博客西藏在最高处过一种生活

日志

ཡ་གླིང་དབུས་ཁུལ་གྱི་བཙན་དབང་འཕྲོག་རྩོད་ལ ...

已有 67 次阅读2019-1-26 11:04 |系统分类:文化| 中亚, 争雄

ཡ་གླིང་དབུས་ཁུལ་གྱི་བཙན་དབང་འཕྲོག་རྩོད་ལས་ཐང་ཆེན་པོ་དང་ཨ་རབ་གོང་མའི་རྒྱལ་ཁབ། བོད་བཙན་པོའི་རྒྱལ་ཁབ་གསུམ་གྱི་འཕྲོག་རྩོད།

2019-01-10

རིན་ཆེན་ཚེ་རིང་གིས་བསྒྱུར། 


གཅིག སྤྱི་ལོ་དུས་རབས་བརྒྱད་པར་ཨ་རབ་གོང་མའི་རྒྱལ་ཁབ་དང་ཐང་ཆེན་པོ། བོད་བཙན་པོའི་རྒྱལ་ཁབ་གསུམ་གྱིས་ཡ་གླིང་དབུས་ཁུལ་འཕྲོད་རྩོད་བྱས་ཚུལ།


  1. སྤྱི་ལོ་དུས་རབས་བདུན་པར་མཉམ་དུ་དར་མགོ་ཚུགས་པའི་གོང་མའི་རྒྱལ་ཁབ་གསུམ།


     622ལོར། མ་ཧ་མད་ཀྱིས་རང་ལ་བློ་ཉེ་བ་དག་ཁྲིད་ནས་མ་ཁ་གྲོང་ཁྱེར་དང་གྱེས་ཤིང་། མ་རྡུ་ན་རུ་དབྱི་སི་ལན་གྱི་རྒྱལ་ཁབ་འཛུགས་མགོ་ཚུགས། སྤྱི་ལོ་དུས་རབས་བདུན་པར་ཨ་རབ་གོང་མའི་རྒྱལ་ཁབ་ནི་དད་པའི་སྟོབས་ལས་དར་རྒྱས་བྱུང་ཞིང་རིམ་གྱིས་དྲག་འདུལ་ཆེན་པོའི་ལས་འགུལ་སྤེལ་ཏེ་ཡ་གླིང་ནུབ་མ་དང་ཧྥེ་གླིང་བྱང་མ། ཡ་གླིང་དབུས་མ། ཡ་གླིང་ལྷོ་མ་སོགས་སླེབས་ཚད་ལ་དྲག་པོའི་དཔུང་གིས་འདུལ་བཅོམ་བྱས་ནས། འཛམ་གླིང་གི་ཆབ་སྲིད་མངའ་དབང་ལ་འགྱུར་བ་ཆེན་པོ་བསླངས་བར་མ་ཟད། ཡ་གླིང་དང་ཧྥེ་གླིང་། ཡོབ་གླིང་བཅས་གླིང་ཆེན་གསུམ་གྱི་སྐམ་སའི་མི་དམངས་ཀྱི་དད་མོས་བསྒྱུར་བཅོས་བྱས་ལ། ལྷག་པར་གནའ་གཞུང་དུས་སྐབས(古典时代)ཀྱི་ཤེས་རིག་སོ་སོའི་ས་བབ་ཁྱབ་སྟངས་ལའང་གཏན་གྱི་འགྱུར་ལྡོག་བཟོས།


      618ལོར། ཐང་ཀའོ་ཙུའུ་ལི་ཡོན་གྱིས་སུའུ་རྒྱལ་རབས་བསྣུབས་ནས་ཐང་ཆེན་པོའི་རྒྱལ་ཁབ་བཙུགས་པ་དང་། 626-649ལོ་སྟེ། ཐང་ཐའེ་ཙུང་ལི་ཧྲི་མིན་གྱི་རིང་། ཐང་ཆེན་པོའི་རྒྱལ་སྟོབས་མགྱོགས་མྱུར་འཕེལ་རྒྱས་བྱུང་བས། ལོ་རྒྱུས་སུ"ཀྲིན་ཀོན་ཁྲི་ལོའི་སྲིད་སྐྱོང" གི་དུས་སྐབས་ཟེར།


     629-650ལོར། སྲོང་བཙན་སྒམ་པོས་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་ཕལ་ཆེ་བ་གཅིག་གྱུར་བྱས་ཤིང་། རྒྱལ་ས་ར་སར་གཏན་འཁེལ་བྱས་ནས་བོད་བཙན་པོའི་རྒྱལ་རབས་བཙུགས་པ་དང་། ཕོ་བྲང་པོ་ཏ་ལ་གསར་བཞེངས་དང་ཁབ་མཐའ་རྒྱ་བསྐྱེད་ཀྱི་མགོ་ཚུགས།


2.སྤྱི་ལོ་དུས་རབས་བརྒྱད་པར་རྒྱལ་ཁབ་གསུམ་གྱིས་ཡ་གླིང་དབུས་ཁུལ་གྱི་རྒྱལ་ཁབ་ཆུང་བ་དག་འཕྲོད་རྩོད་བྱས་པ།

     སྤྱི་ལོ་དུས་རབས་བརྒྱད་པའི་སྐབས་ཀྱི་ཐང་ཆེན་པོ་དང་ཨ་རབ་གོང་མའི་རྒྱལ་ཁབ་གཉིས་ནི་སྤྱི་ལོ་དུས་རབས་བདུན་པའི་རྨང་གཞིའི་སྟེང་འཕེལ་ནས་དར་རྒྱས་ཆེན་པོའི་དུས་སྐབས་སུ་བསླེབས་ནས། ཤར་ནུབ་ཀྱི་རིམ་འདས་རྒྱལ་ཁབ་ཆེན་པོ་གཉིས་སུ་གྱུར་བ་སྟེ། ཐང་ཆེན་པོས་མི་རབས་གསུམ་རིང་གི་འབད་བརྩོན་བརྒྱུད། སྤྱི་ལི་གྲུ་བཞི་མ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞིའི་མངའ་ཁོངས་བདག་གིར་བཟུང་བ་དང་། མི་འབོར་བྱེ་བ་དྲུག་ལས་བརྒལ་ནས་འཛམ་གླིང་གི་མི་གྲངས་ཆེ་མང་བའི་རྒྱལ་ཁབ་ཏུ་གྱུར། ཨ་རབ་གོང་མའི་རྒྱལ་ཁབ་ཀྱིས་སྤྱི་ལེ་གྲུ་བཞི་མ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བཞིའི་ས་ཆ་བཟུང་ནས། སྐབས་དེའི་འཛམ་གླིང་གི་མངའ་ཁོངས་ཆེ་ཆེས་བའི་རྒྱལ་ཁབ་ཏུ་གྱུར།(མི་འབོར་བྱེ་བ་གསུམ་དང་ས་ཡ་ལྔ་ཡོད)


འཛམ་གླིང་ཡང་རྩེའམ་མཚོ་བོད་མཐོ་སྒང་དུ་བརྟན་བརླིང་གཡོ་མེད་དུ་གནས་པའི་བོད་བཙན་པོའི་རྒྱལ་ཁབ་ཀྱང་དུས་རབས་འདིར་དར་བའི་རྩེར་སོན་ནས། (མངའ་ཁོངས་སྤྱི་ལེ་གྲུ་བཞི་མ་ས་ཡ་ལྔ་དང་འབུམ་དྲུག་ལྷག་ཡོད་པ་དང་། མི་འབོར་ས་ཡ་བརྒྱད་ལྷག་ཡོད།) ཀྲུང་གོའི་ནུབ་རྒྱུད་དང་ཡ་གླིང་དབུས་ཁུལ་གྱི་བཙན་དབང་འཕྲོད་རྩོད་དུ་ཞུགས་ཤིང་། ཐང་ཆེན་པོ་དང་ཨ་རབ་གོང་མའི་རྒྱལ་ཁབ་ཀྱི་དགྲ་བོ་སྟོབས་ཆེན(劲敌)དུ་ཆགས།


     747ལོའི་ཟླ3པར། ཐང་རྒྱལ་རབས་ཀྱི་ཨན་ཞི་སྤྱི་ཁྱབ་ལྟ་སྐྱོང་གཞུང་དཔོན་ཀའོ་ཞན་ཀྲི(སྐད་གྲགས་ཆེ་བའི་དམག་དོན་པ)ཡིས་དམག་ཧྲག་ཆིག་ཁྲི་ལྷག་བྲི་ཤ་ཆུང་བར(小勃律)(དེང་གི་ཀསྨིར་ཡའི་ནུབ་བྱང་ཕྱོགས)དྲངས། ཟླ་བཞི་ལྷག་རིང་གི་འགྲུལ་བཞུད་ཀྱིས་རི་ཀླུང་མང་བོ(ཕ་སྨིར་མཐོ་སྒང་བརྒྱུད། ཆུ་བོ་མང་བོ་དང་སྤྱི་ལེ་བཅུའི་རིང་ཚད་ཅན་གྱི་འཁྱགས་ཀླུང་གཉིས་བརྒལ་བ)དཀའ་ཚེགས་ངང་བརྒལ་ནས། བྲུ་ཤ་ཆུང་བར་གློ་བུར་ཕར་རྒོལ་གྱིས་བདེར་བཀོད་ལ། ཕའོ་དབྱི་སི་གཙང་བོའི་སྦ་ཐག་ཟམ་པ་དུམ་གྱིས་བཅད་ནས། དཔུང་རོགས་སུ་བསླེབས་པའི་བོད་དམག་གཙང་བོའི་ཤར་ངོགས་སུ་བཀག ཐེངས་འདིའི་དམག་འཁྲུག་གིས་ཐང་དམག་གི་ཟིལ་ཤུགས་དང་སྙན་གྲགས་ཆེ་རུ་བཏང་ཞིང་། ཧོར་བའི་རྒྱལ་ཕྲན་དོན་གཉིས(胡七十二国)དངངས་ཤིང་སྐྲག་ནས་ཐང་ལ་མགོ་བཏགས་པར་མ་ཟད། ཨ་རབ་གོང་མའི་རྒྱལ་ཁབ་དང་བོད་བཙན་པོའི་རྒྱལ་ཁབ་ཀྱང་སྤ་གོང་བར་བྱས། [གསལ་བཤད། དབྱིན་གཞུང་ནས་མངག་གཏོང་གནང་བའི་སྐུ་ཞབས་སི་ཐའེ་དབྱིན་གྱིས་ཕ་སྨིར་མཐོ་སྒང་དུ་ལོ་ངོ་སྟོང་གཅིག་ཡར་སྔོན་གྱི་ཀའོ་ཞན་ཀྲི་ཡི་དམག་སྐྱོད་ལམ་ཐིགས་རྩད་ཞིབ་བྱས་རྗེས། "གྲངས་འབོར་མི་ཉུང་བའི་དམག་གི་དཔུང་སྡེ་དེ་ཕ་སྨིར་མཐོ་སྒང་དང་ཞིན་ཏུའུ་ཁུའུ་ཧྲི་ས་ཁུལ་དུ་དཔུང་སྐྱོད་བྱས་པ་ནི་ལོ་རྒྱུས་སྟེང་གི་ཐེངས་དང་པོ་ཡིན་པས། སྐབས་དེའི་དམག་དཔུང་གི་འཚོ་ཚིས་ཅི་ལྟར་སྦྱར་བ་ཡིན་ནམ། འདི་ལྟའི་གནད་དོན་དང་འཕྲད་ཚེ་དེང་རབས་ཀྱི་དམག་ཇུས་བློ་འདོན་པའང་ཐབས་ཟད་འུ་ཐུག་ཏུ་མི་འགྱུར་གྲང་།"ཞེས་གདེངས་འཇོག་བྱས་ཤིང་། ཡང་སེམས་འགུལ་ཐེབས་ནས་དབུགས་རིང་འབྱིན་བཞིན། "ཀྲུང་གོའི་དཔའ་མཛངས་རྟུལ་ཕོད་ཅན་གྱི་དམག་སྤྱི་འདིས་དཀའ་བ་བརྒྱ་ཕྲག་ཉེན་ཁ་ཁྲི་ཕྲག་ཅི་ལྟར་སེལ་ཐབས་བྱས་པ་ཡིན་ནམ། འདི་ནི་ཡོབ་གླིང་གི་དམག་དཔོན་གྲགས་ཅན་ཧན་ཉི་པ(汉尼拔)དང་དེ་ནས་ན་ཕོ་ལུང་(拿破仑)། དེ་ནས་སོ་ཨོ་ལོ་ཧྥུ(苏袄洛夫)སྟེ། ཁོ་ཚོ་ཨར་པེ་སི་བརྒལ་བ་ལས་ལྡབ་མང་འགྱུར་གྱིས་དཀའ་འོ།།"]

    749ལོར་ཀའོ་ཞན་ཀྲིས་བཀས་སྐུལ་ལྟར་ཆེ་ཤིར(竭师国)(དེང་གི་ཕ་ཁི་སི་ཐན་ཆི་ཐིག་ལར)དཔུང་ཆེན་དྲངས། ཀའོ་ཞན་ཀྲིས་ཡང་བསྐྱར་ཕ་སྨིར་མཐོ་སྒང་བརྒལ་ནས་ཆེ་ཤི་རྒྱལ་ཁབ་ཀྱི་དམག་དཔུང་ཕམ་པར་བཏང་སྟེ། ཆེ་ཤིའི་རྒྱལ་བོ་པའོ་ཐི་མན་གསོན་བཟུང་བྱས།


     ཡ་གླིང་དབུས་ཁུལ་གྱི་དྲག་འདུལ་དམག་འཁྲུག་འདི་གཉིས་བརྒྱུད། ཐང་ཆེན་པོས་ཡ་གླིང་དབུས་ཁུལ་གྱི་གཙོ་ཁྲིད་གོ་གནས་བཟུང་བར་མ་ཟད་དར་རྒྱས་ཆེན་པའི་དུས་སྐབས་སུ་བསླེབས། དེ་དང་ཆབས་ཅིག་ཀའོ་ཞན་ཀྲི་ཡི་སྙན་གྲགས་དང་ཟིལ་ཤུགས་ཀྱང་སྔར་མེད་མཐོར་འདེགས་བྱུང་ལ། བོད་དང་ཨ་རབ་གོང་མའི་རྒྱལ་ཁབ་གཉིས་ཀྱིས་ཀྱང་ཁོང་ལ་ཁམས་རྒྱལ་གྱི་རྒྱལ་བོའི་མཚན་གནས་གནང་ཞིང་། ཐང་ཆེན་པོའི་ཡ་གླིང་དབུས་ཁུལ་གྱི་སྤྱི་ཁྱབ་ཏུ་གྱུར།


    དོན་ཆེན་སྒྲུབ་ནས་མཛད་ཆེན་འཇོག་པར་མོས་ཤིང་ཐང་ཞན་ཙུང་གིས་འགོ་ཁྲིད་པའི་ཐང་ཆེན་པོ་དང་མུ་མཐུད་ཤར་ཕྱོགས་ལ་ཁབ་མཐའ་རྒྱ་བསྐྱེད་བཞིན་པའི་ཨ་རབ་གོང་མའི་རྒྱལ་ཁབ་སྟེ། རིམ་འདས་རྒྱལ་ཁབ་འདི་གཉིས་ཡ་གླིང་དབུས་མའི་རྒྱལ་ཕྲན་འཕྲོག་རྩོད་ཀྱི་གོ་རིམ་ཁྲོད། ཐད་ཀར་གདོང་ཐུག་གི་ཉིན་མོ་དེ་འབྱུང་བར་གཡོལ་ཐབས་མེད་ཕྱིར། སྤྱི་ལོ 751ལོར་ཧིན་རུའོ་སི་གཡུལ་འགྱེད་གཞི་ནས་བྱུང་ངོ་།།  

གཉིས། ཧིན་རུའོ་སི་གཡུལ་འགྱེད།


     ཧིན་རུའོ་སི་གཡུལ་འགྱེད(恒罗斯战役) ཀྱིས་འཛམ་གླིང་ལོ་རྒྱུས་སུ་གོ་གནས་གནད་ཆེན་བཟུང་མོད། ཀྲུང་གོ་ལོ་རྒྱུས་སུ་བསམ་བཞིན་སྣང་མེད་དུ་བསྐྱུར་འདུག འདིས་དུས་རབས་བར་མའི་དུས་མགོའི་གོང་མའི་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འཕྲོག་རྩོད་ཡང་རྩེར་སོན་པར་བྱས་ལ། དམག་འཁྲུག་གི་རྗེས་སུ། ཡ་གླིང་དབུས་ཁུལ་ཧྲིལ་བོའི་ལོ་རྒྱུས་འཕེལ་རིམ་ལ་རྩ་བའི་འགྱུར་ལྡོག་བཟོས།  


  1. ཧིན་རུའོ་སི་གཡུལ་འགྱེད་ཀྱི་འབྱུང་རྩ།


    749ལོའི་ཟླ12བར། ཐང་དམག་གིས་ཧྲི་རྒྱལ་ཁབ(石国)ལ་སྐོར་རྒོལ་བྱེད་སྐབས། ཧྲིའི་རྒྱལ་སྲས་སྟབས་ལེགས་ནས་བྲོས་བཤོལ་དུ་འཆོར་བར་མ་ཟད། ཨ་རབ་གོང་མའི་རྒྱལ་ཁབ་ཀྱི་ཨ་པཱ་སི་རྒྱལ་རབས་ལ་སྐྱབས་བཅོལ་བྱས། ཨ་པཱ་སི་རྒྱལ་རབས་ཀྱིས་ཟས་ཁ་ནང་ལ་བཞག་ན་སྣ་ནང་ནས་ཤོར་དུ་འཇོག་མི་སྲིད་དེ། ཨ་མུའུ་གཙང་བོ་དང་ཞི་ཨེར་གཙང་བོའི་འབབ་ཡུལ་གྱི་ཁོངས་གཏོགས་རྒྱལ་ཕྲན་དག་དང་མཉམ་འབྲེལ་གྱིས་ཨན་ཞི་སྡེ་བཞིར་དཔུང་ཆེན་འདྲེན་པའི་འཆར་གཞི་བཟོས། ཀའོ་ཞན་ཀྲི་ལ་དེའི་སྐོར་གྱི་གསང་འཕྲིན་འབྱོར་རྗེས། ལག་གང་སྔ་རྩད་ནས་ཨ་རབ་གོང་མའི་རྒྱལ་ཁབ་ལ་དཔུང་འཇུག་བྱེད་རྒྱུའི་སེམས་ཐག་བཅད་ཅིང་། ཐང་ཆེན་པོའི་ནུབ་ལྗོངས་ཀྱི་ཤུགས་རྐྱེན་འོག་གར་ལོག(葛逻禄)དང་པོ་ཧན་ནའི་རྒྱལ་ཁབ(拔汗那国)ཀྱི་དམག་མི་མང་བོ་ཐང་དམག་ཏུ་ཞུགས། སྤྱིར་འདི་ནི་སྔ་ཕྱིར་འཐབ་དགོས་པའི་དམག་འཁྲུག་ཅིག་ཡིན་ཏེ། ཐང་ཆེན་པོས་ཡ་གླིང་དབུས་ཁུལ་གྱི་བཙན་དབང་བསྐྱར་གསོ་བྱེད་པར་ཨ་རབ་གོང་མའི་རྒྱལ་ཁབ་ཕམ་པར་གཏོང་དགོས་ལ། ཨ་རབ་གོང་མའི་རྒྱལ་ཁབ་ཀྱིས་ཡ་གླིང་དབུས་ཁུལ་ཡོངས་སུ་རྫོགས་པར་དབང་སྒྱུར་བྱེད་དགོས་ན་ཐང་རྒྱལ་རབས་ཆམ་ལ་འབེབ་དགོས་སོ།།


2.དམག་འཁྲུག་གི་བརྒྱུད་རིམ།


    751ལོའི་ཀའོ་ཞན་ཀྲི་ཡི་དམག་ཧྲག་སུམ་ཁྲིའི་དཔུང་སྣེ་བཏེགས་ཏེ། ཨན་ཞི་ནས་ལམ་ལ་ཆས་ཤིང་། ཕ་སྨིར་མཐོ་སྒང་དང་བྱེ་ཐང་ཆེན་པོ་བཅས་ཟླ་གསུམ་ལྷག་རིང་རི་ཀླུང་མང་བོ་བརྒལ་མཐར། ཟླ་བ་བདུན་པར་ཨ་རབ་གོང་མའི་རྒྱལ་ཁབ་ཀྱི་ཚོད་འཛིན་བྱས་པའི་ཧིན་རུའོ་སིར(དེང་གི་ཧ་ས་ཁི་སི་ཐན་གྱི་ཅང་པོ་ཨེར་མཁར་གྱི་ཉེ་འདབས) སླེབ་པར་མ་ཟད། ཧིན་རུའོ་སི་མཁར་ལ་སྐོར་རྒོལ་བྱེད་མགོ་བརྩམས། དེའི་རྗེས་ཀྱི་རྒྱལ་ཕྱིའི་ཞིབ་འཇུག་པ་དང་དམག་དོན་པ་རྣམས་ཀྱིས་ཀའོ་ཞན་ཀྲི་ཡི་ཐང་དམག་སུམ་ཁྲིས་ས་བབ་མཐོ་ལ་དབྱང་རླུང་ཉུང་བ། ཟས་རིགས་མཁོ་སྤྲོད་དཀོན་པའི་གནས་བབ་འོག་ཕ་སྨིར་མཐོ་སྒང་ཅི་ལྟར་བརྒལ་བ་ཡིན་ནམ(དུས་ཡུན་ཟླ་གསུམ་ལྷག་རིང་)། ལྷག་པར་ལུས་སེམས་ངལ་དུབ་ཀྱིས་མནར་བའི་དཔུང་ཚོགས་འདི་དམིགས་སར་འབྱོར་རྗེས་མི་རྒྱུས་ས་རྒྱུས་ཆེ་ལ་དམག་གྲངས་རང་ཕྱོགས་ལས་ལྡབ་གྲངས་ཀྱིས་མང་བའི་ཨ་རབ་གོང་མའི་རྒྱལ་ཁབ(འབུམ་གཅིག་དང་ཁྲི་བདུན)ཀྱི་དཔུང་དང་འཐབ་པ་ནི་མ་གཞི་ནས་དམག་འཁྲུག་ལོ་རྒྱུས་སྟེང་གི་ཁྱད་མཚར་ཞིག་ཅི་ལ་མིན་ཞེས་སོམ་ཉི་བྱེད།


      ཐེངས་འདིར་ཀའོ་ཞན་ཀྲི་དང་བཅས་པའི་དཔོན་དམག་སྟོང་ལྷག་བྲོས་བྱོལ་ཐུབ་པ་ལས། ཨན་ཞིའི་དམག་ཧྲག་ཉིས་ཁྲི་ལྷག་གཡུལ་སར་བཀུམ་པས་ཐང་དམག་ལ་གྱོང་ཚབས་ཆེན་རག་ལ། (དུས་དེར་གསོན་བཟུང་བྱས་པ་དང་གཡུལ་སར་བཀུམ་པའི་དམག་གྲངས་ཀྱིས་ཐང་དམག་གི་སྤྱི་འབོར་གྱི་ཕྱེད་ལྷག་ཟིན་ཡོད།) ཡིན་ཡང་ཐང་དམག་གིས་ཨ་རབ་གོང་མའི་རྒྱལ་ཁབ་ཀྱི་དམག་ལའང་གཏོར་སྐྱོན་ཆེན་པོ་བཏང་བ་སྟེ། དགྲ་དམག་བདུན་ཁྲི་ལྷག་བཀུམ། བློ་ཡིད་ལས་འདས་པའི་ཐང་དམག་གི་འཐབ་འཛིང་སྟོབས་ཤུགས་ལ་ཨ་རབ་པ་འཇིགས་ཏེ་སྐབས་བསྟུན་རྗེས་འདེད་བྱེད་མ་བྱས་པར་ཡ་གླིང་དབུས་ཁུལ་གྱི་བཙན་དབང་བརྟན་སྲུང་བྱས།


     755ལོར། ཐང་རྒྱལ་ནང་དུ་ཨན་ཧྲིའི་ཟིང་འཁྲུག་བྱུང་ནས་རྒྱལ་སྟོབས་ཆེས་ཆེར་རྒུད་པར་གྱུར་པས། ཡ་གླིང་དབུས་ཁུལ་དུ་ཨ་རབ་གོང་མའི་རྒྱལ་ཁབ་དང་བཙན་དབང་འཕྲོག་རྩོད་འདོར་དགོས་བྱུང་། 756ལོར། ཀའོ་ཞན་ཀྲིས་ཐོན་ཀོན་འགག་ཏུ་ཨན་ལུའུ་ཧྲན་བཀག་འགོག་བྱས་རྐྱེན་ཐང་ཞན་ཙུང་གིས་ཕྲ་མ་དབྱེན་སྦྱོར་ལ་ཉན་ནས་ཁོ་བཀུམ་མོ།།


     ཧིན་རུའོ་སི་གཡུལ་འགྱེད་སྐབས་ཀྱི་ཀའོ་ཞན་ཀྲིའི་ཐབས་ཡའི་ལས་དབང་ཡང་ཁོང་དང་ཧ་ལམ་གཅིག་པར་སྣང་སྟེ། ཨ་པོ•མུའུ་སི་ལན(阿布•穆斯林)གྱིས་མཛད་རྗེས་ཆེ་ཕྱིར་སྲིད་ལ་གནོད་པར་དོགས་ཏེ་གཡུལ་འགྱེད་མཇུག་སྒྲིལ་ནས་མ་འགྱངས་པར། གོང་མ་བློ་མ་བདེ་བར་ཨ་པོ•མུའུ་སི་ལན་ལྐོག་གསོད་བྱས། མངའ་འོག་དམག་སྤྱི་ཆེན་མོ་ཆི་ཡ་ཐིག•དབྱེ་པིན•སཱ་ལི(齐雅德•伊本•撒里)ཡང་སྲོག་ཐོག་ཏུ་བཏང་བ་རྒྱུ་མཚན་དུ་བྱས་ནས་ཚོ་ཁག་གཞན་དག་གིས་ངོ་ལོག་ཟིང་འཁྲུག་བསླངས་ཤིང་། ཧའོ་ལུའོ་ཧྲན(呼罗珊)ས་ཁུལ་ཟིང་ལྷུང་དུ་ཚུད། སྐབས་འདིར་ཨ་རབ་གོང་མའི་རྒྱལ་ཁབ་ནི་ནང་ཁུལ་ཞི་འཇགས་སུ་གཏོང་བར་བྲེལ་བས། ཡ་གླིང་དབུས་ཁུལ་གྱི་གཙོ་ཁྲིད་དབང་ཆ་ཁ་ཤས་དུས་སྐབས་དེར་དར་རྒྱས་ཆེ་བའི་བོད་བཙན་པོའི་རྒྱལ་ཁབ་ལ་ཤོར།


3.ཤེས་རིག་ནི་དམག་འཁྲུག་དང་འཐབ་འཛིང་ཁྲོད་ཁྱབ་སྤེལ་བྱུང་བ།  

     ཨ་རབ་པའི་བཟུང་དམག་ཁྲོད་ཤོག་བུ་བཟོ་རྩལ་ཤེས་མཁན་གྱི་ཐང་དམག་ཀྱང་མཆིས་པས། ཀྲུང་གོའི་གསར་གཏོད་ཆེན་པོ་བཞིའི་གྲས་ཀྱི་ཤོག་བུ་བཟོ་རྩལ་ཨ་རབ་ཏུ་ཁྱབ་སྤེལ་བྱུང་ལ་དེ་ནས་ཡོབ་གླིང་དུ་ཁྱབ། དེ་བས་སཱ་མེར་ཧན(撒马尔罕)ནི་འཛམ་གླིང་གི་ཤོག་བུ་བཟོ་སའི་ལྟེ་གནས་སུ་གྱུར་ཅིང་། ནུབ་ཕྱོགས་རིག་གནས་ཀྱང་དེར་བརྟན་ནས་མགྱོགས་མྱུར་འཕེལ་རྒྱས་བྱུང་།


གསུམ། ཨ་རབ་གོང་མའི་རྒྱལ་ཁབ་དང་བོད་བཙན་པོའི་རྒྱལ་ཁབ་བར་གྱི་ནུབ་ལྗོངས་དམག་འཁྲུག


750ལོར། ཨ་རབ་གོང་མའི་རྒྱལ་ཁབ་ནང་འཁྲུག་ཐེངས་ཤིག་བརྒྱུད་རྗེས། ཨ་པཱ་སི་རྒྱལ་རབས་བཙུགས། 755ལོར། ཐང་ཆེན་པོར་ཨན་ཧྲིའི་ཟིང་འཁྲུག་བྱུང་ལ། སྲིད་འགྱུར་རྗེས་སུ་རིམ་འདས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་འགྱུར་ལྡོག་བྱུང་ནས། ཨ་རབ་གོང་མའི་རྒྱལ་ཁབ་ནི་ལྷོད་ཡེངས་ཀྱི་མི་རིགས་ཆོས་ལུགས་ཐུན་མོང་ཚོགས་པ་ནས་ཀྲུང་དབྱང་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཏུ་གྱུར་ལ། ཐང་རྒྱལ་རབས་སུ་ཀྲུང་དབྱང་དབང་ཆ་གཅིག་སྡུད་ནས་ས་གནས་སྲིད་དབང་བཅད་བཟུང་གི་རྣམ་པ་བྱུང་།


    755-797ལོ་སྟེ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བོད་བཙན་པོའི་རྒྱལ་རབས་དར་བའི་རྩེར་སོན་པ་དང་། 763ལོར་བོད་ཀྱི་བློན་ཆེན་སྟག་སྒྲ་ཀླུ་ཁོང་གིས་རྒྱལ་ཁའི་གླགས་དང་བསྟུན་ནས་འབུམ་དམག་གཉིས་ཀྱི་དཔུང་སྣ་བཏེགས་ཏེ་ཐོག་མེད་ཤར་སྐྱོད་ཀྱིས་རྒྱ་ནག་ཁྲང་ཨན་དུ་དྲངས། རྒྱ་རྗེ་ཐང་ཏའེ་ཙུང་དངངས་འཚབ་ཀྱིས་ཧྲན་ཀྲོའུའི(ཏུང་ཧོང་གཏེར་ཡིག་ཏུ་སྴམ་ཅིའུ་ཞེས་བྲིས་འདུག དེང་གི་ཧོ་ནན་ཞིང་ཆེན་ན་ཡོད)ཕྱོགས་སུ་བྲོས་ཤིང་། བོད་དམག་གིས་ཁྲང་ཨན་མཁར་བཟུང་།(ངན་ལམ་ཀླུ་ཁོང་གིས།། རྒྱ་ཡུལ་གྱྀ་ཐིལད། རྒྱ་རྗེའྀ་ཕོ་བྲང་ཀེང་ཤིར། བོད་གྱྀས་དམག་དྲང་བའི་བཀའ་གྲོས་གྱྀ་མགོ་ཆེན་པོ་གསོལད་ནས་ཀེང་ཤིར་དྲང་བའྀ་དམག་དཔོན་ཆེན་ཕོར། ཞང་མཆིམས་རྒྱལ་ཟྀགས་ཤུ་ཐེང་དང་། བློན་སྟག་སྒྲ་ཀླུ་ཁོང་གཉྀས། བཀའ་སྩལད་ཏེ། ཀེང་ཤེར་དྲངས་ནས།། ཅིའུ་ཅྀར་གྱི་རབ་ངོགས་སུ་རྒྱ་དང་ཐབ་མོ་ཆེན་ཕོ་བྱས་ཏེ། བོད་གྱིས་གཡུལ་བཟློག་ནས།། རྒྱ་མང་བོ་བདུངས་པས།། རྒྱ་རྗེ་ཀྭང་པེང་ཝང་ཡང་། ཀེང་ཤྀའི་མཁར་ནས་ཕྱུར་སྟེའ། སྴམ་ཅིའུར་བྲོས་ནས། ཀེང་ཤྀ་ཕབ་་་་་)དེ་ནས་རྒྱ་བཟའ་གྱིམ་ཤིང་ཀོང་ཇོའི་ཚ་བོ་ལི་ཁྲིན་ཧོན་ཟེར་བ་དེ་ཐང་རྒྱལ་དུ་བསྐོས།(རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ) ཉིན་བཅོ་ལྔའི་རྗེས་སུ་བོད་དམག་ཁྲང་ཨན་མཁར་ལས་ཕྱིར་འཐེན་ནས་ཏུན་ཅིན་ཡོན(ཉིང་ཤ་གུའུ་ཡོན)དང་ཧུའེ(ཉིང་ཤ་ཀྲུང་ཝུའེ)། ཁྲིན(ཀན་སུའུ་ཁྲིན་ཞན)། ཝེ(ཀན་སུའུ་ལོང་ཤན)སོགས་ས་ཁུལ་དུ་ཕྱིན། དེ་རྗེས་གཙོ་ཤུགས་ནུབ་ཕྱོགས་སུ་དྲངས་ནས་ཤར་ཕྱོགས་སུ་ཁབ་མཐའ་ཤུགས་ཀྱིས་བསྐྱེད་པ་དང་དྲག་ཤུགས་ལ་བརྟེན་ནས་ཆོས་སྤེལ་བར་བྲེལ་བའི་ཨ་རབ་གོང་མའི་རྒྱལ་ཁབ་དང་ནུབ་ལྗོངས་མཐོ་སྒང་དུ་རྒྱལ་ཕམ་ཐག་གཅོད་ཀྱི་གཡལ་འགྱེལ་མགོ་བརྩམས།


     ཨ་རབ་གོང་མའི་རྒྱལ་ཁབ་ཀྱིས་ཨན་ཧྲིའི་ཟིང་འཁྲུག་རྗེས་ཀྱི་ཐང་གི་སྟོབས་ཤུགས་ཧ་ཅང་གཉོམ་པར་འདོད་ཡོད་ལ། སྐབས་དེ་དུས་ཀྱི་ཨ་རབ་གོང་མའི་རྒྱལ་ཁབ་ནི་སི་ཕན་ནས་ཧྥེ་གླིང་བྱང་མ་ཡོངས་རྫོགས། ཡ་གླིང་ནུབ་མ་ནས་ཧིན་རྡུའི་ཆ་ཤས། ཡ་གླིང་དབུས་མའི་ས་ཁུལ་མང་ཆེ་བ་འདུ་བས། འཐབ་པའི་ཟླ་མ་མཆིས་པ་ཙམ་དུ་ཟད། དེའི་ཕྱིར་སླར་ཡང་ཀྲུང་གོ་བཙན་བཟུང་གི་འཆར་གཞི་བཀོད། ཡིན་ཡང་སྐབས་དེའི་ཧྲན་ཤི་དང་ཀན་སུའུ་ཡི་ཆ་ཤས། ནུབ་ལྗོངས་ཀྱི་ས་ཆ་མང་ཆེ་བ་བོད་བཙན་པོའི་རྒྱལ་ཁབ་ལ་ཤོར་ཡོད་པས། ཨ་རབ་གོང་མའི་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་བཙན་འཛུལ་བྱེད་ན་ངེས་པར་བོད(ནུབ་ལྗོངས)བརྒྱུད་དགོས། དེ་བས་བོད་བཙན་པོའི་རྒྱལ་ཁབ་དང་ཨ་རབ་གོང་མའི་རྒྱལ་ཁབ་བར་ནུབ་ལྗོངས་སུ་གཞི་རྒྱ་ཆེ་བའི་གཡུལ་འགྱེད་ཐེངས་གསུམ་བྱས་ལ། བོད་ཀྱིས་གཡུལ་བཟློག་ཏེ་རྣམ་པར་རྒྱལ་བས། ཨ་རབ་གོང་མའི་རྒྱལ་ཁབ་ཀྱི་ཤར་འདུལ་འཆར་གཞི་མི་འདོར་ཀ་མེད་བྱུང་། དེ་ནས་བཟུང་ཨ་རབ་གོང་མའི་རྒྱལ་ཁབ་དང་ཕྱིས་ཀྱི་ལོ་ཆིག་སྟོང་རིང་གི་དབྱི་སི་ལན་འཇིག་རྟེན་གྱི་ཤར་བསྐྱོད་རྨི་ལམ་རྨི་མཚམས་བཞག གཡུལ་འགྱེལ་ཐེངས་གསུམ་པར་བོད་དམག་ཨ་རབ་པ་ལས་རྣམ་པར་རྒྱལ་མོད། འོན་ཀྱང་དམག་ཧྲག་ཆིག་འབུམ་བདུན་ཁྲི་གཡུལ་ངོར་བཀུམ་པས། བོད་བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་འགྱུར་བའི་རྐྱེན་གཙོ་བོར་སོང་།

བཞི། ཡིད་སྨོན་འཆོར་བའི་བོད་བཙན་པོའི་རྒྱལ་ཁབ།


    ཨ་རབ་གོང་མའི་རྒྱལ་ཁབ་དང་ཐང་ཆེན་པོ་གཉིས་ཀྱི་དམག་རུབ་བཙིར་རྒོལ་ཁྲོད་མ་ཉམས་པར་ལོ་ངོ་ཉིས་བརྒྱ་ལྷག་རིང་ལ་གནས་པའི་བོད་བཙན་པོའི་རྒྱལ་ཁབ་ཀྱིས་རྒྱལ་ཕྲན་བགྲངས་ལས་འདས་པ་མངར་བཅུག་པ་ནི་ལོ་རྒྱུས་ཀྱི་ཁྱད་མཚར་ཞིག་ཅི་ལ་མིན།


    གལ་ཏེ་བོད་བཙན་པོའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་ནུབ་ཕྱོགས་ནས་ཨ་རབ་གོང་མའི་རྒྱལ་ཁབ་དང་འགྲན་རྒོལ་མ་བྱས་པ་ཡིན་ན། གལ་ཏེ་བོད་བཙན་པོའི་རྒྱལ་ཁབ་ཀྱིས་ཨ་རབ་གོང་མའི་རྒྱལ་ཁབ་ཀྱི་དཔུང་འཇུག་མ་བཀག་པ་ཡིན་ན། ཀྲུང་གོ་ལོ་རྒྱུས་ཅི་ལྟ་བུ་ཞིག་ཏུ་འགྱུར་སྲིད་དམ།


      བོད་བཙན་པོའི་རྒྱལ་ཁབ་དང་ཨ་རབ་གོང་མའི་རྒྱལ་ཁབ་བར་ཕན་ཚུན་དཔུང་འདྲེན་དམག་འཐབ་བྱེད་དུས། བོད་ལ་དམག་ཤུགས་ཀྱིས་མ་འདེང་པར་འཇང་ས་དམ་དང་འ་ཞ། དྲུ་གུ་སོགས་ཁོངས་གཏོགས་རྒྱལ་ཕྲན་ནས་དམག་མི་བསྡུ་སྐོང་བྱས་ཡོད་མྱོང་མོད། ཧྲན་ཀན་ཧོའུ་ལུང་ས་ཁུལ(陕甘河陇地区)བདེར་བཀོད་རྗེས། གཞིས་སྡོད་ཐང་མིའི་ཁྲོད་དམག་མི་བསྡུས་ནས་གཡལ་འགྱེད་དུ་ཞུགས་པའི་ལོ་རྒྱུས་གར་ཡང་མ་མཆིས། དེ་ནི་བོད་པ་ཚོས་ཐང་མི་དམག་འཐབ་ཀྱི་རྒྱུར་མི་རུང་མོད། ཁོ་ཚོ་སོ་ནམ་གྱི་ལས་ལ་གོམ་པས་བོད་བཙན་པོའི་རྒྱལ་ཁབ་ཀྱི་དམག་མིར་མཁོ་སྒྲུབ་ཞབས་ཞུ་དང་འཚོ་ཚིས་སྦྱར་བཅུག་པ་ཡིན་སྲིད། དེ་བས་ཐང་མིས་ཀྱང་དྲག་ཤུགས་ཀྱིས་ཆོས་སྤེལ་བའི་ཨ་རབ་གོང་མའི་རྒྱལ་ཁབ་ལ་འགོག་རྒོལ་བྱེད་པར་བྱས་རྗེས་བཞག་ཡོད་དོ།།


     གནམ་གཤིས་ཆ་རྐྱེན་ཐབས་ཆག་ཡིན་པའི་མཚོ་བོད་མཐོ་སྒང་དུ་དཔུང་སྟོབས་དྲག་པོའི་དམག་དོན་སྟོབས་ཤུགས་འདི་འདྲ་ཞིག་ཅི་ལྟར་སྐྱེད་སྲིང་བྱེད་ཐུབ་པ་ཡིན་ནམ། སྲོང་བཙན་ཡར་སྔོན་དུ་ལྕགས་རིགས་བཙོ་སྦྱོང་གི་ལག་རྩལ་ཀྱང་ཁྱབ་བརྡལ་དུ་སོང་མེད་མོད། ཡིན་ཡང་མི་ལོ་བཅུ་ལྷག་གི་རྗེས་སུ་དྲག་ཆས་ཀུན་ནས་སྤྲས་པའི་བོད་བཙན་པོའི་སྐྱ་དམག་གིས་ཐང་ཆེན་པོའི་དམག་ཧྲག་དང་འཐབ་ཐུབ་པར་གྱུར། 670ལོར་བོད་བཙན་པོའི་རྒྱལ་ཁབ་ཀྱི་དམག་དཔུང་ཉིས་འབུམ་ལྷག་དང་ཐང་ཆེན་པོའི་དམག་མི་ཆིག་འབུམ་ལྷག་གིས་འ་ཞ་འཕྲོག་རྩོད་བྱེད་སྐབས། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཇི་མ་ཁོད(大非川)དུ་གཡུལ་བྲེས་ཤིང་ཐང་དམག་ཡོངས་སུ་རྫོགས་པར་རྩ་གཏོར་བྱས། དེ་ནས་བཟུང་བོད་ཀྱིས་མཚོ་སྔོན་པོའི་ཉེ་འཁོར་བཟུང་བར་མ་ཟད། ལུང་ཤན་དང་རྨ་ནུབ་དོག་ལམ། ཨན་ཞི་སྡེ་བཞི་སོགས་སུ་དཔུང་དྲངས་ནས་ཐང་ཆེན་པོ་དང་འཕྲོད་རྩོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ལ། དར་གོས་ཚོང་ལམ་གྱི་དབང་སྒྱུར་དབང་ཆ་བླངས་ནས་སྔར་ལས་ལྷག་པའི་དཔལ་འབྱོར་ཁེ་ཕན་འཐོབ་པར་བརྩོན་ལེན་བྱས།


     བོད་བཙན་པོའི་རྒྱལ་ཁབ་སྤྱི་ལོ་དུས་རབས་བརྒྱད་པར་སྟོབས་ཤུགས་ཆེས་ཆེ་བའི་གོང་མའི་རྒྱལ་ཁབ་གྲས་ཀྱི་གཅིག་ཏུ་གྱུར་བར་དོགས་མི་དགོས་ཏེ། པར་ཟིག་ནས་ལུང་ཤན་ལ་རྒྱུད། ཧིན་རྡུ་ནས་དྲུ་གུ་ཤར་མ་བར་ག་ས་གང་དུ་ས་མཚམས་དབྱེ་ནས་རྡོ་རིང་བསླངས་ཤིང་། དམག་སྒར་བཏབ་ནས་རུ་སྡེ་ཆགས། ད་དུང་རྒྱལ་ཁབ་གཞན་པར་བཙན་ཤུགས་ཀྱིས་ཆིངས་ཡིག་བཞག་པ་སོགས་ལོ་སུམ་བརྒྱའི་དུས་ཡུན་ནང་། ཡར་ལུང་གི་མནའ་འབྲེལ་རྒྱལ་ཕྲན་ཆུང་ངུ་ཞིག་ནས་མགྱོགས་མྱུར་འཕེལ་རྒྱས་བྱུང་ལ། གཅིག་གྱུར་དང་སྐྱེ་སྟོབས་དཔལ་གྱིས་ཕྱུག་པའི་མི་རིགས་ཀྱི་ཐོབ་དབང་ལྟར། འཛམ་གླིང་ལོ་རྒྱུས་གར་སྟེགས་སུ་ཧ་ལས་ཧང་སངས་དགོས་པའི་བྱ་འགུལ་སྣ་ཚོགས་སྤེལ།


བོད་བཙན་པོའི་རྒྱལ་ཁབ་ནི་ཐབས་ཆག་གི་རང་བྱུང་ཁོར་ཡུག་དང་ཤར་ནུབ་བཙིར་རྒོལ་ཁྲོད་དར་བ་དང་། ལྷག་པར་དུ་དུས་སྐབས་དེར་ས་བབ་གནམ་གཤིས་དང་མི་འབོར་ཆ་རྐྱེན་ལེགས་པའི་ཤར་ནུབ་ཀྱི་སྟོབས་ལྡན་རྒྱལ་ཁབ་གཉིས་ཏེ། ཨ་རབ་གོང་མའི་རྒྱལ་ཁབ་དང་ཐང་ཆེན་པོའི་འཐབ་ཟླར་ལངས་ཤིང་། འཕེལ་བའི་རྩེར་སོན་ནས་ཡང་བསྐྱར་ཁྱད་མཚར་བའི་གཏམ་རྒྱུད་ཇི་བཞིན་རྒུད་པར་གྱུར་བ་ནི་ཕྱི་རབས་པའི་བློར་མི་ཤོང་བ་ཞིག་གོ །


     སྤྱི་ལོ842ལོར། བོད་ཀྱི་བཙན་པོ་འུ་དུམ་བཙན་བཀྲོངས་རྗེས། བོད་བཙན་པོའི་རྒྱལ་ཁབ་ཁ་ཐོར་དགུ་ཐོར་དུ་གྱུར་ལ། བོད་གཞུང་ནས་འུ་དུམ་བཙན་པོའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ཆབ་སྲིད་སུས་མཛད་ཞལ་མ་འཆམ་པར། ལོ་ཉེར་གསུམ་རིང་གི་དབུ་གཡོ་ནང་འཁྲུག་བྱུང་བ་དང་། ས་གནས་སོ་སོར་མཆིས་པའི་བོད་བཙན་པོའི་དམག་དོན་འགོ་གཙོས་རང་ཉིད་དཔའ་མདོག་དྲག་མདོག་གིས་དམག་དཔུང་བསྡུ་རུབ་བྱས་ནས་ཟིང་ཆ་བསླངས། དེའི་རྗེས་གཞི་རྒྱ་ཆེ་བའི་བྲན་གཡོག་འོས་ལངས་བྱུང་།

     དེ་དང་དུས་མཉམ་པའི་སྤྱི་ལོ881 ལོར། ཧོང་ཁྲའོ་འོས་ལངས(黄巢起义)དམག་ཁྲང་ཨན་མཁར་དུ་འཛུལ་ལ་ཐང་རྒྱལ་རབས་མཆི་ལམ་དུ་བརྫངས།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-2-23 14:37 , Processed in 0.302179 second(s), 21 queries .

返回顶部