博客西藏在最高处过一种生活

日志

བོད་ཀྱི་ཐབ་ཀའི་ཤེས་རིག་ལག་རྩལ་གྱི་ངོ་སྤྲ ...

已有 5 次阅读2019-5-29 22:25 |系统分类:民俗| 藏族, 火灶

བོད་ཀྱི་ཐབ་ཀའི་ཤེས་རིག་ལག་རྩལ་གྱི་ངོ་སྤྲོད་མདོར་བསྡུས། 藏族火灶文化

—  ནས་འབྲུ་སྔོན་མོ།  —


|一|家|有|温|度|的|藏|餐|

དང་པོ། བོད་ལ་ཐབ་ཀ་དང་འབྲེལ་པའི་རིག་གནས་སྣ་མང་ཞིག་ཡོང་བའི་རྒྱུ་མཚན།                                                              

གཅིག བོད་བཙན་པོའི་སྐབས་སུ་མངའ་ཐང་རྒྱ་བསྐྱེད་ཀྱི་སྐབས་སུ་འཁྲུག་པ་མང་པོ་བྱུང་ནས་དམག་སྒར་ཡང་ཡང་སྤོ་དགོས་པའི་དབང་གིས་སྒར་གསར་པ་རེ་རེར་ཐབ་ཀ་རེ་བཅའ་དགོས་པ་དང་། དེ་ཡང་བོད་ཀྱི་ལོ་རྒྱུས་རྒྱའི་ཐང་ཡིག་ཏུ་འཁོད་པ་ལྟར་ན། བོད་རྣམས་ཁང་པ་དང་སྦྲ་ནག་དུ་སྡོད། བཙན་པོ་དང་མི་དྲག་རིགས་གུར་གྱི་ནང་དུ་བཞུགས།  གུར་ཆེན་པོའི་ནང་དུ་མི་བརྒྱ་ཕྲག་འགའ་ཤོང་། ཞེས་དང་། ཡང་བཙན་པོ་འཕྱོངས་ལུང་དུ་བཞུགས། ལྕགས་རི་བྲང་ས་མཆིས་ཀྱང་གནས་རྟེན་གུར་དུ་འཆའ།  གུར་ལ་ཕོ་བྲང་དུ་འབོད་ཅིང་། ནང་ལ་མི་བརྒྱ་ཕྲག་འགའ་ཤོང་། དམག་མིས་བྱ་ར་བྱེད་པས་ཕོ་བྲང་བཙན། འཁོར་རྣམས་སྦྲ་གུར་དུ་སྡོད། ཅེས་བཤད་པ་དང་། བློན་ཆེན་མགར་སྟོང་བཙན་གྱིས་རྒྱ་བོད་སོ་མཚམས་སྲུང་སྐབས་མཚོ་སྔོན་པོར་སྒར་ཕབས་དུས་ཀྱང་། སྦྲ་ནག་ཀ་བརྒྱ་མ་ཕུབ་པར་གྲགས་པ་སོགས་ལས་གསལ་བ་ལྟར་ན་དབྱར་དགུན་དུས་བཞིར་ས་གནས་གཅིག་ཏུ་མི་སྡོད་པར་ས་གར་སྐྱིད་དུ་གནས་སྤོ་བཞིན་ཡོད་པའི་དབང་གིས་ཐབ་ཀ་བཅའ་གྲངས་ཡང་མང་པོ་ཡོང་གི་ཡོད་རེད།     

གཉིས།  བོད་ཀྱི་ས་ཁུལ་མང་ཤོས་འབྲོག་པ་ཡིན་ཞིང་འབྲོག་པ་རྣམས་རྩ་ཆུ་གང་བཟང་དང་དབྱར་དགུན་དུས་བཞིར་ཕྱུགས་བྲང་སྤོ་དགོས་པས་མ་མཐར་ཡང་ལོ་གཅིག་ལ་ཐབ་ཀ་བཞི་ལྔ་ཙམ་བཅའ་དགོས་ཀྱི་ཡོད། ཡང་འགའ་ཤས་ནི་ལོ་རེར་རུ་སྤོ་ཐེངས་ལྔ་དྲུག་ཙམ་དགོས་པའི་དབང་གིས་དེ་མཚུངས་ཀྱི་ཐབ་ཀ་ཡང་བཅའ་དགོས་ཀྱི་ཡོད།    

གསུམ། བོད་ནི་ས་བབ་མཐོ་ཞིང་དབྱར་ཆར་ཆུ་མང་བ། རྒུན་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་འཚོ་གནས་བྱ་དགོས་པའི་དབང་གིས། དྲོ་སའི་ཁུལ་གྱི་མི་རྣམས་དང་མི་འདྲ་བར་ཐབ་ཀ་ནི་བཟའ་བཏུང་གཡོས་སྦྱོར་ཙམ་མ་ཚད། འབྲོག་པའི་དཀར་ཆུ་ཐོན་སྐྱེད་དང་གྲང་དུས་དྲོད་འགུགས་བྱེད་ཀྱི་ཆ་རྐྱེན་ཡག་ཤོས་དེ་ཡིན་པས་ན་བོད་མི་རྣམས་ཀྱི་འཚོ་བའི་ནང་གལ་ཆེའི་གནས་བབ་བཟུང་ཡོད་ལ། ཐབ་ཀ་ནི་གནའ་བོའི་བོད་ཀྱི་མེས་པོ་ཚོའི་འཚོ་བའི་ནང་གལ་ཆེན་ཡིན་བའི་དབང་གིས་ཐབ་ཀའི་བཟོ་དབྱིབས་ཀྱི་རྒྱུ་རྩལ་མི་འདྲ་བ་དང་། འབུད་རྒྱུའི་བུད་ཤིང་མི་འདྲ་བ། ཐབ་ཀའི་མིང་མི་འདྲ་བ། མཛེས་སྤྱོད་ཀྱི་བསམ་བློ་མི་འདྲ་བ། བཀྲ་ཤིས་པའི་མཚོན་དོན་གྱི་ལྟ་ཚུལ་མི་འདྲ་བ་སོགས་དུས་རབས་ཀྱི་གོམ་འགྲོས་དང་ལྷན་དུ་རིམ་གྱིས་འཕེལ་རྒྱས་ཕྱིན་ནའང་ད་ལྟའི་ཆར་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། དམངས་སྲོལ་རིག་གནས་ལ་དོ་སྣང་ཞན་པའི་དབང་གིས་ཕལ་ཆེར་རྩ་མེད་

གཉིས་པ། གནའ་དུས་ཀྱི་ཐབ་ཀ་དང་ཐབ་ཀའི་རིག་གནས་བྱུང་ཚུལ།

  གདོད་མིའི་མེས་པོ་རྣམས་ཀྱིས་ཐོག་མར་མེ་བཀོལ་སྤྱོད་ཤེས་པ་ནས་བཟུང་ད་ལྟའི་བར། མེ་དང་མེ་སྦར་སའི་ཐབ་ཀ་ནི་ཉིན་རེའི་འཚོ་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས། ཐོག་མར་སྟབས་བདེའི་རང་བཞིན་ཅན་གྱི་ཐབ་ཀ་ནི་ལྕི་བ་ཁོ་ན་བརྩིགས་པ་ཨོང་ཀོང་ཞེས་པ་དང་། དེ་ནས་རྡོ་གསུམ་ཕྱོགས་གསུམ་དུ་སྒྲིག་པ་ལ་སྒྱིད་པུ་སུམ་ཚུགས་སམ་སྒྱིད་པུ་སྤུན་གསུམ་ཞེས་འབོད་པ་དང་།  ཡང་རྫ་ལས་བཟོས་པའི་རྫ་ཁ་སྦུབ་ཏུ་གྲགས་པའི་ཐབ་དང་། རྫ་སྒྱིད་རྐང་གསུམ་རིམ་གཅིག་མ་དང་། དེ་མཐོ་དམན་རིམ་པ་གཉིས་ཅན་རྫ་ལ་ཅན་དང་། རྫ་སྒྱིད་དང་རྫ་ལ་མཉམ་སྦྲགས་རང་གྲུབ་མ་ཞེས་འབོད་ཅིང་དེང་སེང་དེ་དག་ཕལ་ཆེ་བ་ལྕགས་ལས་བཟོས་ཡོད། དེ་དག་ནི་ཆེས་སྔ་མའི་ཐབ་ཀ་ཡིན་པ་མ་ཟད་སྟབས་བདེ་ཡིན་པའི་རྐྱེན་གྱིས་ད་ལྟའི་ཆར་ཡང་ལྗོངས་རྒྱུའི་སྐབས་སུ་བེད་སྤྱོད་བྱེད་ཀྱི་ཡོད། བོད་ཡུལ་ནི་མང་ཆེ་བ་འབྲོག་པ་ཡིན་ཞིང་འབྲོག་པ་རྣམས་ཕལ་ཆེ་བ་དབྱར་དགུན་དུས་བཞིར་གནས་སྤོས་ནས་འགྲོ་དགོས་པས་ལོ་གཅིག་ལ་ཐབ་ཀ་མང་པོ་བཅའ་དགོས་ཡོད། རོང་པ་རྣམས་ནི་ཕལ་ཆེ་བ་གཏན་སྡོད་ཀྱི་ཁང་པ་ཡོད་པའི་དབང་གིས་འབྲོག་པ་ལ་ལྟོས་ན་ཐབ་ཀ་བཅའ་གྲངས་ཉུང་བ་ཡོད། དེ་མཚུངས་ཐབ་ཀ་དང་འབྲེལ་པའི་རིག་གནས་སྣ་མང་ཞིག་ཡོང་དོན་གཙོ་བོ་ནི། གནའ་བོ་སྲིད་པ་བོན་གྱི་ཤེས་རིག་དར་སྲོལ་ཆེ་བའི་སྐབས་སུ་ལྷ་སྒྲུང་དང་འབྲེལ་བའི་གསོལ་མཆོད་ཀྱི་ཆོ་ག་མང་པོ་ཞིག་བྱུང་བ་སྟེ། ཡི་གེ་ལྷ་གྱེས་ཅན་ལས། ཕྱ་ལྷ་བྲམ་ཆེན་གྱི་ལྷ་རབས་ཕྱི་མ་ལྷ་རྗེ་གུང་བཙན་དང་། སྟོང་བཟའ་ཆོ་ཆོ་སྨན་བཤོས་པའི་སྲས་མཆེད་བདུན་སྟེ།  མཐོ་ལ་བཙས་ཀྱི་ལྷ། དམའ་གྲུ་བཙས་ཀྱི་ལྷ།  ཡུལ་གྱི་ཡུལ་ལྷ།  མཁར་གྱི་རྩེ་ལྷ། ཕྱི་ལྷ་དང་ནང་ལྷ། སྒོ་ལྷ་དང་བདུན་བྱུང་བར་བཤད་པ་དང་། དེ་བཞིན་མིའུ་རིགས་བཞིའི་ལྷ་སེལ་ལྷ་མཆོད་རྒྱས་པ་ལས།   མཁར་གྱི་རྩེ་ལྷ་ཐོག་པ། ཁྱིམ་ལྷ་རྨ་གཡང་། ནང་གི་ལྷ་བ་ག་ཁྱུང་།  ཐབ་ཀྱི་ཐབ་ལྷ་ཡུ་མོ།  སྒོ་ཡི་སྒོ་ལྷ་སྟག་གཡག་སོགས་བྱུང་ཚུལ་དང་།  གཞན་ཡང་གསང་མཆོད་ཀྱི་ཆོ་ག་རྣམས་སུ་ཁྱིམ་ལྷ་དང་། ཕུག་ལྷ།  སྒོ་ལྷ། ཐབ་ལྷ།  མེ་ལྷ།  ཟས་ལྷ་སོགས་མང་པོ་ཡོད་པ་དེ་དག་ལ་གསོལ་མཆོད་ཀྱི་ཆོ་ག་དང་འཛེམ་བྱ་སོགས་རྣམ་བཞག་རྒྱ་ཆེན་པོ་ཡོད་པ་ལྟར་ཐབ་ལྷ་ལ་ཡང་གསོལ་མཆོད་དང་། ཐབ་ལྷའི་འཛེམ་བག་སོགས་མང་པོ་ཞིག་ཡོད་པ་ལ་དཔག་ན་ཐབ་ཀ་ནི་བོད་པའི་སྤྱི་ཚོགས་སུ། བཟའ་བཏུང་གཡོས་སྦྱོར་དང་དྲོད་འགུགས་ཡོ་ཆས་ཡིན་པ་མ་ཟད་གནའ་བོའི་མེས་པོ་ནས་བཟུང་། ཉེ་སྔོན་གྱི་བར་དུ་བཀྲ་ཤིས་དཔལ་ཡོན་གྱི་འབྱུང་གནས་ལྟ་བུ་སྟེ།  ནང་ཁྱིམ་ཚང་གི་གཟའ་མི་སྤུན་མཆེད་རྣམས་ཀྱི་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། ནང་མི་འཆམ་མཐུན་ཡོང་མིན་དང་། སྒོ་ཁའི་ཕྱུགས་ཟོག  འབྲོག་པའི་ཤེ་གསོག །ཞིང་པའི་འབྲུ་རིག་སོགས་ཐོན་བསྐྱེད་བཟང་ངན་ཡང་ཐབ་ལྷ་དང་འབྲེལ་བ་དམ་པོ་ཡོད་པར་འདོད་པའི་དབང་གིས་ཐབ་ལྷ་མཆོད་པའི་ཡིག་ཆ་ཡང་མང་པོ་བྱུང་ཡོད།  ལྷག་པར་དུ་ཐབ་ལྷ་ལ་འཛེམ་བྱའི་དམ་ཚིག་གི་རྣམ་བཞགས་ཧ་ཅང་མང་པོ་ཞིག་ཡིག་ཐོག་ཏུ་མཐོང་རྒྱུ་ཡོད་པ་མ་ཟད་དམངས་ཁྲོད་དུ་འཛེམ་བྱ་དེ་ལས་ཀྱང་མང་བ་མཐོང་རྒྱུ་ཡོད་པ་སོགས། བོད་པའི་སྤྱི་ཚོགས་ནང་དུ་ཐབ་ཀ་དང་འབྲེལ་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཤེས་ནུས།  

གསུམ་པ། བོད་བཙན་རྒྱལ་ཆེན་པོའི་སྐབས་སུ།

   བོད་བཙན་པོའི་སྐབས་ཕྱོགས་བཞིར་མངའ་ཐང་རྒྱ་བསྐྱེད་ཀྱི་སྐབས་དམག་སྒར་སྤོ་བ་ལ་མཚོན་ན། ཐང་ཡིག་ལས། སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས། །གྲུ་གུའི་ཡུལ་གྱི་ཨོང་དུ་མན་ཆོད་དུ།། བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི།། ཡུལ་བརླག་མི་རྣམས་མོན་གྱི་ས་ལ་བསྐྱལ།། ཁྱིམ་མཁར་མོན་གྱི་ས་ལ་བཏོད་ནས་ཀྱང་།། ཡུལ་དུ་མི་ངན་བསྟན་པ་སུན་ཕྱུང་སྟེ།། སྤ་བཀོང་དེད་དཔོན་ཡུལ་མཁར་འཚོ་བར་བཞག། ཅེས་བོད་དམག་གིས་སྦྲ་ནག་ཕུག་ནས་གནས་སྤོ་བ་ལ་སྟབས་བདེ་ཡིན་ཞིང་། གནས་གསར་རེ་ལ་ཐབ་གསར་རེ་བཅའ་དགོས་པ་ལྟར་ན་ལོ་རེར་ཐབ་གསར་མང་པོ་བཅའ་དགོས་པ་ནི་བཤད་མ་དགོས་པ་རེད། འོན་ཀྱང་དེ་སྐབས་ཀྱི་ཐབ་ཀའི་ལོ་རྒྱུས་ཞིབ་ཕྲ་མ་རྙེད་རུང་། ཉེ་སྔོན་གཞུང་དགའ་ལྡན་ཕོ་བྲང་གི་སྐབས་སྤྱི་ལོ་༡༩༡༧ལོ་༡༩༢༠་ལོ་བར་ཧོར་ཚོ་བ་སོ་དགུའི་སྤྱི་ཁྱབ་གྲགས་པ་རྣམ་རྒྱལ་གྱིས་ཁྱུང་པོ་སྟེང་ཆེན་དུ་ལྷ་བྲིས་དང་། ཤིང་བཟོ།  གཞུང་བྲིས། ཐབ་ཀ་བཅའ་ཚུལ་སོགས་ལས་རིགས་མང་པོ་ཞིག་ཟབ་སྦྱོང་སྤྲད་པའི་སྐབས་སུ། བོད་ཀྱི་ཐབ་ཆེན་བཅུ་གསུམ་ཞེས་པའི་ཐབ་ཀ་བཅའ་ཚུལ་སློབ་ཁྲིད་བྱས་པའི་ཁྲིད་རྒྱུན་ལས། དངོས་སུ་ལག་ཁྲིད་ཐོབ་པ་གསུམ་དང་ངག་ཐོག་དང་ཡིག་ཐོག་ནས་ཆ་འཕྲིན་རྙེད་པ་བཞི་ཙམ་ཞིག་ལས་ཐབ་ཆེན་བཅུ་གསུམ་ཆ་ཚང་གི་ལག་རྩལ་ད་ལྟའི་ཆར་མ་རྙེད།      དེ་ལས་དང་པོ། བཙན་ཐབ་གླིང་བཞི་མ་ཞེས་སུ་གྲགས་པའི་ཐབ་ཆེན་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་དགའ་སྟོན་དགྱེས་སྐྱེམས་སྐབས་སུ་བཅས་པ་ཞིག་ཏུ་གྲགས་ལ། ཡང་འགའ་རེས་མགར་ཐབ་སྟག་མགོ་མ་ཞེས་ཀྱང་འབོད་སྲོལ་ཡོད་པ་ནི་བློན་ཆེན་མགར་སྟོང་བཙན་ཡུལ་སྲུང་གིས་འཆར་འགོད་འོག་བཅས་པ་ཞིག་ཡིན་པས་དེ་ལྟར་གྲགས།  ཐབ་ཆེན་དེ་ལ་བང་རིམ་གཉིས་ཡོད་པའི་དང་པོ་ནི་བོད་ཀྱི་བཙན་པོ་མཚོན་ཞིང་དེ་ལ་ཐབ་མིག་གཅིག་ཡོད་པ་དང་། ཕྱོགས་བཞི་ལ་སེང་མགོ་བཞི་ཡོད་པའི་ཁ་ནས་དུ་བ་ཕྱིར་དོན་ས་ཡོད་པ་དང་། བར་མཚམས་རྣམས་སུ་གསེར་གཡུའི་མེ་ཏོག་གི་ཕྲ་སྣ་ཚོགས་ཀྱིས་བརྒྱན་ཡོད། བང་རིམ་གཉིས་པར་ཕྱོགས་བཞི་ལ་སྒོ་ཆེན་བཞི་ཡོད་ཅིང་སྒོ་ཆེན་རེ་རེའི་གོང་དུ་ཐབ་མིག་ཆེ་བ་གཉིས་རེ་དང་ཆུང་བ་རེ་རེ་ཡོད།  ཐབ་མིག་ཆེ་བ་གཉིས་དང་ཐབ་སྒོའི་གོང་དུ་སྟག་མགོ་རེ་རེ་སྟེ་ཁྱོན་སྟག་མགོ་བཞི་ཡོད་པ་ནི་མཁས་འཛངས་བརྟུལ་ཕོད་ལྡན་པའི་བློན་ཆེན་རྣམས་མཚོན་པ་དང་། ཐབ་སྒོའི་གཡས་གཡོན་གཉིས་ཀྱི་གཡས་ཕྱོགས་ཕོ་དང་དཔའ་བོ་མཚོན་པའི་གསེར་གཡུའི་གཡུང་དྲུང་གཡས་འཁོར་དང་། གཡོན་ཕྱོགས་མ་སྲུ་མོ་སྨན་མཚོན་པའི་གསེར་གཡུའི་གཡུང་དྲུང་གཡོན་འཁོར་གྱིས་ཕྲ་རྒྱན་ཡོད་པ།  མཚམས་བཞིར་ཐབ་སྟེང་དུ་འཛེགས་སའི་སྐས་ཐེམ་བཞི་རེ་ཡོད་པ། ཐབ་སྒོའི་ངོས་དང་ཐེམ་སྐས་རྣམས་སུ་གསེར་གཡུའི་མེ་ཏོག་གི་ཕྲ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ།  ཐབ་སྟེང་ལ་ཁྱོན་ཇ་ཁྲོ་ཆེན་པོ་དགུ་འཛུགས་ས་ཡོད་པ།  ཇ་ཁྲོ་རེ་རེའི་ནང་ཆུ་ཟོམ་བརྒྱ་རེའི་ཤོང་ཚད་ཡོད་ཅིང་། ཁྱོན་བསྡོམས་པས་ཆུ་ཟོམ་དགུ་བརྒྱ་དུས་གཅིག་ལ་བསྐོལ་སའི་ཐབ་ཆེན་ཞིག་ཡིན་པ་བཤད། ཐབ་སྒོའི་ནང་དུ་ཤིང་གི་སྡོང་པོ་རྩ་བ་ལོ་འདབ་དང་བཅས་པར་འབུད་ཆོག་པ་མ་ཟད། རྩ་སྒྱེ་མོའི་ནང་དུ་བླུགས་པའི་ལྕི་བ་དོ་པོ་ཐད་ཀར་འབུད་ཆོག་པ་ཞིག་ཡོད་པར་གྲགས་པ་བཅས་མདོར་བསྡུས་ཙམ་མོ།།

གཉིས་པ། འབྲོ་ཐབ་འབྲོང་གཡག་མ་ཞེས་པ་ནི་བོད་ཀྱི་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་རུས་བརྒྱུད་འབྲོའི་མི་བརྒྱུད་ཀྱི་ལུགས་སྲོལ་ཞིག་ཡིན་པར་གྲགས་ཤིང་། དེ་ལ་འབྲོང་དར་མ་ཞིག་གིས་གཡོན་ཕྱོགས་སུ་ལྟ་བའི་གཟུགས་དབྱིབས་ཀྱི་སྒང་དུ་ཐབ་མིག་གསུམ་ཡོད་པ་ཞིག་ཡིན་ལ། གཞོག་གཡས་གཡོན་གཉིས་ཆར་ཐབ་སྒོ་རེ་དང་འབུད་ཤིང་བཅུག་ས་རེ་ཡོད་པ་མ་ཟད། གཡས་ཕྱོགས་སུ་སྐྱེས་པ་ཕོ་དང་གཡོན་ཕྱོགས་ཟ་མ་མོའི་ས་ཡིན་པར་གྲགས།  འབྲོང་ལ་རྐེ་ཐག་ཆུ་མིག་དགུ་སྒྲིལ་ཚར་ལོ་དཀར་པོ་ཡོད་པ་ཞིག་འདོགས་སྲོལ་ཡོད་པ་ནི། མིས་རི་ནས་འབྲོང་ཕབས་སྟེ་སྒོ་ཟོག་ཏུ་བརྟུལ་ནས་གཡུང་པོར་ཆགས་པའི་ལག་རྟགས་དང་། སྤྱིར་འབྲོང་གཡག་ནི་མཐོ་སྒང་བོད་མིར་ཤིན་ཏུ་དྲིན་ཆེ་བའི་སྒོ་ཟོག་ཞིག་ཡིན་པའི་དྲན་རྟེན་དང་གུས་བརྩི་ཞུ་བའི་ལུགས་སྲོལ་ཞིག་ཀྱང་ཡིན་པར་བཤད། ཐབ་ཀ་འདི་ནི་གནའ་བོའི་དུས་སུ་གཙང་ཕྱོགས་འབྲོག་ཁུལ་དུ་དར་སྲོལ་ཆེ་བར་བཤད།       


གསུམ་པ།  ཡང་མོན་ཐབ་གླང་ཆེན་མའམ་ལྷོ་ཐབ་གླང་ཆེན་མ་ཞེས་གྲགས་པའི་ཐབ་ཀ་ཞིག་ཡོད་པ་དེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། ལྷོ་ཕྱོགས་འབར་མའི་ཡུལ་བོད་ཀྱི་དབང་བསྒྱུར་བྱས་སྐབས་འབར་མའི་ལུགས་སྲོལ་བོད་ལ་དར་བ་ཞིག་ཡིན་པར་གྲགས། ཐབ་ཀ་འདི་ནི་གླང་པོ་ཆེ་རིན་ཆེན་རྒྱན་གྱིས་བརྒྱན་པ་ཞིག་གི་སྒལ་སྟེང་དུ་ཐབ་མིག་ཆེ་ཆུང་གསུམ་ཡོད་པ་དང་ཐབ་སྒོ་གཅིག་ཡོད་པ་ཞིག་ཡིན། གླང་ཆེན་མགོ་བོའི་ཕྱོགས་ཟ་མ་མོ་དང་འཕོང་གི་ཕྱོགས་སུ་སྐྱེས་པ་ཕོའི་ས་ཡིན་པར་བཤད། འདི་ནི་གཙོ་བོ་རོང་ཕྱོགས་ཤིང་ནགས་འབེལ་སའི་ཡུལ་དུ་བེད་སྤྱོད་མང་བ་ཞིག་སྟེ། ཐབ་སྒོ་དང་བུད་ཤིང་འཇུག་ས་གཅིག་ལས་མེད། དེ་གསུམ་ནི་ཁོ་བོ་ཆུང་ངུའི་དུས་སུ་ཁུ་བོ་མཁས་དབང་མགོན་སེང་ཚེ་རིང་ཆོས་འགྲུབ་མདུན་ནས་ས་འདམ་ལས་ལག་ཁྲིད་ཅིག་ཐོབ་པ་དང་། རྗེས་སུ་ཡང་རྦ་ཤ་བླ་མ་ཚེ་རིང་རྣམ་རྒྱལ་མདུན་ནས་རྩམ་ཟན་ལས་ལག་ཁྲིད་ཐོབ་པ་བཅས་སོ། །ལག་རྩལ་དེ་དག་གི་བརྒྱུད་རིམ་ལོ་རྒྱུས་ཞིབ་ཕྲ་ད་ལྟའི་ཆར་མ་རྙེད་ལ་སྤྱི་ལོ་༡༩༡༧ལོ་༡༩༢༠་ལོ་བར་ཧོར་ཚོ་བ་སོ་དགུའི་སྤྱི་ཁྱབ། གྲགས་པ་རྣམ་རྒྱལ་གྱིས་ཁྱུང་པོ་སྟེང་ཆེན་དུ་ལག་རྩལ་སློབ་གྲྭ་བཙུགས་པའི་ནང་ནས་ཤེས་མི་མང་པོ་ཞིག་བྱུང་བར་གྲགས་པ་ལས།  མགོན་སེང་ཨ་ཐིག་ཉི་མས་སྨིན་ལུགས་ལྷ་བྲིས་དང་ལྷན་དུ་ཐབ་ཆེན་བཅུ་གསུམ་བཅའ་ཚུལ་སྦྱངས། དེས་བུ་ཚེ་རིང་ཆོས་འགྲུབ་ལ་བསླབས་པ་དང་། ཡང་གཅིག་ནི་རྦ་ཤ་བསོད་དབང་གིས་རྦ་ཤ་ཚེ་རིང་རྣམ་རྒྱལ་ལ་བསླབས། དེ་གཉིས་ཀ་ལས་བདག་གིས་ཐབ་ཀ་གསུམ་ཙམ་གྱི་བཅའ་ཚུལ་རགས་ཙམ་ཞིག་སྦྱང་པ་ཡིན། ངག་ཐོག་ནས་ཆ་འཕྲིན་ཐོབ་པ་གཡུང་ཐབ་མཛོ་ཉལ་མ་ཞེས་པ་ཞིག་ཡོད་པར་གྲགས་པ་ནི་བོད་ཀྱི་དམངས་ཁྲོད་དུ་འབྲི་མཛོ་རྒོད་པོ་ཡིན་པ་དང་། བ་མཛོ་གཡུང་པོ་ཡིན་པའི་རྐྱེན་གྱིས་མིང་དེ་སྐད་དུ་བཏགས་ཏེ་བ་མཛོ་ཉལ་བའི་གཟུགས་ཅན་གྱི་ཐབ་ཀ་ཞིག་ཡིན་པར་བཤད།  གཞན་ཡང་མགར་ཐབ་ཏི་ཚ་མ་ཞེས་པ་གྲུ་བཞིའི་དབྱིབས་ཅན་ཞིག་དང་། རོང་ཐབ་ཟླ་གམ་མ་ཞེས་ཟླ་བ་ཕྱེད་པའི་དབྱིབས་ཅན་དང་། ད་དུང་རྒོད་ཐབ་ཟུར་གསུམ་མ་ཞེས་པ་དང་། རྒྱ་ཐབ་ཟུར་བརྒྱད་མ་ཞེས་པ་བཅས་ཀྱི་བཅའ་ཐབས་ངག་རྒྱུན་ཙམ་ཞིག་ཁམས་རི་བོ་ཆེའི་མཁས་དབང་མགོན་པོ་ཚེ་ཐར་དང་། ཞབས་སྤྱོད་སྤྲུལ་སྐུ་པདྨ་རྡོ་རྗེ་རྣམ་གཉིས་ཀྱི་ཞལ་ནས་ཐོས།   བློ་ཕམ་པ་ཞིག་ལ་ད་ནས་ཡར་རྩིས་པའི་ལོ་ཉི་ཤུའི་ཡར་སྔོན་ལ་ཆབ་མདོ་སྲིད་གྲོས་ནང་དུ་བཞུགས་པ་རྫི་ར་སྤྲུལ་སྐུ་ཞེས་པ་ཞིག་དང་། དཔལ་ཤོད་གཉེར་པ་བློ་བཟང་ཞུ་བ་གཉིས་ཀྱི་བོད་ཀྱི་ཐབ་ཆེན་བཅུ་གསུམ་ཆ་ཚང་ཞིག་བཅའ་ཤེས་ཚུལ་ཞབས་སྤྱོད་སྤྲུལ་སྐུ་པདྨ་རྡོ་རྗེའི་ཞལ་ནས་ཐོས་རུང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མ་བྱུང་།  ཡང་རྒྱ་ཐབ་མགོ་བོ་ཞེ་བཞི་ཅན་ཞེས་པ་གཅིག་གི་བཅའ་ཐབས་ཡོད་ཚུལ་ཙམ་གྱི་ཆ་འཕྲིན་ཞིག་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྟོད་ལ་བྱོན་པ་འཇམས་དབྱངས་མགོན་པོའི་རྣམ་ཐར་ལས་གསལ་བ་ཙམ་དུ་ཟད།   གོང་གསལ་གྱི་བཙན་ཐབ་གླིང་བཞི་མ་ལྟ་བུ་ཆེ་མཐོའི་ལོ་རྒྱུས་རང་བཞིན་གྱི་མཚོན་དོན་ལྡན་པ་དམིགས་བསལ་གྱི་ཐབ་ཀ་ནས་བཟུང་། དམངས་སྲོལ་བོད་ཡུལ་སྟོད་སྨད་གང་སར་རོང་འབྲོག་གི་བུད་ཤིང་རྒྱུ་ཆ་མི་འདྲ་བ་དང་། ཡུལ་སྲོལ་ཅུང་མི་འདྲ་བའི་དབང་གིས་ཐབ་ཀའི་དབྱིབས་དང་ཆེ་ཆུང་མཛེས་སྤྱོད་སོགས་ཀྱི་རྣམ་པ་མི་འདྲ་བ་མང་ན་ཡང་། ཐབ་ལྷ་མཆོད་སྲོལ་དང་ཐབ་ལྷའི་འཛེམ་བྱ་སོགས་རེ་སྨོན་དང་འདུ་ཤེས་འཛིན་ཚུལ་ཕལ་ཆེ་བ་གཅིག་མཚུངས་ཀྱི་སྒོ་ནས་ཐབ་ཀ་དང་འབྲེལ་པའི་དམངས་སྲོལ་རིག་གནས་མང་པོ་ཞིག་རྒྱུན་འཛིན་བྱས་ཡོད། ད་སྔོན་ང་ཚོའི་མཐོང་ཐོས་ལ་བོད་ཐབ་མི་འདྲ་བ་སུམ་བརྒྱ་ལྷག་ཞིག་བྱུང་ཡོད་རུང་། ཕལ་ཆེ་བ་ལ་ལོ་རྒྱུས་རྒྱུ་མཚན་ཁ་གསལ་ཅན་གྱི་བཤད་པ་དེ་འདྲ་ཉུང་ནའང་འཛེམ་བྱ་དང་ཐབ་ལྷ་གསོལ་མཆོད་ཀྱི་ལུགས་སྲོལ་སོགས་ནི་ཧ་ཅང་མང་།

བཞི་པ། བོད་ཐབ་བཅའ་ཚུལ་གྱི་ཤེས་བྱ།

 ཐབ་ཀའི་མིང་གི་རྣམས་གྲངས་དང་མིང་འདོགས་མི་འདྲ་བ། དངོས་མིང་།  ཐབ་ཀ་དང་།  སྒྱིད་པུ།  ཇ་ཐབ། སྒྱིད་པུ་སུམ་ཐབ། ཡང་ཆེ་ཆུང་གི་དབང་གིས་ཐབ་ཆེན་དང་ཐབ་ཆུང་དང་། འབྲོག་ཐབ་དང་རོང་ཐབ།  རྟ་ཐབ།  ཡང་དམིགས་བསལ་གྱི་མི་སྣས་རྩ་འཛུགས་འོག་བཅས་པ་དཔེར་ན་བཙན་ཐབ་གླིང་བཞི་མ་དང་།   རུས་རྒྱུད་ཀྱི་ཐབ་ཀ་འབྲོ་ཐབ་འབྲོང་གཡགས་མ།   ས་གནས་མི་འདྲ་བ་མོན་ཐབ་གླང་ཆེན་མའམ་ལྷོ་ཐབ་གླང་ཆེན་མ་སོགས་མང་།    


༢ ཐབ་ཀ་བཅའ་བའི་བརྒྱུད་རིམ་དང་སྔོན་འགྲོའི་གྲ་སྒྲིག་ལ། བོད་ཀྱི་དམངས་ཁྲོད་དུ་ཐབ་ཀ་བཅའ་བ་ལ་ཐོག་མར་གཟའ་སྐར་ཚེས་བཟང་གི་དུས་ཚོད་འདེམས་པ་དང་། བཻ་དཀར་གྱི་ས་དཔྱད་ལས། ཁྱིམ་གསར་ཐབ་ཀ་བཅའ་བའི་ཚེ།། གཟའ་སྐར་འཕྲོད་སྦྱོར་སོགས་ཤིས་ཉིན།། ཟས་སྣ་གང་འཛོམས་བསགས་བྱས་ནས།། བསོད་ནམས་ལྡན་པའི་མི་ཞིག་གིས།། ཐབ་ཀྱི་གཞི་མ་རྩིག་པ་དང་།། དགེ་འདུན་བཞི་སྡེ་སྤྱན་དྲངས་ནས།། གདན་གནོན་བཀྲ་ཤིས་སྨོན་ལམ་ཞུ།། ཟས་གཡོས་མང་དུ་བྱ་བ་དང་།། བསྙེན་བཀུར་ཕུན་སུམ་ཚོགས་པར་བྱ།། ཞེས་སོ།། དེ་རྗེས་ཐབ་ཀ་བཅའ་བ་ལ་མཁས་པའི་མི་ཐབ་མཁན་ཞིག་གིས་བཅའ་དགོས། དེ་ནས་ཐབ་ས་དང་ཐབ་རྡོ་ཡང་མེ་ཐུབ་པའི་ས་རྡོ་ཞིག་བརྩལ་དགོས་པ་ལས་ས་རྡོ་གང་བྱུང་གི་མི་ཆོག་ལ། ཐབ་ས་དང་ཐབ་རྡོ་ལེན་པའི་སྐབས་སུ་ཡང་ཡུལ་དེའི་གཞི་བདག་ལ་བསང་གསོལ་དང་གསེར་སྐྱེམས་སོགས་ཕུལ་ནས་ཐབ་ས་དང་ཐབ་རྡོ་ལེན་པའི་གནང་བ་ཞུས་རྗེས་ས་རྡོ་བླངས་ནས་གྲ་སྒྲིག་བྱ་དགོས།     


 དངོས་གཞི་ཐབ་ཀ་བཅའ་བ། ཐབ་མཁན་གྱིས་ཐབ་ཀ་བཅའ་བའི་བརྒྱུད་རིམ་ནང་ཐོག་མར་ཡར་སྒྱིད་དང་མར་སྒྱིད་ཀྱི་ས་འཛིན་རྡོ་ཆེན་པོ་གཉིས་བཞག་ནས་རིམ་གྱིས་བཅའ་སྲོལ་ཡོད། ཐབ་ཀ་རྒྱས་པ་ལ་ཐབ་ཀའི་ཡར་སྒྱིད་ཀྱི་དཀྱིལ་དབུས་སུ་ས་ལྷའི་བུམ་གཏེར་དང་།  ཀླུ་བུམ།  ནོར་བུམ་གསུམ་འཇོག་སྲོལ་ཡོད་ལ། བསྡུས་པ་ལ་ཡང་ནོར་ལྷའི་བུམ་གཏེར་ཞིག་འཇོག་སྲོལ་ཡོད། ཐབ་ཀ་བཅའ་བའི་རྒྱུ་ནི་ས་རྡོ་གཉིས་ལས་བརྩིག་དགོས་ལ། ས་ནི་མེ་ཐུབ་ཅིང་དམ་རྩི་ཡོད་པ་ཞིག་ཡིན་དགོས།  རྡོ་ཡང་མེ་ཐུབ་པ་ཞིག་སྟེ་ས་རྡོ་རིམ་བརྩེགས་གྱིས་བརྩིགས་རྗེས་ཕྱི་ནས་སའི་ཞལ་ལ་བརྒྱབ་ནས་སྟེང་གི་ཐབ་ཟམ་དང་། ཐབ་སྒོའི་འགྲམ་རྡོ་དང་ཐོད་རྡོ། གོ་རའི་ནང་འགྲམ་རྡོ་ཙམ་ལས་གཞན་པ་ཚང་མ་སའི་ཞལ་ལ་བརྒྱབ་ནསའཇམ་པོ་བྱ་དགོས། དེའི་སྟེང་དུ་མཛེས་ཆོས་ཀྱི་རི་མོ་དང་ཐབ་ལྷ་སོགས་རིམ་གྱིས་འགོད་སྲོལ་ཡོད།         


 ཐབ་ཀའི་མཛེས་སྤྱོད། བོད་ཐབ་ལ་རོང་ཐབ་དང་འབྲོག་ཐབ་གཉིས་དང་དེ་ཡང་འབུད་ཤིང་གི་དབྱེ་བས་ཀྱང་རིགས་གཉིས་ཡོད། རོང་ཐབ་ནི་ཕལ་ཆེ་བ་དབྱིབ་གྲུ་བཞི་ཡིན་ཞིང་འབྲོག་ཐབ་ནི་ནར་མོ་ཡིན། ད་དུང་ཟླ་གམ་གི་དབྱིབས་ཅན་སོགས་སྣ་ཚོགས་ཡོད། རོང་ཐབ་ནི་གཏན་ཁེལ་གྱི་ཁང་པའི་ནང་དུ་ཡོད་པས་དམིག་བསལ་གྱི་གནས་ཚུལ་མ་བྱུང་ན་ཐེངས་གཅིག་བཅས་ན་ཆོག་ལ། འབྲོག་ཐབ་ནི་ཕལ་ཆེར་ལོ་རེའི་ནང་ལ་བཅའ་ཐེངས་མང་པོ་དགོས། དེ་ལས་གཞན་པའི་མི་མང་འདུ་འཛོམས་སྐབས་ཀྱི་ཐབ་ཆེན་དང་། དགོན་སྡེ་ཆེ་ཁག་གི་ཐབ་ཆེན་ནི་ཤིན་ཏུ་ཆེན་པོ་བཅའ་སྲོལ་ཡོད། རྒྱས་སྤྲོས་ཅན་གྱི་ཐབ་ཀ་ལ་གཟུགས་དབྱིབས་དང་རི་མོ་སོགས་རིག་གནས་ཀྱི་མཚོན་དོན་མང་པོ་ཡོད་པ་དང་། ལྷག་པར་དུ་གསེར་གཡུའི་ཕྲ་དང་དུང་གི་ཕྲ་ཡོད་པའང་མང་པོ་ཡོད།  རི་མོ་ལ་ཐབ་སྒོའི་གོང་གི་དཀྱིལ་ཙམ་དུ་མེ་ལྷ་མཚོན་བྱེད་མེ་ལྕེ་རྩེ་གསུམ་པ་དང་། ཡང་གཡུང་དྲུང་གི་རྩེ་མོ་མེ་ལྕེ་ཅན་རི་མོ་འབུར་གཤོང་གི་རྣམ་པ་ཅི་རིགས་འབྲི་སྲོལ་ཡོད་པ་དང་། ཡང་ས་ཆ་འགའ་ཤས་ནས་གཡག་མགོ་དང་ལུག་མགོ་ཡང་འབྲི་སྲོལ་ཡོད། ཐབ་ལྷ་མཚོན་བྱེད་ནོར་བུ་མེ་འབར་རམ་ཡང་ན་ནོར་བུ་དགའ་འཁྱིལ། ཉི་ཟླ་སྐར་གསུམ་སོགས་རི་མོ་སྣ་ཚོགས་འབྲི་སྲོལ་ཡོད་པ་མདོར་བསྡུས་ཙམ་མོ།།                          


 ཐབ་ནང་དུ་ཐོག་མར་མེ་གཏོང་བ། ཐབ་ཀ་བཅའ་གྲུབ་ནས་མེ་ཐོག་མར་འབུད་སྐབས་ཁྱིམ་ཚང་དེའི་བགྲེས་སོང་ཞིག་གིས་ཕྱེ་མར་དང་ཇ་ཕུད་འོ་ཕུད་སོགས་གཤམས་ནས་བསང་གསོལ་གྱི་ཆོ་ག་འདོན་བཞིན་མེ་ཁ་གསོ་སྲོལ་ཡོད་པ་དང་། དུས་རྒྱུན་ཡང་ཇ་ཕུད་འོ་ཕུད་ཟས་ཕུད་སོགས་ཕུལ་ནས་ཐབ་ལྷའི་གསོལ་མཆོད་རྒྱས་བསྡུས་ཅི་རིགས་ཀྱི་ལམ་ནས་མཆོད་བསྟོད་བྱ་སྲོལ་ཡོད་པ་མ་ཟད། སྒོ་ཕྱུགས་གཅན་ཟན་གྱིས་ཟོས་པ། ནང་མིར་ཤུ་བ་དང་རྨ་གཉེན་སོགས་བྱུང་ན་དཀར་ཐབ་བམ་ཐབ་གཞོབ་བྱུང་བར་དོགས་པ་དང་། སྤྱིར་ཐབ་ལ་སྐྱོན་པའི་སྣོད་འཕྱུར་དུ་མི་འཇུག་ཅིང་། ལྷག་པར་འོ་མ་སོགས་དཀར་ཆུའི་རིགས་དང་། ཤ་ཁུ་སོགས་དམར་ཁུའི་རིགས་འཕྱུར་བ་དང་། སྤུ་སོགས་ཐབ་ལ་ཤོར་ན་ཐབ་གཞོབ། དཀར་ཐབ་བམ་ཐབ་གཞོབ་ཞེས་ཐབ་ལྷ་དང་ཡུལ་ལྷ་མནོལ་ཉེན་ཡོད་པས། བསངས་ཀྱིས་མནོལ་བ་དག་ཐབས་བྱེད། གཞན་དག་འདོན་པ་རྒྱ་ཆེན་པོ་མི་ཤེས་ཀྱང་། བསངས་ནས་མི་སངས་པ་དང་། བཀྲུས་ན་མི་དག་པ་མེད་དོ་བསང་ངོ་བསང་ངོ་། །ཞེས་བརྗོད་པ་སོགས་མི་བདེ་བ་བྱུང་ཚེ་ཐབ་ལྷ་ལ་གཙོག་སྐྱོན་ཤོར་བར་དོགས་ནས། ཅུང་ཟད་མི་འདྲ་བའི་སྒོ་ནས་ཐབ་ཀ་ལ་བསང་དང་ཁྲུས་གསོལ་གྱི་སྒོ་ནས་བཟོད་གསོལ་དང་ནོང་པ་བཤགས་པའི་ལུགས་སྲོལ་ཡང་སྣ་ཚོགས་ཡོད།

ལྔ་པ། བོད་ཐབ་བེད་སྤྱོད་ཀྱི་བརྒྱུད་རིམ།

 རྒྱུན་ལྡན་ཐབ་ཀ་བཀོལ་སྤྱོད། སྤྱིར་བཏང་ཐབ་ཀ་ནི་འཚོ་བའི་ནང་གི་བཟའ་བཏུང་གཡོས་སྦྱོར་དང་དྲོད་འགུགས་ཀྱི་ཡོ་ཆས་ཞིག་ཡིན་རུང་། བོད་ཀྱི་མེས་པོ་གོང་མ་དག་གིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དུ་རིམ་བཞིན་མཛེས་སྤྱོད་ཀྱི་འདུ་ཤེས་དང་། སྒྱུ་རྩལ་གྱི་བསམ་བློ།  ལྐོག་གྱུར་གསང་བའི་འདུ་ཤེས་སོགས་དང་འབྲེལ་ཏེ་རིན་ཐང་ཧ་ཅང་ཆེ་བའི་ཐབ་ཀ་དང་དེའི་མཛེས་སྤྱོད་དང་སྒྱུ་རྩལ། དེ་ལ་གནས་པའི་ཐབ་ལྷ། ཐབ་ལྷའི་དམ་ཚིག་གམ་འཛེམ་བྱ། ཐབ་ལྷ་མཆོད་པའི་ཆོ་ག །ཐབ་ལྷ་ལ་བརྟེན་ནས་ཕྱིའི་སྒོ་ཕྱུགས་སྲུང་སྐྱོབས་དང་།  ནང་གི་ཟས་ནོར་འདུ་འགོད་སོགས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བཅའ་དགོས་ན་ཐབ་ཀ་ནི་གལ་ཆེན་ཏུ་བརྩི་བའི་ལམ་སྲོལ་ཞིག་ཆགས་ཡོད། དེ་ཡང་བཟའ་བཏུང་གཡོས་སྦྱོར་གྱི་སྐབས་སུ་བེད་སྤྱོད་པ་མ་ཟད། རྒྱུན་ལྡན་བར་མ་ཆད་པར་མེ་འབུད་ནས་ཆུ་བསྐོལ་སྲོལ་ཡོད་པ་ལས། འགྲུལ་པ་ཞིག་སླེབ་པ་དང་གསར་དུ་མེ་གཏོང་བའི་ལུགས་སྲོལ་མེད། སྔར་འབྲོག་ཁུལ་དུ་དུད་ཚང་ཕལ་ཆེ་བ་མཚན་མོ་ཉལ་དུས་སུ་མེ་བསྙལ་བའི་དྲོད་ལ་བརྟེན་ནས་ལྟོ་ཆས་སོགས་ཀྱི་དྲོད་བསྲུངས་བ་ཙམ་ལས་རྒྱུན་ལྡན་མེ་འབུད་པ་ལ་གཅིག་ནས་གྲངས་རླུང་སེལ་ཞིང་དྲོད་འགུགས་པར་ཕན་ཐོགས་ཡོད་པ་དང་། གཉིས་ནས་སྐུ་མགྲོན་ཞིག་སླེབ་མ་ཐག་ཇ་འཐུང་ཆོག་ཆོག་ཡོད་པ་སོགས་ཀྱི་དགོས་མཁོ་ཆེན་པོ་ཡོད། ཡང་དབུས་གཙང་ས་ཁུལ་ཁ་ཤས་སུ་ཐབ་རྡོ་ལ་གྲོག་རྡོ་ཞེས་འབོད་པ་དང་མེ་བསྙལ་བ་ལ་གྲོག་ལྡིག་བསྙལ་བ་ཞེས་མེ་བསྙལ་ནས་སང་ཉིན་གྱི་མེ་རྟ་བྱེད་ཀྱི་ཡོད། ཡང་བོད་ཀྱི་སྤྱི་ཚོགས་ནང་དུ་ཤོད་སྲོལ་ལ། ཐབ་ཁྲ་མོའི་གོང་ན་ཇ་མ་བཙན།  ཞེས་ནམ་རྒྱུན་ཁྱིམ་ཚང་ཞིག་ལ་མཚོན་ན་ཐབ་ལས་དང་བཟའ་བཏུང་གི་འགན་ཁུར་མི་གཙོ་བོ་དེ་མ་རྒན་ནམ། ཡང་ན་ཁྱིམ་གྱི་བདག་མོ་སྟེ་བུད་མེད་ཞིག་གི་འགན་ཁུར་གྱི་ཡོད། དེ་ཡང་དམངས་ཁྲོད་དུ་ཤོད་སྲོལ་ཏེ། མོ་རང་མེད་པའི་ཁོ་རང་དེ། །ཐབ་ལས་མི་མཁས་རང་མཁས། །ཁོ་རང་མེད་པའི་མོ་རང་དེ། །མདའ་གཞུ་མ་བཏགས་ཀ་མེད། །ཅེས་འུ་ཐུག་ན་མ་གཏོགས་ལས་བསྒོས་ཀྱི་དབང་གིས་སྐྱེས་པས་ཐབ་ལས་བྱ་སྲོལ་མེད་པར་གྲགས། གནའ་བོའི་དམངས་སྲོལ་གྱི་སྒྲིག་གཞི་ལྡན་པའི་ཁྱིམ་ཚང་དག་ལ་མཚོན་ན།  ཡར་སྒྱིད་ཕོ་དང་དཔའ་བོའི་ས། །མར་སྒྱིད་མོ་དང་དཔལ་མོའི་ས། ཞེས་དང་། ཡང་ས་ཆ་འགའ་ཤས་ནས། ཡར་སྒྱིད་ཕ་དང་ཁུ་བོའི་ས། །མར་སྒྱིད་མ་དང་སྲུ་མོའི་ས། ཞེས་སྐྱེས་པ་རྣམས་ཡར་སྒྱིད་ཕྱོགས་སུ་འདུག་པ་དང་། བུད་མེད་རྣམས་མར་སྒྱིད་ཕྱོགས་སུ་འདུག་པའི་ལམ་སྲོལ་ཡོད། ཡང་འབྲོག་ས་འགའ་ཤས་ནས་ཐབ་གཡས་གཡོན་སྟེ། མདུན་ཕྱོགས་ཕ་ཁུ་སྐྱེས་པའི་ས། རྒྱབ་ཕྱོགས་མ་སྲུ་མོ་སྨན་ས། ཞེས་མདུན་རྒྱབ་ཀྱི་དབྱེ་བ་བྱེད་སྲོལ་ཡང་ཡོད། གནས་མདོ་ཀརྨ་ཆགས་མེད་ཀྱིས་ཁྱིམ་ལྷ་བསྟོད་པ་ལས། ཐབ་ཀ་རིན་ཆེན་ཕྱུག་མོའི་མ་སྒྱེད་འདི། །ཕ་སྒྱེད་གཡས་སུ་མ་ཡོ་ཞིག །མ་སྒྱེད་གཡོན་དུ་མ་ཡོ་ཞིག །ཐབ་དང་འཁོན་ཐབ་མ་གཏོང་ཞིག །ཐབ་ཀ་རིན་ཆེན་ཕྱུག་མོའི་ཁར། །བཙོ་བསྲེག་གཡོ་བསྐོལ་རྒྱུན་མི་ཆད། །ལོངས་སྤྱོད་མི་བཟད་ཟས་གཡང་ལྷ། །ཕ་ལྷ་གཡང་ལྷ་ཐབ་ལྷ་རྣམས། །ཐབ་ཀ་མ་སྒྱེད་འདི་ལ་སྲུང་དུ་གསོལ། །ཞེས་སོ། །ཡང་ཁྱིམ་ཚང་ཆུང་སྲི་ལངས་པའམ་མི་བདེ་བ་རྒྱུན་མར་བྱུང་ན་ཐབ་ཀའི་གཡས་གཡོན་དང་། ཡར་སྒྱིད་མར་སྒྱིད་ཀྱི་ཕོ་མོའི་འདུག་ས་བརྗེས་ན་ཕན་ཐོག་ཡོད་པར་འདོད་པའང་ཡོད།     

༢ ཐབ་ཀའི་འཛེམས་བྱ། སྤྱིར་དམངས་སྲོལ་དུ་ཐབ་ཀའི་འཛེམས་བྱ་མང་རུང་མདོར་བསྡུས་ཙམ་ཞིག་ཆག་མེད་ཀྱི་ཐབ་ལྷའི་གསོལ་མཆོད་ལྟར་ན། ཡུགས་གྲིབ་བཙོག་གྲིབ་གྲི་བོ་གྲི་མོ་དང་།། མནོལ་གྲིབ་མི་གཙང་ངན་པ་ཐམས་ཅད་ཀྱང་།། ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག། ཅེས། ཡུགས་ས་དང་། རིགས་རུས་ངན་པ། གྲི་ཤི་ཕོ་མོའི་བཅའ་དངོས། མནོལ་ཤོར་བའི་མི་སོགས་ཀྱིས་ཐབ་ལྷ་ལ་གྲིབ་ཕོག་པར་བཤད་པ་དང་། ཡང་དམངས་སྲོལ་གྱི་འཛེམས་བྱ་ལ།  ལྷམ་དང་། དོར་མ་སོགས་ནམ་རྒྱུན་མིས་བཙོག་པར་བརྩི་བའི་དངོས་པོ་ཚང་མ་ཐབ་ཀའི་ཉེ་འཁོར་དུ་འཇོག་པའམ་ཐབ་ཀའི་སྒང་ལ་འགོམ་པ་སོགས་བྱུང་ན་ཐབ་ལྷ་ལ་མནོལ་གྲིབ་འཕོག་པར་འདོད། ཁ་ཟས་གཡོས་སྦྱོར་སྐབས་སུ་ཐུག་པ་དང་འོ་མ་ཇ་སོགས་འཕྱུར་བ་ན་ཐབ་ལྷ་ལ་གནོད་པ་དང་། ལྷག་པར་དུ་ཤ་བརྩོས་པའི་ཁུ་བ་འཕྱུར་ན་ཚབ་ཆེན་དུ་བརྩིས་ནས་ལམ་སེང་བསང་དང་ཇ་ཕུད་མཆོད་ནས་བཟོད་གསོལ་ཞུ་དགོས་པ། ཡང་ཤ་མེ་ལ་བསྲེགས་པའི་དུད་པ་དང་།  མི་གཙང་བའི་རྫས་བསྲེགས་པའི་དུད་པ་སོགས་ཀྱི་ཐབ་ལྷ་ལ་མནོལ་གྲིབ་ཆེན་པོ་ཕོག་པའི་འདུ་ཤེས་འཛིན་གྱི་ཡོད། གཞན་ཡང་སྐྱེས་པ་ཕོ་མོ་སུ་ཡིན་རུང་ཐབ་ཀའི་ཉེ་འཁོར་དུ་ལྷམ་སྤྲུགས་པ་དང་། སྐྲ་བཀྲུ་བ་དང་ཤད་པ། གོས་གདན་སྤྲུག་མི་རུང་བ་སོགས་ཡུལ་ལུང་མི་འདྲ་བ་རེ་རེར་འཛེམ་བྱ་ཅུང་མི་འདྲ་བ་སྣ་ཚོགས་ཡོད་ཅིང་མདོར་བསྡུ་ན་མིའི་འདུ་ཤེས་ལ་བཙོག་པར་བརྩི་བའི་དངོས་པོ་ཚང་མས་ཐབ་ལྷ་ལ་ཡང་གནོད་པ་འཛིན་གྱི་ཡོད། གལ་སྲིད་མནོལ་གྲིབ་བྱུང་ཚེ་ཐབ་ལྷ་ལ་བསང་དང་མཆོད་པ་ཁྲུས་གསོལ་སོགས་བཅོས་ཐབས་ལ་འབད་དགོས།  

དྲུག་པ། བོད་ཀྱི་ཐབ་ལྷའི་རིག་གནས།

  བོད་ཀྱི་ཐབ་ལྷ་གཙོ་ཆེ་བ་ནི་མོ་ལྷ་ཡིན་པ་ལ་བལྟས་ན་གནའ་བོའི་བོད་ཀྱི་སྤྱི་ཚོགས་ལས་བསྒོས་ཀྱི་རྣམ་པ་མཚོན་བྱེད་ཞིག་ཏུ་མངོན་སྟེ། དེབ་དཀར་ལས། མོ་བཙུན་རྣམས་གཞིས་ལ་འདུག་ནས་བུ་སྲིད་ཀྱི་གཉེར་བྱེད་ཞེས་པ་ལྟར་སྐྱེས་པ་རྣམས་དམག་རྒྱབ་སོགས་ཀྱི་ལས་ཀ་བྱེད་ཅིང་། བུད་མེད་རྣམས་ཀྱི་ཁྱིམ་གཞིས་འཛིན་ནས་བཟའ་བཏུང་གཡོས་སྦྱོར་སོགས་ཀྱི་ལས་ལ་བརྩོན་པས་ན། ཐབ་ལྷ་ཡང་གཙོ་ཆེ་བ་མོ་ལྷ་ཡོང་བའི་རྒྱུ་མཚན་ཡིན་ཚོད་རེད།       

 ཐབ་ལྷ་ཡུ་མོ། བོན་ལུགས་ཀྱི་ཡིག་ཆ་རྣམས་སུ། ཐབ་ལྷ་ཡུ་མོ་ཞེས་མོ་ལྷ་ཞིག་ཡིན་པར་བཤད་པ་ལྟར། ཕྱིས་བཻ་རོ་ཙ་ནས་མཛད་པ་དཔལ་ལྡན་མགོན་པོའི་ལམ་ལྷ་དགྲ་བླ་བཅུ་ཞེས་པའི་ནང་། བསོ་དགྲ་བླ་ཐབ་ལྷ་ཡུ་མོ་ནི།། ཟ་མ་མོ་ལུས་གཡུ་ཆས་ཅན།། དར་སྣ་ན་བཟའ་སྐུ་ལ་མནབས།། གསེར་གཡུ་ཕྲེང་བ་ལུས་ལ་བརྒྱན།། གཟི་དང་བྱི་རུ་སྐེད་ལ་བསྐོར།། མུ་ཏིག་ཨགས་ཙས་རྣ་བ་བརྒྱན།། གསེར་དང་དངུལ་གྱི་ལག་དཀྲིས་ཅན།། ཕྱག་གཡས་གསེར་གྱི་གཟར་བུ་འཛིན།། ཕྱག་གཡོན་ནོར་གྱི་རྐྱལ་བ་ཐོགས།། ཞེས་བོད་ཀྱི་བུ་མོ་ཞིག་གི་རྒྱན་དང་ཆ་ལུགས་གསལ་བར་བཤད།  འཇུ་མི་ཕམ་གྱིས། ཐབ་ལྷ་ཡུ་མོ་ཞེས་བྱ་བ།། བུད་མེད་ལུས་ལ་གཡུ་ཆས་ཅན།། དར་ཟབ་ན་བཟའ་སྐུ་ལ་གསོལ།། ཕྱག་ན་གསེར་གྱི་གཟར་བུ་བསྣམས།། ཐབ་ལྷ་མེ་ལྷ་འབུམ་གྱིས་བསྐོར།། ཞེས་གསལ།          

༢ ཐབ་ལྷའི་ཁྱིམ་ཚང་། གནས་མདོ་ཀརྨ་ཆག་མེད་ཀྱི་ཐབ་ལྷའི་མཆོད་པ་ལས། མ་ཐབ་ལྷའི་རྒྱལ་མོ་ཚུར་ཉོན་དང་།། ཁྱོད་སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།། ཕྱག་ན་ཡིད་བཞིན་ནོར་བུ་བསྣམས།། དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས།། མ་ཁྱེད་ཀྱང་འདིར་གཤེགས་གདན་ལ་བཞུགས།། ཁྱེད་ཀྱི་འཁོར་དང་བཀའ་འཁོར་ནི།། ཤར་ཕྱོགས་ཐབ་ལྷ་དཀར་མོ་ནི།། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།། ཕྱག་གཡས་འབྲས་གཡང་ཐམས་ཅད་བསྡུས།། གཡོན་ན་དངུལ་དཀར་དྲིལ་བུ་བརྟན།། མི་གཡང་བསྡུད་པའི་བདག་པོ་སྟེ།། ཞེས་དང་། ཡང་། ལྷོ་ཕྱོགས་ཐབ་ལྷ་སེར་མོ་ནི།། སྐུ་མདོག་གསེར་ལ་འོད་ཟེར་འཕྲོ།། ཕྱག་ན་སྨན་གྱི་ལྷུང་བཟེད་བསྣམས།། སྡུག་བསྔལ་ནད་ལས་གྲོལ་བར་མཛད།། ནུབ་ཕྱོགས་ཐབ་ལྷ་དམར་མོ་ནི།། སྐུ་མདོག་དམར་ལ་འོད་ཟེར་འཕྲོས།། ཕྱག་ན་རིན་ཆེན་གཏེར་ཀ་བསྣམས།། ཟས་གཡང་སྡུད་པའི་བདག་མོ་སྟེ།། བྱང་ཕྱོགས་ཐབ་ལྷ་ལྗང་སྐུ་ནི།། སྐུ་མདོག་ལྗང་མོ་འོད་ཟེར་འཕྲོས།། ཕྱག་ན་དངུལ་དཀར་མེ་ལོང་བསྣམས།། མི་གཡང་སྡུད་པའི་བདག་མོ་སྟེ།། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ།།ཞེས་དང་། ཡང་། ཕ་ནི་ཐབས་ལྷ་རོག་པོ་ཡིན།། མ་ནི་ཕྱུག་ལྷ་ཉེ་བུ་ཡིན།། བུ་ནི་ཕྱུག་ལྷ་གེ་ཐུང་ཡིན།། ཞེས་སོགས་གསལ་བ་དང་།             

 ཐབ་ལྷ་སེ་ཤར་ནི། ཕུག་ལུགས་ཀྱི་བསྟན་རྩིས་བེཌཱུརྱ་དཀར་པོ་ནང་དུ་གསལ་བ་ལྟར་གནས་མདོ་ཀརྨ་ཆག་མེད་ཀྱིས་མཛད་པའི་ཐབ་ལྷའི་གསོལ་མཆོད་ལས། སྟོང་པའི་ངང་ལས་ཐབ་ལྷ་སེ་ཤར་ནི།། མི་ཕོ་དཀར་པོ་སེང་གེ་འགྱིངས་བ་འདྲ།། སྐུ་མདོག་དཀར་པོ་གཟི་མདངས་ཅན།། ཕྱག་ན་བ་དན་དཀར་པོ་ཕྱར།། འོད་གསལ་ལྷ་ཡི་སྤྲུལ་པ་ཡིན།། ཞེས་གསལ། 

༤ ཐབ་ལྷ་རོག་པོ།  ཡང་ཐབ་ལྷ་རོག་པོ་ཞེས་པ་ཞིག་གསལ་ཏེ། དེ་ཡང་སློབ་དཔོན་པདྨས་མཛད་པའི་ཐབ་ལྷ་བསྟོད་པ་ཞེས་པ་ལས། ཐབ་ལྷ་རོག་པོ་ཕྱུག་མོ་རྣམས།། བརྟེན་པའི་དུས་འདིར་མཆོད་པའི་ལྷ།། ཐབ་ལྷ་བདུད་རྩིས་མངའ་བདག་སྟེ།། ཕྱོགས་མིས་ཟས་སྣའི་རྩི་བཅུད་བསྡུས།  ཞེས་པ་ཙམ་ལས་ད་ལྟའི་ཆར་སྐུ་མདོག་ཕྱག་མཚན་གསལ་པོ་མ་ཤེས།   

༥ ཐབ་ལྷ་མཆོད་པའི་དམིགས་ཡུལ། དེ་ཡང་ཐབ་ལྷ་མཆོད་བསྟོད་བྱས་ནས་འདོད་དོན་ཅི་ཞིག་སྒྲུབ་པར་བྱེད་པ་ནི་གནས་མདོ་ཀརྨ་ཆག་མེད་ཀྱི་ཐབ་ལྷའི་གསོལ་མཆོད་ལས། ཁྱེད་ཀྱི་སྐུ་གསུང་ཐུགས་མཉེས་ནས།། མི་གཡང་ཟས་གཡང་ནོར་གཡང་དང་།། འབྲུ་གཡང་གཏོར་གཡང་ཟས་ཀྱི་བཅུད།། བདུད་རྩི་བཞིན་དུ་འདིར་ཕོབ་ལ།། རྒྱ་མཚོ་བཞིན་ཏུ་འདིར་འཁྱིལ་ལ།། ཆུ་བོ་བཞིན་ཏུ་འདིར་བོབ་ལ།། དངོས་གྲུབ་མ་ལུས་སྩལ་དུ་གསོལ།། ཞེས་ཟས་ནོར་གྱི་དངོས་གྲུབ་སྩོལ་བའི་རེ་སྨོན་བྱེད་པ་དང་། ཡང་དེའི་འཕྲོར་དེ་རིང་རྒས་པ་རྣམས་ཀྱི་ཚེ་བསྲིངས་ལ།། གཞོན་པ་རྣམས་ཀྱིས་དཔལ་སྐྱེད་ཅིག། དེ་རིང་ཁུ་ཡེ་གཡང་དུ་ཁུགས།། དེ་རིང་ཕྱ་ཡེ་ཕྱ་ལྡན་ནོ།། གསེར་གྱི་ཀ་བ་མ་ཡོ་ཅིག། གཡུའི་གདུང་མ་མ་ཆག་ཅིག། མཐིང་བུ་ལྷོག་གེ་མ་བྱེད་ཅིག། ཕུ་རུ་གཡུ་སྦྲ་མ་ཞད་ཅིག། མདའ་རུ་རྐུན་ཇག་མ་འདེབས་ཅིག།  ཅེས་དང་། ཡང་ཕྱི་མི་སྐྱ་བོ་ནང་མི་སྨུག་པོ་སོགས།། མ་ནོར་མ་འཁྱུག་ཡིད་ནི་བསམ་འཕེལ་ཤོག། སྐུ་ལ་ཡིད་བཞིན་བསམ་འཕེལ་འདོད་དགུ་འབྱུང་།། སྐུ་གསུང་ཐུགས་རྟེན་འཕྲིན་ལས་རྒྱས་གྱུར་ཤོག། ཅེས་ཕྱི་ཡུལ་གཞིས་ཁང་ཁྱིམ་དང་། ནང་གི་མི་ནོར་སྒོ་ཕྱུགས་དང་བཅས་པར་སྲུང་ཤིང་སྐྱོབས་པའི་བཀྲ་ཤིས་ཕྱ་གཡང་གི་ཚབ་མཚོན་ཞིག་ཏུ་འཛིན་སྲོལ་ཡོད།                                                                              ཅེས་མདོར་བསྡུས་ཙམ་ཞིག་བོད་ཀྱི་བཟའ་བཏུང་ཤེས་རིག་ཟིན་ཐོ་ལས་ཁོལ་ཏུ་ཕྱུངས་ནས་༢༠༡༩ལོའི་ཟླ་༤ཚེས་༥ལ་ཀརྨ་བདེ་ལེགས་ཀྱིས།

                                                                                   -----ཡོང་ཁུངས།  བཙན་པོ་དྲ་བ།

(蓝青稞文化空间)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-27 13:02 , Processed in 0.029782 second(s), 21 queries .

返回顶部