博客西藏在最高处过一种生活

日志

བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འ ...

已有 110 次阅读2019-5-15 11:23 |系统分类:信仰

བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་སྐོར་ངོ་སྤྲོད་ཞུ་བ།

བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་སྐོར་ངོ་སྤྲོད་ཞུ་བ། 

རྩོམ་པ་པོ། སྐ་བ་ཤེས་རབ་བཟང་པོ།

དང་པོ། སྤྱི་བཤད།

གཅིག བླ་འབུམ་གྱི་གོ་དོན།

          དེ་ཡང་བཙན་པོའི་དུས་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཙན་པོ་དར་མ་འུ་དུམ་བཙན་བར་སངས་རྒྱས་ཆོས་ལུགས་དར་བའི་ལོ་བརྒྱ་ཙམ་ནང་།  ད་ཆ་མཇལ་རྒྱུ་ཡོད་པའི་བཀའ་དང་བསྟན་བཅོས་རྒྱ་ཁྱབ་ངང་ཡོངས་སུ་བསྒྱུར་བའི་དུས་ཚོད་ནི་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྤྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་ནས་མངའ་བདག་ཁྲི་གཙུག་ལྡེ་བཙན་གྱི་སྤྱི་ལོའི་དུས་རབས་བཅུ་པའི་དུས་དཀྱིལ་བར་གྱི་ལོ་བརྒྱ་བར་གྱི་དུས་ཚོད་ནང་ཡིན་པ་དང་།  སངས་རྒྱས་ཆོས་ལུགས་ཀྱི་བཀའ་དང་བསྟན་བཅོས་དུ་མ་བསྒྱུར་བ་ལས་བཙན་པོས་ཐུགས་སྣང་དང་དོ་འཁུར་ཆེ་བཞེས་ཀྱིས་གནད་དམ་པར་བཟུང་ནས་བསྒྱུར་བཅོས་ལན་མང་གནང་ཞིང་གླེགས་བམ་ཐུགས་དམ་དུ་བཞེངས་པ་མང་ཤོས་ནི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའམ་ཡུམ་རྒྱས་པ་འདི་ཡིན་གཤིས།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའམ་ཕྱིས་སུ་ཤེར་ཕྱིན་ཡུམ་དུ་གྲགས་པ་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་སྐབས་གསུངས་པའི་ཆོས་རྒྱལ་བའི་ཡུམ་དུ་གྲགས་པ་དེ་ཡིན།  འདི་ནི་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་ཀླུ་ཡུལ་ནས་མི་ཡུལ་དུ་གདན་དྲངས་པར་གསུངས་ཤིང་།  དེ་དུས་བྱམས་ཞུས་དང་ཆོས་འཕགས།  རྟག་ཏུ་ངུ་།  ཡོངས་གཏད་དེ་ལེའུ་བཞི་ཀླུའི་མཆོད་གནས་སུ་བཞག་པས་མི་ཡུལ་དུ་མ་ཕེབས་པར་གྲགས།  འདིའི་རྒྱ་དཔེར་ཤླཽ་ཀ་སྟོང་ཕྲག་བརྒྱའམ་འབུམ་དུ་ཡོད་པས་མཚན་ཡང་འབུམ་དུ་གྲགས་ཤིང་།  བཙན་པོས་ཕྱག་བཞེས་ཀྱི་ཐུགས་དམ་གནང་བའི་ཆ་ནས་བླ་འབུམ་ཞེས་གྲགས་སོ།  །

གཉིས།  བཙན་པོའི་སྐུ་དུས་སུ་བྱུང་བའི་འབུམ་གྱི་འགྱུར་ཁྱད།

          ཤེར་ཕྱིན་སྟོང་ཕྲག་བརྒྱ་པའམ་ཡུམ་རྒྱས་པ་འདིར་ཕྱིས་བོད་དུ་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་འགྱུར་མི་འདྲ་བ་དྲུག་ཙམ་བྱུང་སྐད།①  དེ་དག་ལས་རླངས་ཁམས་པ་གོ་ཆའི་འབུམ་ཐུགས་འགྱུར་མ་ནི་བླ་འབུམ་ཆུང་བར་གྲགས་ཏེ།  དེར་དུམ་པ་བཞི་ཡོད་པ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་དེར་ཕྱི་མོ་གནང་ནས་རེག་ཟིག་སྔོ་དམར་བཞེངས། ②

          རེག་ཟིག་སྔོ་དམར་ལ་སོགས་ཧ་ཅང་བསྡུས་དྲག་པས་བེེ་རོ་ཙ་ན་རཀྵིཏས་རྒྱ་དཔེ་དང་བསྟུན་ནས་ཞུས་དག་མཛད་ཅིང་འགྲེས་རྐང་ཆད་པ་གསབ་སྟེ་ཚིག་སྣ་རིང་བར་བཅོས་ཏེ་དུམ་པ་དྲུག་གླེགས་ཤིང་ལ་པར་བཀབ་བཅོས་པ་ལས་པར་བཀབ་ཅན་དུ་ཐོགས།  གསུང་རབ་གྱི་པར་དུ་ཕྱིས་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་དུའང་གྲགས།  འདིར་བླ་འགྱུར་འབྲིང་པ་ཟེར③།

          ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་སྐྱོང་བའི་སྐུ་རིང་ལ་སྤྱི་ལོ་797ནས་815བར་ཡུལ་དབུས་ཀྱི་པཎྜི་ཏ་སུཎྡྲ་བོདྷི་དང་ཤཀྱཱ་པྲ་བྷ་སོགས་སྤྱན་དྲངས་པས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་འཕན་ཡུལ་སྨད་སྐ་བ་ན་མོ་ཆེར་སྔར་གྱི་འབུམ་ཁག་ལ་འགྱུར་བཅོས་བགྱིས་ཏེ་འབུམ་དུམ་པ་བཅུ་དྲུག་ཏུ་བཞེངས།  སྣོད་ཤ་ལྤགས་ཀྱིས་བསྟུམས་པས་ཤ་སྒྲོ་ཅན་ཡང་ཟེར་ཞིང་།  བླ་འགྱུར་ཆེན་མོར་གྲགས་སོ།  །④

          སྐ་བ་དཔལ་བརྩེགས་ཀྱིས་འབུམ་ལ་བསྒྱུར་ཞུས་ཀྱིས་མཐའ་གཏན་འབེབས་པའི་ཕྱག་བཞེས་གནང་བ་དེ་ནི་དོན་དུ་བླའི་དཀར་ཆག་བཀོད་རྒྱུ་དེར་སྔོན་ཚུད་ཀྱི་ཉམས་མྱོང་བསགས་པ་ཞིག་ཡིན་ལ།  འདིའི་བློ་བསྐྱེད་ཀྱིས་ཕྱིས་སུ་ལྡན་དཀར་དཀར་ཆག་སོགས་མཛད་པ་ཡང་ཡིན་སྲིད་དེ།  ལྡན་དཀར་དཀར་ཆག་ནང་དུ་ཤེར་ཕྱིན་འབུམ་འདི་བམ་པོ་སུམ་བརྒྱ་ལ་ཤླཽ་ཀ་འབུམ་ཞེས་བཀོད་པས་དེར་འཁོད་པའི་འབུམ་དེ་གཏན་གཏན་ཉིད་ཀྱིས་བསྒྱུར་ཞུས་ཕབ་ཟིན་པའི་བླ་འབུམ་ཤ་སྒྲོ་ཅན་དེ་ཡིན་ངེས།  །

          གཞན་ཡང་ལྕེ་ཁྱི་འབྲུག་དང་ཞང་ཡེ་ཤེས་སྡེའི་འབུམ་གྱི་འགྱུར་ཡང་ཡོད་པར་གྲགས་ཤིང་།  ཡེ་ཤེས་སྡེ་འདི་བེེ་རོ་དང་འཁྲུལ་ལམ་བརྟག་བྱའི་ཡུལ་ཡིན་པ་དང་།  འགྱུར་གྱི་འབུམ་དང་ཞང་སྣ་ནམ་གྱི་འབུམ་འགྱུར་ཡོད་མེད་སྐོར་ཡང་མུ་མཐུད་དཔྱད་དགོས་པ་སོགས་གནད་དོན་མང་ན་ཡང་སྐབས་འདིར་འདི་ཙམ་གྱིས་ཆོག་པར་བྱས་སོ།  །

གསུམ།  བཙན་པོའི་སྐུ་དུས་བླ་འབུམ་ཇི་ཙམ་བཞེངས་པ།

          བླ་འབུམ་ནི་བོད་ཀྱི་བཙན་པོ་རྣམས་ཀྱི་གསུང་རྟེན་བཞེངས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།  སྔར་གྱི་དཀར་ཆག་རྙིང་པ་དག་ལས་གསལ་བ་ལྟར་ན།  དུས་རབས་བརྒྱད་པའི་ནང་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་འབུམ་རེག་ཟིག་སྔོ་དམར་གཉིས་དང་།  ཡང་དུས་དེའི་ཕྱི་ཙམ་ཞིག་ལ་སྦས་མཉྫུཤྲཱི་དང་ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་རྒྱ་དཔེ་བླངས་ཤིང་ཡོ་བྱད་རྣམས་འབངས་ནས་འདུས་ཏེ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བསྒྱུར་བས་དཔྱ་འབུམ་དུ་གྲགས⑤།

          དེ་བཞིན་དུ་མངའ་བདག་སད་ན་ལེགས་མཇིང་ཡོན་གྱི་སྦུག་འབུམ།  གཙང་མའི་བྱི་འབུམ།  བཙན་པོ་ཁྲི་རལ་པ་ཅན་གྱི་དྲུག་འབུམ།  གནམ་ལྡེ་ལྷའི་ཞལ་དམར་ཅན།  དར་མའི་ཤོག་སེར་ཅན་ཏེ་དྲུག་ཙམ་ལས་མ་འཕེལ་ཞིང་།  དེ་དུས་ཡུམ་ཆེན་མོ་བཞེངས་པ་རྒྱལ་པོས་མ་གཏོགས་འབངས་ཀྱིས་མི་ནུས་པར་རྒྱལ་པོའི་ཁྱད་འདོན་དུ་གྲགས།  བོད་སིལ་བུར་ཐོར་རྗེས་སུ་འབངས་ཀྱིས་བཞེངས་པའི་འབུམ་ཚར་བཅུ་དགུ་ཙམ་བྱུང་བར་གྲགས།⑥   དེ་ནས་མི་རིང་བར་རུ་མཚམས་ཀྱི་ལྕང་རྡོ་རྗེ་ཚུལ་ཁྲིམས་ཀྱིས་འབུམ་བཅུ་དགུ་པོ་ཐམས་ཅད་ལ་གཏུགས་ནས་བཞེངས་པ་ཤིན་ཏུ་དག་པ་ཞིག་བྱུང་འདུག་ཅིང་།  དེ་ལས་མཆེད་པ་ཇོ་བོ་བོད་དུ་བྱོན་མ་བྱོན་གྱི་དུས་སུ་འབུམ་ཚར་དྲུག་བཅུ་སྐོར་འཕེལ་ཞེས་ཡིག་ཆ་ཁག་ཏུ་གསལ⑦།  འགྱུར་དེ་དག་ལ་བརྟེན་ནས་བོད་ཀྱི་བཙན་པོ་རྣམས་ཐུགས་དམ་བླ་འབུམ་བཞེངས་པའི་སྲོལ་དར་ཏེ་སྔ་རྗེས་སུ་ཁྲི་ལྡེ་གཙུག་བརྟན་གྱི་བླ་འབུམ་སྐྱ་བོར་གྲགས་པ་བཞེངས་ཤིང་།  འདི་ཉིད་བོད་སིལ་བུའི་དུས་འབྲེ་ཆེན་པོ་བྱང་ཆུབ་འབར་གྱི་ཐུགས་དམ་དུ་གནང་ནས་འབྲེའི་ཁྱད་འཕགས་བཅུ་གསུམ་ནང་གི་བླ་འབུམ་སྐྱ་པོད་རྣམ་བཞི་རུ་གྲགས།  འདི་ཉིད་ཕྱིས་སུའང་སྐྱེགས་གནས་རྙིང་དུ་རྟེན་གཙོར་བཞུགས་ཡོད་པར་《མྱང་ཆོས་འབྱུང་》དང་《གནས་རྙིང་གད་མདོ་》སོགས་ལ་གསལ།⑧

          མདོར་ན་བོད་དུ་བསྟན་པ་སྔ་དར་དུ་གྲགས་པའི་དུས་སྐབས་དེར་བཙན་པོ་རྣམས་ཀྱིས་རང་གི་ཐུགས་དམ་བླ་འབུམ་བཞེངས་རྒྱུ་དེར་ཐུགས་སྣང་ཆེར་བཞེས་ཀྱིས་ག་ལེར་དར་སྲོལ་ཞིག་ཆགས་པ་ང་ཚོས་མཐོང་ཐུབ་ལ།  རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་འདི་ཉིད་ཀྱི་སྔ་ཕྱིའི་བསྒྱུར་ཞུས་དང་བསྡུ་སྒྲིག་བྱས་པ་དེས་ཕྱིས་སུ་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་སྡེབ་ནས་བཀའ་འགྱུར་དང་བསྟན་འགྱུར་དུ་གྲགས་པ་འདི་བྱུང་བའི་སྔ་ལྟས་སམ་གྲབས་གཤོམ་ཞིག་ཆགས་ཡོད་དོ།  །

གཉིས་པ།  མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ།

          བླ་འབུམ་ནི་བོད་ཀྱི་བཙན་པོ་རྣམས་ཀྱིས་ཐུགས་དམ་རྟེན་བཞེངས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་། འདི་ལ་ཐོག་མར་ཚད་མའི་ལོ་ཙཱ་བས་གཞུང་ཁུངས་ཐུབ་ལ་བསྟུན་ནས་བསྒྱུར་བས་འགྱུར་གྱི་ཆེ་བ་དང་།  བར་དུ་ལྷ་བཙན་པོས་ལུས་ངག་ཡིད་གསུམ་གྱིས་སྦྱོར་དངོས་སྦྱར་ཞིང་ཐུགས་དམ་གྱི་མཐིལ་དུ་མཛད་པས་ཡོན་བདག་གི་ཆེ་བ།  ཐ་མར་ངོ་མཚར་གྱི་གཏམ་དང་གྲགས་པས་ཁྱབ་པ་མིང་གི་ཆེ་བ་སོགས་ལྡན་པས་བོད་བཙན་པོའི་ཁྱད་ནོར་དུ་ཆགས་ཤིང་།  བཙན་པོ་འུ་དུམ་བཙན་སྐབས་སུའང་འདི་དག་གནོད་མེད་དུ་གནས་པ་ཕྱིས་ཀྱི་ཡིག་ཆ་ཁག་ནས་རྒྱབ་རྟེན་རྙེད་ཐུབ།

          གོང་དུ་བརྗོད་པའི་བླ་འབུམ་ཁག་ལས་འབུམ་རེག་ཟིག་སྔོ་དམར་དང་བླ་འབུམ་སྐྱ་བོ།  བླ་འབུམ་ཤ་སྒྲོ་ཅན་སོགས་འགའ་ཞིག་ཕྱིས་སུ་གང་དུ་བཞུགས་མིན་སྐོར་ལོ་ལྔ་བརྒྱ་དྲུག་བརྒྱའི་གོང་གི་ཡིག་ཆ་ཁག་ལ་གསལ་བར་འཁོད་པ་མང་ན་ཡང་།  མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་འདིར་ཕྱིས་སུ་སྐལ་བ་ཇི་འདྲ་ཞིག་ཐོབ་མིན་ལ་གསལ་ཁ་མེད་པས་ཁོ་བོས་བླ་འབུམ་སྐོར་ལ་དོ་སྣང་ཐོག་མར་བྱེད་དུས་ནས་བླ་འབུམ་འདི་ཉིད་ཧ་ལམ་དུས་དང་ཡོ་ལང་དབང་གིས་སྔར་ནས་མཆོད་རྟེན་གྱི་གཟུངས་སམ་ཡང་ན་ཟང་ཟིང་ནང་ཐིམ་ཟིན་པར་ངོས་འཛིན་ཞུ་གིན་ཡོད།

          གཅིག བྱུང་བ།

          ཉེ་བའི་ལོ་ཤས་རིང་ཁོ་བོས་བོད་དབུས་གཙང་གཙོ་བྱས་པའི་བོད་ཀྱི་ས་ཆ་ཁག་ཏུ་དཔེ་རྙིང་འཚོལ་བསྡུ་དང་བརྟག་ཞིབ་བྱེད་པའི་རྩོལ་བ་དང་དུ་བླངས་ཤིང་།  ལྷག་པར་གནའ་བོའི་བཀའ་དང་བསྟན་བཅོས་བཞུགས་སོ་ཅོག་ལ་དེ་བས་དོ་སྣང་འཁུར་ལེན་བྱས་ཏེ།  སྤྱི་ལོ་2002ལོའི་ཟླ་བ་7པའི་ཚེས་1ནས་2004ལོའི་ཟླ་བ་12པའི་ཚེས་31བར་ཁོ་བོ་འབྲས་སྤུངས་དགོན་དུ་དཔེ་རྙིང་དཀར་ཆག་འགོད་པའི་གོ་སྐབས་ཐོབ་ཅིང་།  2003ལོའི་ཟླ་བ་6པའི་ནང་འབྲས་སྤུངས་ཚོགས་ཆེན་སྟེང་མི་དབང་ལྷ་ཁང་ནང་གི་བཀའ་བསྟན་ཁག་ལ་དཔེ་རས་སྒྲོན་སྐབས་བསམ་བརྗོད་ལས་འདས་པར་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་གྱི་རྟེན་དུ་གྱུར་བའི་བླ་འབུམ་འཁྲུལ་མེད་ག་དུམ་པའི་པོད་དེ་བཙལ་རྙེད་ཐུབ་པ་བྱུང་ཞིང་།  ལོ་དེའི་ཟླ་བ་བཅུ་པའི་ནང་སླར་ཡང་བཀའ་བསྟན་ཁག་ལ་ཞིབ་བཤེར་གྱིས་བླ་འབུམ་བཙལ་འཚོལ་ཞུས་པར་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་ཁ་དུམ་པ་དེ་རྙེད་སོན་ཐུབ་པ་བྱུང་།

          དེ་ལྟའི་བར་བླ་འབུམ་འདི་འབྲས་སྤུངས་དགོན་དུ་ཇི་ལྟར་བཞུགས་སུ་གསོལ་བའི་སྐོར་གྱི་ཆ་འཕྲིན་གང་ཡང་མི་འདུག་ལ།  འབྲས་སྤུངས་དགོན་གྱི་རྟེན་གྱི་དཀར་ཆག་དང་།  ལྷ་ཁང་ཁག་གི་དཀོན་གཉེར་སྤྲོད་དེབ་སོགས་སུའང་མི་གསལ།  དགའ་ལྡན་ཕོ་བྲང་གི་ཆབ་སྲིད་བཙུགས་རྗེས།  གཙང་པ་རྒྱལ་པོའི་སྐབས་ཀྱི་རྟེན་མང་པོ་ཞིག་དང་ཀོང་པོ་རྩེ་ལ་སྒང་གི་རྟེན་མང་པོ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དང་ཚོགས་ཆེན་ནང་གདན་དྲངས་ཚུལ་ལྔ་པ་ཆེན་པོའི་《དུ་ཀུ་ལའི་གོས་བཟང་》ནང་གསལ་མོད།  དེ་དག་ལས་རྟེན་ཕལ་ཆེར་གྱི་མཚན་དང་བཅས་པའི་དཀར་ཆག་ཡོད་ཀྱང་བླ་འབུམ་འདི་ཉིད་སྐོར་བཀོད་པ་ཚིག་འགྲོས་ཙམ་ཡང་མི་འདུག

          གཉིས།  ཞལ་བྱང་།

          བླ་འབུམ་འདི་ཉིད་འཁྲུལ་མེད་ཡིན་པའི་དཔང་པོ་ནི་བླ་འབུམ་འདིའི་བུ་ཤོག་ཐོག་ཏུ།  

          “༄༅།  །  དཔལ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་གླེགས་བམ་བཞི་པ་འདི།  སྐར་ཆུང་གཙུག་ལག་ཁང་མེས་ཚིག་པ་ཐལ་བའི་གསེབ་ནས་མ་ཚིག་པར་བྱོན་པ་ལགས་བྱིན་གྱི་རླབས་ཤིན་ཏུ་ཆེ་བ་ཡིན་ནོ།  །  སླད་ནས་ལྡིང་གི་དགོན་པར་དཔེའ་དག་པ་གཅིག་ལ་གཏུགས་ནས་སུམ་ཐུག་གཅིག་དང་ལན་གཉིས་བྱས།  ཡི་གེའི་སྡེབས་ནི་བཅོས་པ་མ་གྲུབ།  འགྱུར་ནི་རེག་གཟིགས་ལགས་གཟབ་པར་ཞུ།  ཨེ་མའོ།  །  རྒྱལ་བའི་ཐུགས་དམ་འབུམ་པོ་ཆེ།  འདི་ཀ་སྒྲོག་པའི་མཆོད་གནས་པ་རྣམས་ཀྱིས་གཟབ་པར་ཞུ།  དརྒེས་པ་དང་།  གོ་ཞིང་ཆེ་བ་དང་དྲི་མས་ཟོས་པ་དེ་ལྷག་པར་སྙི་བར་གདའ་བས་ཟུར་ནས་བཟུང་ལ།  ཕྱག་གཉི་གས་བསྒྱུར་བར་ཞུ།  བམ་པོའི་ཁྲིད་དེ་མ་བྱས་ན་ལེགས།  འདི་ཀུན་ལ་གཅེས་པ་ལགས་སོ།  །” ཞེས་འཁོད་པས་གསལ།

          གསུམ།  རྩ་བའི་ཁྱད་ཆོས།

          མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་འདིར་དུམ་པ་བཞི་ཡོད་ཅིང་། ངེད་ཚོས་རྙེད་སོན་བྱུང་བ་ནི་གླེགས་བམ་ཁ་དུམ་པ་དང་ག་དུམ་པ་གཉིས་ལགས།  འདི་གཉིས་ཀྱི་ལྡེབ་ཚད་མཚུངས་པར་གཉིས་ཀ་20x76cmཅན་གྱི་དཔེ་རིང་མདའ་ཚད་མ་དེ་འདྲ་ཡིན་ཞིང་། གླེགས་བམ་ཁ་པར་ལྡེབ་574དང་གླེགས་བམ་ག་པར་ལྡེབ་614བཞུགས།  ཕྲེང་12ཡོད་པའི་པོད་ཤིན་ཏུ་ཆེ་བ་ཞིག་ལགས།

          ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་འདི་ཡི་ཕྱི་མོ་གང་ལ་གཏུགས་སྙམ་ན་དབུ་ཤོག་སྟེང་གླེགས་བམ་བཞི་ཡོད་ཚུལ་འཁོད་པ་དང་། ད་ལྟ་བཞུགས་པའི་གླེགས་བམ་ཁ་པ་དང་གླེགས་བམ་ག་པ་གཉིས་སོ་སོར་བམ་པོ་བདུན་བཅུ་དོན་ལྔ་རེ་ཡོད་ཚུལ་ལ་དཔག་ན་ཁྱོན་བམ་པོ་སུམ་བརྒྱ་ཡོད་པས་ཁྲི་སྲོང་ལྡེ་བཙན་གྱི་བླ་འབུམ་རེག་ཟིག་གང་རུང་ཞིག་ཡིན་དགོས་ཏེ། བསྒྱུར་ནི་རེག་ཟིག་ལགས་པས་ཞེས་ཞལ་འཕངས་བྱུང་བའི་ཕྱིར།

          སྐར་ཆུང་གཙུག་ལག་ཁང་ནི་མངའ་བདག་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱིས་བཞེངས་པ་ལོ་རྒྱུས་སྤྱི་ལ་གྲགས་ཤིང་།   ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་གཙུག་ལག་ཁང་ནང་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་བཞུགས་པ་འོས་སུ་མཆིས་པ་ཡིན།  སྐར་ཆུང་ཕྱིས་སུ་མེས་ཚིག་ཅིང་གཙུག་ལག་ཁང་འདིའི་རྟེན་མང་པོ་ཞིག་བོད་ཀྱི་དགོན་སྡེ་ཁག་གཅིག་ཏུ་ཉར་ཚགས་བྱུང་བ་སྟེ།   དཔེར་ན་ཕོ་བྲང་ཆེན་པོ་པོ་ཊ་ལར་བཞུགས་པའི་སྐུ་འགའ་ཞིག་གི་གནས་བཤད་དུ་སྐར་ཆུང་གཙུག་ལག་ཁང་མེས་ཚིག་རྗེས་ཕོ་བྲང་ཆེན་པོར་ཕེབས་པའི་གསུང་རྒྱུན་ཡོད་པ་མ་ཟད།  བླ་འབུམ་འདི་གཉིས་ག་མེས་ཚིག་པའི་རྗེས་ཤུལ་གསལ་བར་ཡོད་ལ། ཕལ་ཆེར་གཉི་གའི་དབུ་ཤོག་དང་ཞབས་ཤོག་གཉིས་མེས་ཚིག་སྐྱོན་ཆེ་བར་རྟེན་ཕྱིས་ཀྱི་མེ་ཤུལ་ལས་བླངས་མཁན་དེས་དབུ་ཞབས་གཉིས་ཀྱི་ལྡེབ་གསལ་འདུག་པ་ཡི་གེའི་བྲི་ཆ་དང་ཉམས་སོགས་མི་གཅིག་པར་འདུག་པ་མ་ཟད།  བླ་འབུམ་ཁ་པ་འདིར་མཚོན་ན་མ་ཕྱིའི་དབུ་ཤོག་ཕུད་ལྡེབ་མ་གཉིས་པ་ནས་ཚང་བར་ཡོད་ཀྱང་དབུ་ཤོག་འདི་ཁ་གསབ་པར་རྟེན་ཕྱིས་ཀྱི་ལྡེབ་མ་གཉིས་ཙམ་བྱུང་བ་ཡིན།

          བླ་འབུམ་འདི་ཉིད་ཁུངས་ཐུབ་འཁྲུལ་མེད་ཡིན་པའི་དཔང་པོ་གཞན་ཞིག་ནི།  《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བམ་པོ་དང་།  ལེའུ་དང་།  ཤད་དང་།  ཚག་དང་།  གྲངས་བཞུགས་པའི་ཚད་བསྟན་པ་》ཞེས་པའི་དཔེ་རྙིང་གི་(ཤ41བ་2ང་)ནང་“ཀར་ཆུང་མེས་ཚིག་པའི་དུས་སུ་འབུམ་མེས་མ་ཚིག་པ་བཞི་དུམ་པ་དང་”⑨ཞེས་དང་། 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཡི་ཆད་འཇུག་ཉེར་མཁོ་སྒྲོན་མེ་》ཞེས་པའི་(ཤ4བ་5ང་)ནང་དུའང་“བམ་པོ་བཅུ་གཅིག་པར་... ...རྒྱུན་ཞུགས།  ལན་1ཕྱིར་འོང་།  ཕྱིར་མ་འོང་།  དགྲ་བཅོམ།  རང་རྒྱལ།  ལམ་ཤེས།  རྣམ་མཁྱེན་རྣམས་ལ་སྦྱར་བའི་འགྲེས་ཆད།  ཅིས་ཤེས་ན་སྐར་ཆུང་མེས་མ་ཚིག་པའི་འབུམ་ལསྭོ་ལ་ཡོད་པས་སོ⑩ཞེས་བྱུང་བ་བཅས་ལ་བལྟས་ན།  དུས་རབས་བཅུ་གསུམ་པའི་གོང་དུ་བླ་འབུམ་འདི་ཉིད་ཀྱི་འཕྲིན་ལས་མུ་མཐུད་སྐྱོང་བཞིན་ཡོད་པར་འདོད།

          བླ་འབུམ་འདི་ཉིད་ཀྱི་ནང་མ་ཕྱིའི་སྟེང་ཕྱིས་འབུམ་གཞན་ཞིག་དང་དཔེ་བསྡུར་གྱིས་བསྒྱུར་བཅོས་གནང་ནས་ཡིག་གཟུགས་ཅུང་ཕྱི་ཙམ་གྱི་རྣམ་པ་གཞན་ཞིག་འདུག་པ་དེ་ནི་གླེགས་བམ་དབུ་ཤོག་སྟེང་སླད་ནས་ལྡིང་གི་དགོན་པར་དཔེ་དག་པ་གཅིག་ལ་གཏུགས་ནས་སུམ་ཐུག་ཅིག་དང་ལན་གཉིས་བྱས།  ཡི་གེའི་སྡེབ་ནི་བཅོས་པ་མ་གྲུབ་ཅེས་པས་བསྟན་རྒྱུའི་དོན་དེ་ཡིན་པར་སྙམ།  རང་རེ་བོད་ལ་སྔར་ནས་དཀོན་གཉེར་བྱི་དོར་མཁས་ན་གསེར་སྐུ་རག་ལ་གཏོང་བའི་དཔེ་བཞིན་ཐོག་མའི་དཔྱད་གཞིའི་རིན་ཐང་ལ་མ་ལྟོས་པར་ཕྱིས་སུ་བཟང་པོའི་ཀུན་སློང་འཆང་ནས་བཟོ་བཅོས་རྒྱག་པའི་སྲོལ་ལུགས་ཤིག་ཡོད་པ་དེའི་རྐྱེན་གྱིས་བླ་འབུམ་འདིར་ཡང་བཅོས་བསླད་ཕྲན་བུ་བྱས་འདུག་མོད་རྩ་བའི་རང་བཞིན་འགྱུར་བ་མེད་པས་ཡིད་ཆེས་འཕེར་བའི་གནས་སོ།  །

          བླ་འབུམ་འདི་ཡི་བྲི་ཆའི་ཡིག་གཟུགས་དང་རྗོད་བྱེད་ཀྱི་འགྲོས།  བརྡ་སྤྲོད་ཀྱི་འཇུག་ཚུལ་བཅས་ནི་སྐབས་དེ་མཚུངས་ཀྱི་རྡོ་རིང་དང་ལྷག་པར་ཏུན་ཧོང་ཤོག་དྲིལ་སོགས་དང་མཐུན་པར་ཡོད་པ་སྟེ།  གི་གུ་ལོག་པ་དང་མ་ཡ་བཏགས་ཅན།  མིང་གཞི་ཀ་ཁ་ག་དང་ཅ་ཆ་ཇ།  ཏ་ཐ་ད་སོགས་ཕན་ཚུན་གང་བདེར་སྦྱོར་བ་སོགས་བཀོལ་སྤྱོད་གནང་ཡོད།  དཔེར་ན།  སེམས་ཅན་རྣམ་པར་དག་པ་ལ་སེམས་ཆན་རྣམ་པར་དག་པ་དང་།  མྱིག་གྀ་འདུས་ཏེ་རེག་པའྀ་རྐྱེན་ཀྱྀས་ཚོར་བ་རྣམ་པར་དག་པ་འདྀ་ལ་གཉིས་སུ་མེད་དེ་གཉྀས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ།། ལྟ་བུ་དང་།  ཡང་།  བསམ་གཐན་གྱྀ་ཕ་རོལད་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནྀ།  གསོའ་བ་རྣམ་པར་དག་པ་སྟེ།  ལྟ་བུ།  ཡང་།  ནམ་ཀའི་ཁམས་ནྀ་སྔོན་གྱྀ་མཐའ་དང་།  ཕྱྀ་མའྀ་མཐའ་ཡོངས་སུ་ཅད་པའོ།  །  ལྟ་བུ་ཡིག་རྙིང་འབའ་ཞིག་ཏུ་ཟད།  ཞིབ་ཕྲའི་འབུམ་གྱི་དཔེ་བསྡུར་དང་བསྒྱུར་གྱི་དཔྱད་བསྡུར་སོགས་ནི་ཁོ་བོས་ཡི་གེ་ཟུར་དུ་བྲིས་ཡོད་པས།  འདིར་སྤྲོས་ནས་གླེང་བར་མི་བྱེད།

          བླ་འབུམ་འདིའི་ནང་ཡིག་མཁན་དང་ཞུས་དག་མཁན་གྱི་མཚན་མི་ཉུང་བ་ཞིག་ཡོད་དེ།  དཔེར་ན།  ཁ་དུམ་པའི་ལྡེབ་ངོས་སུམ་ཅུ་སོ་ལྔ་དང་།  བཞི་བཅུ་ཞེ་བཞི།  ལྔ་བཅུ་ང་ལྔ།  བདུན་ཅུ་དོན་ལྔ་སོགས་སུ།  ཁོང་གཡུ་ལེགས་བྲིས།  དམ་ཙོང་ཞུས།  སྒྲོན་མ་ཡང་ཞུས།  སེང་གེ་སྡེས་སྲཾ་ཞུས།  ཞེས་དང་།  ལྡེབ་ངོས་བརྒྱ་དང་བཞི་བཅུར་སོང་སྟག་སྐྱེས་བྲིས།  དམ་ཙོང་ཞུས།  ཕབ་ཏིང་ཡང་ཞུས།  ཇྀ་ཀྱིན་སུཾ་ཞུས།  ལྟ་བུ།  ཡང་ཀེང་གཡུ་ཞེ་བྲིས།  ཆེའུ་ཇིང་ཞུས།  སེང་གེ་སྡེས་ཡང་ཞུས།  ཕ་བ་ཏིང་སུཾ་ཞུས་ལྟ་བུ་དང་།  ཡང་ཇེའུ་ཧིང་ཅིན་གི་བྲིས།  དམ་ཙོང་ཞུས།  ཅེང་སེའུ་ཡང་ཞུས།  ཕབ་དར་སུཾ་ཞུས།  ལྟ་བུ་བཙན་པོའི་སྐུ་དུས་སུ་དར་ཁྱབ་ཆེ་བའི་ཡིག་མཁན་དང་།  གཞི་ཞུས།  བསྐྱར་ཞུས།  སྨར་ཞུས་སམ་ཕབ་ཞུས་བཅས་གླེགས་བམ་བྲི་བའི་རྒྱའི་རིམ་པ་དག་ཚང་བར་ཡོད་དོ།  །

          དེ་དག་གི་ཁྱད་ཆོས་ལས་རྟོགས་ཐུབ་པར་བཙན་པོའི་སྐབས་གསུང་རྟེན་བཞེངས་སྐབས་བམ་པོ་རེ་རེ་ཤོག་ལྡེབ་ཚད་གཞི་ངེས་ཅན་གྱི་བཤུ་འབྲི་བྱ་གིན་ཡོད་ཅིང་། དེ་དག་གི་བཤུ་འབྲི་མཁན་ཡང་མི་སོ་སོར་ཡིན་པ་མ་ཟད། ཡིག་མཁན་སོ་སོའི་འབྲི་རྒྱུན་གྱི་ཁྱད་པར་དབང་གིས་ཡིག་གཟུགས་ཀྱང་བམ་པོ་སོ་སོ་མི་འདྲ་བ་དང་།  བམ་པོ་རེར་ཤོག་ལྡེབ་ཀྱི་ཚད་ཡོད་རྐྱེན་མཇུག་ཤོག་གི་ཡི་གེ་ལ་ཚགས་དམ་ལྷོད་ཀྱི་ཁྱད་པར་ཆེན་པོ་ཡོད་དེ།  བམ་པོ་འགའ་ཞིག་མཇུག་རྫོགས་སྐབས་ཤོག་བུ་ལྷག་བཟོ་ཡོད་པར་ཡི་གེ་ཤིན་ཏུ་ཧྲལ་ཆེ་བར་བཀོད་པ་དང་། ཤོག་བུ་དེའི་ནང་གི་ཡི་གེ་ཤོང་དཀའ་དུས་ཡི་གེ་ཚགས་ཤིན་ཏུ་དམ་ཆེ་བར་བྲིས་ཡོད་པ་བཅས་ཀྱི་ཁྱད་ཆོས་ཀྱང་གསལ།

          ཏུན་ཧོང་ནས་རྙེད་ཅིང་ད་ཆ་དབྱིན་ཇིའི་དཔེ་མཛོད་ཁང་དུ་བཞུགས་པའི་བཙན་པོའི་དུས་ཀྱི་བཀའ་འགྱུར་དུ་གྲགས་པ་དེ།  དོན་དུ་ཤེར་ཕྱིན་འབུམ་ཡིན་འདུག  དེ་དང་བླ་འབུམ་འདི་གཉིས་བསྡུར་སྐབས་བྲི་ཆའི་ཡིག་གཟུགས་དང་བརྡ་དག་གི་འགྲོས།  ཐ་ན་ཡིག་མཁན་གྱི་མིང་གི་འདོགས་ཚུལ་ཡང་ཆ་འདྲ་བར་ཡོད་པའི་སྐོར་སྐུ་ཞབས་གཟན་དཀར་རིན་པོ་ཆེ་དང་འཕྲོས་མོལ་བྱེད་སྐབས་ཀྱང་གསུངས་བྱུང་།  པེ་ཅིན་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་པའི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཤོག་དྲིལ་ཅན་དེ་ཡང་བླ་འབུམ་ལ་མ་ཕྱི་བྱས་ནས་བཞེངས་པ་ཞིག་ཡིན་ངེས། དེ་འདྲའི་རྣམ་པ་ཀེ་རུའི་དཔེ་རྙིང་དང་། གྲོ་མཁར་གྱི་དཔེ་རྙིང་།  ལས་ཇུའི་དཔེ་རྙིང་།  སྙེ་ཐང་སྒྲོལ་མ་ལྷ་ཁང་གི་དཔེ་སྙིང་སོགས་ལའང་མཐོང་རྒྱུ་འདུག

གསུམ་པ། འཇུག་བྱང་།

          བླ་འབུམ་འདི་ནི་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་སྦུག་འབུམ་དུ་གྲགས་པ་དེ་ཡིན་གཤིས།  འདིར་དུམ་པ་བཞི་ཡོད་དགོས།  ངེད་ཚོས་རྙེད་སོན་བྱུང་བ་ནི་གླེགས་བམ་ཁ་དུམ་པ་དང་ག་དུམ་པ་གཉིས་ཡིན།  ཁོ་བོའི་བསམ་པར་བླ་འབུམ་འདིའི་གླེགས་བམ་ཀ་དུམ་པ་དང་ང་དུམ་པ་གཉིས་འབྲས་སྤུངས་དགོན་དུ་བཞུགས་ཡོད་ངེས་པར་བསམས་མོད།  འོན་ཀྱང་འབྲས་སྤུངས་དགོན་དུ་དཔེ་རྙིང་ཤིན་ཏུ་གཏོས་ཆེ་ཞིང་། བླ་འབུམ་ཉིད་ལ་ཕྱི་ངོས་དམིགས་གསལ་མཚན་མ་གང་ཡང་མེད་རྐྱེན་ལམ་སེང་བཙལ་འཚོལ་ཐུབ་རྒྱུ་དཀའ་ངལ་ཆེ་མོད། མི་རིང་བའི་ལོ་ཟླའི་ནང་བཙལ་རྙེད་ཐུབ་པའི་འདུན་པ་ཅི་ཆེ་ཡོད་ལགས།

          བླ་འབུམ་འདིའི་མ་ཕྱི་ནི་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བླ་འབུམ་རེག་ཟིག་སྔོ་དམར་གང་རུང་ཡིན་པས་བླ་འགྱུར་ཆུང་ངུ་ཡིན་ཞིང་དེར་བམ་པོ་སུམ་བརྒྱ་ཡོད།

          མདོར་ན་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་འདི་ནི་ད་ལྟའི་ཆར་འཛམ་གླིང་ཐོག་རྙེད་སོན་བྱུང་བའི་གཏན་འཁེལ་དུས་ཚོད་ཡོད་པའི་བོད་ཡིག་ཡིག་ཆ་ནང་ཆེས་རྙིང་ཤོས་ཀྱི་ཡིག་ཆ་ཞིག་ཡིན་པ་མ་ཟད། ད་ཡོད་བོད་ན་བཞུགས་པའི་བཙན་པོའི་སྐུ་ཆས་སུ་གྱུར་བའི་བོད་ཡིག་ཕྱག་དཔེ་འབའ་ཞིག་ཀྱང་ཡིན།  བླ་འབུམ་འདི་བཙལ་རྙེད་ཐུབ་པའི་དོན་སྙིང་ནི་བཀའ་བསྟན་གྱི་དཔེ་སྡུར་དང་ལོ་རྒྱུས་སོགས་ཀྱི་དཔྱད་ཡིག་དང་རིག་དངོས་རིན་ཐང་ལས་ཆེས་ཆེར་གྲོལ་ཏེ།  འདི་ཉིད་ཀྱི་དཔྱད་བསྡུར་ལས་གནའ་བོའི་བོད་ཀྱི་གཏེར་ཡིག་བརྐོས་བྲིས་ལ་ལོ་དུས་ཀྱི་དཔྱད་འཇོག་བྱ་རྒྱུར་དཔྱད་གཞི་མང་དག་ཅིག་མཁོ་འདོན་ཐུབ་པར་མ་ཟད།  ཐ་ན་ད་ལྟ་ཡོངས་སུ་གྲགས་པའི་ཏུན་ཧོང་ཡིག་རྙིང་སོགས་ཀྱི་བདེན་རྫུན་བརྟག་རྒྱུར་ཡང་གལ་ཆེའི་དཔང་རྟགས་ནུས་པ་ཐོན་ཐུབ་པར་སེམས།


          མཆན་འགྲེལ།  

          ①ཚལ་གྲགས་དོན་པ་དང་དཔའ་བོ་གཙུག་ལག་ཕྲེང་བ།  ཞྭ་དམར་ལྔ་པ་སོགས་ནས་བརྒྱུད་པའི་《བཀའ་འགྱུར་གསན་ཡིག་》དང་།  ཐུ་མི་ཀུན་དགའ་རྣམ་རྒྱལ་དང་རྒྱལ་བ་ལྔ་པའི་《གསན་ཡིག་གངྒའི་ཆུ་རྒྱུན་》པོད་ག་པ།  ཆུ་བཟང་བླ་མ་རིན་པོ་ཆེའི་གསན་ཡིག་སོགས་ལ་ཞལ་མཐུན་པར་བྱུང་།  

          ②③④རྗེ་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་《ཐོབ་ཡིག་མཐའ་ཡས་གདུལ་བྱའི་དགའ་སྟོན་》དཔེ་རྙིང་བྲིས་མ་དང་།  རིག་འཛིན་པད་མ་འཕྲིན་ལས་ཀྱིས་མཛད་པའི་《བཀའ་འགྱུར་གསན་ཡིག་ཀུན་བཟང་དགོངས་པའི་གསང་བཅུད་རིན་ཆེན་བུམ་བཟང་དྲི་མེད་ཆུ་རྒྱུན》དཔེ་རྙིང་བྲིས་མ་དང་།  《ཁྲ་ཚང་བའི་གསན་ཡིག་》ལྔ་པ་ཆེན་པོས་དྲངས་པ་སོགས་བཀའ་འགྱུར་དཀར་ཆག་ཕལ་ཆེར་ལ་གསལ།  

          ⑤⑥⑦སླེ་ལུང་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《བཀའ་འགྱུར་རིན་པོ་ཆེའི་གསུང་པར་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག་ངོ་མཚར་རྒྱ་མཚོའི་ལྡེ་མིག་》ཤིང་དཔར་དང་།  ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་《ཅོ་ནེ་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་གསལ་བའི་མེ་ལོང་》ཤིང་དཔར།  ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་《བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་དཀར་ཆག་ཐུབ་པ་དགྱེས་བྱེད་》མཚལ་དཔར།  《སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་འགྱུར་རོ་འཚལ་གྱི་དཀར་ཆག་བསྟན་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ་》དཔེ་རྙིང་བྲིས་མ།  སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་《བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུཎྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་》སོགས་དཀར་ཆག་མང་པོར་གསལ།  

          ⑧ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པར་གྲགས་པའི་《མྱང་ཆོས་འབྱུང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1983ལོར་དཔར།  ཤ83  གནས་རྙིང་གད་མདོ།  བྲིས་མ།  ཤ32བ།  

          ⑨《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བམ་པོ་དང་།  ལེའུ་དང་།  ཤད་དང་།  ཚག་དང་།  གྲངས་བཞུགས་པའི་ཚད་བསྟན་པ་》ཞེས་པའི་མཇུག་བྱང་དུ་འཁོད་པའི་དཔེ་རྙིང་འདི་ནི་ཁོ་བོས་སེ་ར་ཐེག་ཆེན་གླིང་གི་དཔེ་རྙིང་དཀར་ཆག་སྒྲིག་སྐབས།  ཚོགས་ཆེན་ཞོགས་ཀྱི་སྤྱི་ཁང་ནང་དཔེ་རྙོག་ཤིན་ཏུ་གཏོས་ཆེ་བ་འདུག་པ་དེ་དག་རིག་གསར་སྐབས་ཡོས་བརྔོ་བྱེད་ཀྱི་མེ་ཤིང་དོད་བྱས་འདུག་པའི་ཁྲོད་ནས་ཕྱག་དཔེ་འདིའི་ལྡེབ་གཅིག་རྙེད་པ་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་བར་མཐོང་སྟེ་འབད་པ་ཆེན་པོས་གུང་སྒྲིག་ཞུས་ཀྱང་།  སྔར་གྱི་ཤོག་ལྡེབ་དྲུག་ཅུའི་ཆ་ནས་ཤོག་ལྡེབ་བཅུ་དགུ་ཙམ་མ་གཏོགས་བཞུགས་མི་འདུག  ཕྱག་དཔེ་འདིའི་མཛད་པ་པོ་སུ་ཡིན་མ་ངེས་ཀྱང་།  ཡར་ལུང་གི་འབུམ་བྱུང་རྗེས་བསྟན་བཅོས་འདི་ཉིད་མཛད་པ་ཡིན་འདུག་པས་དུས་རབས་བཅུ་གསུམ་པའི་གོང་དུ་བྱུང་བའི་དགེ་བའི་བཤེས་གཉེན་ཞིག་ཡིན་དགོས།  བསྟན་བཅོས་འདི་ཉིད་ཤེར་ཕྱིན་འབུམ་གྱི་དཔེ་སྡུར་དཔྱད་ཞིབ་དང་།  ལྷག་པར་བོད་སིལ་བུ་ཡན་གྱི་བཀའ་བསྟན་ལོ་རྒྱུས་བརྟག་རྒྱུའི་དཔྱད་གཞི་གལ་ཆེན་ཞིག་ལགས་པས་མ་དཔེ་གཞན་ཞིག་རྙེད་སོན་བྱུང་ན་ཐུགས་ལ་བཏགས་སུ་གསོལ་ཞེས་འདིར་སྟབས་གཅིག་ཏུ་ཞུ།  

          ⑩《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཡི་ཆད་འཇུག་ཉེར་མཁོ་སྒྲོན་མེ་》ཞེས་པའི་དཔེ་རྙིང་འདི་ནི།  འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྟགས་ཕྱི་ལ་345ནང་བཞུགས་ཤིང་།  བིཀྵུམཾགཱ་ལ་པུརྞེ་ཞེས་མཚན་དུ་འཁོད་པ་ཞིག་གིས་དུས་རབས་བཅུ་གསུམ་པའི་སྐོར་དུ་བོད་དབུས་གཙང་གི་འབུམ་དཔེ་རྙིང་བརྒྱ་དང་གྱ་བཞི་ལ་གཏུགས་ཏེ་ཁུངས་བཙལ་ནས་ཡར་ལུང་ཇོ་བོའི་འབུམ་དུམ་པ་བཅུ་གཉིས་ཅན་ལ་ཆད་པ་རྣམས་ཕྱོགས་གཅིག་ཏུ་བྲིས་པ་ཞིག་ཡིན་ཞིང་། མཛད་པ་པོས་སྐབས་དེ་དུས་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་འདི་ལ་དངོས་སུ་མཇལ་ནས་དཔེ་སྡུར་མཛད་པ་ཞིག་ཡིན།  

ཡོང་ཁུངས། ཀྲུང་གོའི་བོད་རིག་པ།

(密师古籍整理办)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-16 20:46 , Processed in 0.027452 second(s), 21 queries .

返回顶部