日志

གླིང་སྒྲུང་དུ་བསྟན་པའི་ཕ་ཝང་གི་སྐོར། ཉང་ ...

已有 90 次阅读2020-2-19 10:03 |系统分类:文化| 史诗, 蝙蝠

གླིང་སྒྲུང་དུ་བསྟན་པའི་ཕ་ཝང་གི་སྐོར། ཉང་བློ་གྲོས་རབ་གསལ།

གླིང་སྒྲུང་ནི་བོད་རིགས་ཀྱི་དཔའ་བོ་གེ་སར་རྒྱལ་པོའི་བྱུང་བ་བརྗོད་པའི་སྒྲུང་རིང་དེ་ཡིན་ཞིང་འཛམ་གླིང་སྟེང་གི་སྙན་ངག་སྒྲུང་རིང་གསུམ་གྱི་ཡ་གྱལ་ཡང་རེད། དེར་བོད་ཀྱི་འཚོ་བ།  ཆོས་ལུགས།  དམངས་སྲོལ་སོགས་མང་པོ་ཞིག་བརྗོད་བྱ་བྱས་ཡོད་པས་ན་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་བང་མཛོད་ཆེན་མོ་ཞེས་ཀྱང་འབོད་པར་བྱེད་དོ། ། དེ་ལ་གླིང་སྒྲུང་ནི་བོད་མི་རེའི་ཁ་ན་སྒྲུང་རེ་ཡོད་ཟེར་བ་ལྟར་ཧ་ཅང་མང་ལ་ངེས་གཏན་གྱི་གྲངས་ཀ་ནི་འདིའོ་ཞེས་བཤད་དུ་མེད། དེ་དག་ལས་སྐབས་སུ་བབས་པ་ཕ་ཝང་བརྗོད་བྱར་བྱས་པའི་གླིང་སྒྲུང་ལས་གྲུ་གུ་གོ་རྫོང་གི་ཚན་པ་གཅིག་འདིར་དྲངས་ཏེ་ཚིག་དུམ་རེ་རེ་བཞིན་བསེད་འགྲོལ་བྱེད་ཞོར་བྱའོ། །

དེ་ཡང་སྒྲུང་དེར་འདི་ལྟར་འབྱུང་ཏེ་གྲུ་གུ་ཐོག་རྒོད་རྒྱལ་པོ་ལ་ནོར་གྱི་བང་མཛོད་གསུམ་ཡོད་པའི་དང་པོ་གསེར་རྫོང་།  གཉིས་པ་འབྲུ་རྫོང་། གསུམ་པ་གོ་རྫོང་བཅས་ཡོད་པ་གླིང་གིས་ལེན་དགོས།  དང་པོ་གསེར་རྫོང་འབེབས་དགོས་པས་འདི་ནས་ཡར་འགྲོ་བའི་ལམ་སོ། སེར་པོའི་རྔམས་ཆེན་བྲག་རི་ཐང་དཀར་གཤོག་རྒྱངས་ཕུབ་འདྲ་ཞིག་ན་ཡོད། ལམ་ལོག་འཁོར་མི་ཉན། ཅི་སྟེ་ལམ་ཚོད་མ་ཟིན་ན། ཨ་ཁུ་སྟག་གདོང་དཔོན་ལ་དྲིས་དང་ཤེས་པའི་ལུང་བསྟན་བྱུང་། ད་ཅི་འདྲ་བྱེད་གསུངས། བློན་ཆེན་འདན་མས། ཡ། འོ་ན་སྟག་གདོང་དཔོན་ལ་གསེར་གར་ཡོད་ཀྱི་སྐད་ཆ་ཞིག་འདྲི་ཟེར་ནས་སྟག་རོང་ལ་སྨྲས་པས། ཨ་ཁུ་དེས། ཡ། ལས་དབང་ཅན་གྱི་ལྷ་སྲས་ལགས།གསེར་དངོས་གྲུབ་ཀྱི་སྣ་འདྲེན་བཟོ་བས་ཆོག གནང་དཔའ་དར་དེ་སྔ་ཞུས་ལྟར་དགོས། གླིང་དཀར་ངའི་རྗེས་སུ་ཤོག་ཟེར་ནས་ཆིབས་ལ་བྱོན་ནས།དཔའ་ཐུལ་རྣམས་ཁྲ་སྤུངས་སེ་ཕེབས།ལྷ་སྲས་ཀྱིས་སྟག་རོང་དཔོན་ཁྱོད་ཀྱིས་གོ་ཞིག་ཆོད་བྱུང་ན་དཔའ་དར་ལོས་སྤྱིན་གསུངས། རྩེད་མོ་ཅི་རིགས་སྨྲས་ནས་གཤར་སོང་།ཞེས་འབྱུང་བ་ལྟར་ཕ་ཝང་བརྗོད་བྱར་བྱས་པའི་སྒྲུང་དུམ་འདི་ནི་གྲུ་གུའི་གསེར་རྫོང་འབེབས་པར་ཆས་པ་ནས་མགོ་འཛིན་དགོས་པ་འདུག་ལ། དེ་ཡང་གསེར་རྫོང་འབེབས་པར་ལྷ་སྲས་དགྲ་ལྷ་སོགས་ཀྱིས་བཀའ་ཡིས་བསྐུལ་བ་ལྟར་ཁྲོ་ཐུང་གིས་སྣེ་ཁྲིད་པའི་གླིང་དམག་དེ་གསེར་ཡོད་པའི་བྲག་རི་དེའི་རྩ་བར་སླེབས་པ་དང་། སྟག་རོང་ཆིབས་ལས་བབས་ཏེ། ཡ་འདི་ན་ཡིན་ཟེར། དཔའ་རྟུལ་རྣམས་ཆིབས་ལ་བབས་ཏེ་ཕུགས་སྒོ་ལ་ཡར་ཕེབས། འདན་མ། གཡུ་ལྷ། དཔའ་ལ། དགའ་བདེ་བཅས་ནས་ཕུག་པའི་སྒོར་འབྱོར། ནང་ལ་འོད་ཆེན་པོ་གླིང་བཞི་ཁྱབ་པ་ཙམ། གསེར་ནག་གྲུ་བཞིའི་རྡོ་འབྲོང་གཡག་གི་ཚད་ཙམ་ཞིག་གི་སྟེང་ལ་གསེར་བདག་ཕ་ཝང་སྒོམ་ཆེན་དེ་གཞི་རླིངས་ཆགས་པ་ལྟར་ཉལ་ཡོད་པས།ཞེས་གསེར་གཏེར་ཡོད་པའི་ཕུག་པ་དེའི་ནང་གསེར་བདག་ལ་སྒོམ་ཆེན་ཕ་ཝང་བཞུགས་ཡོད་པར་བཤད་ཡོད་པ་དེས་དམངས་ཁྲོད་ངག་རྒྱུན་དུ་ཕ་ཝང་གསེར་ཟན་ཡིན་པའི་ཤོད་སྲོལ་དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་སྙམ་པར་བྱེེད། དེར་དཔའ་རྟུལ་རྣམས་ཅུང་ཟད་འཐེན། ཨ་ཁུས་སུ་འགི་ཟེར་ནས་ཡར་བལྟས་པས་ཕ་ཝང་དེ་མཐོང་། འདི་བཏུལ་མི་ཕོད་པ་ཅི་ཡོད། གནང་དཔའ་དར་ང་ཡིས་ལེན་བསམ། ཁྱེད་དཔའ་རྟུལ་རྣམས་འགྲོ་མི་དགོས་ཟེར།  སྲིན་གྲི་མགོ་འཕུར་ནས་ཕུག་པའི་ཕུག་པའི་ནང་ལ་འཛུལ། ཕ་ཝང་དེས་ཨ་ཁུ་རིག་ནས་ཁ་གདངས།མིག་བགྲད། སྒྲོ་རྒྱངས།མཆུ་བརྡར།ཨ་ཁུ་ཤིན་ཏུ་སྐྲག་ཀྱང་མི་འཇིགས་པའི་ཚུལ་གྱིས། ཡ། ཁོ་རེ་འདྲེ་བྱེའུ་དངོས་མེད་སྐྱི་མོ་མཆུ། ཨི་ན་འདུག་དོན་ཅི་འདྲ་ཡིན་ཟེར་ནས་སྲིད་གྲི་ཤུབས་ནས་ཕྱེད་ཙམ་བཏོན་པར།ཞེས་ཕ་ཝང་ནི་འདྲེ་བྱེའུ་ཞིག་ཡིན་པ་དང་། སྐྱི་མོ་མཆུ་ནི་ངན་མིང་གིས་བོས་པའོ། ། དེ་ནསཕ་ཝང་དེས་ཚག་ཚག་ཟེར་ནས་སྟག་རོང་གི་བྲང་ལ་སྦར་བྱུང་བས།  ཁོང་གཉིས་འཐམ་རེས་བྱས་མཐར་སྟག་རོང་གན་རྐྱལ་ལོགས།  ཕ་ཝང་དེ་བྲང་ལ་བབས་སྦར་མོ་གདེངས་ངར་སྐད་བསྒྲགས་ཏེ་ཡ་ཁོ་རེ་ཉོན་དང་།  དམར་རྒྱ་ས་འདི་ན་ཡོང་དོན་ཅི་ལ་ཡིན་ཟེར་ནས་གླུ་འདི་བླངས་སོ། །གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས།།བཙན་ལ་འཁོར་བའི་དམག་ཚོགས་མཆོད། །བདུད་ལ་འཁོར་བའི་སྟོབས་ཤུགས་མཆོད། །ཐོག་རྒོད་རྒྱལ་པོའི་དགྲ་ལྷ་མཆོད། །དོམ་ནག་ཁམས་གསུམ་སྲོག་འཇོམས་མཆོད། །ཁོ་རེ་ཉོན་དང་དམར་རྒྱ་བ། །ཁྱོད་སྦྲང་རྒན་ཧམ་པ་ཆེ་ལེ་རེད། །ཕྱོགས་འགྲུལ་རྒྱལ་ཁམས་མཆོག་དམན་དང་། །ལས་དབང་ཅན་གྱི་ཕོ་མོ་ནས། །རྟེན་འབྲེལ་སྣ་ཚོགས་བཞག་ནས་ཐལ། །ཁྱེད་འདྲེ་བྱ་ཟེར་དོན་ཅི་ལ་ཡིན། །བདུད་རྗེ་ཐོག་རྒོད་རྒྱལ་པོ་དེས། །གསེར་གྱི་བདག་པོར་བསྐོས་ལེ་ཡིན། །གསེར་འཕྲུ་འདབ་མ་ལེན་མི་ལ། །རྒྱལ་ཁབ་མང་པོ་བཤར་ནས་བྱུང་། །འདྲེ་བྱ་ཟེར་མི་འགི་ལེ་མིན། །རྒོད་པོའི་དཔུང་བ་ངོམ་མི་ལ། །གསེར་ཁབ་རྩེ་ཙམ་ཞིག་བསྐུར་མ་མྱོང་། །བློ་གཏད་ནས་རེ་ཞུ་བྱུང་བས་ན།  །གསེར་གྱི་འདབ་མ་མང་པོ་རྒྱས། །དབུས་ལྷ་སའི་ཇོ་བོ་ཞལ་དཀར་ལ། །གསེར་དང་པོ་ཕུལ་མི་ང་རང་ཡིན། །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་། །མ་མཁའ་འགྲོ་གྲུབ་པའི་རྒྱལ་མོ་ལ། །གསེར་གྱི་ལུས་རྒྱན་ང་ཡིས་ཕུལ། །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་། །ཨ་གྲགས་ནོར་རྫོང་ཕབ་པའི་དུས། །སྒོ་ང་མི་དགུ་རྟ་དགུ་ལ། །གསེར་རྒྱབ་དྲུག་ཅུ་རེ་གཉིས་བསྐུར།  །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་། །འཛམ་གླིང་མངའ་བདག་རྒྱལ་བོ་ནས། །གསེར་དངོས་གྲུབ་བདག་པོ་བྱེད་མི་ལ། །འདྲེ་རེད་ཟེར་བའི་ཉེས་ཆད་དུ། །གདོང་སྣ་བཟང་སེན་འབྲེད་མི་བྱེད་རི། །མིག་ཁྲ་ཆུང་མཆུ་ཡིས་མི་འབྲུ་རེ། །ལྕེ་དམར་པོ་ནར་སེ་འཐེན་རེ།།ལུས་ཤ་ཁྲག་ཧུབ་འཇོང་མི་བྱེད་རེ། །ཞེས་ཟེར་བ།ཨ་ཁུས་ལག་པས་ངོ་བཀབ་འགྲེ་ལོག་བརྒྱབ་ཀྱང་འཕེན་མ་ཐུབ་ནས། ང་འདི་འདྲ་བྱས་ཤིང་ཡོད་གླིང་པ་རྣམས་ཟེར་ནས་ཨོ་འབོད་བྱས།ཞེས་སོགས་ཀྱིས་ཕ་ཝང་ཁོ་རང་གསེར་སྲུང་མཁན་ཡིན་པ་དང་དྲང་ལ་བདེན་བརྩོན་པ་དང་། གཞན་ཡང་གོང་གི་གླུ་དེར་ཁྱེད་འདྲེ་བྱ་ཟེར་དོན་ཅི་ལ་ཡིནཞེས་དང་འདྲེ་བྱ་ཟེར་མི་འགི་ལེ་མིནཞེས་དང་འདྲེ་རེད་ཟེར་བའི་ཉེས་ཆད་དུ། །གདོང་སྣ་བཟང་སེན་འབྲེད་མི་བྱེད་རི། །མིག་ཁྲ་ཆུང་མཆུ་ཡིས་མི་འབྲུ་རེ། །ལྕེ་དམར་པོ་ནར་སེ་མི་འཐེན་རེ། །ལུས་ཤ་ཁྲག་ཧུབ་འཇོང་མི་བྱེད་རེཅེས་སོགས་ཀྱིས་འདྲེ་ཞེས་པའི་མིང་གིས་བོས་པར་ཁོང་ཁྲོ་དེ་འདྲ་ལངས་དགོས་དོན་དེ་ཡང་རྒྱུན་གཏན་མིས་ཁོ་ལ་འདྲེ་བྱེའུ་དང་ཐན་བྱེའུ་སོགས་ཀྱིས་བོས་པར་ཡིད་མི་དགའ་བས་རེབ་འདིར་ཁྲོ་ཐུང་ལ་དེ་ལན་སྤྲད་པ་ཡིན་ནོ། །

དེ་ནསདཔའ་ཐུལ་རྣམས་གད་མོ་ཤོར་ནས་ཚིག་ལན་མ་སྤྲད་ལྷ་སྲས་ཀྱིས་ཁྱེད་དཔའ་ཐུལ་རྣམས་ནས་བྱེའུ་དེ་མ་བསད་ལ་སྡིག་མོ་རེ་མཛོད་དང་ཆོག་གསུངས་པས།དཔའ་ཐུལ་རྣམས་འུར་ལྡིར་རེ་ཕུག་པའི་ནང་འཛུལ།བློན་ཆེན་འདན་མས་གཞུ་སྟེང་མདའ་ཞིག་བཞག་ནས། ཡ་ཉོན་དང་བྱེའུ་འདྲེ་ཙིག་སྡུག་ཁྱོད། ང་སུ་རེད་ཤེས་ན་གླུ་ལ་ཉོན་ཟེར་ནས་གླུ་འདི་བླངས་སོ། །ཞེས་འདན་མས་བོས་པའི་བྱེའུ་འདྲེ་ཙིག་སྡུགནི་ཕ་ཝང་གི་ངན་མིང་ངམ་མཚང་མིང་དུ་བོས་པ་དང་དེ་ལས་མངོན་ཐུབ་པ་ནི་ཕ་ཝང་གི་བྱེའུ་མ་བྱི་གཟུགས་དེ་འདན་མའི་མིག་ཏུ་ཡོང་བཞིན་མེད་པ་གསལ་བོར་བསྟན་འདུག གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ས་འདིའི་ས་ངོ་མ་ཤེས་ན། །གསེར་ནག་ཕུག་པའི་བང་མཛོད་རེད། །ང་འདྲའི་ང་ངོ་མ་ཤེས་ན། །ཚ་ཞང་འདན་མ་སྤྱང་ཁྲ་ཡིན། །དགྲ་བོ་ཆམ་ལ་འབེབས་མི་ཡིན། །གྲུ་གུའི་གོ་རྫོང་འབེབས་རྒྱུ་ཡིན། །བྱེའུ་འདྲེ་ཁྱོད་ལ་ཨའུ་ཙི། །མ་བཞི་དཔོན་པོ་ཁྲོ་ཐུང་དེ། །སེང་ཆེན་རྒྱལ་པོའི་ཁུ་བོ་ཡིན།།སྨུག་པོ་གདོང་གི་གདུང་རྒྱུད་ཡིན། །ལན་ཡ་མེད་པ་གླིང་བཞིར་གྲགས།  །དེ་རིང་བྱེའུ་འདྲེ་སྟེང་ལ་བབས།  །མདའ་ཉག་ཕྲན་སྣ་ལ་མ་དྲངས་ན། །འདན་མ་མིན་པའི་རྟགས་ལ་ཞོག  །ཡང་བསྐྱར་གཏམ་གྱི་འདྲ་མ་ལ། །ད་ནང་ནམ་གྱི་སྔ་ཆ་ལ།  །ངེད་རྒྱལ་བློན་དཔུང་བ་གྲ་བསྡེབས་བྱས། །ངར་རྒོད་དོམ་གྱི་སྙིང་གཏེར་བླངས། །ངར་མ་གཟིག་གི་པགས་པ་བཤུས། །དེ་མོ་མ་བསད་མ་བརྡུངས་མེད། །ལན་ཡ་མེད་པ་གླིང་རུ་ཡིན།།  བྱེའུ་ཆུང་ལན་ཡ་ཅི་ལ་ཟིན། །རིན་ཆེན་གསེར་གྱི་གཏེར་མཛོད་དེ།  །དབུ་ནག་བོད་ཀྱི་ནོར་སྐལ་ཡིན། །བསོད་ནམས་བསགས་པའི་ཡོ་བྱད་ཡིན། །ཁྱེད་འདྲེ་བྱེའུ་སྒེར་བདག་ཆོག་ལེ་མིན།  །ཤེས་ན་དད་པའི་སྦྱིན་བདག་གྱིས། །མ་གོ་ཉག་ཕྲན་སྣེ་ལ་སྦྱར།།ཨེ་ཐལ་ཁོ་རེ་སྐྱི་མོ་མཆུ། །ཞེས་འདན་མས་ཀྱང་ཁྲོ་ཐུང་གིས་ལབ་པ་ནང་ལྟར་ཕ་ཝང་ལ་སྐྱི་མོ་མཆུདང་བྱེའུ་འདྲེསོགས་ཀྱིས་ངན་མིང་གིས་བོས་འདུག་པའོ། །ཞེས་གསུངས།ཕ་ཝང་སྐྲག་ཁྲོ་ཐུང་གི་སྟེང་ནས་ཕར་སོང་སྟེ་སྒྲ་ལྡིར་ལྡིར་བྱས་ནས།  ཡ་ལྷ་བློན་དཔའ་ཐུལ་བརྒྱད་ཅུ་རྣམས། ང་མ་གསོད་ཞུ་རྒྱུ་འགའ་རེ་ཡོད་ཟེར་ནས་གླུ་འདི་བླངས་སོ། །གླུ་ཨ་ལ་ལ་མོ་ཨ་ལ་ལེན།།གླུ་ཐ་ལ་ལ་མོ་ཐ་ལ་ལེན།།བླ་མ་ཡི་དམ་དཀོན་མཆོག་གསུམ།  །གསོལ་བ་འདེབས་སོ་སྤྱན་རས་གཟིགས། །གླིང་ལྷ་རྒྱུད་དཀར་པོར་གསོལ་བ་འདེབས། །ས་འདིའི་ས་ངོ་མ་ཤེས་ན། །བྲག་ཆེན་གསེར་མཛོད་ཕོ་བྲང་ནས། །ང་འདྲའི་ང་ངོ་མ་ཤེས་ན། །བྱ་བརྒྱ་རྣམས་ཀྱི་དང་པོ་ལ། །ཕ་ཝང་སྒོམ་ཆེན་མིང་དུ་འབོད། །ང་འདྲེ་ཞིག་མ་ཡིན་བྱེའུ་ཞིག་ཡིན། །བྱེའུ་ནང་གི་ལྷ་ཞིག་ཡིན། །སྒོམ་སེམས་ཉིད་བཟུང་བའི་སངས་རྒྱས་ཡིན། །ཆུས་སྲིད་པ་བཟུང་བའི་མཁས་པ་ཡིན། ། ཕ་ཝང་རང་གིས་རང་ཉིད་ངོ་སྤྲོད་དུ་རང་ཉིད་བྱ་བརྒྱའི་དང་པོ་ཡིན་པ་ལས་འདྲེ་མ་ཡིན་པ།མཁས་པ་དང་སངས་རྒྱས་ཡིན་པ་སོགས་བཤད་ཡོད་ལ་དེ་དག་ལས་བྱ་བརྒྱའི་དང་པོ་དང་མཁས་པ་ཡིན་སོགས་བྱ་སྒྲུང་བྱེའུ་སྒྲུང་ལས་བྱ་བྱེའུ་ཡི་རྗེ་བོ་བཀོལ་བའི་ཐད་ནས་ཁོ་རང་གི་བློ་དང་རིག་པ་གཞན་སུས་ཀྱང་འགྲན་མ་ཐུབ་པས་ན་གཏམ་རྒྱུད་དེར་གཞི་བཅོལ་ཚེ་ཁོའི་སྐད་ཆ་འདིར་རྫུན་མེད་པར་འགྲིག་ཡོད།  སྒོམ་ཆེན་ཡིན་ཟེར་བ་ནི་ཁོ་རང་གཙོ་ཆེར་ཉིན་དཀར་མི་རྒྱུ་བས་དང་རྟག་ཏུ་བྲག་ཕུག་ཏུ་བསྡོད་པས་བཤད་པ་ཡིན་ནོ།  །ང་མ་བསད་ཚེ་ཐར་གཏོང་རོཊ་གྱིས། །སྟག་རོང་དཔོན་པོ་ཁྲོ་རྒྱལ་དེས།  །དངོས་གྲུབ་མཛོད་ཀྱི་སྣ་འདྲེན་བྱས། །གསེར་མཛོད་གཡང་ར་དམ་པ་འདི། །དཀར་པོ་གླིང་ལ་འབུལ་བསམས་ཀྱང་། །བྱེའུ་འདྲེ་ཟེར་བས་རྟེན་འབྲེལ་འཆུག །ཁ་ཐོག་མི་རྒྱག་ཁ་མེད་བྱུང་། །གླིང་དཀར་དགོངས་པ་མ་འཚོམ་ལགས། །ང་བསད་ན་སྡིག་པ་ཆེན་པོ་ཡོད། །མགོ་བོ་རྐྱང་རྐྱང་ཝ་དང་འདྲ། །ཝ་བརྒྱ་བསད་པའི་སྡིག་པ་ཡོད།  །ཁ་ཞེང་ཆེ་བ་ཁྱི་དང་འདྲ།།ཁྱི་བརྒྱ་བསད་པའི་སྡིག་པ་ཡོད། །གནམ་འཕང་གཅོད་པ་བྱ་དང་འདྲ།  །བྱ་བརྒྱ་བསད་པའི་སྡིག་པ་ཡོད། །ལུས་པོ་རི་མོ་སྟག་དང་འདྲ། །སྟག་བརྒྱ་བསད་པའི་སྡིག་པ་ཡོད། །ལས་ཀྱི་དཔའ་ཐུལ་བཀའ་བློན་རྣམས།།ཐུགས་ཀྱི་དགོངས་པ་མ་འཚོམ་དང་། །གཏེར་གྱི་སྒོ་མོ་ང་ཡིས་འབྱེད། །དངོས་གྲུབ་ཀྱི་བུམ་པ་འབུལ་རྒྱུ་ཡོད། །ཁྱེད་ཀྱང་ང་ཡི་རྗེས་ལ་ཕེབས། ། འདིས་ཕ་ཝང་ཁོ་རང་གསོད་མི་ཉན་པ་དང་གསད་པའི་ཉེས་པ་དང་སྡིག་པ་སོགས་བཤད་ཡོད་དེ་མགོ་བོ་ཝ་དང་འདྲ་བས་ཝ་བརྒྱ་བསད་པའི་སྡིག་པ་ཡོད་པ་དང་། ཁ་ཞེང་ཆེ་བ་ཁྱི་དང་འདྲ་བས་ཁྱི་བརྒྱ་བསད་པའི་སྡིག་པ་ཡོདཔ།  ནམ་འཕང་གཅོད་པ་བྱ་དང་འདྲ་བས་ན་བྱ་བརྒྱ་བསད་པའི་སྡིག་པ་ཡོདཔ། ལུས་པོ་རི་མོ་སྟག་དང་འདྲ་བས་སྟག་བརྒྱ་བསད་པའི་སྡིག་པ་ཡོད་པ་སོགས་བཤད་ཡོད་ལ།འདི་ལས་སེམས་དགོས་པ་ནི་སྤྱིར་སྲོག་ལྡན་ཡོངས་ཚེ་སྲོག་འདྲ་གཉམ་ཡིན་པས་ན་གསོད་རུང་གི་སེམས་ཅན་ཟེར་བ་ཞིག་ཡེ་ནས་མེད་ཐོག   ལྷག་ཏུ་གོང་སྨྲས་ཀྱི་སྡིག་པ་བརྒྱ་བསྐོར་ཡོད་མེད་མི་ཤེས་ཀྱང་བཅུད་ཀྱི་སེམས་ཅན་ཡོད་ཚད་སྣོད་ཀྱི་འཇིག་རྟེན་འདིར་གཅིག་ལ་གཅིག་བརྟེན་གྱིས་གནས་པས་ན།  སེམས་ཅན་གཅིག་བསད་པས་སེམས་ཅན་བརྒྱ་ཡི་འཚོ་གནས་ལ་ཉེན་ཁ་འབྱུང་སྲིད་པ་ཡིན་པས་ན།  འདིར་སྒྲུང་གི་དགོངས་དོན་ཡང་འདོད་ཧམ་གྱིས་སྐྱེ་དངོས་གཅིག་མེད་པར་བྱས་པ་དེས་ཞོར་ལ་སྐྱེ་དངོསབརྒྱ་བསྐོར་ཞིག་ནུབ་འགྲོ་བའི་ཉེས་པ་ཡོད་དོ་ཞེས་ལབ་པ་ཡིན་ཡང་སྲིད་དོ། །  ཞེས་ཞུས་ནས་ཡར་ཙམ་སོང་བས།  གསེར་ནག་ཕ་ཝང་འབྲོང་ཙམ་ཡོད་པ་ཞིག་འདུག དེ་ནས་ཡར་སོང་བས་གསེར་གྱི་ལྡེ་མིག་འདྲ་འདྲ་གསུམ་བླངས་སྒོ་གཅིག་ཕྱེས་པར།གསེར་ནག་གི་ནོར་བུ་ལུག་གཡང་དཀར་གྱི་རིལ་མ་འདྲ་བ། གསེར་གྱི་སྒོ་མོ་རང་ཞིག་ནང་ལ་ཆུ་རས་དཀར་པོའི་སྟེང་ལ་བཞག་ཡོད་པར་དེ་དངོས་གྲུབ་ཀྱི་དང་བོ་ཡིན་ཟེར།  དེ་ནས་སྒོ་ཆེན་གསུམ་ཙམ་ཕྱེས་པས་གསེར་ནག་ཞུན་མའི་ཕུང་བོ་ནམ་མཁའ་ལས་རྒྱ་ཚེ་བ། རྩི་ཤིང་ལས་གྲངས་མང་བ། ཆུ་བོ་ལས་སྣ་རིང་བ་སེར་འཁྱིལ་ལེ་སྤུངས་འདུག་པ་མཐོང་། དཔའ་ཐུལ་རྣམས་ནས་གྲུ་གུའི་ཡུལ་ལ་གསེར་ཕོན་ཆེ་བ་འདི་འདྲ་འདུག་བསམ་ནས་བདག་སྤྲད་བྱས།” དེ་ལས་གསལ་བ་དང་གོང་ཞུས་ལྟར་ངག་རྒྱུན་དུ་ཕ་ཝང་གསེར་ཟན་ཡིན་པ་དང་། ལྷ་ཁང་གི་གསེར་སྐུ་དག་ལ་རྒྱུན་ཕ་ཝང་འཁོར་བའི་ཤོད་སྲོལ་སོགས་ཡོད་པ་ལྟར་འདིར་ཡང་ཕ་ཝང་ནི་གསེར་མཛོད་ཀྱི་བདག་པོ་དེ་གའོ།   ། དེ་བས་འདི་ལས་སྐྱེ་དངོས་དག་གཅིག་གིས་གཅིག་ལ་སྲུང་བའི་ཚུལ་དུ་གནས་ཡོད་པ་ལ་གཏོར་བརླག་བཟོས་ཚེ་སྐྱེ་ཁམས་ཀྱི་སྤྱི་སྙོམས་ལ་གཏོར་གཤིག་བྱེད་པ་ཡིན་པས་ན་ཉེས་པ་ལྕིའོ་ཞེས་པའི་དོན་ཡིན་པ་ཤེས་དགོས་སོ། ། 

ཞེས་གེ་སར་སྒྲུང་གི་དྲིན་གྱིས་བྱིས་དུས་ཀྱི་སྣང་བ་འཆར་ཡན་དང་འཚར་སྡུག་གིས་ཕྱུག་ཅིང་། སྒྲུང་དུ་བཤད་པའི་གཏམ་དཔེ་དང་གདམས་ངག་གིས་མི་ཚེ་རྒྱུ་འབྲས་བརྩི་སྲུང་གིས་འཚོ་དགོས་པའི་གནས་ལུགས་ཉག་ཙམ་རྟོགས་པའི་ཉང་བློ་གྲོས་རབ་གསལ་པས་སྒ་སྐྱེ་དགུ་མདོ་རུ་བྲིས་སོ། །

(格萨尔数字平台授权转载)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-3-31 07:13 , Processed in 0.050922 second(s), 20 queries .

返回顶部