日志

མི་ཞིག་ལ་མེད་དུ་མི་རུང་བའི་མི་ཆོས་གཙང་མ་ ...

已有 153 次阅读2019-8-24 10:24 |系统分类:见解

མི་ཞིག་ལ་མེད་དུ་མི་རུང་བའི་མི་ཆོས་གཙང་མ་བཅུ་དྲུག འོས་སྦྱོར།

རྩོམ་པ་པོ། གླིང་ཚང་རིག་པའི་སྙེ་མ། 


   གཅིག དཀོན་མཆོག་ལ་དད་གུས་བྱེད་དགོས་པ། དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་ཁྱད་པར་བ་འདིའི་སྟེང་ནས་འུ་ཅག་སྐྱེ་འགྲོ་ཀུན་གྱིས་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་སྟེ་དེ་གསུམ་པོ་ནི་ཆེས་ང་ཚོའི་མགོན་དུ་ཐོབ་དཀའ་བའི་མཚན་མོའི་ཉི་མ་དང་ཉི་མོའི་ཟླ་བ་ལྟ་བུ་ཡིན་པས་ཅིས་ཀྱང་དད་པ་དང་མོས་གུས་བྱེད་རྒྱུ་གལ་ཆེ་སྟེ། དེང་གི་དུས་འདིར་འདྲ་མིན་རིག་རྒྱུ་ལྟ་རྒྱུ་མང་དྲགས་པས་དོན་ཆུང་ཆུང་རེ་འགས་ཀྱང་རྐྱེན་བྱས་ཏེ་དཀོན་མཆོག་གསུམ་ལ་དད་ལོག་སྐྱེ་བའི་རྒྱུ་རུ་མི་འགྱུར་བའི་ངེས་པ་མེད་པས་རྨོངས་དད་ཀྱི་དད་པའང་མིན་པར་ཚུལ་མཐུན་གྱི་ལམ་ཞིག་གི་སྟེང་ནས་འགྲོ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ན་དང་པོ་དང་།


    གཉིས། ཆོས་དང་ཡི་གེ་སློབ་སྦྱོང་བྱེད་དགོས་པ། སྐབས་འདི་ནས་འཇམ་མགོན་ས་པཎ་གྱི་ལེགས་བཤད་ཅིག་དྲན་བྱུང་། དེ་ཡང་། རིག་པ་ནངས་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པ་མ་གྱུར་ཀྱང་།། སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་དང་མཚུངས།། ཞེས་གསུངས་པ་ལྟར། རིག་པའི་གནས་བཅུ་སོགས་ལ་བསླབ་པར་བྱ་དགོས་མོད། འོན་ཏེ་དེ་དག་ནི་གྲྭ་དཔེ་ཆ་བ་རྣམས་ལ་མ་གཏོགས་ལས་ཀྱི་སྐུད་པ་ཕྲ་མོའི་སྣེ་ཁ་ནས་རིག་པའི་གནས་བཅུ་སོགས་ལ་སྦྱོང་རྒྱུའི་གོ་སྐབས་སམ་དུས་ཚོད་ཤིན་ཏུ་ཉུང་རུང་རོང་འབྲོག་མང་ཚོགས་རྣམས་ཀྱིས་ཀྱང་སྔར་ལྟར་མ་ཡིན་པར་ཡིག་རྨོངས་ཀྱི་ཁྲོད་ནས་གཉིད་ལས་སད་དེ་བོད་ཡིག་ཡག་པོ་ཞིག་བསླབ་ཏེ་མི་རབས་ཚ་བརྒྱུད་དང་བཅས་པ་ལ་ཡག་པོ་ཞིག་ཨེ་འོང་ལྟ་རྒྱུ་གལ་ཆེ་ཞིང་། མ་ཟད་གཞན་སུམ་རྟགས་དག་གསུམ་དང་སྙན་ངག་སྐར་རྩིས་སོགས་ཀྱི་རིག་གནས་ཆུང་བ་འདི་དག་ལ་སྦྱོང་བརྩོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནད་ཏུ་སེམས།  


   དེ་མ་གཏོགས་ཕ་མས་བུ་བརྒྱུད་ལ་ཧ་ཅང་གཅེས་ཁུལ་གྱིས་དགེ་རྒན་གྱི་རྡུང་རྡེག་དང་སློབ་ཕྲུག་ཕན་ཚུན་འཛིང་མོ་ཡོང་བར་སོགས་ལ་དོགས་ནས་རྒྱ་སྤྱིའི་སློབ་གྲྭའི་ནང་དུ་བཏང་བར་ལྟ་ཅི་མཐའ་ན་རང་གི་དགོན་པའི་སློབ་གྲྭའི་ནང་དུའང་གཏོང་མི་ཐུབ་པའི་བསམ་བློའི་དམིགས་འབེན་དེ་ཙམ་མེད་པའི་བོད་རིགས་ཁྲི་མ་འབུམ་ཡང་ཡོད་པས་དེ་དག་གིས་ངེས་པར་དུ་རང་གི་བུ་བརྒྱུད་ལ་ཤ་ཚ་ཞིང་སྙིང་ཉེ་ན་གཞན་རྒྱལ་སྤྱིའི་སློབ་གྲྭའམ་གྲོང་ཁྱེར་གྱི་སློབ་གྲྭ་དང་མི་སྣ་ཅུང་མང་སའི་རྫོང་གི་སློབ་གྲྭ་དག་ནས་དེ་རིང་ཁ་རྩང་གི་དུས་དེར་བྱིས་པ་རྐུ་མཁན་ཡང་ཤིན་ཏུ་མང་པས་ལྟ་རྟོགས་ཅུང་ཟད་དགོས་ཀྱང་རང་གི་དགོན་པའི་སློབ་གྲྭ་དང་ཡུལ་ཚོ་དག་ཏུ་དེའི་གནས་ཚུལ་དེ་འབྱུང་བར་དེ་ཙམ་མི་ཉེ་བས་ངེས་པར་དུ་ལོ་བྱུང་བྱིས་པའི་སེམས་ཀྱི་ཤོག་གུ་དཀར་པོའི་ངོས་སུ་དྭངས་གཙང་གི་འབྲི་མོ་གསར་བ་རེ་འབྲི་ཐུབ་པའི་ཆེད་དུ་སློབ་གྲྭར་གཏོང་ནས་སློབ་སྦྱོང་གི་ལམ་ཁ་རུ་ཤུགས་རྒྱག་དགོས་པ་དང་མ་ཟད། དེའི་ནང་ནས་བོད་ཡིག་ལ་ཅིས་ཀྱང་འབད་བརྩོན་བྱ་དགོས་པའི་གནད་ཀ་ཤིན་ཏུ་མང་བས་ཅིས་ཀྱང་ལོ་ལྔ་དྲུག་ཙམ་གྱི་བྱིས་པ་དག་ནི་སློབ་གྲྭ་ལ་གཏོང་རན་ཡོད་ཅེས་འབོད་བསྐུལ་ཞུས་པ་ནི་གཉིས་པ་དང་།

   གསུམ། ཕ་མ་ལ་གུས་ཞབས་དང་བརྩི་བཀུར་ཞུ་དགོས་པ།  སྤྱིར་ན་སུས་ཀྱང་ཕ་མ་ལ་གུས་ཞབས་དགོས་པར་བསྟན་མོད་རེད་དེ་ང་ལྟ་བུ་དྭ་ཕྲུག་ཅིག་ཡིན་ན་མ་གཏོགས་ཡབ་ཡུམ་མགོ་འཛོམས་ཀྱི་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ན་བུ་བརྒྱུད་དག་གིས་ཕ་མ་ལ་སྡིག་དམོད་དང་གདོང་བལྟས་སོགས་མདོར་ན་ཕ་མར་མི་དགའ་བའི་ལས་གང་ཡང་བརྩམས་མི་ཉེན་ཏེ་མི་སུ་ཡིན་རུང་རྒས་ཚར་དུས་དགའ་སླ་ཞིང་སྡུག་ཀྱང་སླ་བས་ཚེ་འདིའི་དྲིན་ཆེ་བའི་ཡབ་ཡུམ་གཉིས་ཀ་སེམས་མི་བསད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་ཡང་དཔེར་ན།  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། རྒྱུ་འབྲས་མན་ངག་བདུན་གསུང་ཡོང་དུས་དང་པོ་ནས་མར་ཤེས་པ་དང་དྲིན་དྲན་པ་བཞག་ཡོད་པས་ན་ཕ་མའི་དྲིན་ལན་ཤེས་པའི་ཐོག་ནས་དྲིན་ལན་ལོག་འཇལ་མི་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་བསྟན་ཏེ།  སློབ་མའི་བསླབ་བྱ་ལས་ཀྱང་།  ,,ཕ་མའི་བསླབ་བྱ་དག།  གུས་པས་མཉན་པར་བྱ།།  ཕ་མས་བཀའ་བཀྱོན་སྐབས།།བཀུར་བས་དང་ལེན་བྱ།། ,,ཞེས་དང་གཞན་ཡང་ཕ་མར་གུས་ཞབས་དགོས་པར་བསྟན་པའི་གཞུང་ལུགས་ཀྱང་གྲངས་ཀྱིས་མི་ལངས་པར་ཡོད་པས་ན། ཕ་མས་རང་ལ་བསླབ་བྱ་དང་སློབ་སྟོན་ཅི་ཞིག་གནང་རུང་སྨན་ཟ་ཟ་དང་རྩི་འཐུང་འཐུང་བཟོ་རྒྱུ་ནི་ཆེས་ཕ་མའི་དྲིན་ལན་འཇལ་སྟངས་བཟང་ཤོས་དེ་ཡིན་པས་གུས་ཞབས་དང་བརྩི་བཀུར་གྱི་འོག་ནས་ཞབས་ཏོག་སྒྲུབ་དགོས་པ་དང་། ཕ་མ་བྲལ་སོང་མཁན་དག་གིས་ཀྱང་ཕ་མའི་འཛུམ་མདངས་དག་ཡིད་ལ་ཝ་ལེར་དྲན་ནས་མིག་ཆུའི་ཕྲེང་བ་དང་ལྷན་དུ་ནམ་རྒྱུན་ཁྱོད་ལ་རེ་བཅངས་བྱས་པ་དག་ཇི་བཞིན་སྒྲུབ་པའི་བློ་སྟོབས་བསྐྱེད་རྒྱུ་ནི་ཅིས་ཀྱང་གལ་ཆེ་བ་ནི་གསུམ་པ་དང་།

     བཞི། ཡོན་ཏན་ཅན་གྱི་མི་ལ་གུས་བཀུར་བྱེད་དགོས་པ། དེང་གི་དུས་འདིར་ས་དགེ་བཀའ་རྙིང་གཡུང་དྲུང་བོན་སོགས་ཀྱིས་མཚོན་ཏེ་རིས་མེད་ཀྱི་སྐྱེས་ཆེན་ཤིན་ཏུ་མང་ཞིང་དེ་དག་ལ་གུས་བཀུར་དགོས་པར་སྨོས་མི་དགོས་ཤིང་།  ལྷག་པར་དུ་རང་ལས་ཡོད་ཏན་གྱི་ཆུ་ཚད་ཅུང་ཟད་མཐོ་གྲས་རྣམས་ལ་གུས་བཀུར་བྱེད་དགོས་ཏེ་དེ་ནི་འཛམ་གླིང་གི་མིའི་འགྲོ་སྟངས་དང་མཐུན་པར་མ་ཟད་རང་གི་ལ་རྒྱའང་ཅི་ཡང་ཤོར་འགྲོ་ཁུ་མེད་སྟབས། གཅིག་ཏུ་ན་རྒྱན་གྱི་ཐོག་ཏུ་རྒྱལ་མཚན་ཟེར་བ་ནང་བཞིན་ཆགས་བསྡད་ཡོད་པ་རེད། གཞན་ཡང་གུས་བཀུར་གྱིས་གཞན་པ་ལ་ཕྲག་དོགས་ཀྱང་ཡོང་བར་མ་ཡིན་ཞིང་ཕྲག་དོགས་མེད་ན་རང་སེམས་བདེ་ལ་འབབ་ཐུབ་པའི་སེམས་ཚོར་ལྷག་མ་ཞིག་འཕེལ་ཡོང་བ་ནི་རང་གི་མྱོང་ཚོར་ལས་ཀྱང་ཤེས་ཁུ་ཡོད་ཟེར་ནས་ཐད་ཀར་སྨྲ་བར་སྤོབས་པ་ནི་བཞི་བ་དང་།

   ལྔ། རིགས་མཐོ་བ་དང་རང་ལས་རྒན་པའི་མི་ལ་ཞེ་ས་དང་གུས་བཀུར་ཞུ་དགོས་པ། འདི་ནི་གོང་དུ་བཤད་པའི་སྐད་ཆ་དང་ཅུང་ཟད་འདྲ་བར་སྣང་མོད་ཞིབ་མོར་བརྟག་ན་རང་ལས་རྒན་པའི་མི་ལ་གུས་བཀུར་དགོས་པའི་སྐོར་ནས་གླེང་གི་ཡོད།དེ་ལྟར་ཡིན་དུས།  སྐྱ་སེར་གྱི་ཁྱད་པར་མེད་ལ་ཕོ་མོའི་དབྱེ་འབྱེད་ཀྱང་མེད། གང་ལྟར་ཁྱོད་ལས་ལོ་ན་ཅུང་ཆེ་བའི་རྒན་པ་ལ་གུས་ཞབས་བྱེད་རྒྱུ་ནི་ཅིས་ཀྱང་གལ་ཆེ་ཞིང་མི་ཞིག་ལ་མེད་དུ་མི་རུང་བའི་ཡ་རབས་ཀྱི་སྤྱོད་པ་ཞིག་གོ། རང་གི་ཁྱིམ་གྱི་ཕ་མ་དང་ཨ་ཕྱི་ཨ་མྱེ་མིན་ན་ཡང་སྐོར་ལམ་ནང་གི་རྒས་འཁོག་དེ་ཚོ་དང་མདོར་ན་རང་ཉིད་ལས་ཅུང་ཟད་རྒན་པ་སུ་ཞིག་དང་འཕྲད་ན་གུས་བཀུར་བཟོ་དགོས་ཞེས་པའི་དོན་དེ་ནི་ལྔ་བ་དང་།


   དྲུག རང་གི་གྲོགས་པོ་ལ་ཕྱི་ཐག་རིང་པོ་བྱེད་དགོས་པ། འཇིག་རྟེན་འདིའི་སྟེང་གི་སྐྱ་སེར་དང་རྒན་གཞོན་ཁྱད་པར་མེད་ཅིང་མཐོ་སྤྲུལ་སྐུ་དང་མཁན་པོ་དགེ་བཤེས་ཤིག་གམ་མཐའ་ན་བྱིས་པ་སྣབས་ལུག་ཅིག་ཡན་ཆོད་ལའང་རང་རང་གི་སེམས་གཏམ་བཤད་སའི་བློས་ཐུབ་ཀྱི་གྲོགས་པོ་རེ་ཡོད་ཙ་ན།  དེ་རིང་ངོས་ནས་འཕྲད་དུས་ཁ་ཡག་དང་ངོས་དགའ་ལུང་བ་གང་བཤད་ནས་སང་ཉིན་ཐུག་དུས་སྔར་ནས་ཤེས་ས་མ་རེད་བསམ་ནི་འདྲ་མིན་པར་ཆུང་ནས་ཆེ་བར་ལུང་ཁུག་གཅིག་ནས་འགྲོགས་མྱོང་ཡོད་ཀྱང་ཆོག  དེ་མིན་རུང་སློབ་གྲྭ་དང་གྲོང་བ། ཡང་ན་སྒར་དང་དགོན་པ། ཚོང་ར་དང་བར་སྐོར། མདོར་ན་གང་ཞིག་ནས་རྒྱུས་མངའ་ཡོད་པར་ཆགས་ཡོད་ན་དང་པོ་ནས་ངོ་ཤེས་མེད་ན་དེ་རེད་མ་གཏོགས་ངོ་ཤེས་ནས་ཕན་ཚུན་རྒྱུས་མངའ་ཏོག་ཙམ་ཡོད་པར་ཆགས་རྗེས་སུ་ལྐོག་ལབ་དང་ངན་དམོད་མེད་པར།  གཅིག་གི་གཅིག་ལ་ཚུལ་མཐུན་ལུགས་མཐུན་གྱི་སྟེང་ནས་རོགས་རམ་གང་ཐུབ་ན་མ་གཏོགས་གནོད་པ་བསྐྱལ་བའི་བསམ་བློ་སྐད་ཅིག་མ་ཙམ་ཡང་སྐྱེ་རུ་མི་འཇུག་ཅིང་།  གྲོགས་ཀྱི་འབྲེལ་བར་ཡང་ལོ་ཟླ་ཁ་ཤས་ཙམ་མིན་པར་ཆུ་བོའི་རྒྱུན་བཞིན་རིང་དགོས་པའི་ཚུལ་བསྟན་ཡོད།  འདིར་བཤད་པའི་ཕྱི་ཐག་རིང་བའི་གྲོགས་དེ་ནི།  གུང་ཐང་བསྟན་པའི་སྒྲོན་མས།   སྡིག་གྲོགས་ཡིན་ཞིང་རྭ་ཅན་མི་འབྱུང་ཞིང་།ཞེས་གསུང་པ་ལྟར་སྡིག་པའི་གྲོགས་པོའམ་རང་ཉིད་ལོག་ལམ་དུ་འཁྲིད་པའི་གྲོགས་ཤིག་ཡིན་མིན་ལ་བརྟག་རྒྱུ་ཤིན་ཏུ་གལ་ཆེ་ཞིང་དེ་ལྟར་མིན་པར་གྲོགས་ཤིག་ཡིན་ཚོད་དང་ཆུ་བོའི་རྒྱུན་བཞིན་ཕྱི་ཐག་རིང་དགོས་པའང་ངོས་ནས་མ་བཤད་ཅིང་བསྟན་པའང་མ་ཡིན་པར་དེ་ནི་དྲུག་པ་དང་།

   བདུན། ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་གང་ཐུབ་བྱེད་དགོས་པ། གྲྭ་གྲོང་གང་ཞིག་ཡིན་ཡང་རུང་སྡོད་སའི་གནས་ཁང་གི་ཁྱིམ་མཚེས་དག་དང་མཐུན་པར་བྱ་རྒྱུ་གལ་ཆེ་སྟེ་ལོ་དང་ཟླ་བ་ཇི་ཙམ་ཞིག་ལ་ལྷན་དུ་འདུག་དགོས་ཀྱིན་ཡོད་ན་དེའི་ཚེར་ཕན་ཚུན་ལ་རོགས་རམ་གང་ཐུབ་བྱེད་པར་མ་གཏོགས་ས་ཞིང་དང་ནོར་ལུག་སོགས་ཀྱི་དོན་དུ་ཅུང་ཟད་རེ་ཡང་མི་རེད་དུས་ཁ་འཛིང་ལག་འཛིང་བྱས་བསྡད་པ་ཡིན་ན་ཚེ་གཅིག་ལ་མཐུན་ཐབས་མི་ཡོང་བའི་རྒྱུ་རུ་འགྲོ་ཞིང་གཞན་གྱིས་འཕྱ་མོད་ཀྱི་གནས་སུ་ཡང་ལྷུང་ཉེན་དུ་གདའ་བས་གཟབ་དགོས་པ་དེ་ནི་བདུན་པ་དང་།


    བརྒྱད། བསམ་བློ་དང་བྱ་སྤྱོད་དྲང་པོ་དྲང་བཞག་དགོས་པ།  མི་དང་མིའི་བར་ལ་ཁ་བརྡ་ལབ་དུས་ཡིན་རུང་ཆོག་མིན་ན་ཡང་ལས་ཀ་གང་ཞིག་བརྩོན་གྱིན་ཡོད་ན་དེའི་རྒྱབ་ཏུ་ཚེར་མ་ལས་ཀྱང་རྩུབ་པའི་བསམ་ངན་ཞིག་དང་ཆུ་འཁྱག་ལས་ཀྱང་གྲང་བའི་ཐབས་ཤེས་ཤིག་འཇོག་འདུག་རྒྱུ་མ་ཡིན་པར།  མཐའ་ན་གཞན་གྱིས་སྐད་ཆ་ཞིག་བཤད་ན་རང་ཉིད་དེ་ལ་ཡིད་ཆེས་མེད་པར་མ་ཟད་ད་རུང་དོགས་པའི་འཆིང་རྒྱ་ལས་གྲོལ་མ་ཐུབ་པའི་རིགས་ཀྱང་མང་པོ་ཞིག་སྲིད་པས་དེ་ལྟར་མིན་པར་དྲང་པོ་དྲང་བཞག་གི་སྒོ་ནས་ལས་དོན་གཉེར་རྒྱུ་གལ་ཆེན་དུ་བསྟན་པ་ནི་བརྒྱད་པ་དང་།
 

   དགུ། ཡ་རབས་སྤྱོད་བཟང་ལྡན་པའི་མི་ལ་མིག་དཔེ་བལྟ་དགོས་པ།  འདིའི་སྐབས་ནས་མི་སུ་དང་སུ་ཞིག་ཡིན་ན་ཡ་རབས་སྤྱོད་པ་བཟང་བའི་གཤིས་བཟང་ངང་རྒྱུད་འཇམ་པའི་རིགས་ལ་མིག་དཔེ་ལྟ་དགོས་པ་ལས།  “འཇིག་རྟེན་གྱི་གཏམ་དཔེ་ལའང་། བྱ་མིག་གྱེན་བལྟས།  ཁྱི་མིག་ཐུར་བལྟས་”ཟེར་བ་ནང་བཞིན་མ་ཡིན་པར་འགྲོགས་ན་བློ་གཏད་ཆོག་ས་བྱ་བ་གང་ཞིག་བསྒྲུབས་ཀྱང་མི་ཀུན་གྱིས་ཡིད་ཀྱི་སྨོན་གནས་སུ་གྱུར་བའི་མི་རྣམས་ལ་མིག་དཔེ་ལྟ་ནས་རང་གིས་ཀྱང་ཕ་མའི་རེ་བ་དང་གཉེན་ཉེའི་རེ་བ་མ་ཟད་མི་ཚེའི་ཕུགས་འདུན་སོགས་ལ་འདང་རྒྱག་ནས་རང་ཉིད་དགེ་བའི་ལམ་དུ་འཁྲིད་མཁན་གྱི་མི་ཞིག་ལ་མིག་དཔེ་ལྟ་རྒྱུ་ནི་མེད་དུ་མི་རུང་བའི་བྱ་སྤྱོད་ཅིག་ལ་བརྩིས་ཏེ་བསྟན་པ་ཡིན་པས་དགུ་བ་དང་།

   བཅུ། ཟས་དང་རྒྱུ་ནོར་ལ་ཆོག་ཤེས་བྱེད་དགོས་པ།  ཟས་དང་རྒྱུ་ནོར་ལ་ཆོག་བྱེད་དགོས་ཞེས་པ་ཡང་རྩ་བ་ནས་ཟ་རྒྱུ་འཐུང་རྒྱུ་མེད་དགོས་ཞེས་པའི་དོན་མ་ཡིན་ཀྱང་གནས་སྐབས་གནས་སྐབས་ཙམ་དུ་འདུག་ལོ་སོང་ན་མི་ཚེ་ཟེར་ཡ་དེ་ཡུན་རིང་ཐུང་ནམ་ཞིག་ལ་ཆོས་རྒྱལ་གྱིས་འཁྲིད་འགྲོ་མི་ཤེས་པས་དེའི་ཚེ་ལ་དམ་ཆོས་བདུད་རྩི་དཀར་པོའི་ཉིང་ཁུ་ཅུང་ཟད་རེ་འཐུང་རྒྱུ་ཨེ་ལོན་ལྟ་རྒྱུ་ལས་རང་གི་ལག་ཏུ་འཐོབ་མི་ཐུབ་པ་ཞིག་ལ་རེ་བ་བཅངས་ཏེ་ཞེན་ཆགས་ཀྱི་འཆིངས་རྒྱ་ལྷོད་པོ་མ་བྱས་ན་རང་སེམས་སྡུག་ལ་སྦྱར་ཞིང་ནམ་རྒྱུན་ཆོག་ཤེས་མེད་པར་འདོད་རྔམ་གྱི་རྒྱ་རུ་ཚུད་དེ་སེམས་བདེ་ལ་འབབས་ཐུབ་པའི་ཉི་མ་ཞིག་ཡེ་ནས་འཆར་རྒྱུ་མེད་པས་ན་སྐབས་དེར་སུས་ཅི་ཞིག་བཤད་ཀྱང་རང་གི་འདོད་པ་དེ་ལག་ཏུ་མ་ལོན་ན་བརྩོན་འགྲུས་རྒྱག་པའི་ཁུལ་ཞིག་བཟོས་ན་ཡང་མཐར་ཐུག་ངོ་མ་ན་རང་གི་སྲོག་ཀྱང་རྒྱུ་ནོར་དེའི་ཆེད་དུ། བཟའ་བཏུང་དེ་དག་གི་ཆེད་དུ། རྒྱུ་ནོར་ལོངས་སུ་སྤྱོད་རྒྱུ་མ་ལོན་གོང་བཟའ་བཏུང་རང་གི་ཁོག་ཏུ་མ་སོང་སྔོན་ཞིག་ལ་རྒད་པོ་ག་ལེར་ཆོས་རྒྱལ་མཇལ་སར་མི་འགྲོ་བའི་ངེས་པ་ཡེ་ནས་མེད་པས་གཟབ་དགོས་ཞེས་པའི་དོན་བསྟན་པ་ནི་བཅུ་བ་དང་།

   བཅུ་གཅིག དྲིན་ཅན་གྱི་མི་ལ་དྲིན་ལན་འཇལ་དགོས་པ།  མི་སུ་ཞིག་ཡིན་ན་ཡང་དྲིན་ལ་དྲིན་ངོ་ཤེས་ཟེར་ཡ་དེ་ཤིན་ཏུ་གནས་ཀྱང་དཀའ་མོ་རེད་དཔེར་ན་རྒྱུ་ཞིག་གི་ཐོག་ནས་ཆ་བཞག་ནས་བཤད་ན།  སྔོན་ཞིག་ལ་དུད་ཚང་དབུལ་བོ་དབུལ་ཀྱང་ཞིག་ཡོད་པའི་དབང་དུ་བྱས་ན་དེ་ལ་ང་ལྟ་བུ་ཞིག་གིས་རྒྱུ་ནོར་དང་བཟའ་བཏུང་གང་མཚམས་རེ་ནམ་རྒྱུན་སྤྲད་ནས་དེ་དག་གི་འཚོ་བའི་ལམ་ཁ་ནས་་སྤྲིན་གྱི་ཡོལ་བའི་ཕག་གི་མཛེས་སྡུག་གི་ཉི་མ་ཅུང་ཟད་མཐོང་དུ་བཅུག་ཀི་ཡོད་ན་ཡང་། དེང་སང་སྔར་དང་མི་འདྲ་བར་ཅུང་ཟད་འཚོ་བ་ཇེ་སྐྱིད་སོང་ཞིང་རྒྱུ་ནོར་གྱི་ལོངས་སྤྱོད་ཀྱང་སྔར་དང་མི་འདྲ་བའི་ཁར་ད་སྔོན་གྱི་རྣམ་འགྱུར་དེ་དག་རྩ་བ་ནས་འགྱུར་ཞིང་སྐབས་རེ་རེ་ལ་ཁ་འདྲེས་ཀྱང་ཡོད་ལ་མི་ཡོད་མང་པོ་ཞིག་མཆིས་པས་དེ་འདྲ་ཞིག་མིན་པར་ཆེ་ས་ནས་སེམས་ཀྱི་གཏིང་ནས་རོགས་རམ་དང་ཆུང་ས་ནས་སྐར་ཟུར་གཅིག་གིས་རོགས་ཐུབ་ན་ཡང་དྲིན་ལ་དྲིན་ལན་གྱི་ལན་པོ་མ་སོད་ཀྱང་སེམས་ཀྱི་ཕོ་བྲང་ནས་རང་ལ་རང་སྐྱོར་བཟོ་མཁན་གྱི་མི་དེའི་བཀའ་དྲིན་རྩ་བ་ནས་བརྗེད་མི་ཉན་ཞེས་བཤད་ཡོད་པ་ནི་བཅུ་གཅིག་པ་དང་།

     བཅུ་གཉིས། བྲེ་སྲང་ལ་གཡོ་སྒྱུ་མི་བྱེད་པ།  སྤྱིར་ན་རབ་ཏུ་བྱུང་བ་ཞིག་ཡིན་ན་རྩ་བའི་ཚུལ་ཁྲིམས་ཀྱི་ངོས་ནས་དགག་བྱ་ནན་ཏན་ཞིག་བཟོས་ཡོད་པས་མི་སྐྱོན་རུང་མི་སྐྱ་ཕལ་བ་དག་གིས་ནི་ཉེ་རིང་རྩ་གསུམ་དང་ཁྱིམ་བཟའ་ཚང་ལ་ཡང་མི་འཛེམས་པར་ནས་གྲོ་སྲན་མ་འབྲས་སོགས་བྲེ་སྲང་ལ་འཇལ་བའི་སྐབས་སུ་ཅུང་ཟད་རེ་ཡང་ཡར་མཐོ་མར་ཕབས་ཀྱི་བྱ་ངན་སྦྱོར་རྩུབ་ཀྱི་ཀུན་སློང་ངན་པ་རེ་ཡོད་པས་དེ་དག་ཅིས་ཀྱང་སྤངས་དགོས་ཏེ། གལ་སྲིད་མ་སྤངས་ན་ཆེ་ས་ནས་བཤད་ན་མྱི་བསད་ཁྲག་སྦྱོར་གྱི་ལས་འགུལ་ཡང་སྤེལ་མི་སྲིད་པ་མིན་པས་དེ་དག་ལ་ཅིས་ཀྱང་དོགས་ཟོན་དགོས་པའི་སྐད་ཆའི་གྲུབ་ཆ་དེ་ནི་བཅུ་གཉིས་པ་དང་།


    བཅུ་གསུམ། སྤྱི་ལ་ཕན་སེམས་ཆེ་ཞིང་ཕྲག་དོག་མི་བྱེད་པ། དགོན་པ་དང་སྡེ་བ་གང་ཞིག་ཡིན་རུང་སྤྱི་སེམས་ཀྱི་གཏིང་ནས་བྱ་འགུལ་སྤེལ་མཁན་གྱི་མི་དེ་ལ་ཕྲག་དོག་གི་མདའ་མོ་འཕེན་མི་ཉན་པར་མ་ཟད་རང་གིས་ཀྱང་བྱ་བ་ཆེ་ཕྲ་ཆུང་གསུམ་གང་ཞིག་བསྒྲུབ་ན་ཡང་ཕན་སེམས་ཞིག་གིས་ཐོག་ནས་བརྩོན་རྒྱུ་གལ་ཆེན་པོ་ཡིན་དཔེར་ན་ཕན་སེམས་ཟེར་ཡ་དེ་ཡིན་གཅིག་མི་གཉིས་དགོན་པ་དང་རྒྱལ་ཁབ་གྲོང་ཚོ་རེ་ཟུང་གི་ལས་འགུལ་གྱི་ཐོག་ནས་མ་གཏོགས་བཅངས་མི་ཐུབ་ཡ་གང་ཡང་མེད་དེ།  དེ་ནི་གྲོགས་པོ་དང་གྲོགས་པོའི་བར་ཁྱིམ་ཚང་དང་ཁྱིམ་ཚང་གི་བར་མཐའ་ན་རང་གི་ཁྱིམ་ཚང་གཅིག་པུའི་ནང་ནས་ཀྱང་ཕན་སེམས་ཀྱི་གཏིང་ནས་ཕྱུག་ཟོག་དྲིན་ཆེ་ཆ་ཀ་དེ་ཚོ་ལ་ཡང་བཅངས་ཆོག་པས་ན་མདོར་ན་རང་དང་རྒྱུད་ཐ་དད་དུ་གྱུར་བའི་གང་ཟག་སུ་ལ་ཡང་ཕན་སེམས་ཀྱི་ངང་ནས་ལས་ཀ་གཉེར་ན་གཞན་ཡང་དགའ་ཞིང་རང་གི་དོན་དག་ཀྱང་འགྲུབ་ནུས་པའི་ཐབས་ཤེས་ཁྱད་པར་བ་ཞིག་ཡིན་པར་ཤེས་རྒྱུ་དེ་ནི་བཅུ་གསུམ་པ་དང་།

    བཅུ་བཞི། ངག་འཇམ་པོའི་སྒོ་ནས་སྐད་ཆ་ཤོད་དགོས་པ།  སྐྱ་སེར་རིས་སུ་མ་ཆད་པར་མདོར་ན་སུ་ཞིག་ཡིན་ན་ཡང་ངག་འཇམ་པོའི་སྒོ་ནས་སྐད་ཆ་བཤད་པ་ལས་ཚིག་རྩུབ་པོ་ལྟ་ཅི་མཐའ་ན་སྐད་ཤུགས་མཐོ་པོའི་སྟེང་ནས་བཤད་ན་ཡང་རོགས་གཞན་དག་སུན་སྣང་སྐྱེ་བའི་རྒྱུ་རུ་འགྲོ་བས་ངག་འཇམ་པོའི་སྒོ་ནས་བཤད་དགོས། རེ་འགའ་ཞིག་གིས་ཁ་པར་ཞིག་ལ་ཉན་ན་ཡང་མི་མང་གི་དབུས་ནས་ཉན་པ་དང་ཉན་དུས་ཀྱང་ལེ་བར་མང་པོའི་བར་དུ་གོ་དགོས་ཀི་ཡོད་ནི་འདྲ་ཞིག་བཟོས་ཏེ་སྐད་མཐོ་པོ་རྒྱག་ཡོང་བ་ནི་འགྲོ་སྟངས་མ་ཤེས་པའི་གནད་ཀ་ཞིག་སྟེ་གལ་སྲིད་ཁྱོད་ཀྱི་འཁྲིས་ན་དཔེ་ཆ་ཀློག་འདོན་བྱ་མཁན་ཞིག་གམ་ཡང་ན་གུ་ཡངས་པོའི་ངང་སེམས་ཀྱི་བདེ་སྐྱིད་ཀྱི་དྲོ་བའི་མངར་ཁ་མྱོང་མཁན་ཞིག་ཡོད་རྒྱུ་ན་དེ་དག་གི་ལྷིང་འཇགས་དཀྲོགས་ཤིང་དོན་མེད་ས་ནས་སྡིག་ལས་ཀྱང་མི་བསགས་པའི་ངེས་པ་མེད་པས་ཅིས་ཀྱང་གཟབ་དགོས་པ་ནི་བཅུ་བཞི་པ་དང་།

    
བཅོ་ལྔ། བཟོད་སྒོམ་ཆེ་ཞིང་བློ་ཁོག་ཡངས་པོ་དགོས་པ།  སོ་སྐྱེ་ཕལ་བ་ཞིག་ལ་མཚོན་ན་བཟོད་སྒོམ་ཆེ་བ་བློ་ཁོག་ཡངས་པོ་དེ་འདྲ་བཟོ་རྒྱུ་ལས་སླ་མོ་ཞིག་མིན་ན་ཡང་རིན་པས་རིན་པ་ཡར་གོམ་བཅུག་ན་བྱ་བ་ཅི་ཞིག་ཏུ་བརྩོན་ན་ཡང་དེ་ལ་གོམ་འགྲོ་རྒྱུ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ལགས་པས་གཞན་གྱིས་ཚིག་ངན་སྨྲས་པ་སོགས་ལ་རང་བློས་ཅི་ཐུབ་གང་ཐུབ་ཀྱི་ངང་ནས་དེ་ལ་ལན་མི་རྫོགས་རྒྱུ་དེ་ནི་ཤིན་ཏུ་གནས་ཀྱང་གལ་ཆེ་པོ་ཡིན་པར་མ་ཟད་མི་ཞིག་ལ་མེད་ཐབས་མེད་པའི་མ་མཐའི་མི་ཡི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པ་དེ་ནི་བཅོ་ལྔ་པ།


   བཅུ་དྲུག བུད་མེད་ཀྱི་ཁ་ལ་མི་ཉན་པ། བུད་མེད་ཀྱི་ཁ་ལ་མི་ཉན་པར་ཟེར་ཡ་དེ་ཡང་བུད་མེད་ཀྱིས་ཅི་བཤད་ལ་ཉན་མི་ཆོག་རྒྱུ་དེ་ཡང་མིན་པར་གཞན་གཡོ་སྒྱུ་ཁྲོམ་གསུམ་གྱི་ལས་དཀའི་ཁྲོད་ནས་རང་ཉིད་ཀྱི་གནས་སྐབས་དང་མ་འོངས་པའི་མི་ཚེའི་ཕུགས་ཀྱི་འདུན་མ་འཕྲོ་བརླགས་གཏོང་བྱེད་ཀྱི་ལས་ཤིག་གི་མགོ་བརྩམ་ནས་བཤད་ཁུ་ཡོད་པ་དང་གཞན་ཡང་མི་དང་མིའི་བར་གྱི་འགལ་ཟླ་སློང་བ་སོགས་ཀྱི་སྐད་ཆའི་ཟུར་ཆ་གཅིག་ཡིན་ན་དེ་ལ་ཉན་མི་རུང་བ་དེ་ནི་བཅུ་དྲུག་པ་ཡིན།

དམིགས་བསལ་ཞུ་བྱ། སྟོང་ལོ་བཅོ་བརྒྱད་ལོར་སློབ་གླིང་ནས་ཡན་ལག་སློབ་ཚན་རྣམས་ཀྱི་ནང་དོན་རང་གཞན་གཉིས་ཀ་ཕན་པ་འགའ་ཞིག་ཕྱོགས་སྒྲིག་བཟོས་པ་དག་ཡང་བསྐྱར་དེ་རིང་དྲན་སོས་ཙམ་རེ་བཟོས་ཏེ་འདིར་བཀོད་པ་ཡིན


(岭子藏文网站)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-18 06:05 , Processed in 0.029439 second(s), 20 queries .

返回顶部