博客西藏在最高处过一种生活

日志

རིག་དགེ་བཤེས་ཆེན་མོའི་འཁྲུངས་ཡུལ་ངོ་སྤྲོ ...

已有 110 次阅读2019-8-28 11:18 |系统分类:信仰| 阿柔, 格西, 生地

རིག་དགེ་བཤེས་ཆེན་མོའི་འཁྲུངས་ཡུལ་ངོ་སྤྲོད་མདོར་བསྡུས། 

དང་བོ། ཨ་རིག་དགེ་བཤེས་ཀྱི་མཛད་རྣམ་རགས་བཤད།     གནམ་ལྷ།

ཨ་རིག་དགེ་བཤེས་ཆེན་མོ་ཨེར་ཏི་ནི་མེར་རྒན་མཁན་པོ་སྟེ་རྒྱལ་མཚན་འོད་ཟེར་

ནི་ཁྱེབ་ཀྱི་ས་ཁུལ་དུ་སྤྱི་ལོ་༡༧༢༦ལོར་ཨ་རིག་མ་ཁྱེས་འཕགས་པ་སྐྱབས་དང་ཡུམ་ཨ་སྐྱིད་བཟང་བོ་ཅོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་ཡིན། དགུང་ལོ་བཅུ་བདུན་པར

་ལྷ་སར་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ལོ་བཅུ་གསུམ་རིང་ཐུགས་གཉེར་མཛད་པས་ལྷ་རམས་དགེ་བཤིས་ཀྱི་ཐོབ་བྱུང་། ཕུར་བུ་ལྕོག་ཏུ་ལོ་དྲུག་རིང་ལ་རི་ཁྲོད་དུ་བཞུགས་ཏེ་རྗེ་ངག་དབང་བྱམས་པའི་དྲུང་ནས་ཟབ་ཆོས་མང་དུ་གསན། རྒྱལ་བའི་ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་གྲགས་ལ་བཀའ་འགྱུར་གྱི་ལུང་ཕུལ། ཨེར་རི་མེར་རྒན་མཁན་པོའི་ཆོ་ལོ་གནང་། རྗེ་བླ་མའི་མདོ་སྔགས་ཀྱི་ལམ་རིམ་ཆེན་མོ་གཉིས་ཐུགས་ལ་བྱང་བར་བཟུང་ཞིང་མཛད་པ་ཐ་མའི་བར་འདོན་རྒྱུན་མི་ཆད་པར་མཛད། སྤྱི་ལོ་༡༧༦༩ལོར་ཨ་རིག་རྭ་རྒྱ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ཕྱག་འདེབས་མཛད་ནས་ལོ་ཉེར་བཞིའི་རིང་བསྐྱངས་ཏེ་ཤིང་བཟའ་ཚང་ལ་གདན་ས་གཏད། བྱ་བཏང་གི་ཚུལ་གྱིས་མདོ་སྨད་ཀྱི་དགོན་སྡེ་མང་བོར་ཕེབས་ཏེ་དབང་ལུང་མན་ངག་གི་ཆར་ཕབས་པས་ལྕང་སྐྱ་རིན་པོ་ཆེ་དང་། ཚ་ཧན་ནོ་མིན་ཧན། བཙན་པོ་ནོ་མིན་ཧན། སྟོང་སྐོར་ནོ་མིན་ཧན་སོགས་སྐྱེས་ཆེན་གྱི་སློབ་མ་མང་དུ་བྱུང་། སྤྱི་ལོ་༡༧༩༨ལོར་སྐུ་འབུམ་དུ་ལམ་རིམ་བཤད་ལུང་གནང་། སྤྱི་ལོ་༡༨༠༡ ལོར་རྡོ་སྦིས་དགོ་རིའི་གྲྭ་ཚང་དུ་ཁོང་གི་མདུན་ནས་ཞབས་དཀར་ཚང་བསྙེན་པར་རྫོགས་ཏེ་དབུ་རལ་བཞར། སྤྱི་ལོ་༡༨༠༣ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན།

གཉིས་པ་གཡོན་གཞིའི་སྡེ་བའི་རིགས་རུས་མཆེད་ཁུངས།

དེ་ཡང་(ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད།)དལས་ཞང་བློན་རྗེའི་རིགས་ཡིན་ཏེ། འདི་ཉིད་མིའི་གདུང་རབས་ཀྱི་ཐོག་མ་དཀོན་པ་རྗེ་གུང་སྟག་ཏུ་གྲགས་པ་དེ་ཉིད་ནས་འཛིན་པར་བཤད་པའི་ཕྱིར། ཞེས་གསུངས་ཤིང་། རུས་ནི་ས་སྐྱའི་གདུང་རབས་འདོད་དགུའི་རྒྱ་མཚོ་ལས། བོད་ཀྱི་རུས་ཆེན་བཞི་དང་། མིའི་རུས་གདུང་དྲུག་སོགས་ལ་མ་ཆད་པ་ཡིན་གྱི། གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ། ཞེས་གསུངས་པ་ལྟར། རུས་གཞན་ལས་ཁྱད་པར་དུ་འཕགས་པ་འོད་གསལ་ལྷ་ཡི་རུས་སུ་གཏོགས་པ་དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རྒྱུད་དེ་ནི་ཆུ་རྒྱན་གངས་དང་། མི་རྒྱད་ལྷ་ཡིན་ཞེས་པའི་དཔེ་ཡིན། དཔལ་ལྡན་ས་སྐྱའི་གདུང་རབས་ནི་རྒྱལ་བ་ཀན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་ཏེ། ལྷ་སྐུ་བཞིན་ལེགས་ཀྱི་རྣམ་པར་ཤར་བ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་གདུལ་བྱ་འགྲོ་བའི་དོན་དུ་འོད་གསལ་ལྷའི་རིགས་སུ་སྤྲུལ་ནས་གཡུ་སེ་མཆེད་དུ་གྲགས་པ་མི་ཡུལ་དུ་བབས་ཤིང་། ཆུང་བ་གཡུ་སེས་མི་རྗེ་མཛད་པ་དེའི་རྒྱུད་མ་ཆད་པར་རོང་ཆེད་མེས་པོ་ལྷ་རྗེ་བྲག་སྣ་བ་ཆེན་མོ་ཀུན་དགའ་དོན་གྲུབ་མཆོག་ལ་ལྷ་བླ་མས་ལུང་བསྟན་ཏེ་མདོ་སྨད་དུ་ཕེབས་སྐབས་ཁོང་ཉིད་ཀྱི་སྲས་གསུམ་དང་ཚ་བོ་བདུན་ལས་ཚ་བོ་རུ་དཔོན་ཆེན་པོ་རྡོ་རྗེ་ལྷ་ཞེས་པ་དེ་གཡོན་གཞིས་ཚོ་སྡེའི་མེས་པོ་ཐོག་མ་ཡིན།  ཁོང་དང་བསེ་བཟའ་ཡེས་ལྷ་སྒྲོན་རྣམ་པ་གཉིས་ལ་སྲས་དྲུག་བྱུང་བའི་ཆེ་བ་ཀུན་དགའ་རྣམ་རྒྱལ་ནས་བགྲང་བའི་མི་རབས་བརྒྱད་པ་གཡོན་རུ་ཉིན་ལུང་ཚོ་ཆེན་བཅུ་གཉིས་ཀྱི་སྤྱི་དཔོན་བློ་བཟང་ཕུན་ཚོགས་ཞེས་པ་ནི་རབ་བྱུང་བརྒྱད་པ་མེ་འབྲུག༡༤༩༦ལོར་འཁྲུངས་ཤིང་། ཁོང་བཙན་ཚའི་འབྲོག་མི་དཔའ་བོ་བསམ་གཏན་སྐྲ་འཁྱིལ་གྱི་སྲིང་མོ་རྟ་མགྲིན་སྐྱིད་གཉིས་ཀྱི་གདུང་རྒྱུད་ནི་གཡོན་གཞིས་ཚོ་སྡེ་འདིའི་འགོ་ཁུངས་ཡིན་ཕྱིར། ཕྱི་མ་ཚོས་ངག་རྒྱུན་དུ་ཕ་གདུང་ས་སྐྱ་དང་མ་གདུང་བཙན་ཚ་ཡིན་ཞེས་པའང་དེ་ལ་ཐུག་པའོ།  

གཡོན་གཞིའི་སྡེ་བ་འདི་དང་བོ་རེབ་གོང་ནས་འཕེལ་ཞིང་གཡོན་རུའི་ཉིན་ལུང་གི་

དཔོན་ཕྲུག་བློ་བཟང་ཕུན་ཚོགས་དང་། བཙན་ཚའི་རྟ་མགྲིན་སྐྱིད་གཉིས་ལ་བུ་གསུམ་སྐྱེས་པའི་ཆེ་བ་ལྷུན་གྲུབ་ཨོང་རྐྱང་གི་སྐོར་ལ་གཡོན་གཞིས་ལྷུན་སྐོར་ཐོགས་པ་དང་། བུ་འབྲིང་བ་རབ་བརྟན་རྡོ་རྗེ་ལ་གཉའ་སྐལ་བཟང་སྐྱིད་མནའ་མར་བླངས་པའི་གདུང་རབས་ལ་གེ་ཚང་ཐོགས། བུ་ཆུང་བ་བསྟན་འཛིན་ལ་བལ་བཟའི་རོང་སྐོར་གྱི་ཇུན་དགའ་སྐྱིད་བླངས་པས་རོང་སྐོར་ཐོགས། སྟོད་ཕྱོགས་ཨ་མྱེས་རྨ་ཆེན་ཕྱོགས་སུ་མ་ཡོང་སྔོན་གྱི་གཡོན་གཞིས་སྡེ་གསུམ་དུ་ངོས་འཛིན་པ་ཡིན།

གསུམ་པ། གཡོན་གཞིའི་སྡེ་བའི་མིང་ཐོགས་ཚུལ། 

སྤྱིར་གཡོན་གཞིས་དང་གཡོན་ཞིའུ། གཡོན་གཞུ་བཅས་མིང་མི་གཅིག་པ་གསུམ་བྱུང་

བ་རེ་རེ་ལ་འགྲེལ་བཤད་མི་གཅིག་པ་རེ་ཡོད་དེ། དང་བོ་ནི་ཚོ་སྡེ་འདི་རེབ་གོང་ནས་རྨ་ཆུའི་ལྷོ་ཕྱོགས་མཆེད་ཅིང་། རྨ་ཆེན་གངས་རིའི་གཡོན་ཕྱོགས་སུ་གཞིས་ཆགས་པ་ནས་ཐོགས་ཞེས་པ་དང་། བཤད་ཚུལ་གཉིས་པ་ནི་སྡེ་བ་འདིའི་སྔོན་རབས་པ་དག་དང་བོ་རོང་བོའི་ཡུལ་དུ་ཡོད་དུས་རོང་བོའི་གཡོན་རི་ཨ་མྱེ་གསལ་ལུང་ཞེས་པའི་གནས་དེ་རུ་གཞིས་ཆགས་ཡོད་སྟབས། ཡུལ་དེའི་ཡུལ་མི་ཚོས་གཡོན་རིའི་ཞ་ཞིའུ༼གཡོན་བྱིས༽ཞེས་མིང་དུ་ཐོགས་པར་བཤད། བཤད་ཚུལ་གསུམ་པ་ནི་དང་ཐོག་རྟ་བོ་དང་གཡོན་གཞུ་བོང་སྟག་གསུམ་པོ་སྤུན་ཡིན་ལ་ངག་རྒྱུན་དུ་ཕུ་བོས་རྟ་བོར་བས་རྟ་བོར་བཏགས། སྤུན་འབྲིང་བས་གཞུ་གཡོན་དུ་ཁུར་ནས་བརྒྱུག་པས་གཡོན་གཞུ་ཐོགས། སྤུན་ཆུང་བས་བོང་བུ་ཞིག་མཐོང་ནས་སྟག་ཏུ་ནོར་ཏེ་གན་ན་སྟག་ཅིག་འདུག་གོ་ཞེས་སྐད་བརྒྱབ་པས་བོང་སྟག་ཅེས་བཏགས་ནས་བཟུང་ཕྱི་རབས་པ་རྣམས་ཀྱིས་ཚོ་ཆེན་གསུམ་དུ་འབོད་ཅེས་ཟེར།བཤད་ཚུལ་དང་བོ་ལ་དོགས་པ་ཅུང་ཙམ་བྱས་ན། འདི་ལྟར་ཏེ། གཡོན་གཞིས་སྡེ་བའི་ནང་གསེས་ལྷུན་སྐོར་ནི་གཡོན་རིའི་ཉིན་ལུང་གི་དཔོན་ཕྲུག་བློ་བཟང་ཕུན་ཚོགས་དང་གཅན་ཚའི་རྟ་མགྲིན་སྐྱིད་གཉིས་གཉེན་བསྒྲིགས་ཤིང་། བུ་གསུམ་སྐྱེས་པའི་ཆེ་བ་ལྷུན་གྲུབ་ཨོང་རྐྱང་གི་གདུང་རྒྱུད་ལ་ལྷུན་སྐོར་དང་། བུ་འབྲིང་བ་རབ་བརྟན་རྡོ་རྗེ་ལ་གཉའ་སྐལ་བཟང་སྐྱིད་བླངས་པས་གདུང་རབས་ལ་གཉའ་ཚང་། བུ་ཆུང་

བ་བསྟན་འཛིན་ལ་བལ་བཟའ་རོང་སྐོར་གྱི་ཀུན་དགའ་སྐྱིད་ཆུང་མར་བླངས་པས་རོང་སྐོར་ཐོགས་པ་ལ་དཔྱད་ན་བུ་སྤུན་འདི་གསུམ་གྱི་ཁྱིམ་ཚང་རེབ་གོང་དང་གཅན་ཚ་སོགས་རོང་ཕྱོགས་ནས་གནས་བཅས་ལ་སྟོད་ཕྱོགས་ཨ་མྱེ་གསལ་ལུང་ཞེས་པའི་གཡོན་ཕྱོགས་ནས་གཞིས་ཆགས་པར་འདོད་དོ། 

བཞི་བ། ངག་རྒྱུན་མདོར་བསྡུས།

སྡེ་མི་ཚོས་བཤད་པ་ལྟར་ན། ཨ་རིག་དགེ་བཤེས་ཆེན་མོ་ཚང་ནི་གཡོན་གཞིའི་སྡེ་བའི་

རུ་ཁག་གསུམ་པའི་ས་ཁུལ་གྱི་ཁྱེབ་ཆུའི་འགྲམ་ངོས་ཀྱི་སྐྲག་སྤྲེའུ་ཞེས་པའི་ས་ཆ་དེ་རུ་སྐུ་

འཁྲུངས་པ་ཡིན་ཟེར། ད་ལྟ་ས་ཆ་དེར་སྐྲག་སྤྲེའུ་སྒྲུབ་ཕུག་ཟེར་བའི་བྲག་ཕུག་ཅིག་ཡོད་ལ། གནས་དེ་ནི་ཁོང་ཚང་གི་ཐོག་མའི་ལྟེ་ཁྲག་འཕོས་གནས་ཡིན་པར་མ་ཟད། ཁོང་ཚང་གི་སྒྲུབ་ཕུག་ཀྱང་ཡིན་ཟེར། ས་མིང་དེ་ལ་སྐྲག་སྤྲེའུ་ཞེས་ཐོགས་དགོས་པའི་རྒྱུ་མཚན་ནི། སྔོན་ཆད་ཨ་རིག་དགེ་བཤེས་ཆེན་མོ་ཚང་བྱིས་པ་ཡིན་དུས་སུ་གནས་དེ་རུ་སྤྲེའུ་ཞིག་ཡོད་པར་བཤད། སྤྲེའུ་དེས་ཨ་རིག་དགེ་བཤེས་ཆེན་ཚང་མ་གཏོགས་མི་གཞན་དག་ལ་གནོད་འཚེ་བྱེད་པས་ཡུལ་མི་ཚོ་སྤྲེའུ་དེ་ལ་ཧ་ཅང་སྐྲག་པས། རྗེས་སུ་ས་ཆ་དེའི་མིང་ལ་སྐྲག་སྤྲེའུ་བཏགས་པ་ཡིན་ཟེར། ཕྱིས་སུ་ཡང་གནས་དེ་རུ་ཕྱོགས་ཡར་མར་གྱི་མཚམས་པ་བ་རེ་འགའ་ཡོང་མྱོང་མོད། འོན་ཀྱང་གནས་དེ་རུ་མི་གཅིག་ཀྱང་འདུག་མ་ཐུབ། རྒྱུ་མཚན་མཚན་མོ་མུན་རུབ་པའི་དུས་སུ་གནས་དེ་རུ་གཅན་གཟན་འཇིགས་སུ་རུང་བ་མང་བོ་ཡོང་བས་མཚམས་པ་བ་དེ་ཚོ་འདུག་མ་ཕོད་པ་རེད།

ཡང་གཡོན་གཞིའི་རུ་ཁག་གསུམ་པའི་ནང་དུ་ལུང་བཟང་ཟེར་བའི་ས་ཆ་ཞིག་ཡོད་ལ།

ལུང་བ་དེའི་རི་སྒང་ན་ལབ་རྩེ་ཞིག་ཡོད་པ་དེ་ནི་ཨ་རིག་དགེ་བཤེས་ཆེན་མོ་ཚང་གི་ལབ་ཙེ་ཡིན་པར་བཤད། ཡུལ་མི་ཚོས་ངག་རྒྱུན་ན་གཏམ་རྒྱུད་ཆུང་ཆུང་ཞིག་ཡོད་དེ། ཨ་རིག་དགེ་བཤེས་ཆེན་མོ་ཚང་བྱིས་དུས་སུ་ཁོང་གི་ཡུམ་ཨ་སྐྱིད་བཟང་བོ་ཅོག་སྐྱིད་དང་ལྷན་ཏུ་ཟོག་འཚོ་རུ་སོང་སྐབས། ཉིན་ཞིག་ལ་ཡུམ་ཨ་སྐྱིད་བཟང་བོ་ཅོག་སྐྱིད་རི་སྒང་དེ་ནས་གཉིད་སོང་བས། མོའི་ཕྱག་གི་འཕང་ཐུར་སྟེང་གི་བལ་སྐུད་ཚང་མ་ཨ་རིག་དགེ་བཤེས་ཆེན་མོ་ཚང་གིས་ཐོད་འབུར་ཞིག་གི་སྟེང་ལ་གཏན་ནས་ལབ་ཙེ་ཞིག་གི་བཟོ་ལྟ་བསྐྲུན་ཡོད་པས། ཕྱིས་སུ་རྟེན་འབྲེལ་ལ་དཔྱད་ནས་གནས་དེ་རུ་ལབ་ཙེ་བཞེངས་པ་ཡིན་ཟེར་རོ། 

ལྔ་བ། དོགས་སློང་། 

གཡོན་གཞིའི་ཚོ་སྡེ་འདི་དང་བོ་རེབ་གོང་ནས་འཕེལ་ཞིང་གཡོན་རུའི་ཉིན་ལུང་དཔོན་ཕྲུག་བློ་བཟང་ཕུན་ཚོགས་དང་གཅན་ཚའི་རྟ་མགྲིན་སྐྱིད་གཉིས་ལ་བུ་གསུམ་སྐྱེས་པའི་བུ་ཆེ་བ་ལྷུན་གྲུབ་ཨོང་རྐྱང་གི་སྐོར་ལ་གཡོན་གཞའི་ལྷུན་སྐོར་ཐོགས་པ་དང་། བུ་འབྲིང་བ་རབ་བརྟན་རྡོ་རྗེ་ལ་གཉའ་སྐལ་བཟང་སྐྱིད་མནའ་མར་བླངས་པས་གདུང་རྒྱུད་ལ་གཉའ་ཚང་ཐོགས། བུ་ཆུང་བ་བསྟན་འཛིན་ལ་བལ་བཟའི་རོང་སྐོར་ཀུན་དགའ་སྐྱིད་ཆུང་མར་བླངས་བས་རོང་སྐོར་ཐོགས། སྟོད་ཕྱོགས་ཨ་མྱེས་རྨ་ཆེན་ཕྱོགས་སུ་མ་ཡོང་སྔོན་གྱི་གཡོན་གཞིའི་སྡེ་གསུམ་དུ་ངོས་འཛིན་པ་རེད། ལོ་རྒྱུས་ཡིག་ཆ་ཞིག་ཏུ་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་བཅོ་ལྔ་བ་ལྕགས་སྤྲེལ་༡༧༠༡ལོར་གཡོན་གཞིས་གཉའ་ཚང་རྨ་ཡུལ་དུ་བསྙེགས་པ་ཡིན་ཞེས་པ་ལྟར་ན། སྤུན་མཆེད་གསུམ་ལས་སྔོན་མ་ཡིན་པར་སྙམ། སྤུན་ཆེ་བ་ལྷུན་སྐོར་༡༧༤༨ལོ་སྟེ་རབ་བྱང་བཅུ་གཉིས་པ་ས་འབྲུག་ལོར་ཐོན་ཞེས་པས་སྔ་གཞུག་དུ་ལོ་ཞེ་བདུན་འགོར། སྤུན་ཆུང་བ་རོང་སྐོར་དུས་ནམ་ཞིག་ལ་རྨ་ཡུལ་དུ་ཡོང་བ་མི་གསལ། སྤུན་འབྲིང་བ་གཉའ་ཚང་རྨ་ཡུལ་དུ་ལོ་ཉེར་ལྔའི་རྗེས་ཀྱི་སྤྱི་ལོ་༡༧༢༦ལོར་ཨ་རིག་དགེ་བཤེས་ཆེན་མོ་འཁྲུངས་པ་ཡིན་ལ། དེ་ནས་ལོ་ཉེར་གཉིས་ཀྱི་རྗེས་ཀྱི་སྤྱི་ལོ་༡༧༤༨་སྤུན་ཆེ་བ་ལྷུན་སྐོར་རྨ་ཡུལ་དུ་ཡོང་བ་ཡིན་པས། ཨ་རིག་དགེ་བཤེས་ཆེན་མོ་ནི་གཡོན་གཞིའི་སྡེ་བ་རྨ་ཡུལ་ལ་ཡོང་དང་ཡོང་བཞིན་པའི་སྐབས་སུ་འཁྲུངས་པ་ཞིག་ཡིན་ལ། ད་ལྟའི་གཡོན་གཞིའི་སྡེ་ས་འདི་ནི་སྐབས་དེར་ཨ་རིག་གི་ས་ཆ་ཡིན་པར་སྙམ་ལ། ད་དུང་དཔྱད་པའི་གནས་ཡིན་ནོ། །ད་དུང་ས་ཕྱོགས་འདིར་སོག་པོའི་རྒྱལ་བོས་དབང་བསྒྱུར་སྟབས། ཨ་རིག་དགེ་བཤེས་འཁྲུངས་ཡུལ་ཏེ་ཁྱེབ་ས་ཡུལ་ཞེས་པའི"ཁྱེབ"དང་ཁྱེབ་ཆུ་ཞེས"ཁྱེབ"སོགས། སོག་སྐད་ཡིན་མིན་དང་། ཡང་ན་ཨ་རིག་དགེ་བཤེས་ཆེན་མོའི་ཡབ་ཀྱི་མཚན་ལ་མ་ཁྱེས་འཕགས་པ་སྐྱབས་ཟེར་བས་ཨ་རིག་གི་གདུང་རྒྱུད་ཅིག་ཡིན་མིན་ལ་དཔྱད་རྒྱུ་ཡོད་པར་འདོད་དོ། 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:27 , Processed in 0.025206 second(s), 21 queries .

返回顶部