博客西藏在最高处过一种生活

日志

རིག་བྱེད་དབང་མོའི་བསྟོད་པ་ཨུཏྤལ་མདའ་གཞུ། ...

已有 149 次阅读2019-3-3 09:37 |系统分类:信仰

རིག་བྱེད་དབང་མོའི་བསྟོད་པ་ཨུཏྤལ་མདའ་གཞུ།

༄༅། །ཏི་སྒྲོའི་ཆོས་སྐོར་ལས། རིག་བྱེད་དབང་མོའི་བསྟོད་པ་ཨུཏྤལ་མདའ་གཞུ་བཞུགས། 

༄༅། ། ཧྲཱིཿ རྒྱལ་བ་ཀུན་ཡུམ་རྒྱལ་ཀུན་འདུས་པའི་ཞལ། །དྲན་པའི་མོད་ལ་སྲིད་ཞིའི་དཔལ་ཡོན་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་འགུགས་མཛད་མ། །བཅོམ་ལྡན་རིག་བྱེད་དབང་མོར་ཕྱག་འཚལ་བསྟོད། །ཆགས་པ་ཅན་ལ་ལྷག་པར་ཆགས་ཚུལ་ངོམ། །དགྱེས་བཞད་འཁྱུད་པའི་ཉམས་འགྱུར་འབུམ་ཕྲག་གིས། །ཆགས་མེད་ཞི་བའི་ཁྲི་འཕང་མཐོན་པོ་ལ། །མིག་འཕྲུལ་བཞིན་དུ་འགོད་མཛད་ཁྱོད་ལ་འདུད། །སྲིད་ཞིའི་མཛེས་སྡུག་གཅིག་ཏུ་སྤུངས་པའི་སྐུ། །སྙན་འཇེབས་ཡོངས་ཀྱི་ཁྱད་ནོར་རྫོགས་པའི་གསུང་། །སྤངས་རྟོགས་ཆ་ཤས་མ་ལུས་རྫོགས་པའི་ཐུགས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཁྱོད་ལ་བསྟོད། །སྡང་མིག་ལྷོག་ལྷོག་གཡོ་བའི་གཤིན་རྗེས་ཀྱང་། །ཁྱོད་ཞབས་སྐྱབས་སུ་བསྙེན་པའི་སྐྱེ་བོ་ལ། །སྡུག་པའི་བུ་ལ་མ་བྱམས་ཇི་བཞིན་དུ། །མཛའ་གཅུགས་དམ་བཅའ་སྙིང་གི་ཁུར་དུ་འཆང་། །སྙིགས་ལྔའི་མུན་པ་ལྷག་པར་བདོ་སྐབས་སུ། །ཁྱོད་ཀྱི་ཕྲིན་ལས་ཟླ་གཞོན་སྣང་བ་ཡིས། །ཕན་བདེའི་ག་བུར་ཐིགས་པ་འབུམ་འགོད་པས། །ཐར་འདོད་ཡིད་ཀྱི་ཀུ་མུད་འཛུམ་ལ་བྲེལ། །འདི་ན་ཆགས་སྲེད་དྲག་པོས་དམ་དུ་འཁྱུད། །རིན་ཆེན་རིན་ཐང་བྲལ་བའི་ཚུལ་ཁྲིམས་རྒྱན། །ཡུད་ཙམ་ཡིད་ལ་འཁོར་བའི་རེག་བདེ་དང་། །བརྗེ་ལ་ཁད་ཀྱི་སྙིང་མེད་བདག་ལ་གཟིགས། །སོར་རྟོགས་ཡེ་ཤེས་མྱོང་གྲོལ་བདུད་རྩིའི་ཆབ། །ཡིད་ཀྱི་བུམ་པ་བཟང་པོའི་བཅུད་དུ་སྐྱིལ། །ཆགས་པའི་སེམས་འདི་ཆགས་མེད་བདེ་བ་ཆེར། །གསེར་འགྱུར་རྩི་ཡིས་ལྕགས་བཞིན་སྒྱུར་བར་མཛོད། །མདོར་ན་ད་ནས་ཚེ་རབས་ཐམས་ཅད་དུ། །གཏན་གྱི་སྐྱབས་སུ་དཔལ་མོ་ཁྱོད་བསྟེན་ན། །ཆགས་དང་ཆགས་བྲལ་རྫུ་བག་མཐའ་ཀླས་ཀྱིས། །འགྲོ་ཀུན་བདེ་ཆེན་ས་ལ་འགོད་ནུས་ཤོག །


ཅེས་ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ནི་ས་སྦྲུལ་ཟླ་ཚེས་བཟང་པོར་ཏི་སྒྲོའི་ཆོས་སྐོར་ཡི་གེར་འགོད་སྐབས་གློ་བུར་དུ་ཡིད་ངོར་ཤར་བ་བཞིན་ངག་དབང་བློ་གྲོས་མཚུངས་མེད་པས་སྤེལ་བ་དགེ། །།

(扎西持林寂静地)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-27 03:18 , Processed in 0.048991 second(s), 21 queries .

返回顶部