博客西藏在最高处过一种生活

日志

རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་མཛད་རྣམ་ང ...

已有 70 次阅读2019-7-23 10:43 |系统分类:信仰

རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་མཛད་རྣམ་ངོ་སྤྲོད།

གུང་ཐང་བསྟན་པའི་སྒྲོན་མེ།


གུང་ཐང་བསྟན་པའི་སྒྲོན་མེའམ་མཚན་ཡོངས་སུ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་དབང་ཕྱུག་སྡེར་འབོད་པའི་དམ་པ་དེ་ཉིད་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ1762ལོར་མདོ་སྨད་ཤར་ལྷོའི་མཛོད་དགེའི་སྨད་ཀྱི་ཡུལ་དུ་ཡབ་ཐེ་བོ་ལྕགས་པོ་བྱམས་པ་དང་། ཡུམ་བོ་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

མཚན་ཡོངས།   གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་དབང་ཕྱུག

མཚན་གསོལ་མཁན།   ཀུན་མཁྱེན་འཇིགས་མེད་དབང་བོ།

ཡབ།   ཐེ་བོ་ལྕགས་པོ་བྱམས་པ།

ཡུམ།   བོ་ཆོག


སྐུ་འཁྲུངས་ལོ།   རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་སྟེ་སྤྱི་ལོ1762ལོ།

སྐུ་གཤེགས་ལོ།   རབ་བྱུང་བཅུ་བཞི་བའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ1823ལོ།

མཚན་བཏགས།   དགེ་བཤེས་ལྷ་རམས་པ།

ཡང་སྲིད།   ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད།

གདན་རབས།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་གཅིག་པ་ཡིན།

འཁྲུངས་ཡུལ།   མདོ་སྨད་ཤར་ལྷོའི་མཛོད་དགེའི་སྨད་ཀྱི་ཡུལ།


1ངོ་སྤྲོད།

གུང་ཐང་བསྟན་པའི་སྒྲོན་མེའམ་མཚན་ཡོངས་སུ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་དབང་ཕྱུག་སྡེར་འབོད་པའི་དམ་པ་དེ་ཉིད་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ1762ལོར་མདོ་སྨད་ཤར་ལྷོའི་མཛོད་དགེའི་སྨད་ཀྱི་ཡུལ་དུ་ཡབ་ཐེ་བོ་ལྕགས་པོ་བྱམས་པ་དང་། ཡུམ་བོ་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བདུན་པར་ཕེབས་དུས་ཀུན་མཁྱེན་འཇིགས་མེད་དབང་བོས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གནད་དྲངས། ཁོང་གིས་ཀུན་མཁྱེན་འཇིགས་མེད་དབང་བོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ཏུ་ཞུས་ཞིང་མཚན་ལ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ།

2སློབ་གཉེར་མཛད་ཚུལ།

རྡོ་རམས་པ་བློ་བཟང་རིན་ཆེན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་བློ་འཛིན་སོགས་ལ་ལེགས་པར་སྦྱངས་བ་མ་ཟད། རིམ་གྱིས་རྒྱ་དང་སོག་པོའི་སྐད་ཡིག་སྦྱངས་བས་ཐུགས་སུ་ཆུད། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཧོར་སྐལ་བཟང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་དབུ་མ་དང་། མཛོད། འདུལ་བ། ཚད་མ། ཕར་ཕྱིན་བཅས་གཞུང་བཀོད་པོད་ལྔ་ལ་བརྡར་ཤ་ཆོད་པར་སྦྱངས། དགུང་ལོ་ཉེར་གཅིག་པར་རྒྱལ་བ་བློ་བཟང་འཇམ་དཔལ་རྒྱ་མཚོའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་གཉིས་པར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བླངས། དབུས་སུ་ལོ་བརྒྱད་ཙམ་བཞུགས་པའི་རིང་ལ་མདོ་སྔགས་རིག་གནས་ཀྱི་གཞུང་ཀུན་ལ་མཁྱེན་པ་ཐོགས་མེད་དུ་གྱུར་ཅིང་། དབུས་གཙང་གི་མཁས་མང་དཀྱིལ་ན་རྒྱལ་མཚན་གྱི་ཏོག་ལྟར་ཀུན་གྱིས་གཙུག་ཏུ་བཀུར་བའི་གནས་སུ་གྱུར། 

3གདན་སར་བཀོད་ཚུལ།

དགུང་ལོ་ཉེར་ལྔ་བར་ཡུལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་སུམ་ཅུ་བར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་འཁོད་པས་གདན་རབས་ཉེར་གཅིག་པ་ཡིན། དེ་ནས་བཟུང་ཡུལ་མདོ་སྨད་ལྷོ་བྱང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བའི་ཡོ་ལང་ཁོ་ནས་དུས་འདའ་བར་མཛད་ཅིང་། རབ་བྱུང་བཅུ་བཞི་བིའ་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ1823ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ། དབལ་མང་པཎྡིཏ་དཀོན་མཆོག་རྒྱལ་མཚན་སོགས་སློབ་མ་མཁས་ཆེན་མང་དུ་བྱུང་ངོ་།།

4གསུང་རྩོམ།

ཁོང་གི་གསུང་རྩོམ་ནི་ཕར་ཕྱིན་སྡོམ་དང་མཛོད་སྡོམ། འདུལ་བ་སྡོམ། སྒྲ་དང་སྙན་ངག སྨན་དང་རྩིས། ལྷ་རིས་ཐིག་ཚད་སོགས་སྒྱུ་རྩལ་སྐོར་གྱི་བསྟན་བཅོས་རྣམས་གཅིག་ཏུ་བསྡུས་ཏེ་པོ་ཏི་བཅུ་གཅིག་བྱས་ནས་ཤིང་པར་དུ་བརྐོས་ཡོད།

དཔྱད་གཞིའི་ཡིག་ཆ།

1   《གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ》 མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པའི་པར་ཐེངས་གསུམ་པའི་དཔེ་སྐྲུན་གསལ་བཤད་ལས་བཤུས། 


ཡོང་ཁུངས་ཡོངས་འཛིན་འཚོལ་བཤེར་དྲ་བ།

(阿妈的绿松石)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-21 04:57 , Processed in 0.023814 second(s), 21 queries .

返回顶部