博客西藏在最高处过一种生活

日志

རིག་གནས་ཆེ་བ་ལྔ་ལས་བཟོ་རིག་པའི་སྐོར། ...

已有 137 次阅读2019-7-12 13:08 |系统分类:文化| 工巧明

རིག་གནས་ཆེ་བ་ལྔ་ལས་བཟོ་རིག་པའི་སྐོར།

རིག་གནས་ཆེ་བ་ལྔ་ལས་བཟོ་རིག་པའི་སྐོར།



     བཟོ་རིག་པ་ལ་སྤྱིར་རྣམ་པར་མ་གྱུར་བའི་སེམས་ཀྱི་བཟོ་ནི་འཁོར་འདས་ཇི་ལྟར་འབྱུང་བ་སོགས་ཐམས་ཅད་དེ། ནང་རིག་པ་རྣམས་ཀྱང་འདིར་གཏོགས་སོ། །བརྗོད་པ་སྒྲའི་བཟོ་ནི་ངག་གི་འགྱུར་བ་སྟེ་སྒྲ་སྙན་ངག་དང་དབྱངས་དང་གླུ་དང་བརྗོད་པ་ཐམས་ཅད་འདིར་འདུས་སོ། །རྣམ་པར་གྱུར་པ་དབྱིབས་ཀྱི་བཟོ་ལ་བྱེད་པ་པོ་དང་མ་འབྲེལ་པ་འཇིག་རྟེན་ཆགས་པ་སོགས་དང་། བྱེད་པོ་དང་འབྲེལ་པ་སྐབས་འདིའི་བཟོ་ཉིད་དོ། །དེའི་ཡང་གཙོ་བོ་སྐུ་གསུང་ཐུགས་རྟེན་ཡིན་ལ་དེ་ལས་ཐོག་མར་བྱུང་བ་ནི་རི་མོ་སྟེ། སྔོན་མི་རྣམས་ཚེ་ལོ་འབུམ་ལས་བྲི་བའི་ཚེ་མིའི་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་བྱུང་སྟེ་དེས་ཆོས་བཞིན་ས་བསྐྱངས་ཚེ་ལོ་འབུམ་དུ་འཕེལ་ཞིང་ཤིན་ཏུ་བདེ་བར་གྱུར། དེ་ནས་རྒྱལ་པོ་དེས་དཀའ་ཐུབ་ཆེན་པོ་སྤྱད་པས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ་ཅིང་ཚངས་པས་ལྷའི་མཚོན་དང་། དམག་གིས་ཀྱང་མིའི་ཡུལ་མི་ཕེབས་པ་དང་བསྟན་བཅོས་ཐམས་ཅད་ཤེས་པའི་མཆོག་བྱིན་ནོ། །དེའི་ཚེ་བྲམ་ཟེ་ཞིག་གིས་བུ་གཞོན་ནུ་གཅེས་པ་ཞིག་བློ་བུར་དུ་ཤི་བས་བྲམ་ཟེ་དེས་རྒྱལ་པོ་ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་མ་བསྐྱངས་པ་འདྲ་སྟེ་ཁྱོད་ཀྱི་འབངས་ལ་དུས་མིན་གྱི་འཆི་བ་བྱུང་སྟེ་བདག་གི་བུ་མི་ཕྲོགས་སོ། །བུ་སླར་མ་བསྩལ་ན་བདག་འདི་གར་ལྕེབ་བོ་ཞེས་བྱས་པས་རྒྱལ་པོས་བྲམ་ཟེ་ཁྲིད་དེ་གཤིན་རྗེའི་རྒྱལ་པོ་ཉི་མ་ལྟར་གཟི་བརྗིད་འབར་བའི་དྲུང་དུ་ཕྱིན་ཏེ་ཕྱག་བཙལ་ནས་བྲམ་ཟེའི་བུ་བསྩལ་དུ་གསོལ་བྱས་པས་བདག་གིས་མ་ལན་ཏེ་རང་རང་གི་ལས་སུ་ཟད་དོ། །རྒྱལ་པོས་བྱིན་ཅིག་དང་གཤིན་རྗེའི་མི་རུང་ངོ་ཡང་ཡང་སྨྲས་ཏེ་མཐར་གཡུལ་བཤམས་ཏེ་ཕན་ཚུན་མཚོན་ཆའི་ཆར་ཕབ་ཅིང་རྒྱལ་པོས་ལྷའི་མཚོན་གྱི་ཆར་གྱིས་གཤིན་རྗེའི་འཁོར་ཐམས་ཅད་ཕམ་པར་བྱས་པས་གཤིན་རྗེས་ཀྱང་དབྱུག་པ་ཐོགས་ཤིང་རྒྱལ་པོས་ཀྱང་དབྱུག་པ་ཚངས་མགོ་ཅན་ཐོགས་ཏེ་འཇིག་རྟེན་ཐམས་ཅད་དངངས་པ་ན་ཚངས་པ་བྱོན་ཏེ་སོ་སོའི་ལས་སུ་ཟད་ཀྱིས་གཤིན་རྗེས་མ་ཉེས་སོ། །འོན་ཀྱང་བྲམ་ཟེའི་བུ་རི་མོར་བྲིས་ཤིག་ཞེས་པ་ལྟར་རྒྱལ་པོས་བྲིས་ཏེ་ཚངས་པས་གསོན་པོར་བསླངས་ཏེ་བྲམ་ཟེ་ལ་གཏད། ཡི་དྭགས་གཅེར་བུ་ཟེར་བས་དེ་བཏུལ་བས་ལེགས་སོ་ཞེས་རྒྱལ་པོ་ལ་གཅེར་ཐུལ་དང་དང་པོར་རི་མོ་བྲི་བ་པོ་ཡིན་པས་དང་པོར་བྲི་པ་ཞེས་བཏགས། ཚངས་པས་བསྒོ་སྟེ་རྒྱལ་པོས་ཀྱང་གཤིན་རྗེ་ལ་ཕྱག་དང་མཆོད་པ་བྱས་ཏེ་ཀུན་དགའ་བར་གྱུར་ཏོ། །སླར་རྒྱལ་པོས་ཚངས་པའི་འཇིག་རྟེན་དུ་སོང་སྟེ་རི་མོ་བྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །སོགས་དང་། རྒྱལ་པོ་དེ་བཞིན་སྒྱུ་རྩལ་ཀུན། །རི་མོའི་ལས་ལ་ཡང་དག་བསྟེན། །ཞེས་སོགས་ཀྱིས་བསྔགས་ནས་བི་ཤྭ་ཀརྨས་སྟོན་པར་ལུང་བསྟན་ཞིང་དེས་འཁོར་ལོས་བསྒྱུར་བའི་ཚད་གཙོ་བོར་བྱས་ཏེ་ཚད་དང་མི་ལྡན་པའི་ཉེས་པ། ལྡན་པའི་ཕན་ཡོན་སོགས་བསྟན་ཞིང་། ལུས་ལ་མཛེས་པ་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ། །ཞེས་མཛེས་དགོས་པར་ཡང་བསྟན་པ་ལ་སོགས་རི་མོའི་མཚན་ཉིད་ཚངས་པའི་ཚད་ཡིག་ཅེས་བྱ་བ་དྲང་སྲོང་མ་ཏྲེའི་བུས་སྦྱར་བ་ལས་བྱུང་བ། ཁྱད་པར་དུ་དུས་ཀྱི་འཁོར་ལོ་དང་བདེ་མཆོག་སྡོམ་འབྱུང་ལས་གསུངས་སོ། །ཕྱི་རབས་རྒྱུད་འདི་དག་གི་དགོངས་པར་ཁ་གཡར་བའི་ཆག་ཚད་ཀྱི་བསྟན་བཅོས་སྣང་བ་ནི་དེ་དག་གི་དགོངས་པ་མིན་པ་མཐོང་སྟེ་བདེ་དགྱེས་སོགས་སྐུ་སྒེག་ཅིང་རྒྱས་པ་སྐམ་པོ་ཕྲ་རིང་དུ་བྱེད་པ་དང་། ཕྱག་མཚན་འཆོལ་པ་དོགས་པའི་རྒྱུད་གཅིག་གཉིས་ཡོད་ལ། སློབ་དཔོན་ཨ་བྷྱ་ཀཱ་རས་ཕྱག་མང་གཡས་རྣམས་ཡས་འགྱེད་དང་གཡོན་རྣམས་མས་འགྱེད་དུ་བྱེད། གཞན་བྲིས་སྐུ་རྒྱ་གར་མ་དང་ལི་མ་འདི་ཙམ་ཞིག་ལ་ཕྱག་འཚལ་ཡས་འགྱེད་ཁོ་ན་ཡོད་པ་ལ་ཕྱག་མཚན་རྣམས་མས་འགྱེད་ཁོ་ན་བྱེད་པ་དང་། གཡས་བརྐྱང་སོགས་ལ་མཐོ་ལྔར་བཤད་པའི་གདན་གྱི་བཞི་ཆ་མ་ནོན་པས་རྒྱལ་པོས་རྒྱལ་ས་མ་ནོན་པ་སོགས་འདི་བྱུང་བ་ཡིན་པས་གནད་བཅོས་པ་འདི་རྣམས་དོར་ན་ལེགས་སོ། །རིག་པའི་གནས་ཐམས་ཅད་དང་གྲུབ་མཐའ་ལ་མ་ཞུགས་པ་ཀུན་གྱིའང་ཡོན་ཏན་ཐམས་ཅད་ཀྱི་གཞི་ནི་ཡི་གེ་ཁོ་ན་ཡིན་ཞིང་ཀུན་ལ་མེད་དུ་མི་རུང་བ་ནི་བྲི་ཀློག་ཁོ་ན་ཡིན་པས་ནན་ཏན་བྱའོ། །སྤྱིར་བི་ཤྭ་ཀརྨས་བསྟན་པའི་བཟོ་མཐའ་དག་གི་བསྟན་བཅོས་ཡོད་རིགས་ཀྱང་བོད་དུ་མ་འགྱུར་བར་སྣང་ལ་བི་ཤྭ་ཀརྨ་ནི་འཇམ་དབྱངས་དཀར་པོ་ཡིན་པར་བལ་པོ་རྣམས་འདོད་པར་སྣང་སྟེ་སྟོད་པ་ལའང་ཤ་ཤདྷ་ར་ཁོ་ན་འདོད་པར་སྣང་ངོ་། །བཟོ་རིག་པའི་སྐབས་སོ། །



ཡོང་ཁུངས་ཀྲུང་གོ་བོད་ཀྱི་དྲ་བ། 

(光洽明鉴)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-14 07:25 , Processed in 0.026715 second(s), 20 queries .

返回顶部