博客西藏在最高处过一种生活

日志

༄༅།། སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་ ...

已有 191 次阅读2019-3-3 09:45 |系统分类:教育

༄༅།། སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གི་དེབ་གསར།

 སློབ་གསོ་བ་ཞིག་གི་བློ་གྲོས་ལས་ཐོན་པའི་གསེར་གྱི་གཏེར་ཁ།

   གཞན་དོན་གྱི་ཆེད་དུ་གསོན་པའི་མི་ཞིག་ཡིན་ན།  ཁོང་གི་གསུང་བཤད་ནི་ཁོང་གི་བློ་གྲོས་ལས་ཀྱང་རིན་ཐང་བྲལ་བ་ཞིག་སྟེ།  བློ་གྲོས་ཀྱི་དྭངས་མ་ལས་བྱུང་ཞིང་འགྲོ་བའི་རྨོངས་པ་སེལ་བར་བྱེད་པའི་རྐྱེན་གྱིས་ཡིན་པས་སོ།  དེ་བས་ང་ཚོས་འཇིག་རྟེན་འདིའི་སྐྱེ་བུ་ཆེན་པོ་དག་གི་གསུང་བཤད་ལ་སློབ་པ་ནི་དེ་དག་ཐུགས་ཀྱི་མཁྱེན་པ་དང་བློ་ཡི་རྣམ་དཔྱོད།   ཕན་པའི་ལྷག་བསམ་ལ་སློབ་སྦྱོང་བྱེད་པའི་ཆེད་དུ་ཡིན་པས།   སྐྱེས་བུ་ཆེན་པོ་དེ་དག་གི་གསུང་གི་ཟེགས་མ་རེ་ཡང་རིན་ཐང་བྲལ་བའི་ནོར་བུ་ཇི་བཞིན་སྙིང་གི་ནོམ་དུ་གསོག་འོས་ལ།   མིག་གི་དཔལ་དུ་བརྟེན་འོས་བ་ཞིག་ཡིན། 


  བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་དགོས་བ་ཡང་གདུལ་བྱའི་ཆེད་དུ་ཡིན་ལ། ཁོང་གི་གདུལ་བྱའི་ཆེད་དུ་གསུང་གི་ཟེགས་མ་རེ་རེས་འཇིག་རྟེན་གྱི་མུན་པ་མཐའ་དག་སེལ་བར་བྱེད་ཅིང་འགྲོ་བའི་སྡུག་བསྔལ་མཐའ་དག་འཇོམས་པར་བྱེད།  དེ་བས་རྗེས་བླ་མས།  མཛད་པ་ཀུན་ལས་གསུང་གི་ནི། མཛད་པ་མཆོག་ཡིན་ཞེས་གསུངས་པ་ནི་ཇི་འདྲའི་གནད་དུ་བབས་པའི་ལེགས་བཤད་ཅིག་རེད་ཨང་།


   ཕངས་པ་ཞིག་ལ་ང་ཚོའི་བོད་ཀྱི་བསམ་བློ་བ་སྟེ་མི་རིགས་ཀྱི་བདེ་སྡུག་ཁུར་དུ་འདེགས་པའི་དཔའ་བོ་དང་།  རྨོངས་པ་སེལ་པའི་རྟ་བདུན་ཉི་མ་ལྟ་བུའི་སྐྱེས་བུ་ཆེན་པོ་མང་པོ་ཞིག་གིས་གསེར་གྱི་ཐུར་མ་བཞིན་གནད་ཀྱི་མདུད་པ་བཀྲོལ་ཞིང་།མཁའ་ཡི་ཉིན་བྱེད་བཞིན་རྨོངས་པའི་མུན་པ་སེལ་བའི་གསུང་བཤད་མང་དུ་གནང་བ་ཡང་སྐབས་དེའི་སྐུ་དངོས་ཀྱི་གདུལ་བྱ་དག་གི་སྤྱོད་ཡུལ་དུ་སྨིན་པ་ལས།བརྒྱུད་པའི་གདུལ་བྱ་དག་གི་ཆེད་དུ་ཡི་གེའི་རིས་སུ་བཀོད་ནས་གངས་རིའི་རིག་པའི་ནོམ་དུ་འཇོག་མ་ཐུབ་ལ།མིག་བཞིན་དུ་གཅེས་པར་བཟུང་ནས་ཕྱིས་འབྱུང་གི་སྐལ་ལྡན་དག་གི་སྐལ་བར་ཡང་འབྱུང་མ་ཐུབ།


   བློ་གྲོས་དང་རྣམ་དཔྱོད་ལས་ཐོན་པའི་རིན་ཐང་བྲལ་བའིནོར་བུ་རྣམས་ལ་ལེགས་པར་གཅེས་ཤིང་།ནོར་བུ་ནོར་བུའི་ཚོད་དུ་མ་བཞག་པའི་འགྱོད་པ་བསུབ་ཐབས་བྲལ་བ་ཞིག་ཀྱང་རེད། འགྱོད་པ་འདི་ལས་བལྟས་ན་ང་ཚོར་དབུལ་བ་ནི་རིན་ཐང་བྲལ་བའི་གསུང་གི་ནོར་བུ་ཡོད་ཚད་ཟིན་བྲིས་སུ་བཀོད་ནས་གཞན་གྱི་སྤྱན་སྔར་འབུལ་བའི་ལས་ཀ་རླབས་པོ་ཆེ་དེ་བཏང་སྙོམས་སུ་བཞག་པའི་སྲོལ་ཀ་ཞིག་རེད་སྙམ། 


   དེ་བས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་བོའི་འཛིན་བདག་དགེ་རྒན་ཏེ་བསམ་བློ་དང་རྣམ་དཔྱོད་གཉིས་འཛོམས་ཀྱི་དགེ་རྒན་པདྨ་དོན་འགྲུབ་ཀྱིས་ཚུལ་དེ་ཐུགས་ལ་བརྣགས་ནས།  ཁོང་གི་འཛིན་གྲྭ་དེའི་སློབ་བུ་དག་གི་དབུ་ཁྲིད་དེ་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་འཚོ་བསྡུ་ཕྱོགས་བསྒྲིགས་ཀྱི་ལས་གཞི་ཆེན་པོ་འདི་སྒྲུབ་པ་ཤེས་པས། དབང་མེད་དུ་སྤྲོ་བ་ཆེན་པོ་ཞིག་རྒྱས་ཤིང་རྗེས་སུ་ཡི་རང་དང་བཅས་བཀྲ་ཤིས་ལེགས་བརྗོད་ཕུལ་བ་ཡིན།


  སློབ་གསོ་བ་ཆེན་པོ་འཇིགས་མེད་རྒྱལ་མཚན་མཆོག་གི་དུས་རབས་འདིར་བྱུང་བའི་བོད་ཀྱི་སློབ་གསོའི་བསམ་བློ་བ་ཆེན་མོ་ཞིག་ཡིན་ལ།  མི་ཚེ་སློབ་གསོའི་ཆེད་དུ་གཏོང་བའི་སློབ་དཔོན་ཆེན་མོ་ཞིག་ཀྱང་ཡིན། དེར་མ་ཟད་བོད་དུ་ཚོང་ལས་དང་དཔལ་འབྱོར་གྱི་བློ་སྒོ་འབྱེད་ཅིང་སྟོང་བསམ་ལག་ལེན་དུ་འདེབས་པའི་དངོས་ཡོད་བེད་སྤྱོད་རང་ལུགས་པ་ཞིག་ཀྱང་ཡིན། ལྷག་པར་སྟོང་བསམ་སྟོང་བསམ་དུ་གཏོང་བའི་མི་རིགས་འདིའི་ཁྲོད་དུ་ཁོང་ནི་སྟོང་བསམ་ལག་ལེན་དུ་བསྒྱུར་ཅིང་།ལག་ལེན་ནས་འབྲས་བཟང་དུ་བསྒྱུར་བ་མ་ཟད། དངོས་ཡོད་བདེན་པ་རུ་སྒྱུར་བའི་མཁན་པོ་ཞིག་ཀྱང་ཡིན། 


   ང་ཚོའི་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལ་འབྲེལ་འདྲེས་བྱས་ནས་ཤེས་བ་ནི་ཁོང་གི་བློ་གྲོས་ནི་བོད་ཀྱི་སློབ་གསོ་ཡིན་ལ་བོད་ཀྱི་སློབ་གསོ་ནི་ཁོང་གི་མི་ཚེ་ཡིན་པ་རེད།  ད་དུང་ཁོང་གི་དཔལ་འབྱོར་དང་ཚོང་ལས་གཉེར་བའི་ངལ་བ་དེ་དག་ཀྱང་ཁོང་གི་སློབ་གསོའི་བསམ་བློའི་ཆ་ཤས་ཤིག་ཡིན། སྙིང་བོ་མེད་པའི་དཔལ་འབྱོར་དེ་ནི་རིན་ཐང་བྲལ་བའི་སློབ་གསོའི་ཆེད་དུ་བཏང་ཞིང་།  སློབ་གསོའི་མི་ཚེ་འདིར་ཁོང་གིས་བློ་སྒོ་འབྱེད་པའི་ཡུལ་ནི་སློབ་མ་ཁོ་ན་མ་ཡིན་པར་རྨོངས་བ་ཆེན་པོས་བློ་གྲོས་ལ་ལྕགས་ཟྭ་བརྒྱབས་པའི་སྤྱི་ཚོགས་དེ་དག་ཡིན་ལ། ཁོང་གི་རེ་བ་ནི་ལྕགས་ཀྱི་སྒོ་ཟྭ་དེའི་ནང་དུ་བློ་གྲོས་ཀྱི་གསེར་ནག་གི་གཏེར་ཁ་དེ་འདོན་པའི་ཆེད་དུ་ཡིན།  དེའི་ཆེད་དུ་བློ་གྲོས་ལག་ལེན་ལ་བཏབ་ཅིང་།  ལག་ལེན་གྱི་འབྲས་བུ་མིག་གི་ལྟ་མོ་རུ་དྲངས་ནས།  རིག་པའི་ལྡེ་མིག་ཅིག་བསྐྲུན་པ་དེ་རེད།  དེ་ནི་ཁོང་གི་བློ་གྲོས་དང་བརྩོན་པ་རེད།


    ཁོང་གི་བསྐྲུན་པའི་རིག་པའི་ལྡེ་མིག་དེས་རྨོངས་པའི་ལྕགས་ནག་གི་སྒོ་ཟྭ་དེ་དག་ཡོངས་སུ་ཕྱེས་བྱུང་། ད་ལྟ་རོང་འབྲོག་གི་རྒན་པོ་དེ་དག་ཀྱང་ལོ་ན་ནགཞོན་པའི་གསར་བུ་ཞིག་དང་འདྲ་བར་ཁོང་གི་བློ་གྲོས་ཀྱི་འོད་ཟེར་དེ་ལས་རང་ཉིད་ཀྱི་མདུན་ལམ་མཐོང་ཨེ་ཐུབ་ལ་རེ་བཞིན་ཡོད།  དེ་ནི་ཁོང་གི་རེ་བ་ཡིན་ལ་ང་ཚོའི་མི་རིགས་འདིའི་མདུན་ལམ་ཡང་རེད། འདི་ལྟ་བུའི་སྐལ་བཟང་ཞིག་ཤར་བ་འདིས་ཁོང་ཚོའི་བུ་ནི་ཁོང་གི་རེ་བ་བཞིན་བློ་གྲོས་དང་རྣམ་དཔྱོད་ལྡན་པའི་གངས་རིའི་ཕོ་རྒོད་རེ་ཡིན་ལ།   ཁོང་ཚོའི་བུ་མོ་ནི་ཁོང་གི་ཐུགས་སྨོན་བཞིན་གངས་རིའི་མཛངས་མ་རེར་འགྱུར་བ་དེ་ཡིན།

   

  དེ་ནི་ང་ཚོས་ཁོང་གི་ཐུགས་བསྐྱེད་ལས་བྱུང་བའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མའི་སློབ་གྲྭ་ལ་གཟིགས་ནས་མིག་གི་མཐོང་འོང་ལ།  དེ་དག་གི་མ་འོངས་བའི་མདུན་ལམ་ལ་བསམས་ན་ཡིད་ལ་འཁོར་ཡོང་བ་ཞིག་རེད། མིག་གི་མཐོང་ཞིང་ཡིད་ལ་འཁོར་ཡོང་བའི་གནས་ཚུལ་འདི་ནི་བཀྲ་ཤིས་པའི་ལྷ་རྔ་ཇི་བཞིན་གངས་རིའི་ཞིང་འདིའི་ཚེ་སྲོག་གི་ཆེད་དུ་གསོན་བཞིན་ཡོད། ཡན་ལག་བརྒྱད་ལྡན་གྱི་རྫ་ཆབ་བཞིན་སྭ་ལའི་སྨན་ལྗོངས་འདིའི་སྙིང་ཁོང་གི་གསོས་སུ་བཞུར་གྱིན་འདུག    


    འདི་དག་ཡོད་ཚད་ཁོང་གི་བློ་གྲོས་དང་རྣམས་དཔྱོད་འཁྱིལ་བའི་གསུང་བཤད་ཀྱིས་དྲངས་ནས་ཡོང་ལ།  འདི་དག་ཡོད་ཚད་ཁོང་གི་ལྷག་བསམ་དང་བརྩོན་པ་ལས་བསུས་འོང་བ་ཡིན། དེ་བས་ཁོང་གི་གསུང་བཤད་ནི་གསེར་གྱི་ལྡེ་མིག་གསོན་པོ་ཞིག་ཡིན་ལ། ལྡེ་མིག་འདིས་བློ་གྲོས་དང་རྣམ་དཔྱོད་ལ་ལྕགས་ཟྭ་བརྒྱབས་པའི་གཏེར་ཁ་དེ་དག་འབྱེད་ཐུབ་པར་སོམ་ཉི་དང་བྲལ་བ་ཞིག་རེད།


  སྤྱིར་ན་མི་ཞིག་གི་བློ་གོས་དང་རྣམ་དཔྱོད་ནི་མི་དེའི་གསུང་བཤད་ལས་མངོན་འོང་ལ། སྐྱེས་བུ་ཆེན་པོ་ཞིག་ཡིན་ན་ཁོང་གི་བློ་གྲོས་དང་རྣམ་དཔྱོད་ཀྱི་གསེར་གྱི་ཐུགས་པ་རེ་རེ་གསུང་གི་བདུད་རྩིའི་བཅུད་དུ་གཏམས་ཡོད།   མི་ནི་བློ་གྲོས་ཀྱི་ཆེད་དུ་གསོན་པ་ཡིན་ལ་མིའི་བློ་གྲོས་གཞན་དོན་གྱི་ཆེད་འཚོ་བ་ཡིན།  དེ་བས་བློ་གྲོས་བྲལ་བའི་མི་ཞིག་འཇིག་རྟེན་དུ་གསོན་པའི་སྙིང་བོ་དབེན།  བློ་གྲོས་ཀྱི་ཆེད་དུ་མི་ཚེ་ཐོས་པར་བསྐྱེལ་ཞིང་།བློ་གྲོས་ཀྱི་ཆེད་དུ་བདེན་པ་འཚོལ་བའི་ཤེས་རབ་ལ་འབད་པ་ཡིན།བློ་གྲོས་ཀྱི་ཆེད་དུ་གནས་སྐབས་ཀྱི་བདེ་བ་དག་ཁྱད་དུ་བསད་པ་ཡིན།  ལྷག་པར་བློ་གྲོས་ཀྱི་ཆེད་དུ་བློ་གྲོས་ཆེན་པོ་དག་གི་བློ་གྲོས་ལས་ཐོན་པའི་ནོར་བུ་དེ་དག་ལ་ཐོས་པ་དང་བསམ་པ་གོམས་པ་བཅས་བྱེད་པ་ཡིན། དེ་བས་བློ་གྲོས་དང་རྣམ་དཔྱོད་འདོད་པའི་བློ་དང་ལྡན་པ་ཞིག་ཡིན་ན། ལག་ལེན་དང་འབྲས་བཟང་ཟུང་དུ་སྦྲེལ་འདོད་པའི་ཕོ་རྒོད་ཅིག་ཡིན་འདོད་ན།  མདུན་ལམ་དང་བརྩོན་པ་བསྲེས་པའི་བློ་ལྡན་ཞིག་ཡིན་ན།  རེ་བ་མངོན་དུ་བྱེད་པའི་ཕོ་རྒོད་ཅིག་ཡིན་ན། སློབ་གསོ་བ་ཆེན་མོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད་ཕྱོགས་བསྒྲིགས་འདིར་གཟིགས་པ་ནི་ཆེས་གལ་ཆེ་བ་ཞིག་སྟེ།  སྐོམ་པའི་གདུང་བའི་མི་ཞིག་ཡན་ལག་བརྒྱད་ལྡན་གྱི་རྫ་ཆབ་ལ་འཕྲད་པ་དང་འདྲ་ལ།  གཏོལ་དང་བྲལ་བའི་མུན་ནག་གི་ཁྲོད་དུ་གཟི་དཔལ་གྱིས་འཁྱིལ་པའི་བཤུལ་ལམ་རིང་མོ་ཞིག་ཇི་བཞིན་རང་ལ་ཕན་ཞིང་ཀུན་ལ་སྨན་པ་ཞིག་ཡིན་ངེས།


    དེ་བས་མཛངས་པའི་བློ་དང་ལྡན་ཞིང་། རིག་པའི་ནོར་གྱིས་ལྕི་བའི་དགེ་རྒན་པདྨ་དོན་གྲུབ་དང་ཁོང་གི་སློབ་བུ་བློ་ཡངས་པ་དག་གིས་རིང་བོར་བསྡུས་ཤིང་ཡི་གེར་བཀོད་པའི་དཔེ་དེབ་འདི་ནི་སློབ་གསོ་བ་ཞིག་གི་འོད་ཀྱི་བློ་གྲོས་ལས་བྱུང་བའི་གསེར་ནག་གི་གཏེར་ཁ་ཡིན་པས།  མི་རིགས་ཀྱི་ངོས་ནས་བསམ་ནའང་འདྲ།  སློབ་གསོའི་ཐད་ནས་གླེང་ནའང་འདྲ།  ལྷག་བསམ་གྱི་ཆ་ནས་བལྟས་ནའང་འདྲ། བློ་སྒོ་འབྱེད་པའི་ཕྱོགས་ནས་བཤད་ནའང་འདྲ།འདིའི་དོན་གྱི་སྙིང་བོ་ནི་ཆེས་རིན་ཐང་དང་བྲལ་བ་ཞིག་ཡིན་པས།  ཀློག་པ་བོའི་ངོས་ནས་ཆེད་དུ་བཀའ་དྲིན་ཞུ་དགོས་བ་ཞིག་རེད། 


    མདོར་ན།  བློ་གྲོས་དང་བརྩོན་པ། མི་ཚེ་བཅས་ཡོད་ཚད་སློབ་གསོའི་ཆེད་དུ་གཏོང་བའི་དམ་པ་འདིའི་གསུང་བཤད་ནི་ཁོང་གི་བློ་གྲོས་དང་།སློབ་གསོ། སྤོབས་པ་བཅས་རང་གཟུགས་སུ་ཐོན་པ་ཞིག་དང་ཁོང་གི་ལག་ལེན་ལ་འདེམས་བཞིན་པའི་རྔུལ་ཆུས་བསླེས་པའི་ཨུ་དུམ་ཝ་རའི་མེ་ཏོག་གི་ཆུན་པོ་ཞིག་ཡིན་པས།གངས་རིའི་ལྗོངས་འདིར་བསུང་ཞིམ་གྱིས་ཁྱབ་པར་བྱས་ནས་མི་འདོད་གདུང་བ་སྣ་ཚོགས་སེལ་ཐུབ་པར་གདོན་མི་ཟའོ་སྙམ།


   ཞེས་ཤེས་རབ་བསྟན་དར་གྱིས་༢༠༡༡ལོའི་བོད་ཟླ༢པའི་ཚེས་༡༥ལ་བཀྲ་ཤིས་ཕུན་ཚོགས་འབྱུང་བའི་གནས་ཤེས་རིག་ནོར་བུའི་སློབ་གླིང་དུ་བྲིས་སོ།།





评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-12 23:55 , Processed in 0.030206 second(s), 20 queries .

返回顶部