོད་ཀྱི་འགྲམ་དུ་ཕྱིན་ཏེ།    ཆེ་ཆེའི་རྩ་ལ་ཆུང་ཆུང་འཁོར་ང་རང་ཨ་ཕོ་རྒོད་ཀྱི་འགྲམ་ཏུ་དུ་འདུག་དགོས་སྨྲས་ནས་བསྡད་པས། རྒོད་ཀྱི་རྟེན་འབྲེལ་ཤིན་ཏུ་ལེགས་སྙམས།   དེའི་སྐབས་སུ་འདབ་ཆགས་འདུས་པའི་དཀྱིལ་ནས་སྐྱ་ཁྲས་ཀི་ཟེར་བ་དང་འདབ་ཆགས་ཀུན་འུར་ཆིལ་ལེར་འཕུར།  རྒོད་ཀྱང་ནམ་འཕངས་བཅད་དེ་འཕུར།   སྐབས་དེར་ཕ་ཝང་རྒོད་ཀྱི་ཐུ་ལུའི་གསེབ་ཏུ་འཛུལ།   གཏམ་དཔེ་རུ།  ཐང་དཀར་རྒོད་པོའི་གཤོག་ལྟེབ་ལ།  ཕ་ཝང་མོག་ཀེའི་ཉི་མ་ལྡེ་ཟེར་བ་དེ་ནས་བྱུང་།   རྒོད་ནམ་མཁའི་བྱ་ལམ་གོང་མར་སྐེབས་སྐབས་ངའི་ཡན་ལ་སུ་ཡོད་སྨྲས་པས། ཕ་ཝང་གིས་ང་ཡོད་ཟེར།  དེ་མར་འབབ་མྱུར་སུ་ཆེ་བྱས་པས།  ཕ་ཝང་གིས་གཤོག་པ་བཅུམ་པས་སྣེ་མེའི་སྐྱི་ཁུག་གིས་དྲུད་ནས་དེ་མ་ཐག་སར་ལྷུང་།  རེ་ཞིག་ལ་བརཉདབ་གཟེར་གྱིས་དྲན་མེད་བརྒྱལ།   བརྒྱལ་སངས་པ་ན་ཡར་ལངས་ཏེ་རྡོ་གསུམ་སུམ་ཐབ་ཀྱི་ཚུལ་དུ་བྱས།   བར་དུ་ཐལ་བ་སྤུངས།   ཉེ་འགྲམ་དུ་ཚྭ་དང་རུས་པ་ཇ་རོ་སོགས་བཞག་ནས་བསྡད་པས།   དང་པོ་སྐྱ་ཁྲ།  གཉིས་པ་གླག་སོགས་རིམ་བཞིན་འབྱོར་བས་ཕ་ཝང་གིས་ཁྱེད་རྣམས་ད་བར་གང་དུ་བསྡད།   བདག་འདིར་སླེབས་ནས་ཇ་བསྐོལ་བཟའ་བཏུང་བྱས། ཇ་བསྐོལ་བའི་ཇ་རོ་དང་ཤ་ཟོས་པའི་རུས་པ། མེ་བུས་པའི་ཐལ་བ། རྩམ་པ་ཟོས་པའི་ཁུག་མ་བཅས་འདི་དག་ཡིན་ཞེས་སྨྲས།  དེ་རིང་བྱ་ཡི་རྩལ་འགྲན་ལ། ནམ་འཕངས་ཐང་དཀར་རྒོད་པོས་ཁྱོགས། འགྱུ་རྩལ་སྐྱ་ཁྲ་ཧོར་པ་བཟང་།  འཕུར་སྣ་ཕུག་རོན་སྔོན་མོ་རིང་། གཡོ་སྒྱུ་ཕ་ཝང་མོག་ཀེ་རྒོད། ཤུར་སྒྲ་ལྡིར་སྒྲ་གོ་རྒན་ཆེ་ཟེར་བ་ལ་ཐམས་ཅད་ཀྱིས་དེ་རང་རེད་ཟེར།ཡང་སང་ནམ་མཁར་ཉི་མ་ཤར་བ་མཐོང་སུ་སྔ་བྱེད། བསོད་ནམས་ཆེ་ཆུང་དེ་ཡིས་འབྱེད་ཟེར། ཕྱི་ཉིན་ནངས་སྔ་བར་འདབ་ཆགས་ཀུན་ཁ་ཤར་ལ་གཏད་དེ་བསྡད། ཕ་ཝང་ཁ་ནུབ་ཏུ་གཏད།   གཏམ་དཔེ་རུ་བྱ་བརྒྱའི་ཁ་ཤར་ལ་གཏད་དུས་ཕ་ཝང་སྐྱི་ལྷེབ་ཁ་ནུབ་ཏུ་གཏད་ཟེར་བ་དེ་དུས་བྱུང་།  དེའི་སྐབས་སུ་ནུབ་ཀྱི་རི་བོ་ལ་ཉི་མའི་འོད་ཟེར་ཕོག་པ་དང་ཕ་ཝང་གིས་དེ་མ་ཐག་ཏུ་ཉི་མ་ཡས་ཟེར་བ་དང་།འདབ་ཆགས་རྣམས་འུར་སེ་ཁ་ནུབ་ཏུ་ཕྱོགས་ཏེ་བལྟས་པས། ཡང་ཕ་ཝང་གིས་དངོས་པོ་མས་ཟེར་བ་དང་བ་བྱ་རྣམས་ཁ་ཤར་དུ་བསྒྱར། དེར་འདབ་ཆགས་རྣམས་ཀྱིས་ལྟས་ངན་ཕ་ཝང་འདིས་གནོད་བསྐྱལ་བྱུང་ཟེར་ཁ་རུབ་མཆུ་རུབ་ཀྱིས་གསོད་ཤོམ་བྱས་པས།  ཕ་ཝང་གིས་ཐང་དཀར་རྒོད་པོ་ལགས།  གཤོག་སྒྲོ་ལེབ་མོ་གཡོར་དང་ཞེས་རྒོད་ཀྱི་རྩ་ལ་བྲོས་པས།   རྒོད་གཤོག་བརྡབ་ཀྱིས་བྱ་རྣམས་ཕར་དཀྲོགས།   སྲོག་ལ་མི་གཏུགས་པའི་ངོ་ཆེན་བྱས། ཕ་ཝང་བྱད་གཟུགས་ངན་པས་རྗེ་རུ་མ་བསྐོས།”ཞེས་སོགས་བཤད་འདུག་ལ་འདིའི་ནང་གཏམ་རྒྱུད་དང་དོན་འདྲ་བ་ཞིག་འཇང་ཡུལ་གྱི་ལྷ་སྒྲུང་༼ཕ་ཝང་དཀར་པོས་རྩིས་གཞུང་ལེན་པའི་སྒྲུང༽“ནམ་མཁའི་ཚེ་རིང་ལེ་འོད་དང་ས་སྟེང་གི་ཚེ་འོང་པང་པེ་གཉིས་སྐུ་སྙུན་བཞིན། ཡུལ་དེར་གཞིས་ཆགས་པའི་མི་རྣམས་ནས་བྲེལ་ཟིང་འ་འུར་སྒོས་ལྷ་མོ་ཕན་གཙུག་ས་ནས་རྩིས་ཀྱི་བསྟན་བཅོས་ལེན་མཁན་སུ་ཞིག་མངག་དགོས་པའི་སྐོར་གྲོས་བསྡུར་བྱེད་དོ།། དེ་དུས་དེའི་ཚེ། ལྷ་ཡི་ཕ་ཝང་དཀར་པོ་ན་རེ། “ལྷ་མོ་ཕན་གཙུག་མདུན་དུ་ང་འགྲོ་ཆོག སྙན་པའི་ཚིག་གསུམ་ངས་སྐྱེལ་ཆོག ཡིན་ནའང་། ངའི་སྒྲོ་སྤུ་དང་རྔ་མ་སྐམ་ཞིང་རིད་པ། གནམ་ལ་འཕུར་དཀའ་བའོ།།”ཅེས་སྨྲས། ཟུར་དུ་བྱ་རྒོད་གསེར་སྒྲོ་ཅན་དེས་“སྒྲོ་དང་རྔ་མ་སྟོབས་ལྡན་ང་ལ་ཡོད་དེ་བཤད་པའི་ལྕེ་བདེ་མོ་དང་། སྙན་པའི་ཚིག་གསུམ་ནམ་མཁའ་ལ་སྐྱེལ་དཀའ།”ཟེར།ཕ་ཝང་དཀར་པོས་“གསེར་མདོག་རྒོད་པོ་ལགས། འོ་ན། ཁྱེད་ཀྱི་སྒྲོ་དང་རྔ་མ་དེ་ང་ལ་གཡར་ན་ཆོག་གམ། “ཞེས་ཟེར།རྒོད་པོས་“ང་ནི་ས་སྟེང་འདབ་ཆགས་ཀུན་གྱི་རྒྱལ་པོ་སྟེ། སྒྲོ་དང་རྔ་མ་ཁྱོད་ལ་གཡར་མི་རུང་ངོ་།།”ཞེས་སོ།།ཕ་ཝང་གིས་“སྒྲོ་དང་རྔ་མ་མི་གཡར་ནའང་ཆོག རེད་དེ་ངེད་གཉིས་ཀྱིས་རྒྱན་ཞིག་འཇོག གནངས་ཉིན་ཞོགས་པའི་ཉི་ཐིག་དང་པོ་དེ་སུས་མཐོང་ན་དེ་ལ་རྒྱལ་ཁ་འཐོབ་པ་ཡིན། རྒྱལ་ཁ་ལོན་མཁན་དེ་སྐྱ་མྱི་དང་ཕམ་ཁ་ཁུར་མཁན་དེ་བཞོན་པ་བྱ་དགོས།”ཟེར།ཉིན་གཉིས་པའི་ཞོགས་པར་བྱ་གཤིས་བཟང་ཅན་གསེར་མདོག་རྒོད་པོ་དེ་ནོར་བུ་ནག་པོའི་རི་ལ་རྒྱབ་གཏད་དེ་ཁ་ཤར་ཕྱོགས་སུ་བསྐོར། སྤྱང་གྲུང་འཛོམས་པའི་ཕ་ཝང་དཀར་པོ་ནི་ཤར་ཕྱོགས་དུང་དཀར་རི་ལ་བཞུགས་ཏེ་ཁ་ནུབ་ཕྱོགས་སུ་གཏད་དོ།།འོད་དཔག་ཏུ་མེད་པ་འཕྲོ་བའི་ཞོགས་པའི་ཉི་མ་ནི་ཤར་ཕྱོགས་དུང་དཀར་རི་ལས་ཤར་ཞིང་། འོད་ཟེར་དེ་ནུབ་ནོར་བུ་ནག་པོའི་རི་ལ་ཁྱབ་ཅིང་། ཕ་ཝང་གིས་འོད་ཐིག་དཀར་པོ་སྔོན་དུ་མཐོང་། གསེར་མདོག་རྒོད་པོས་འོད་ཟེར་མཐོང་ཕྱི་བས་རྒྱན་ལས་ཕམ་སྟེ་ཕ་ཝང་གི་བཞོན་པ་བྱེད་དགོས་ཐུག དེས་ན་ཕ་ཝང་གིས་གསེར་མདོག་རྒོད་པོ་ཆིབས་ཏེ་ས་སྟེང་ནས་གནམ་ལ་འཕུར། ཁོང་གཉིས་འཇུ་ནེ་ལྷ་རིའི་རི་རྩེར་བསླེབས་པ་དང་། ཤུར་ཤུར་ཞེས་སྒྲ་ཆེན་པོ་ཞིག་གྲག་སྟེ་གཡོན་གྱི་ཕྱོགས་ནས་རླུང་དཀར་པོ་དང་། གཡས་ཀྱི་ཕྱོགས་ནས་རླུག་ནག་པོ་ལྡང་། རླུང་དཀར་ནག་གཉིས་མཉམ་དུ་བསྡེབས་ཏེ་རི་རྩེ་ལ་གཡོ་ཞིང་དྲག་ཏུ་གཡུག དེ་མ་ཐག་རྒོད་པོ་གསེར་མདོག་ཅན་རླུང་དཀར་ནག་གཉིས་ཀྱིས་དེད་དེ་ཕྱིར་ས་སྟེང་དུ་ལྷུང་། ཕ་ཝང་དཀར་པོ་སྤྲིན་དཀར་ནག་གཉིས་ཀྱིས་ཡར་བཀྱགས་ཏེ་ནམ་མཁའི་གོང་མ་ལྷ་ཡི་ཡུལ་དུ་སྐྱེལ་མཛད་དོ།།”ཞེས་ཀྱང་བཤད་འདུག་གོ།   །

 

དེ་ལྟར་ཕ་ཝང་དང་འབྲེལ་བའི་ཡིག་ཚང་སྣ་ཚོགས་ལས་བཏུས་ནས་སྤེལ་བར་བྱེད་པ་པོ་ནི་མདོ་ཁམས་འབྲོང་པ་སྨད་མར་སྐྱེས་པ་ཉང་བློ་གྲོས་རབ་གསལ་ཞེས་པ་བདག་ལགས་ཤིང་།  འདིས་ཀྱང་ཕ་ཝང་སྒམ་པོ་ལ་རྒྱུས་ལོན་ཅུང་ཙམ་རེ་འབྱུང་བའི་རེ་བ་དང་བཅས་བོད་མདོ་ཆེན་གསུམ་གྱི་ཡ་གྱལ་སྐྱེ་དགུ་མདོ་ནས་ཕུལ་བའོ། །

(转载自羊兄乐园)


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-16 01:57 , Processed in 0.055409 second(s), 20 queries .

返回顶部