博客西藏在最高处过一种生活

日志

རིག་གནས་ཆེ་བ་ལྔ་ལས་ཚད་མ་རིག་པའི་སྐོར། ...

已有 166 次阅读2019-7-12 13:00 |系统分类:文化| 逻辑, 明方

རིག་གནས་ཆེ་བ་ལྔ་ལས་ཚད་མ་རིག་པའི་སྐོར།

རིག་གནས་ཆེ་བ་ལྔ་ལས་ཚད་མ་རིག་པའི་སྐོར།

         བསྟན་འགྱུར་ན་དུས་འཁོར་གྱི་སྐོར་པོ་ཏི་ལྔ། གསང་འདུས་སྐོར་པོ་ཏི་ཉི་ཤུ་རྩ་གཅིག བདེ་མཆོག་སྐོར་པོ་ཏི་གཉིས། དགྱེས་རྡོར་སྐོར་པོ་ཏི་དགུ། ཡོ་གའི་སྐོར་པོ་ཏི་བཅུ་གཅིག་ལ་སོགས་པ་ཡོད། ཕྱི་ནང་ཐུན་མོང་གི་རིག་གནས་སྒྲ་ཚད་བཟོ་གསོ་བཞིའི་སྒྲ་ཚད་ནི། དེང་སང་བོད་ཕལ་ཆེར་གྱིས་བཀའ་སྤྱིའི་ཚིག་གི་ཆ་འགྲེལ་པ་སྒྲ་དང་དོན་གྱི་ཆ་འགྲེལ་པ་ཚད་མར་འཆད་མོད་ཀྱང་དེ་ནི་མ་ཡིན་ཏེ་དེ་ལྟ་ན་བཤད་བྱ་བཀའ་ལས་འཆད་བྱེད་བསྟན་བཅོས་སྔ་བར་འགྱུར་ཏེ། བཀའ་ནི་ཐུན་མོང་གི་སྣང་བར་འཁོར་ལོ་དང་པོ་སྔ་མ་ཡིན་ལ་སྒྲ་ཚད་ནི་དེའི་སྔོན་ནས་ཡོད་པའི་ཕྱིར་ཏེ། ཤཱ་རིའི་བུས་ལོ་བཅུ་དྲུག་པ་ལ་དབང་པོའི་བརྡ་སྤྲོད་པ་བཀླགས་ཏེ་རྒོལ་བ་ཐམས་ཅད་ཚར་བཅད་དོ་ཞེས་ལོ་བཅུ་དྲུག་ནས་ཨིནྡྲ་བྱ་ཀཱ་ར་ཎ་ཤེས་པར་བཤད་པའི་ཕྱིར། །རྩ་བ་ལས་འགྲེལ་བ་སྔ་བ་ནི་གང་ནའང་མེད་དོ། །དེ་ལྟ་མོད་ཀྱི་སྒྲའི་བསྟན་བཅོས་ཀྱིས་བཀའ་ཐམས་ཅད་ཀྱི་ཚིག་གི་ཆ་འགྲེལ་མི་ནུས་ཏེ་སངས་རྒྱས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཚིག་དང་ངེས་པའི་ཚིག་ཐམས་ཅད་པ་ལ་དབང་འབྱོར་བ་ཡིན་པས་སངྐྲྀཏ་འབའ་ཞིག་སྟོན་པ་མ་ཡིན་ལ་གདུལ་བྱ་སོ་སོ་བཞིན། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་སོགས་ཐམས་ཅད་པས་སྟོན་གྱི་ལྷའི་སྐད་ལེགས་སྦྱར་འབའ་ཞིག་པ་གསུང་བ་མ་ཡིན་པའི་ཕྱིར། འདི་དག་གི་ཚིག་ཀྱང་བརྗོད་བྱེད་ཐམས་ཅད་ཚིག་ཡིན་ནོ་སྙམ་པ་ཞིག་དེང་སང་མཁས་བླུན་ཀུན་འདོད་པར་སྣང་བས་དེ་ལ་བསམས་མོད་ཀྱང་འདི་ནི་གསུང་རབ་ལས་ཆེར་མི་འབྱུང་ལ། མངོན་པ་ལས་ནི་ཨ་ལྟ་བུ་མིང་། ཨ་ཡིག་ལྟ་བུ་ཚིག་སྟེ་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། དོན་གྱི་ཁྱད་པར་སྟོན་པ་ཚིག་ཏུ་བཤད་ལ། །འདི་ནི་སྐད་རིགས་བཞི་ཀ་ལ་ཡོད་པས་ལེགས་སྦྱར་གྱི་ཁྱད་ཆོས་མ་ཡིན་པའི་ཕྱིར་དང་། སྒྲ་པའི་ལུགས་ལ་བྱིངས་ལ་རྐྱེན་བྱིན་པས་དོན་ཙམ་སྟོན་པ་མིང་ངམ་རྟགས་ཡིན་ལ། དེ་ལ་རྣམ་དབྱེ་སི་སོགས་ཉེར་གཅིག་བྱིན་པའམ་བྱིངས་ལ་ཏི་སོགས་བརྒྱ་བརྒྱད་བཅུ་བྱིན་པ་ན་ཚིག་ཡིན་ལ། དེའི་ཚེའང་མིང་ཚིག་གི་ཟླས་ཕྱེ་བའི་ཚིག་ཁོ་ན་འགྲེལ་པ་ལ་རྒྱུ་མཚན་དང་དགོས་པ་ཅི་ཡང་མེད་པའི་ཕྱིར་དང་། རང་བཞིན་དང་རྐྱེན་རྣམ་འགྱུར་གྱིས་སྦྱར་བའི་ལེགས་སྦྱར་བཟང་པོ་ནི་རིག་བྱེད་ཀྱི་བསྟན་བཅོས་སོགས་ཕྱི་རོལ་བའི་གཞུང་རྣམས་ལ་ཡོད་ཀྱང་སྙིང་པོ་ཅི་ཡང་མེད་ལ། རྒྱལ་ཆེན་བཞི་ལའང་སྟོན་པས་གཉིས་ལ་ཡུལ་དབུས་པའི་སྐད་དང་གཉིས་པ་མཐའ་འཁོབ་པའི་སྐད་སྟེ་པྲ་ཀྲི་ཏ་རང་བཞིན་པའི་སྐད་དུ་ཆོས་བསྟན་པས་མཐོང་ལམ་ལ་བཀོད་པའི་ཕྱིར། དེས་ན་སྒྲའི་ཨེ་ཝཾ་ཁོ་ན་ལ་ཞེན་པ་སྤང་ཕྱིར་རྩ་བསྡུས་ཀྱི་རྒྱུད་དུ་སྒྲའི་ཝཾ་མ་བརྗོད་པར་དོན་གྱི་ཨེ་ཝཾ་བཤད་པ་ཡིན་ལ། སྡུད་པ་སོགས་མ་ག་ངྷའི་སྐད་དང་། མ་རྒྱུད་མང་པོ་སྐད་རིགས་བཞི་ལས་གཞན་རྣལ་འབྱོར་མའི་ཀླ་ཀློའི་སྐད་སོགས་སུ་གསུངས་པའི་ཕྱིར། འདི་ནི་བཀའ་ཐམས་ཅད་ལེགས་སྦྱར་དུ་ཡོད་དོ་སྙམ་པ་དག་གི་འདོད་པར་ཟད་དོ། །གླེགས་བམ་གྱི་ཐོག་མར་རྒྱ་གར་སྐད་དུ་སྨོས་པ་ཡང་གང་ནས་བསྒྱུར་བའི་ཡུལ་ཤེས་པའི་ཆེད་དུ་སྟེ་མདོ་སྡེ་ཁ་ཅིག་ལ་རྒྱ་ནག་སྐད་དུ་ཞེས་ཡོད་དོ། །སྒྲའི་དོན་ཚད་མ་ལས་འཚོལ་དགོན་པ་མ་ཡིན་ཏེ་སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་འཆད་ཅིང་། གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་ལྡན་པའི་སྦྱོར་བ་ཤེས། །ཞེས་སྒྲ་ཤེས་ན་རང་སྐབས་ཀྱི་དོན་གཞན་ལ་མ་བསྟེན་པར་རྟོགས་པར་འཆད་པ་ཡིན་ནོ། །ཚད་མས་ཀྱང་བཀའི་དོན་འགྲེལ་བ་མ་ཡིན་ཏེ་ཚད་མ་ནི་བཀའི་སྔོན་ནས་མི་སྟེགས་རྟོག་གེ་པ་རྣམས་ལ་ཆེར་གྲགས་པའི་ཕྱིར་རོ། །ཕྱི་པའི་ཚད་མས་མིན་ཡང་ནང་པའི་ཚད་མས་འགྲེལ་ལོ་སྙམ་ན་མ་ཡིན་ཏེ་རྣམ་ངེས་ལས། །རྟོག་གེའི་ལམ་གྱིས་ཆོས་ཉིད་ལ་ཁྲིད་ན། །བདེ་གཤེགས་བསྟན་ལས་ཆེར་བསྲིང་ཉམས་པ་ཡིན། །སྟོན་པ་བླ་ན་མེད་པའི་བསྟན་པ་ཡང་། །གལ་ཏེ་གཞན་དུ་གྱུར་ན་དཔྱད་པའི་རིགས། །ཞེས་དང་། ཇོ་བོས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་ཟློག་ཕྱིར་བྱས་པ་ཡིན། །ཞེས་སོ། །འདི་དག་ལ་ཀུན་མཁྱེན་བུས་ཀྱང་། །ཞེས་གྲགས་སོ་ཁོ་བོ་ནི་གཞན་དུ་སེམས་སོ་ཞེས་བཤད་པ་ཡིན་ནོ། །དེས་ན་ཚད་མ་ལ་ཕྱི་ནང་གཉིས་ལས་ཕྱི་པའི་ཚད་མ་ནི་ཁྱད་གཞི་བདག་ཁས་བླངས་ནས་ཡུལ་ཡུལ་ཅན་དང་འགྲེལ་པ་སྣ་ཚོགས་པ་རྟོག་པས་བཏགས་ཏེ་འཇོག་པ་སྟེ་དེ་ནི་ནང་པའི་ཚད་མའི་ཕྱོགས་སྔ་རྣམས་སོ། །ནང་པའི་ཚད་མ་ནི་ཚད་མ་ཞེས་པའི་མིང་ཁོ་ན་ཕྱི་པ་དང་ཐུན་མོང་བ་ཡིན་གྱི་ཁྱད་པར་བ་ཡིན་ནོ། །སྤྱིར་གསུང་རབ་ཀྱི་དགོངས་པར་གནས་མོད་ཀྱང་ཁྱད་པར་དུ་ཆོར་མ་རིགས་པའི་ཐ་སྙད་བཏགས་པ་ནི་འཇམ་དཔལ་གྱིས་དགྲ་བཅོམ་པ་ཆོས་སྐྱོབ་ལ་གསུངས། དེས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོམ་ཞེས་པ་མཛད། དེས་མཁས་པ་མི་དབང་ལྷ་ལ་བཤད། དེས་དབྱིག་གཉེན་ལ་བསྟན། དེས་ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ་ལ་བཤད། །དེས་ཚད་མའི་མདོ་མཛད་ཅིང་དེའི་ཡང་སློབ་དཔོན་ཆོས་ཀྱི་གྲགས་པར་བསྟན་ཅིང་དེས་སྡེ་བདུན་མཛད་ནས་དར་ཞིང་ཕྱིས་རྗེ་ཆོས་གྲགས་རྒྱ་མཚོས་བཤད་བྱའི་མདོ་ཀུན་ལས་བཏུས་ཏེ་བཀོད་པ་ཡིན། དེ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་བཤད་ལུགས་གསུམ་བཀོད། དེ་ཉིད་ལ་ལྷ། ཤཱ། རྒྱན་སོགས་ཀྱིས་ཇི་ལྟར་བཀྲལ་བ་རྣམས་སྨོས། ཡན་ལག་གི་བསྟན་བཅོས་བཞི་རང་སྐབས་སུ་སྨོས་པ་རིགས་གཞུང་རྒྱ་མཚོ་མཛད་པ་འདི་གཟུར་གནས་མཆིས་ན་ཤད་མའི་ལེགས་བཤད་ཟླ་མ་མཆིས་པར་སྣང་ངོ་། །རྒྱས་འབྲིང་བསྡུས་པ་ཞེས་པའང་ཚད་མར་གྱུར་པ་ལ་རྒྱས་བཤད་ཡོད་པས་རྒྱས་པ་དང་ཚད་མ་ངོས་འཛིན་ཙམ་སྨོས་པ་བསྡུས་པའོ། །སྤྱིར་ཆོས་ཀྱི་གྲགས་པ་ཉིད་ཀྱིས། །རྗེས་སུ་དཔག་པ་མ་ཟློག་ཕྱིར། །ཞེས་པ་ལས་མ་བྱུང་ཡང་། །འདིར་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཞེས་པའི་དཔེ་གསུམ་གྱིས་རྗེས་དཔག་གསུམ་པོ་རིམ་པས་བསྟན་པར་བཞེད་ཅིང་ཐེག་ཆེན་གྱི་མངོན་པ་ལས་དབང་ཤེས་རྟོག་མེད་དུ་བཤད་པ་དང་། མདོ་གཞན་ལས་དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ་མིག་དང་ཡིད་དོ་ཞེས་པས་དབང་མངོན་ཡིད་མངོན་བསྟན་པ་དང་། འཁོར་ལོ་ཕྱི་མའི་མདོ་དུ་མ་ལས་རང་རིག་མངོན་སུམ་དང་། སྤྱིར་སངས་རྒྱས་དང་བྱང་སེམས་ཀྱི་ཏིང་ངེ་འཛིན་མཐའ་ཡས་བཤད་པས་རྣལ་འབྱོར་མངོན་སུམ་བསྟན་ཞིང་། དཔེ་ནི་མི་ཞིག་རྒྱ་མཚོའི་ཆུ་ནི་ལྟ་ཕྱིར་འགྲོ་བ་ཡིས། །གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་རིང་། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི། །ཉེ་བར་གྱུར་ཏོ་སྙམ་དུ་དེ་ལ་སོམ་ཉི་མེད། །སོགས་དང་། བསྟན་བཅོས་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་བཞིན་དུ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལ་སོགས་པས་རྗེས་དཔག་བཤད་པ་ཡིན་ནོ། །དེས་ན་ཕྱི་རོལ་པའི་འདོད་པ་བཀག་པས་ལན་མ་ཐེབས་པར་ཁེགས། །སླར་རྟགས་དང་མཚན་མཚོན་སོགས་ཇི་བཞིན་པ་བཞག་སྟེ་གཉི་ག་སྒྲུབ་བྱེད་ལ་ཁས་ལེན་མཐུན་པ་ན་སྟོན་པ་སངས་རྒྱས་ཡིད་ཆེས་པའི་གནས་སུ་བསྒྲུབས་ནས། གནས་གསུམ་པའི་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་པ་དེས་བསྟན་པའི་ཆོས་ལ་འགོང་པ་སྟེ་ཚད་མའི་བསྟན་བཅོས་ཀྱི་དགོས་པ་དེ་ཡིན་ནོ། །དེ་ལྟར་དཔྱད་ནས་འཇུག་པའི་ཕྱི་རོལ་པ་དེ་སྟོན་པ་སངས་རྒྱས་ལ་ཡིད་ཆེས་པ་ན་དེས་བསྟན་པའི་ཆོས་འདུལ་བ་ལྟར་ཚུལ་ཁྲིམས་ལེན། མདོ་སྡེ་དང་མངོན་པ་ལྟར་ཞི་ལྷག་བསྐྱེད་དགོས་ཏེ་དེ་དག་གཞུང་གཞན་ལ་རག་ལས་པས། རྟོག་གེའི་ལམ་གྱིས་སོགས་གསུངས་ཤིང་མངོན་རྗེས་ཀྱི་དཔྱད་པ་མ་ཞུགས་པར་ཡང་ཆོས་ཉིད་རྟོགས་ནུས་པའི་ཕྱིར། །མངོན་སུམ་རྗེས་དཔག་དགོས་པ་མེད། །ཅེས་གསུངས་སོ། །དེས་ན་ཚད་མའི་བསྟན་བཅོས་ཀྱིས་ངེས་དོན་གཏན་ནས་མི་སྟོན་པ་ནི་མ་ཡིན་ཏེ། འཕགས་ཆེན་རྣམས་ཀྱིས་དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་མ་གཟིགས་པ་དང་། ཕྱིས་ཀྱི་མཁས་གྲུབ་དག་གིས་ཚད་མ་རྣམ་འགྲེལ་འདི་ཆོས་ཀྱི་གྲགས་པའི་དོ་ཧ་ཡིན་གསུང་བ་དོན་ལ་གནས་ཏེ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །སོགས་དང་། ཚད་འབྲས་ཀྱི་མཐར་ཐུག་ཀྱང་། ཆོས་ཀྱི་དབྱིངས་གཞལ་བྱ། སོ་སོ་རང་རིག་པའི་ཡེ་ཤེས་ཚད་མ། ཆོས་ཉིད་ཇི་ལྟ་བ་རྟོགས་པ་འབྲས་སུ་ཞེས་ཐོབ་པ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ངེས་དོན་དང་། མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་དང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི་ཞེས་སྤྲོས་པ་བསལ་བས་འཇུག་པ་ཟབ་མོ་ལྟ་བའི་ངེས་དོན་གཉི་གར་དུ་གནས་པའི་ཕྱིར། ཐེག་ཆེན་ཡང་དག་པའི་དབང་དུ་བྱས་ཏེ་ཐེག་ཆེན་གྱི་རིགས་པས་དཔྱད་ན་རང་རིག་ཀྱང་ཚད་མ་མ་ཡིན་ཏེ་རང་གཞན་ནི་རྟོག་པས་བཏགས་པ་ཡིན་ལ་རིག་མི་རིག་ཀྱང་བལྟོས་ཟླས་བཞག་པའི་བལྟོས་པ་ཡིན་པའི་ཕྱིར། དབང་ཡིད་ཀྱང་ཚད་མ་མ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་མ་ན། །སུ་ལ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །ཞེས་སོ། །ཉན་རང་བྱང་སེམས་ཀྱི་མངོན་སུམ་ཡང་ཚད་མ་མིན་ཏེ། །སངས་རྒྱས་པ་ན་མི་བདེན་པས་སླུ་བའི་ཕྱིར། །དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཡང་ཚད་མ་མ་ཡིན་ཏེ། མེ་ས་གཞི་ལ་ཡོད་ཀྱང་དུ་བ་ནམ་མཁའ་ལ་མཐོང་བ་དང་མེ་ཤི་ཡང་དུ་བ་གནས་པ་མཐོང་བའི་ཕྱིར། །གྲགས་པའི་རྗེས་དཔག་ཡང་ཚད་མ་མིན་ཏེ། ཡིན་ན་བདག་ཡོད་པར་འགྱུར་ཏེ་བདག་ཡོད་པར་གྲགས་པའི་ཕྱིར། །ཡིད་ཆེས་རྗེས་དཔག་ཡང་ཚད་མ་མིན་ཏེ། དེ་ནི་ལུང་ཡིད་ཆེས་སུ་མཐོང་བ་ཡིན་ལ་དོན་དམ་པ་ལུང་ལ་མི་གནས་པའི་ཕྱིར། དེས་ན་རྣམ་པ་ཀུན་ཏུ་ཚད་མ་གོ་ཆོད་པོ་ནི་སངས་རྒྱས་ཁོ་ན་ཡིན་ཏེ། དེའི་ཕྱིར་འབྲི་ཁུང་འཇིག་རྟེན་མགོན་པོས་རྡོ་རྗེའི་གསུང་ཚད་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཞེས་བཞེད་པ་ཡིན་ལ། དབུ་མའི་རིགས་པ་འདི་ནི་དབུ་མ་པ་མན་ལ་མ་གྲགས་པས་ཚད་མ་རང་སྐབས་སུ་ཚད་མ་མི་འགྲུབ་པར་ཐལ་བའི་སྐྱོན་ཡང་མེད་དོ། །ཚད་མ་ལ་བསྟན་འགྱུར་ན་པོ་ཏི་ཉི་ཤུ་རྩ་གཉིས་བཞུགས། ཚད་མའི་རིག་པའི་སྐབས་སོ། །

ཡོང་ཁུངས་ཀྲུང་གོ་བོད་ཀྱི་དྲ་བ། 

(光洽明鉴)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-14 07:57 , Processed in 0.028105 second(s), 20 queries .

返回顶部