博客西藏在最高处过一种生活

日志

༄༅།།ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ ...

热度 3已有 102 次阅读2018-11-8 10:38 |系统分类:文化| 四大, 帝国

༄༅།།ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ་རྒྱལ་ཁབ་བཞི།

ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ་རྒྱལ་ཁབ་བཞི་ལས།  

པར་ཟིག་བཙན་རྒྱལ་རྒྱལ་ཁབ།

1

波 斯 帝 国

ཚེ་དབང་བཀྲ་ཤིས།

   པར་ཟིག་མི་རིགས་ལ་རྒྱ་སྐད་དུ་པོ་སི་(波 斯)མི་རིགས་ཟེར་ཞིང་།  ཆེས་གནའ་བོའི་དུས་ནས་དབྱིས་རན་མཐོ་སྒང་གི་ལྷོ་ནུབ་རྒྱུད་ཀྱི་པར་ཟིག་མཚོ་ཁུགས་དང་འབྲེལ་བའི་གཞོང་ས་དང་རྩ་ཐང་དུ་གཞིས་སྡོད་བྱས་ཡོད། 

   སྤྱི་ལོའི་སྔོན་ལོ་600པའི་ནང་མི་རིགས་འདི་ལ་ཞིང་བའི་ཚོ་བ་དྲུག་དང་འབྲོག་པའི་ཚོ་བ་བཞི་ཡོད་ཅིང་།  མི་དྷི་ཨ་ཞེས་པའི་མི་རིགས་ཀྱི་དབང་སྒྱུར་འོག་ཏུ་གནས། 

པར་ཟིག་གི་རྒྱལ་པོ་ཐོག་མ་ཅུའུ་ལོས་ཧྲི། 

居鲁士


   སྤྱི་ལོའི་སྔོན་ལོ་533ལོར་པར་ཟིག་པ་ཅུའུ་ལོས་ཧྲི་(居鲁士) ཞེས་པས་པར་ཟིག་མི་རིགས་ཀྱི་མགོ་ཁྲིད་དེ་མི་དྷི་ཨ་མི་རིགས་ཀྱི་དབང་སྒྱུར་ལ་ངོ་རྒོལ་དྲག་པོ་བྱས་ཤིང་།  མཐར་ངོ་རྒོལ་ལ་རྒྱལ་ཁ་ཐོབ་སྟེ་སྤྱི་ལོའི་སྔོན་ལོ་550ལོར་པར་ཟིག་རྒྱལ་ཁབ་ཐོག་མར་བཙུགས།  

   ཅུའུ་ལོས་ཧྲི་(居鲁士大帝) ཁོང་ཡང་པར་ཟིག་རྒྱལ་ཁབ་ཀྱི་རྒྱལ་པོ་ཐོག་མ་རུ་གྱུར་ཅིང་སྤྱི་ལོའི་སྔོན་ལོ་550ནས་སྤྱི་ལོའི་སྔོན་ལོ་529བར་ལོ་21རིང་སྲིད་བཟུང་།  ཁོང་གིས་མུ་མཐུད་བྷ་པིས་ལོན་སོགས་མཐའ་འཁོར་གྱི་རྒྱལ་ཁབ་ཁག་དབང་དུ་བསྡུས་ཏེ་མངའ་ཁོངས་རྒྱ་བསྐྱེད།   

    ཁོང་འདས་རྗེས་རྒྱལ་སྲས་ཁམ་པིས་ཡ་སི་(冈比亚斯) ཡིས་སྲིད་དབང་བཟུང་ཞིང་མངའ་ཁོངས་རྒྱ་སྐྱེད་ཆེད་ཨེ་ཅིབ་ལ་དམག་དྲངས་མཐར་ལམ་བར་ནས་སྐུ་འདས།

 ད་ལོའུ་ཧྲི་སྐུ་རབས་དང་པོ། 

大流士一世


   སྤྱི་ལོའི་སྔོན་ལོ་521ལོར་རྒྱལ་པོ་ཁམ་པིས་ཡ་སིའི་གཉེན་ཚན་དུ་གཏོགས་པ་ད་ལོའུ་ཧྲི་(大流士)ཞེས་པ་པར་ཟིག་གི་ཡུལ་དཔོན་སྐུ་དྲག་རྣམས་ཀྱི་རྒྱབ་སྐྱོར་འོག་རྒྱལ་སར་འཁོད་ཅིང་སྤྱི་ལོའི་སྔོན་ལོ་485བར་ལོ་36རིང་སྲིད་བཟུང་བ་དང་ད་ལོའུ་ཧྲི་སྐུ་རབས་དང་པོར་གྲགས། 

   ཁོང་གིས་ཤར་ཕྱོགས་སུ་དམག་དྲངས་ནས་སྤྱི་ལོའི་སྔོན་ལོ་518ལོར་ཧིན་དྷུའི་གཙང་འགྲམ་ཚུན་ཆད་དབང་དུ་བསྡུས་པ་དང་།  སྤྱི་ལོའི་སྔོན་ལོ་514ལོར་ནུབ་ཕྱོགས་སུ་རྒྱང་འདུལ་དམག་སྐྱོད་བྱས་ཏེ་ཡུལ་གྲུ་མང་པོ་བཟུང་ཞིང་གྷི་རི་སི་ལ་ཡང་གཞི་རྒྱ་ཆེ་བའི་དམག་འཁྲུགས་བྱས།  

    མཐར་ཁོང་གིས་ཤར་ནས་ཧིན་དྷུ་གཙང་པོ་དང་།  ལྷོ་ནས་པོ་སིའི་མཚོ་ཁུགས།  ནུབ་ནས་སི་རི་ཡ།  བྱང་ནས་སི་ལིས་སི་དང་འབྲེལ་བའི་ཡུལ་གྲུ་རྒྱ་ཆེན་པོར་དབང་བསྒྱུར་བས།  པར་ཟིག་རྒྱལ་ཁབ་དེ་ཉིད་མངའ་ཁོངས་ཨོ་གླིང་དང་། ཡ་གླིང་།  ཧྥེ་གླིང་གསུམ་ལ་ཁྱབ་པའི་བཙན་རྒྱལ་རྒྱལ་ཁབ་ཐོག་མ་རུ་གྱུར།  

   ལོ་རྒྱུས་ཐོག་དེ་ལ་པར་ཟིག་བཙན་རྒྱལ་(波 斯 帝 国)རྒྱལ་ཁབ་ཞེས་ཟེར་ཞིང་།   མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ལྷམ་པ་ཁྲི་ཚོ་695ཡོང་ཅིང་།  མི་རིགས་གཙོ་བོ་པར་ཟིག་པ་དང་། ཡུག་ཐེ་པ། ཨེ་ཅིབ་པ་བཅས་ཡིན།   

    དེ་རྗེས་སུ་ཡང་ད་ལོའུ་ཧྲི་སྐུ་རབས་གཉིས་པ་དང་གསུམ་པས་རྒྱལ་སྲིད་བསྐྱངས།

  དེ་ལྟར་པར་ཟིག་བཙན་རྒྱལ་ཆེན་མོ་དེ་ཉིད་ལོ་ངོ་216ཡུན་ལ་གནས་མཐར་སྤྱི་ལོའི་སྔོན་ལོ་334ལོར་ད་ལོའུ་ཧྲི་སྐུ་རབས་གསུམ་པའི་སྐབས་སུ་གྷི་རི་སིའི་གོང་མ་རྒྱལ་པོ་ཨེ་ལེག་སན་ཊར་(亚历山大)གྱིས་ཤར་ཕྱོགས་སུ་དབང་བསྒྱུར་བའི་དམག་འཐབ་ནང་ནས་ཉམས་པར་གྱུར་ཏོ། །

 པར་ཟིག་བཙན་རྒྱལ་གྱི་ས་ཁྲ།


  ས་ཁྲ་འདི་ནི་པར་ཟིག་བཙན་རྒྱལ་གྱི་རྒྱལ་ཁོངས་ས་ཁྲ་ཡིན་ལ།  ཁ་མདོག་དམར་སེར་དེ་ནི་སྤྱི་ལོའི་སྔོན་ལོ་550ཡར་མར་ཏེ་ཐོག་མའི་སྐབས་ཀྱི་པར་ཟིག་རྒྱལ་ཁབ་ཀྱི་མངའ་ཁོངས་དང་།  མདོག་སེར་པོ་ནི་སྤྱི་ལོའི་སྔོན་ལོ་450ཡར་མར་སྐབས་ཏེ་པར་ཟིག་བཙན་རྒྱལ་ཆེས་ཆེར་དར་བའི་དུས་ཀྱི་མངའ་ཁོངས་ཡིན་ལ། དེང་གི་ཕ་ཁི་སི་ཐན། ཨ་ཧྥུ་གྷ་ནི་སི་ཐན། ཐ་ཅིག་སི་ཐན།  ཨུར་ཟག་སི་ཐན།  ཏུར་མན་སི་ཐན།  དབྱིས་རན།  ཨི་རག།  ཨེ་ཅིབ།  སི་རི་ཡ།  ཕ་ལི་སི་ཐན།  ཨི་ཟི་རལ།  ཐུར་ཁེ། པོར་ཅ་ལིས་ཡ་སོགས་བཙན་རྒྱལ་དེའི་མངའ་ཁོངས་སུ་གཏོགས་པ་ཡིན་པ་ཡིན་ནོ།  །

པར་ཟིག་བཙན་རྒྱལ་གྱི་དམག་མི།

 ད་ལོའུ་ཧྲི་སྐུ་རབས་གསུམ་པས་ཨེ་ལེག་སན་ཊར་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་བཞིན་པ། 

པར་ཟིག་བཙན་རྒྱལ་གྱི་མཁར་ཤུལ།  

པར་ཟིག་བཙན་རྒྱལ་གྱི་བང་སོ།  

པར་ཟིག་བཙན་རྒྱལ་གྱི་རྡོ་རིང་།

ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ་རྒྱལ་ཁབ་བཞི་ལས།

ཨེ་ལེག་སན་ཊར་གྱི་བཙན་རྒྱལ་རྒྱལ་ཁབ།

2

亚历山大帝国


    གྷི་རི་སི་ལ་རྒྱ་སྐད་དུ་(希腊)ཤིས་ལ་ཟེར་ཞིང་དེ་ནི་ཨོ་གླིང་གི་ལྷོ་རྒྱུད་དང་ཡ་གླིང་གི་ནུབ་རྒྱུད་འབྲེལ་མཚམས་སུ་གནས་ཤིང་། ཤར་ལྷོའི་རྒྱུད་ནི་ས་དབུས་རྒྱ་མཚོའི་(地中海)ནང་དུ་ཕྱེད་གླིང་གི་ཚུལ་དུ་ཆགས་ཡོད་ལ།    གླིང་ཕྲན་ཧ་ཅང་མང་།

གནའ་བོའི་གྷི་རི་སིའི་ཡུལ་ཁམས།

  གྷི་རི་སི་རུ་རྡོ་ཆས་གསར་མའི་དུས་སྐབས་ནས་མིའི་རིགས་འཚོ་སྡོད་བྱས་ཡོད་ཅིང་།  སྤྱི་ལོའི་སྔོན་ལོ་3000ནས་སྤྱི་ལོའི་སྔོན་ལོ་1200བར་སྐབས་སུ་བྱང་རྒྱུད་ཁུལ་ནས་ཡོང་བའི་གནས་སྤོས་ཡུལ་མི་དང་གཞིས་སྡོད་ཀྱི་ཡུལ་མི་གཉིས་མཉམ་འདྲེས་ལ་བརྟེན་ནས་གྷི་རི་སིའི་མི་རིགས་གྲུབ་མགོ་བརྩམས་པ་དང་དར་རྒྱས་བྱུང་བའི་མགོ་ཚུགས། 

   མ་གཞི་སྤྱི་ལོའི་སྔོན་ལོ་3000ནས་སྤྱི་ལོ་ཚུགས་ཁ་མའི་བར་ནི་ལོ་རྒྱུས་ཀྱི་དུས་སྐབས་ཁྱད་པར་བ་ཞིག་སྟེ། འཛམ་གླིང་གར་སར་གནས་སྤོའི་བཙན་འཛུལ་གྱི་འགུལ་སྐྱོད་འདི་དར་ཁྱབ་ཆེ་བའི་སྐབས་ཤིག་ཡིན།

   གྷི་རི་སི་རུ་སྤྱི་ལོའི་སྔོན་ལོ་800ཡར་མར་ནས་ཆབ་སྲིད་ཐད་སྒེར་བཙན་ཡིན་པའི་རྒྱལ་ཕྲན་སིལ་མ་མང་པོ་ཆགས་མགོ་ཚུགས་པས།  སྤྱི་ལོའི་སྔོན་ལོ་334ལོའི་ཡར་སྔོན་བར་ཡ་ཏན་དང་། སི་པ་ཏ་སོགས་མཁར་གྲོང་རྒྱལ་ཁབ་བཅུ་ཕྲག་མང་པོའི་ཚུལ་དུ་གནས་ཡོད་ལ། དེ་དག་ཚང་མ་ཡང་དད་མོས་དང་ཤེས་རིག་སྐད་ཡིག་བཅས་ནི་གཅིག་གྱུར་ཡིན་པར་བཤད།  

   ལོ་རྒྱུས་ཐོག་གྷི་རི་སི་ནི་ཤེས་རིག་དང་དཔལ་ཡོན་དར་སྔ་བའི་རྒྱལ་ཁབ་ལྔ་(ཨེ་ཅིབ།  བྷ་པིས་ལོན། རྒྱ་གར། རྒྱ་ནག། གྷི་རི་སི།)ཡི་གྲལ་དུ་གཏོགས་ཏེ།  སྤྱི་ལོའི་སྔོན་ལོ་1200ཙམ་ནས་ཡིག་གཟུགས་བཟོས།  སྤྱི་ལོའི་སྔོན་ལོ་950ཙམ་ན་དཔའ་བོའི་ལོ་རྒྱུས་ཀྱི་སྙན་ངག་རིང་མོ་(ཚིག་རྐང་27803ཡོད་ལ།  ཡིས་ལེ་ཡ་ཐི་དང་། ཨོ་ཏི་སི་ཞེས་པའི་ལེའུ་གཉིས་ཡོད།)ཧི་མ་རྩོམ་སྒྲིག་བྱས།   སྤྱི་ལོའི་སྔོན་ལོ་776ལོ་ནས་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་བསྡུས།  སྤྱི་ལོའི་སྔོན་ལོ་700ནས་གཞི་རྒྱ་ཆེ་བའི་ལྷ་ཁང་བཞེང་སྐྲུན་བྱས།

    གཞན་ཡང་རྩོམ་རིག་དང་།  རོལ་མོ།  གླུ་གཞས།  ཟློས་གར།  སྐར་རྩིས། གསོ་རིག།  རིས་འབྲི།  ལོ་རྒྱུས།  འཛུགས་སྐྲུན།  གསོ་རིག།  འབུར་རྐོ་སོགས་ཀྱི་རིག་གནས་སྒྱུ་རྩལ་ཡང་ཆེས་ཆེར་དར་བ་སྟེ།  སྤྱི་ལོའི་སྔོན་ལོ་500ཡར་མར་ནི་གྷི་རི་སིའི་ཤེས་རིག་དར་བའི་ཡང་རྩེར་སོན་པས་དུས་སྐབས་དེའི་འཛམ་གླིང་དཔལ་ཡོན་གྱི་མཐོ་སར་ཐོན་ཡོད་ལ།  ནུབ་གླིང་གི་གནའ་བོའི་ཤེས་རིག་གི་མགོ་ཁུངས་སུ་གྱུར།  

གནའ་བོའི་གྷི་རི་སིའི་འཛུགས་སྐྲུན་རྗེས་ཤུལ།

    གནའ་ཤུལ་འདི་ལས་གནའ་བོའི་གྷི་རི་སིའི་བཟོ་རྩལ་གྱི་བརྗིད་ཉམས་དང་མཛེས་པ་གསལ་བོར་མངོན་ཡོད་ཅིང་།   དེས་ཤེས་དཔལ་གཞན་གྱི་དར་རྒྱས་ཀྱང་ལམ་ཙམ་དཔོག་ཐུབ།

   འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལས་མངོན་པ་ལྟར་ན་སྤྱི་ལོའི་སྔོན་ལོ་500ཡར་མར་ནས་སྤྱི་ལོ་ཚུགས་ཁ་མའི་བར་སྐབས་ནི་འཛམ་གླིང་གང་སར་ཤེས་རིག་གི་དེད་དཔོན་དང་བསམ་བློའི་སློབ་དཔོན་མང་དུ་བྱོན་པའི་དུས་རབས་ཤིག་ཡིན་ལ།   ལོ་རྒྱུས་སྨྲ་བ་ལ་ལས་དུས་སྐབས་འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཤེས་དཔལ་གྱི་རྩ་བ་ཚུགས་པའི་དུས་རབས་ཤིག་ཡིན་ཟེར།

  གྷི་རི་སི་རུ་ཡང་སྙན་ངག་པ་ཧི་མ་(荷马BC 950-873)དང་།  མཚན་ཉིད་པ་ཐེ་ལིས་སི་(泰勒斯BC 624-546)    རྩིས་རིག་པ་པི་ཏ་ཀི་ལ་སི་(毕达哥拉斯BC 580-500)    ལོ་རྒྱུས་པ་ཤིས་ལོ་དོ་ཏི་(希罗多德BC484-425)  མཚན་ཉིད་པ་སོ་ཁི་ར་ཐི་(苏格拉底BC469-399)  ཕོ་ལ་ཐུ་(柏拉图BC427 -347)  ཡ་ལིས་ཧྲི་དོ་ཏི་(亚里士多德 BC 384 -322)སོགས་ཤེས་རིག་གི་མི་བོ་ཆེ་ཆེ་མང་དུ་བྱོན་ཞིང་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབ་པའི་བརྩམས་ཆོས་རིན་ཐང་བྲལ་བ་མང་དུ་མཛད།

གནའ་བོའི་གྷི་རི་སིའི་མཁས་དབང་མཉམ་བསྡུས་ཀྱི་ལྡེབ་བྲིས།

  སྤྱི་ལོའི་སྔོན་ལོ་334ལོར་གྷི་རི་སིའི་བྱང་ཕྱོགས་ཀྱི་མ་ཆིས་ཏུན་རྒྱལ་པོའི་སྲས་ཨེ་ལེག་སན་ཊར་(亚 历 山大)རྒྱལ་སར་འཁོད།     ཁོང་ནི་ཆབ་སྲིད་གྱི་ཕུགས་འདུན་རྒྱ་ཆེ་ཞིང་དམག་སྲིད་ལས་དོན་ལ་ཧ་ཅང་བྱང་བ་ཞིག་ཡིན།

     རྒྱལ་པོ་ཨེ་ལེག་སན་ཊར་གྱིས་ཐོག་མར་དྲག་ཤུགས་ཀྱིས་གྷི་རི་སིའི་མཁར་གྲོང་རྒྱལ་ཁབ་ཡོངས་རྫོགས་གཅིག་གྱུར་བཟོས་ཏེ། སྲིད་ཀྱི་སྟོབས་ཤུགས་དང་མངའ་ཁོངས་རྒྱ་སྐྱེད་ཀྱི་རྨང་གཞི་བརྟན་པོ་བཙུགས།

   དེ་རྗེས་ཁོང་གིས་གཅིག་ནས་སྔར་པར་ཟིག་བཙན་རྒྱལ་གྱིས་གྷི་རི་སི་ལ་བཙན་འཛུལ་བྱས་ (འདི་ནི་པར་ཟིག་བཙན་རྒྱལ་གྱི་གོང་མ་ད་ལོའུ་ཧྲི་སྐུ་རབས་དང་པོས་大流士一世སྤྱི་ལོའི་སྔོན་གྱི་ལོ་514ལོར་གྷི་རི་སི་ལ་བཙན་འཛུལ་བྱས་པ་དེ་ལ་གོ།)པར་དགྲ་ཤ་ལེན་པ་དང་།  གཉིས་ནས་ཤར་ཕྱོགས་ཀྱི་ཡུལ་ཁམས་ཡངས་པོར་དབང་དུ་བསྒྱུར་རྒྱུའི་དམིགས་ཡུལ་འོག་ནས་སྤྱི་ལོའི་སྔོན་ལོ་333ལོར་རྒྱང་འདུལ་དམག་འབུམ་ཚོ་དུ་མ་ཤར་ཕྱོགས་པར་ཟིག་བཙན་རྒྱལ་ལ་དྲངས།

ཨེ་ལེག་སན་ཊར་གྱི་རྟ་དམག།

   ཨེ་ལེག་སན་ཊར་གྱི་རྒྱང་འདུལ་དམག་འཁྲུགས་ལ་བསྟུད་མར་རྒྱལ་ཁ་ཐོབ་སྟེ་སྤྱི་ལོའི་སྔོན་ལོ་325པའི་ནང་ད་ལོའུ་ཧྲི་སྐུ་རབས་གསུམ་པ་(大流士三世)ཕམ་པར་བརྒྱབས་ཏེ་པར་ཟིག་བཙན་རྒྱལ་རྩ་མེད་དུ་བཅོམ་པ་དང་།  ཤར་ནས་ཧིན་དྷུའི་གཙང་འགྲམ་ཚུན་ཆད་དང་ལྷོ་ནས་ཨེ་ཅིབ་དང་སི་རི་ཡ་ཚུན་དབང་དུ་བསྡུས་པས།  པར་ཟིག་བཙན་རྒྱལ་ལས་ཀྱང་ལྷག་པའི་ཡུལ་གྲུ་ཆེན་པོ་དབང་བྱས།

རྒྱལ་ས་བྷ་པིས་ལོན་གསར་བའི་རྗེས་ཤུལ།

   གཙང་པོ་གཉིས་འབབ་རྒྱུད་ཀྱི་འབྱོར་ཕྱུག་གྲོང་ཁྱེར་བྷ་པིས་ལོན་གསར་བ་རྒྱལ་ས་རུ་བྱས་པ་དང་། ཨེ་ཅིབ་ཀྱི་ཉི་ལོ་གཙང་པོའི་འབབ་རྟིང་དུ་བཟོ་ཚོང་ལས་རིགས་ཀྱི་འབྱོར་ཕྱུག་གྲོང་ཁྱེར་རྒྱས་སྐྲུན་བྱས་ཤིང་མིང་ལ་ཡང་ཨེ་ལེག་སིན་ཊར་གྲོང་ཁྱེར་དུ་བཏགས།

  རྒྱལ་ཁབ་དེ་ལ་ལོ་རྒྱུས་ཐོག་ཨེ་ལེག་སིན་ཊར་གྱི་བཙན་རྒྱལ་རྒྱལ་ཁབ་(亚历山大帝国)ཅེས་ཟེར་ཞིང་།  དེ་ཉིད་ཀྱང་མངའ་ཁོངས་ཨོ་གླིང་དང་།  ཡ་གླིང་།  ཧྥེ་གླིང་གསུམ་ལ་ཁྱབ་པའི་བཙན་རྒྱལ་རྒྱལ་ཁབ་གཉིས་པ་རུ་གྱུར། 

    མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་ལྷམ་པ་ཁྲི་ཚོ་600ལྷག་ཡོད་ཅིང་།  མི་གྲངས་ཁྲི་2050ཡོད་པ་དང་།  མི་རིགས་གཙོ་བོ་མ་ཆིས་ཏུན་པ།  གྷི་རི་སི་པ།  པར་ཟིག་པ་སོགས་ཡིན།

   ཨེ་ལེག་སན་ཊར་གྱི་རྒྱང་འདུལ་དམག་འཁྲུག་དེས་དམག་དམངས་ལ་སྡུག་བསྔལ་ཚད་ལས་འདས་པ་གཏད་ཚུལ་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ནང་དུ་ཡང་ཕྱོགས་ཙམ་གསལ་ལ།  གཞི་རྒྱ་ཆེ་བའི་དམག་འཁྲུག་ནི་རལ་གྲི་དང་མེ་ཡི་འཐབ་རྩོད་ཡིན་པས་དེའི་མཇུག་འབྲས་མི་ཚོགས་དམར་གསོད་ཡིན་པ་སྨོས་ཅི།   འོན་ཏེ་ཟུར་གཞན་ནས་བསམ་ན་ཐེངས་དེའི་དམག་འཁྲུག་དེས་ནུབ་གླིང་གི་ཤེས་རིག་ཤར་ཕྱོགས་སུ་དར་བ་དང་ཤར་གླིང་གི་ཤེས་རིག་ནུབ་ཕྱོགས་སུ་དར་བ་སོགས་མིའི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོབ་པར་བཤད།

  སྤྱི་ལོའི་སྔོན་ལོ་323ལོར་ཨེ་ལེག་སན་ཊར་རྒྱལ་ས་བྷ་པིས་ལོན་གྲོང་ཁྱེར་དུ་སྐུ་གཤེགས།  སྐབས་དེར་ཨེ་ལེག་སན་ཊར་རང་ལོ་33ཡིན་ལ་བཙན་རྒྱལ་རྒྱལ་ཁབ་ཚུགས་ནས་ལོ་ངོ་11སོང་མ་ཐག་ཡིན།  ཁོང་འདས་རྗེས་སུ་གོང་མ་འཇོན་ཐང་ཅན་ཞིག་མ་བྱུང་བས་མངའ་ཁོངས་རྣམས་ས་གནས་ཀྱི་དམག་དཔོན་དང་སྐུ་དྲག་ཁག་གིས་དུམ་བུར་བཟུང་ནས་ནང་འཁྲུག་བྱས་པ་དང་། ས་གནས་ཀྱི་རྒྱལ་ཕྲན་ཁག་གི་རྗེ་བོ་ཚོས་ཀྱང་སྒེར་བཙན་བྱས་པས་བཙན་རྒྱལ་རྒྱལ་ཁབ་འཐོར་ཞིག་ཏུ་སོང་།

 ཨེ་ལེག་སན་ཊར་བཙན་རྒྱལ་གྱི་རྒྱལ་ཁོངས་ས་ཁྲ།

   ས་ཁྲ་འདི་ནི་ཨེ་ལེག་སན་ཊར་བཙན་རྒྱལ་གྱི་རྒྱལ་ཁོངས་ས་ཁྲ་ཡིན་ཞིང་། འཕྲེད་ཐིག་ཅན་དེ་ནི་སྤྱི་ལོའི་སྔོན་ལོ་334ཡར་མར་ཏེ་ཐོག་མའི་སྐབས་ཀྱི་གྷི་རི་སིའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ལ། ཁ་དོག་དམར་བོའི་ཆ་ནི་བཙན་རྒྱལ་རྒྱལ་ཁབ་ཀྱི་ཡུལ་གྲུ་ཡིན་ཏེ།  དེང་གི་ཕ་ཁི་སི་ཐན། ཨ་ཧྥུ་གྷ་ནི་སི་ཐན།  ཐ་ཅིག་སི་ཐན།  ཨུར་ཟག་སི་ཐན།  ཏུར་མན་སི་ཐན།   དབྱིས་རན།  ཨི་རག།  ཨེ་ཅིབ།  སི་རི་ཡ།  ཕ་ལི་སི་ཐན།  ཨི་ཟི་རལ།  ཐུར་ཁེ། པོར་ཅ་ལིས་ཡ། གྷི་རི་སི་སོགས་བཙན་རྒྱལ་དེའི་མངའ་ཁོངས་སུ་གཏོགས་པ་ཡིན་པ་ཡིན་ནོ།  །

ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ་རྒྱལ་ཁབ་བཞི་ལས།

རོ་མའི་བཙན་རྒྱལ་རྒྱལ་ཁབ།

3

罗 马 帝 国


  གནའ་བོའི་རོ་མའི་མི་རིགས་ཀྱི་འཚོ་སྡོད་བྱ་ཡུལ་གཙོ་བོ་ནི་དེང་གི་ཨིས་ཊ་ལིའི་རྒྱལ་ཁབ་(意大利)ཡིན་ལ།   དེ་ནི་ཨོ་གླིང་གི་ལྷོ་རྒྱུད་ས་དབུས་རྒྱ་མཚོའི་ནུབ་བྱང་གི་མཚོ་ཁུགས་སུ་ཕྱེད་གླིང་གི་ཚུལ་དུ་ཆགས་ཡོད།  གནས་འདིར་གནམ་གཤིས་དྲོད་འཇམ་ལྡན་ལ།  ཆར་ཆུ་བཟང་། ས་གཤིས་ལེགས་ཤིང་། ཞིང་ལས་དང་ཕྱུགས་ལས་དར་རྒྱས་ཆེ།

དེང་གི་ཨིས་ཊ་ལའི་རྒྱལ་ཁབ་ཀྱི་ས་ཁྲ།

    རྡོ་ཆས་གསར་མའི་དུས་རབས་ནས་ཡུལ་འདིར་རོ་མའི་མེས་པོ་རྣམས་འཚོ་སྡོད་བྱས་པའི་རྗེས་ཤུལ་མངོན་ལ།  སྤྱི་ལོའི་སྔོན་ལོ་2000ཙམ་ནས་བྱང་ཤར་ཕྱོགས་ཀྱི་རུ་སྡེ་གཅིག་ཡུལ་འདིར་གནས་སྤོས་ཏེ་གཞིས་ཆགས་པས།  གཞིས་སྡོད་ཀྱི་མི་རིགས་དང་གནས་སྤོས་མི་རིགས་མཉམ་འདྲེས་ཀྱིས་རོ་མ་བ་དར་རྒྱས་བྱུང་།

མི་རིགས་དེས་སྤྱི་ལོའི་སྔོན་ལོ་800ཡར་མར་ནས་ཐེ་པོ་གཙང་པོའི་འབབ་རྒྱུད་དུ་མཁར་རྫོང་དང་གྲོང་ཁྱེར་བསྐྲུན་ཏེ་རོ་མའི་ཤེས་རིག་གི་དབུ་ཁྱུད་བྲིས།

 གནའ་བོའི་རོ་མའི་ལོ་རྒྱུས་དེ་དུས་རིམ་གསུམ་གྱིས་གྲུབ་ཡོད་དེ།  སྤྱི་ལོའི་སྔོན་ལོ་509ནས་27བར་གྱི་རོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་དང་།   སྤྱི་ལོའི་སྔོན་ལོ་27སྤྱི་ལོ་395བར་གྱི་རོ་མ་བཙན་རྒྱལ་གྱི་དུས།  སྤྱི་ལོ་395ནས་476བར་གྱི་རོ་མ་བཙན་རྒྱལ་ཤར་ནུབ་ཀྱི་དུས་བཅས་ཡིན།

   རོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་དེར་དྲག་ཤུགས་ལ་བརྟེན་ནས་དེང་གི་ཨིས་ཊ་ལི་ཧྲིལ་བོ་གཅིག་གྱུར་བཟོས་ཟིན་པར་མ་ཟད་ཕྱི་ཕྱོགས་སུ་རྒྱ་སྐྱེད་བྱེད་པའི་མགོ་ཡང་བརྩམས་ཟིན་ཡོད།

སྤྱི་ལོའི་སྔོན་གྱི་ལོ་27ལོར་རྒན་གྲས་ཁང་(རྒན་གྲས་ཁང་ནི་སྐུ་དྲག་300ཡིས་གྲུབ་པའི་རོམ་གྱི་ཆེས་མཐོའི་སྲིད་དོན་གྲོས་ཚོགས་ལྟ་བུ་ཡིན།) གི་རྒྱབ་སྐྱོར་དང་རང་ཉིད་ཀྱི་དམག་འཁྲུག་བྱས་རྗེས་ལ་བརྟེན་ནས་ཨོ་ཁི་སི་དོས་(奥古斯都)རོམ་གྱི་རྒྱལ་པོའི་ཁྲི་ལ་འཛེགས།  ཁོང་གིས་སྲི་དབང་སྒེར་འཛིན་དང་།  དམག་སྲིད་དོ་དམ།  ཁྲིམས་ལུགས་གསར་འཛུགས་སོགས་ལ་ནུས་པ་བླ་ལྷག་བཏོན་ནས་རོམ་རྒྱལ་ཁབ་བརྟན་རླིང་དང་དར་རྒྱས་ཡོང་བའི་རྨང་གཞི་ལེགས་པོ་བཏིང་བས་རོམ་བཙན་རྒྱལ་གྱི་གོང་མ་དང་པོ་རུ་གྱུར། 

རོམ་གྱི་གོང་མ་ཨོ་ཁི་སི་དོས།奥古斯都

 རོམ་བཙན་རྒྱལ་གསར་ཚུགས་ཀྱི་སྐབས་དེར་གྷི་རི་སིའི་ཨེ་ལེག་སན་ཊར་གྱི་བཙན་རྒྱལ་རྒྱལ་ཁབ་འཇིག་ནས་ལོ་296འདས་ཟིན། 

རོམ་བཙན་རྒྱལ་གྱི་དུས་དེར་ཆབ་སྲིད་ཀྱི་འཐབ་རྩོད་ཛ་དྲག་ལ།  ཁྲིམས་ལུགས་གདུག་རྩུབ་ཧ་ཅང་ཆེ།   རྒྱལ་ཁོངས་རྒྱ་ཆེ་ལ།  སྲིད་བཀའ་གཅིག་གྱུར་ཡིན།   ཚོང་ལས་དར་རྒྱས་ཆེ་བ་དང་།   གྲོང་ཁྱེར་གྱི་གཞི་ཁྱོན་རྒྱ་ཆེར་འཕེལ། 

རོ་མ་བས་རང་གི་རིག་གནས་དང་སྒྱུ་རྩལ་ཀྱི་རྨང་གཞིའི་སྟེང་དུ་གྷི་རི་སིའི་རིག་གནས་དང་སྒྱུ་རྩལ་སོགས་ནང་འདྲེན་སྒོ་ནས་དར་སྤེལ་བྱས་པས་རྩོམ་རིག་དང་།  ཟློས་གར།  ལོ་རྒྱུས།  སྐར་རྩིས།  གསོ་རིག།  རིས་འབྲི། འཛུགས་སྐྲུན།  འབུར་རྐོ་སོགས་ཀྱི་རིག་གནས་སྒྱུ་རྩལ་ཡང་ཆེས་ཆེར་དར་ཞིང་།  སྤྱི་ལོའི་སྔོན་ལོ་100ཡར་མར་ནི་རོ་མའི་ཤེས་རིག་དར་བའི་ཡང་རྩེར་སོན་པའི་དུས་སྐབས་ཡིན་ལ།  གནའ་རབས་རོ་མའི་དྲག་རྩལ་འགྲན་ཁང་གི་རྗེས་ཤུལ་འདི་ལས་གནའ་བོའི་རོམ་གྱི་བཟོ་རྩལ་གྱི་བརྗིད་ཉམས་དང་ཟིལ་ཤུགས་གསལ་བོར་མངོན་ཡོད། 

དྲག་རྩལ་འགྲན་ཁང་འདིར་སྒོ་80དང་མི་ཁྲི་5ཤོང་།

འཛམ་གླིང་གི་འགྱུར་ལྡོག་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེས་ཆེ་བའི་སྤྱི་ལོ་དུས་རབས་16པའི་ཡོབ་གླིང་གི་རིག་རྩལ་བསྐྱར་དར་ནི།  གནའ་བོའི་གྷི་རི་སི་དང་གནའ་བོའི་རོ་མ་གཉིས་ཀྱི་ཤེས་རིག་དང་དཔལ་ཡོན་བསྐྱར་དར་ཡིན་པའི་བཤད་ཚུལ་དེ་ལས་གནའ་བོའི་གྷིས་རོམ་གཉིས་ཀྱི་ཤེས་དཔལ་དར་རྒྱས་ཕུན་ཚོགས་ཡིན་པའང་ཡིན་ཤེས་ཐུབ།

རོམ་བཙན་རྒྱལ་ཆེས་དར་བའི་སྐབས་སུ་མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་ལྷམ་པ་ཁྲི་ཚོ་500ཡོང་ཅིང་།  མི་གྲངས་ཁྲི་ཚོ་6500ཡོད།  མི་རིགས་གཙོ་བོ་རོམ།  གྷི་རི་སི། ཡུག་ཐེ། ཨེ་ཅིབ་སོགས་ཡིན། 

སྤྱི་ལོ་395ལོར་བཙན་རྒྱལ་ནང་ཁུལ་དུ་འཁྲུག་རྩོད་བྱུང་ནས་རོམ་བཙན་རྒྱལ་ཤར་ནུབ་གཉིས་སུ་གྱེས་ཏེ་གཅིག་གྱུར་གྱི་རོམ་བཙན་རྒྱལ་འཐོར་ཞིག་ཏུ་སོང་།  

རོ་མ་བཙན་རྒྱལ་གྱི་རྒྱ་ཁོངས་ས་ཁྲ།

ས་ཁྲ་འདི་ནི་རོ་མ་བཙན་རྒྱལ་གྱི་རྒྱལ་ཁོངས་ས་ཁྲ་ཡིན་ལ། ས་དབུས་རྒྱ་མཚོ་ལྟེ་བར་བྱས་པའི་ཤར་ནས་ཐུར་ཁེ་དང་སི་རི་ཡ་ཚུན་ཆད་དང་།  ལྷོ་ནས་ཨེ་ཅིབ། ནུབ་ནས་ཕོས་ཐོ་ཡ་དང་དབྱིན་ཇི།  བྱང་ནས་རོ་མ་ཉི་ཡ་ཚུན་ཆད་བཟུང་ཡོད་ཅིང་། དེང་གི་ཨིས་ཊ་ལིས།  སི་རི་ཡ།  ཕ་ལི་སི་ཐན།  ཨི་ཟི་རལ།  ཐུར་ཁེ།  ཨེ་ཅིབ།  ཕོས་ཐོ་ཡ། ཤིས་པན་ཡ།  དབྱིན་ཇི།  ཧྥ་རན་སི།  ལོ་མ་ཉི་ཡ། གྷི་རི་སི་སོགས་བཙན་རྒྱལ་དེའི་མངའ་ཁོངས་སུ་གཏོགས་པ་ཡིན་པ་ཡིན་ནོ།  །

 

ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ་རྒྱལ་ཁབ་བཞི་ལས།

སོག་པོའི་བཙན་རྒྱལ་རྒྱལ་ཁབ།

4

 蒙 古 帝 国


        སོག་པོ་ནི་ཡ་གླིང་བྱང་མའི་རྩ་ཐང་དུ་འཚོ་བའི་འབྲོག་པའི་མི་རིགས་ཤིག་ཡིན་ལ།  ཡུལ་གྱི་གཙོ་བོ་ནི་དེང་གི་མོང་གོལ་རྒྱལ་ཁབ་ཡིན། ཡུལ་གྲུ་གཞན་དག་ནི་ཨོ་རུ་སུ་དང་ཀྲུང་གོར་གཏོགས་པ་དང་། སོག་པོའི་ཡུལ་གྲུ་ཁག་ཏུ་རྩ་ཆུ་འཛོམ་ཞིང་སྒོ་ཕྱུགས་ཀྱི་འཕེལ་ཁ་དར། རང་བྱུང་གི་ས་བབ་ནི་རྩ་ཐང་དང་མི་རིགས་ནི་འབྲོག་པ་ལྟ་བུར་སོང་གཤིས་གྲོང་ཁྱེར་གྱི་ཤེས་རིག་ལོ་རྒྱུས་དང་འཛུགས་སྐྲུན་གྱི་རྗེས་ཤུལ་བཤད་རིན་ཡོད་པ་ནི་དཀོན་པ་ལྟར་དུ་སྣང་།

དེང་གི་སོག་པོའི་རྒྱལ་ཁབ་ཀྱི་ས་ཁྲ།

   སྤྱི་ལོ་1160ལོ་ཡར་མར་སྐབས་སོག་རིགས་ཀྱི་རྒྱལ་ཕྲན་སིལ་མ་མང་པོས་སོག་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩ་ཐང་དེ་དུམ་བུར་བགོས་ནས་དབང་དུ་སྒྱུར་བཞིན་ཡོད།

 སོག་རིགས་ཀྱི་དཔའ་བོ་ཇིང་གིར་སྐུ་འཁྲུངས་པ།

    སོག་རིགས་ཀྱི་དཔའ་བོ་ཇིང་གིར་རྒྱལ་པོ་ནི་དུས་བབས་དེར་སྤྱི་ལོ་1162སྤྱི་ཟླ་5བའི་ཚེས་31ཉིན་སོག་དཔོན་ཡེ་སུ་ག་བ་དུར་གྱི་སྲས་སུ་སོག་ཡུལ་གྱི་རྩ་ཐང་དུ་སྐུ་འཁྲུངས། ལོ་བཅོ་བརྒྱད་པར་སོག་པོའི་དཔོན་ཁག་བར་གྱི་འཐབ་རྩོད་ཀྱིས་ཡབ་སྐུ་བཀྲོངས་ཤིང་མངའ་འབངས་སྡེ་ཚོ་རྣམས་ཁ་འཐོར་དུ་སོང་། ཁོང་འཚར་ལོང་བྱུང་རྗེས་དྲག་དཔུང་རྩ་འཛུགས་བྱས་ཏེ་ཡབ་ཀྱི་དགྲ་ཤ་བླངས་པ་དང་སོག་པོའི་ཚོ་ཁག་རྣམས་གཅིག་གྱུར་མཛད་དེ་1206ལོར་སོག་ཡུལ་ཨ་ནན་གཙང་འགྲམ་ནས་དར་ཧན་གྱི་སྲིད་ཁྲི་ལ་བཞུགས།

དམག་རྒྱལ་ཇིང་གིར་རམ་ཐེ་མུ་ཀྲིན།(1162-1227)

    རིམ་གྱིས་འཐབ་རྩལ་འགྲན་ཟླ་བྲལ་བའི་སོག་པོའི་རྟ་དམག་གི་རྒྱང་འདུལ་འོག་ནས་ཨེ་ཤ་ཡ་དཀྱིལ་མ་དང་ནུབ་མ།  ཨོ་གླིང་གི་ཤར་རྒྱུད་བཅས་ཡུལ་ཁམས་རྒྱ་ཆེན་པོ་དབང་དུ་བསྡུས།   སྲས་རྣམས་ཡུལ་སོ་སོའི་ཡུལ་དཔོན་དང་དམག་སྤྱི་རུ་བསྐོས་ཏེ་དབང་བསྒྱུར། 

སྤྱི་ལོ་1227ལོར་དར་ཧན་ཇིང་གིར་གྱིས་མི་ཉག་(西夏)རྒྱལ་ཁམས་དབང་དུ་བསྡུས་མཐར་དགུང་ལོ་རེ་ལྔའི་སྟེང་ཡུལ་དེར་སྙུན་གྱིས་སྐུ་གཤེགས།

ཇིང་གིར་རྒྱལ་པོའི་རྗེས་དྲང་ཁང་།

སོག་རྒྱལ་གྱིས་ཡ་གླིང་ཤར་མ་དབང་དུ་བསྡུས་ཚུལ་གྱི་དམག་ལམ་ས་ཁྲ།

    སྤྱི་ལོ་1229 ལོར་ཇིང་གིར་རྒྱལ་པོའི་སྲས་གསུམ་པ་ཨོ་གོ་ཏ་ཡིས་དར་ཧན་གྱི་ཁྲི་བཟུང་། སྤྱི་ལོ་1234ལོར་སོག་དམག་གི་དྲག་ཤུགས་ཀྱིས་ཅིན་རྒྱལ་ཕྲན་བསྣུབས་ཏེ། མན་རིགས་དང་རྒྱ་རིགས་མང་པོ་མངའ་ཞབས་སུ་བསྡུས།  བོད་དུ་ཡང་སོག་དམག་གི་བཙན་འཛུལ་གནོད་འཚེ་ཐེབ། སོག་རྒྱལ་གོ་དན་གྱིས་འཇམ་མགོན་ས་པཎ་ལང་ཇུར་གདན་དྲངས་བ་ལྟར་ཕེབས། —

1247ལོར་ཨོ་གོ་ཏའི་སྲས་དང་པོ་གོ་ཡུག་དར་ཧན་གྱི་ཁྲི་ལ་འཁོད། 1248ལོར་དར་ཧན་གོ་ཡུག་སྙུན་གྱིས་སྐུ་འདས།  

1251ལོ་ཟླ་6པར་མོང་གོལ་དར་ཧན་གྱི་ཁྲི་ལ་འཛེགས།   འཇང་ཡུལ་དྲག་ཤུགས་ཀྱིས་དབང་དུ་བསྡུས།

   དར་ཧན་འདིའི་རིང་རྒྱལ་སྟོབས་ཆེས་ཆེར་རྒྱས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཨང་དང་པོའི་བཙན་རྒྱལ་གྱི་ཟིན་ཐོར་འཁོད།  སྲིད་ཀྱི་མངའ་ཐང་ཆེས་དར་བའི་སྐབས་སུ་མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་ལྷམ་པ་ཁྲི་ཚོ་3300ཡོད་ལ།  མི་གྲངས་དུང་ཕྱུར་1ཡོད།  མི་རིགས་གཙོ་བོ་སོག་པོ།  རྒྱ།  པར་ཟིག་སོགས་ཡིན།

1 ཇིང་གིར།  2 ཨོ་གོ་ཏ།  3 གོ་ཡུག། 4 མོང་གོལ། 5 སེ་ཆེན།

    སྤྱི་ལོ་1260ཟླ་3པར་སེ་ཆེན་གྱིས་ནང་སོག་ཁེ་ཧྥུན་ནས་སོག་དཔོན་གྱི་འདུ་ཚོགས་ཆེན་མོ་བསྡུས་ཏེ་རང་ཉིད་དར་ཧན་གྱི་ཁྲི་ལ་བཞུགས། རྒྱལ་ས་པེ་ཅིན་དུ་བྱས།  འགྲོ་མགོན་འཕགས་པ་པེ་ཅིང་དུ་གདན་དྲངས་ཏེ་གོ་ཤྲིའི་ཆོ་ལོ་ཕུལ།  དར་ཧན་སེ་ཆེན་གྱི་སྐབས་བཙན་རྒྱལ་སིལ་བུར་འཐོར་ཏེ་མངའ་ཁོངས་རྒྱལ་ཁབ་བཞི་རུ་གྱུར་པ་དེར་ལོ་རྒྱུས་ཐོག་སོག་པོའི་རྒྱལ་ཁབ་བཞི་ཞེས་གྲགས་སོ།  །

སོག་པོའི་བཙན་རྒྱལ་གྱི་མངའ་ཁོངས་ས་ཁྲ།

   ས་ཁྲའི་ངོས་ཀྱི་མདོག་དམར་པོའི་ཆ་ནི་སོག་པོའི་བཙན་རྒྱལ་གྱི་རྒྱལ་ཁོངས་ས་ཆ་ཡིན་ལ།  ཤར་ནས་ཁོ་རི་ཡ་དང་།  ལྷོ་ནས་ཧི་མ་ལ་ཡའི་རི་རྒྱུད།  ནུབ་ནས་པོར་ཅ་ལིས་ཡ།  བྱང་ནས་ཨུ་རུ་སིའི་ཕྱེད་དཀྱིལ་བར་གྱི་ཡུལ་ཁམས་རྒྱ་ཆེན་པོ་ལ་དབང་བསྒྱུར་བས།  སོག་པོའི་རྒྱལ་ཁབ་དེ་ཉིད་མངའ་ཁོངས་ཨོ་གླིང་དང་།  ཡ་གླིང་གཉིས་ལ་ཁྱབ་པའི་བཙན་རྒྱལ་རྒྱལ་ཁབ་ཏུ་གྱུར་ཅིང་།  དེང་གི་སོག་ཡུལ།  རྒྱ་ནག།   ཀོ་རི་ཡ།    བོད།   ཨུ་རུ་སུ།  ཧ་ས་ཁི་སི་ཐན།   ཅིས་ཨིར་ཅིས་སི་ཐན།   ཝུ་ཙི་པིས་ཁི་སི་ཐན།  ཐ་ཅི་ཁི་སི་ཐན།   ཏུར་མན་སི་ཐན།   པ་ཅི་སི་ཐན།  ཨ་ཧྥུ་ཧན།   དབྱི་ལ་ཁི།  དབྱིས་ལང་། དབྱིས་སི་རལ།  པ་ལི་སི་ཐན།  ཐོ་ཨིར་ཆིས།  རོ་མ་ཉི་ཡ། པོར་ཅ་ལིས་ཡ་སོགས་བཙན་རྒྱལ་དེའི་མངའ་ཁོངས་སུ་གཏོགས་པ་ཡིན་པ་ཡིན་ནོ།  །

(赞普文化)


发表评论 评论 (7 个评论)

回复 pari 2018-11-9 02:25
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།
回复 pari 2018-11-9 22:09
བོད།Tibet圖伯特
ཤར།=Shar=夏=东——ཤར་པ།=Shar pa=夏尔巴=东部人
ལྷོ།=Lho=洛=南——ལྷོ་པ།=Lho pa=洛=洛巴=南方人
ནུབ།=Nub=努=西——ནུབ་པ།=Nub pa=努巴“尼瓦尔”=Nepal-西部人
བྱང་།=Byang=羌=北—-བྱང་པ།=Byang pa=羌巴=北方人
རོང་།=戎(絨)=農,農區.རོང་པ།=农区人.
回复 gxp1201 2018-11-11 19:12
赞扬一个
回复 gxp1201 2018-11-11 19:12
赞扬一个
回复 古金康卓泽仁 2018-11-12 09:00
   赞一个
回复 雪域猛禽 2018-11-14 10:50
gxp1201: 赞扬一个
谢谢来访!
回复 雪域猛禽 2018-11-14 10:51
古金康卓泽仁:    赞一个
谢谢来访!

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 16:19 , Processed in 0.333031 second(s), 22 queries .

返回顶部