博客西藏在最高处过一种生活

日志

བཅའ་ཡིག་མི་ཆོག་བརྒྱད་ཅུ།

已有 62 次阅读2018-11-1 11:57 |系统分类:信仰

བཅའ་ཡིག་མི་ཆོག་བརྒྱད་ཅུ།

གང་ཞིག་འདྲེན་པ་སྟོང་གི་ཕྱག་གིས་ཀྱང།།

སེལ་བར་མ་ནུས་པ་དེ་མགོན་གང་གིས།།

བསིལ་བའི་གེ་སར་སྦྱིན་པའི་རྒྱལ་བ་མཆོག །

བླ་མ་ངག་གི་དབང་པོས་དགེ་ལེགས་སྩོལ།།


མདོ་ཁམས་ལྗོངས་སུ་ཐེག་པ་མཆོག་གིས་འདུལ།།

འབུམ་ཕྲག་མང་པོ་གདོད་མའི་གཞི་ལ་སྐྱེལ།།

བསྟན་པའི་ཆུ་འགོ་མཆོག་སྐྱོང་དབང་པོ་སོགས།།

བརྒྱུད་པ་གསེར་རི་ཕྲེང་བ་ཚར་དུ་དངར།།


འདི་ན་རིག་འཛིན་ཀུན་བཟང་ཤེས་རབ་སོགས།།

གྲུབ་བརྙེས་རྒྱ་མཚོས་བསྟན་པ་རྒྱ་མཚོ་སྤེལ།།

སྔ་འགྱུར་རྙིང་མའི་གདན་ས་ཁྱད་པར་འཕགས།།

དཔལ་ཡུལ་འདུས་པའི་སྡེ་ལ་སྐྱེས་སུ་འབུལ།།


དེ་ལ་དགེ་འདུན་འདུས་པའི་སྡེ་རྣམས་ཀྱིས་ཐུགས་དམ་ཉམས་བཞེས་བྱ་བའི་ཚུལ་ཡང། ༡༽ གཞི་ཚུལ་ཁྲིམས་ལ་རག་ལས་པས་ཐེག་པའི་རྩ་བ་སྐྱབས་འགྲོའི་བསླབ་པ་ནས་འགལ་བ་རྣམས་མི་ཆོག་པས། དཀོན་མཆོག་སྐྱབས་གནས་དོར་ནས་འཇིག་རྟེན་པའི་མི་དང་མི་མིན་ལ་སྐྱབས་གནས་བཟུང་མི་ཆོག ༢༽ སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་རིགས་བྱ་མི་ཆོག ༣༽ གྲོགས་ལྟ་སྤྱོད་ཕྱིན་ཅི་ལོག་གི་སྡིག་གྲོགས་བརྟེན་མི་ཆོག ༤༽ སངས་རྒྱས་ཀྱི་སྐུ་གཟུགས་སཙྪ་ཆག་དུམ་ཡན་ཆོད་འགོམ་ཡུག་མི་ཆོག ༥༽ ཆོས་ཡི་གེ་འབྲུ་གཅིག་གམ་ཐ་ན་ཡི་གེའི་གྲས་ཕྱེ་སོགས་ལྷ་ཆ་མཆོད་ཆའི་རིགས་འགོམ་ཡུག་མི་ཆོག ༦༽ དགེ་འདུན་སེར་མོ་རྟགས་ཙམ་འཆང་བ་ཡན་ཆད་ལ་མ་གུས་ལོག་ལྟ་མི་ཆོག ༧༽ སྲོག་ལ་བབ་ཀྱང་དཀོན་མཆོག་སྤང་མི་ཆོག ༨༽ དགོས་གལ་ཆེ་ཡང་དཀོན་མཆོག་ལས་ཐབས་གཞན་བཙལ་མི་ཆོག ༩༽ ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་དཀོན་མཆོག་མི་མཆོད་ན་མི་ཆོག ༡༠༽ དུས་རྒྱུན་སྐྱབས་འགྲོ་ཁ་ཏོན་མ་བྱས་ན་མི་ཆོག ༡༡༽ གར་འགྲོ་ཡང་དེ་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བའི་འདུན་པ་མ་བྱས་ན་མི་ཆོག ༡༢༽ བྱ་དགའ་རྒྱལ་སྲིད་ལྟ་བུ་ཐོབ་ཀྱང་དཀོན་མཆོག་སྤང་མི་ཆོག ༡༣༽ གྲྭ་ཆུང་ལོ་བཅུ་བཞི་དང་བཅོ་ལྔ་ལོན་ནས་དགེ་ཚུལ་མ་སྒྲུབ་ན་མི་ཆོག ༡༤༽ སེར་གོས་དང་གཟན་ཤམ་གྱོན་པ་འདུལ་བའི་གཞི་ཡིན་པས་ནམ་ཡང་ཕུ་དུང་དང་སྐྱ་ཆས་མི་ཆོག ༡༥༽ མི་སྐྱ་རྣམས་དང་བསམ་སྦྱོར་མཐུན་པ་མི་ཆོག ༡༦༽ དགེ་སློང་བསྒྲུབས་ན་ཆོས་གོས་འབྲལ་སྤང་བྱ་མི་ཆོག ༡༧༽ ཕྱི་དྲོའི་ཟས་མ་སྤང་ན་མི་ཆོག ༡༨༽ དམྱལ་བའི་རྒྱུ་མི་དང་དུད་འགྲོ་ནས་ཤིག་སྲོ་ཡན་ཆད་བསད་མི་ཆོག ༡༩༽ ཁབ་སྐུད་ཙམ་ཡང་རྐུ་བྱེད་མི་ཆོག ༢༠༽ སེར་སྡོམ་རྨང་མེད་གཞིག་བྱེད་བུད་མེད་བསྟེན་མི་ཆོག ༢༡༽ བུད་མེད་དང་ཕྱོགས་གཅིག་གཏམ་ངན་བསླུ་བའི་ལས་ཆེ་ཕྲ་བྱེད་མི་ཆོག ༢༢༽ རྫུན་ཆེ་ཕྲ་རིགས་བཤད་མི་ཆོག ༢༣༽ མཐུན་གཉིས་དབྱེ་བའི་ཕྲ་མ་བྱེད་མི་ཆོག ༢༤༽ གཞན་ལ་འཇམ་པོར་སྨྲ་བ་ལས་ཚིག་ངན་ཟེར་མི་ཆོག ༢༥༽ དམག་བུད་མེད་བྲོ་གླུ་སྒྲུང་སོགས་ཆོས་དང་མི་མཐུན་པའི་གཏམ་འཁྱལ་སྣ་ཚོགས་བཤད་མི་ཆོག ༢༦༽ ཉེས་པ་ཐམས་ཅད་འབྱུང་བའི་སྒོ་ཆང་ནད་ཀྱི་སྨན་ལྟ་བུ་ལས་འཐུང་མི་ཆོག ༢༧༽ གཞན་གྱི་རྒྱུ་རྫས་ལོངས་སྤྱོད་མངའ་ཐང་འབྱོར་པ་རྒྱལ་སྲིད་ལྟ་བུ་ང་ལ་ཡོད་ན་སྙམ་པའི་བརྣབ་སེམས་མི་ཆོག ༢༨༽ སེམས་ཅན་ཐམས་ཅད་ལ་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས་བསམ་པ་བཟང་པོ་གཅིག་ལས་བསམ་ངན་མི་ཆོག ༢༩༽ ལས་འབྲས་ལ་ཡིད་ཆེས་མེད་པའི་ལྟ་ལོག་མི་ཆོག ༣༠༽ ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཁྲལ་སྤྲད་ཁྲིམས་བསྲུང་འཇིགས་སྐྱོབ་དང་ལེགས་སྨོན་གྱི་བསམ་པ་མི་ཆོག ༣༡༽ མཐོ་རིས་ལྷ་མིའི་བདེ་བ་དོན་གཉེར་མི་ཆོག ༣༢༽ ནམ་ཡང་རང་འདོད་ངར་འཛིན་འདིས་ཕུང་བས་གཞན་ཕན་ཁོ་ན་ལས་རང་འདོད་བསམ་ངན་མི་ཆོག ༣༣༽ མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་མ་བྱས་མི་ཆོག ༣༤༽ ཕ་མ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེ་མ་བསྒོམ་ན་མི་ཆོག ༣༥༽ སྤྱིར་བདེ་བ་ཐམས་ཅད་དང་ཁྱད་པར་དུ་སངས་རྒྱས་ཀྱི་བདེ་བ་ལ་བཀོད་འདོད་ཀྱི་བྱམས་པ་མ་སྒོམ་ན་མི་ཆོག ༣༦༽ དགེ་རྩ་གང་སྒྲུབ་དེའི་ཆེད་དུ་མ་དམིགས་ན་མི་ཆོག ༣༧༽ དགེ་རྩ་གང་སྒྲུབ་རྗེས་སུ་བསྔོ་བ་རྣམ་དག་མ་བྱས་ན་མི་ཆོག ༣༨༽ དགེ་རྩ་ཁོང་ཁྲོས་ཟད་པས་ཁོང་ཁྲོ་འཛིང་མོ་སྣེ་གཅིག་མི་ཆོག ༣༩༽ གཞན་ལ་དགེ་བ་ངོམ་ན་ཟད་པས་ངོམ་མི་ཆོག ༤༠༽ སྡིག་པ་བྱས་པ་ཐམས་ཅད་བཤད་འདུག་ན་དག་འགྲོ་བས་གསང་མི་ཆོག ༤༡༽ དབང་ཐོབ་ནས་ལམ་དབང་དོད་པོ་སྔོན་འགྲོ་བླ་མའི་རྣལ་འབྱོར་ཚར་རེ་རྒྱུན་དུ་མ་འདོན་ན་མི་ཆོག ༤༢༽ གསང་སྔགས་ཀྱི་བུམ་དབང་དམ་ཚིག་ཡི་དམ་གང་རུང་བསྐྱེད་བཟླས་མ་བྱས་ན་མི་ཆོག ༤༣༽ གསང་དབང་གི་དམ་ཚིག་བར་རླུང་བུམ་པ་ཅན་ཉིན་རེ་དུས་རེ་ཆག་མི་ཆོག ༤༤༽ ཤེར་དབང་གི་དམ་ཚིག་ཞུ་བདེ་འབར་འཛག་གི་དམིགས་པ་ཐུན་རེ་ཆག་མི་ཆོག ༤༥༽ དབང་བཞི་པའི་དམ་ཚིག་ཉིན་མཚན་འོད་གསལ་འཁོར་ལོ་ལས་འདའ་མི་ཆོག ༤༦༽ སོ་བྱང་སྔགས་ཀྱི་བསླབ་པ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་མ་དྲན་ན་མི་ཆོག ༤༧༽ ཐུན་དྲུག་གི་ཉམས་ཆག་རྣམས་བཤགས་པ་མ་བྱས་ན་མི་ཆོག ༤༨༽ ཉིན་མཚན་དུས་དྲུག་ལ་ལྟུང་བཤགས་ཚར་དྲུག་ཆག་མི་ཆོག ༤༩༽ ནང་མོ་ཡིག་བརྒྱ་ཉེར་གཅིག་གིས་ལྟུང་བ་བྱིན་བརླབས་མ་བྱས་ན་མི་ཆོག ༥༠༽ཉེས་ལྟུང་དག་བྱེད་རྡོར་སེམས་སྒོམ་བཟླས་ལས་ལྷག་མེད་པས་དེ་ལ་ཐུགས་དམ་མ་བྱས་ན་མི་ཆོག ༥༡༽ དགོན་ནང་གྲོང་ཆོག་གང་ལ་ཕྱིན་ཡང་ཤི་པོ་གཤེད་མ་དང་བཅས་པ་ནད་ནད་བདག་དང་བཅས་པ་ལ་ཀུན་སློང་མཉམ་དུ་མ་བཅོས་ན་མི་ཆོག ༥༢༽ སྔགས་ཀྱི་ཆོ་ག་ཞིག་འགོ་འཛུགས་བཟུང་ནས་མཇུག་མ་ཐོན་བར་ངག་མ་གཅོད་ན་མི་ཆོག ༥༣༽ དམིགས་དོན་སེམས་ལ་མ་དྲན་ན་མི་ཆོག ༥༤༽ ཟས་དང་འབུལ་བ་སོགས་བཟང་པོ་ལ་དགའ་ངན་པ་ལ་སྡུག་རྙེད་ཚོལ་གྱི་བསམ་ངན་མི་ཆོག ༥༥༽ དུས་རྒྱུན་ལྷམ་གོས་བཟང་པོ་དོན་གཉེར་ངན་པ་འདོར་འདོད་འདོད་པ་བསོད་སྙོམས་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤང་བའི་གང་བྱུང་ཆོག་ཤེས་མ་བྱས་ན་མི་ཆོག ༥༦༽ ཚུར་ཚིག་གཤེ་བའི་སླར་གཤེ་མི་ཆོག ༥༧༽ ཁྲོ་བའི་ལན་དུ་ཁྲོ་མི་ཆོག ༥༨༽ བརྡེག་ན་སླར་བརྡེག་མི་ཆོག ༥༩༽ མཚང་འབྲུ་ན་སླར་མཚང་འབྲུ་མི་ཆོག ༦༠༽ ནམ་ཡང་རིགས་ཀྱི་རྒན་རབས་བླ་རྒན་བན་རྒན་ལ་གུས་པ་མི་བྱེད་མི་ཆོག ༦༡༽ ན་ཚོད་ཉུང་དུས་རིགས་ནས་བཟུང་བསླབ་སྦྱོང་མ་བྱས་ན་མི་ཆོག ༦༢༽ བྱས་པ་དེ་མཐར་མ་བྱུང་ན་མི་ཆོག ༦༣༽ ཤེས་པ་བཞིན་སྤང་བླང་མ་བྱས་ན་མི་ཆོག ༦༤༽ བློ་ཕུགས་ཆོས་ལ་མ་གཏད་ན་མི་ཆོག ༦༥༽ ཆོས་ཕུགས་སྤྲང་ལ་མ་གཏད་ན་མི་ཆོག ༦༦༽ སྤྲང་ཕུགས་ཤི་ལ་མ་གཏད་ན་མི་ཆོག ༦༧༽ ཤི་ཕུགས་བྲག་སྟོང་ལ་མ་གཏད་ན་མི་ཆོག ༦༨༽ ཆོས་ཀྱི་བྱ་བ་མེད་པར་ཉིན་གཅིག་ཀྱང་སྟོང་འདུག་མི་ཆོག ༦༩༽ སྤང་བླང་མི་བརྗེད་པའི་དྲན་པ་ཉམས་མི་ཆོག ༧༠༽སྒོ་གསུམ་བརྟགས་པའི་ཤེས་བཞིན་ཉམས་མི་ཆོག ༧༡༽ སྤང་བླང་གཟོབ་པའི་བག་ཡོད་ཉམས་མི་ཆོག ༧༢༽ ཕྱིན་ཆད་མི་ལུས་རྙེད་དཀའི་བསམ་པ་ཉམས་མི་ཆོག ༧༣༽ ནམ་འཆི་ཆ་མེད་བློ་སྦྱང་ཉམས་མི་ཆོག ༧༤༽ འཁོར་བའི་ཉེས་དམིགས་ཀྱི་བསམ་གཞིག་ཉམས་མི་ཆོག ༧༥༽ ལས་རྒྱུ་འབྲས་ཀྱི་གོ་བརྩིས་བརྗེད་མི་ཆོག ༧༦༽ ཆོས་ཀྱི་ཕན་ཡོན་གྱི་སྤྲོ་དགའ་ཉམས་མི་ཆོག ༧༧༽ བླ་མ་ལ་སངས་རྒྱས་དངོས་མཐོང་ཉམས་མི་ཆོག ༧༨༽ ཆོས་གྲོགས་ལ་བརྩེ་དུང་ཉམས་མི་ཆོག ༧༩༽ བླ་མའི་གདམས་ངག་སྐྱེ་འཆི་བར་དོ་ནམ་ཡང་བརྗེད་མི་ཆོག ༨༠༽ འཆི་ཀའི་གདམས་ངག་འཆི་དུས་སུ་བརྗེད་མི་ཆོག མི་ཆོག་བརྒྱད་ཅུ་འདིས་མཚོན་ཞིབ་པར་མདོ་རྒྱུད་རྣམས་ལ་བལྟ་བ་གལ་ཆེ་ཆེ། དེ་ལྟར་བྱས་ན་ལེགས་སོའི་གཏང་རག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདིའམ་བར་དོ་ཕྱི་མ་ཚུན་ལ་ཐོབ་པར་ཐེ་ཚོམ་མེད། གལ་སྲིད་འགལ་གཞི་བྱུང་ན་ན་རཀ་ཆེན་པོའི་སྒོ་ཁང་དུ་བཞུད་ནས་ཆད་པ་གཅོད་པ་ལ་སོམ་ཉི་མེད་པས་སྟོན་པའི་རྗེས་འཇུག་ཁས་བླང་ཕྱིན་ཆད་སྤང་བླང་འཛོལ་མེད་ཡོང་བ་མཁྱེན་མཁྱེན། 

དཔལ་ཡུལ་དགོན་འདུས་སྡེའི་བཅའ་ཡིག་ཏུ་སྤང་འཆལ་ནེ་ཙོའི་ངག་ལ་ཞུགས་པའི་སྤྲུལ་མིང་ཧྲལ་པོ་དཔལ་ཆེན་འདུས་པ་དེས། ས་རྟ་ཟླ་བ་བཅུ་པའི་ཚེས་བཟང་པོར་གདན་ས་དེ་ཉིད་དུ་བྲིས་པས་དགེ་བར་གྱུར་ཅིག

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 15:22 , Processed in 0.314208 second(s), 21 queries .

返回顶部